Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
 
  
གཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིག
  
  
  
  
  
  


2 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousགཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིགnext

གཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིག


LT42_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིག་བཞུགས་སོ།། །།


LT42_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་སིདྡྷེ། རྟག་ཏུ་གཏའ་བཙུགས་པའི་གཡང་གི་དཀྱིལ་འཁོར་གྱི་སྒོ་དབྱེ་ཞིང་ཆོ་གའི་སྒོ་ནས་རྒྱ་བསྡམས་པ་སྐབས་སུ་བབ་པའི་ཚེ་བཀྲོལ་བར་འདོད་པས། ཐོག་མར་ཡི་དམ་གྱི་ང་རྒྱལ་གྱིས་དྲག་སྔགས་ཐུན་སྐོར་ཚམ་རྔམས་བཅས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། །བཟང་ཤིང་གི་དུད་པ་དང་ཕྱེ་མར་གསེར་སྐྱེམས་མཆོད། མདའ་དར་ཐོགས་ལ་རོལ་མོ་བཅས་པས་འདི་སྐད་གྱེར་རོ། །ཀྱེ། དེ་རིང་བཀྲ་ཤིས་གདུགས་གང་ལ། །འཇིག་རྟེན་བདེ་ལེགས་བྱ་བ་དང་། །སྣོད་བཅུད་དཔལ་འབྱོར་འཕེལ་བ་དང་། །སྦྱིན་བདག་ཚེ་བསོད་རྒྱས་པའི་ཕྱིར། །བཀྲ་ཤིས་ལྷ་གཞི་དཀར་པོ་བཏིང་། །ཕྱ་ཆ་གཡང་རྫས་རི་ལྟར་སྤུངས། །སྔགས་འཆང་ཏིང་འཛིན་རྩལ་བསྐྱེད་དེ། །


LT42_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་གཡང་འགུགས་པའི་ལས་བགྱིད་ན། །སྒོ་སྲུང་རྣམས་ཀྱིས་གཡང་སྒོ་ཕྱེས། །མགོན་བྱེད་རང་རང་རྟེན་ལས་བཞེངས། །གསང་སྔགས་འཛིན་རྣམས་དམ་རྒྱ་ཁྲོལ། །བཀྲ་ཤིས་གཡང་ལ་སྒོ་བཞི་ཡོད། །སྒོ་བཞི་སྲུང་བའི་ལྷ་བཞི་བཞུགས། །ཤིང་མེ་ལྕགས་ཆུའི་ཀློང་དཀྱིལ་ནས། །འབྱུང་བའི་སྒོ་སྲུང་ཆེན་པོ་བཞི། །སྟག་སྐྱ་གཡུ་འབྲུག་སྔོན་མོ་དང་། །བྱ་དམར་རུས་སྦལ་རྒྱ་བོ་བཞེངས། །གནས་འདིར་ཕྱོགས་བཞིའི་གཡང་སྒོ་ཕྱེས། །འབྱུང་བ་བཞི་ཡི་བཅུད་གཡང་ཁུག །ལྕང་ལོ་ཅན་དང་སྤོས་ངད་ལྡན། །ཆོས་ཀྱི་འཕགས་དང་རྒྱ་མཚོའི་གླིང་། །


LT42_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕོ་བྲང་རྣམ་བཞི་ནས། །ཕྱི་སྒོ་སྲུང་བའི་རྒྱལ་ཆེན་བཞི། །རྣམ་མང་ཐོས་སྲས་ཡུལ་འཁོར་སྲུང་། །འཕགས་སྐྱེས་བོ་དང་སྤྱན་མི་བཟང་། །ནོར་བདག་ཆོས་སྐྱོང་གཡང་གི་ལྷས། །ཕྱོགས་བཞིའི་གཡང་སྒོ་གནས་འདིར་ཕྱེས། །གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་། །ཀླུ་དབང་ཚོགས་ཀྱི་ཕྱ་གཡང་ཁུག །བཀྲ་ཤིས་གཡང་གི་ཕོ་བྲང་གི། །ནང་སྒོ་སྲུང་མཛད་གནོད་སྦྱིན་བཞི། །ཛམྦྷ་ལ་དང་གང་བ་བཟང་། །མ་ི་བྷ་དྲ་ཀུ་བེ་ར། །ཕྱག་གཡས་རིན་ཆེན་མཚོན་ཆ་བསྣམས། །གཡོན་པས་གཏེར་གྱི་ནེའུ་ལེ་འཛིན། །གནོད་སྦྱིན་བྱ་བའི་ཚོགས་ཀྱིས་བསྐོར། །དེ་རིང་རིན་ཆེན་མཛོད་ནས་བཞེངས། །གནས་འདིར་ཕྱོགས་བཞིའི་གཡང་སྒོ་ཕྱེས། །ཕྱོགས་བཞི་མཚམས་བརྒྱད་ཕྱ་གཡང་ཁུག །བཀྲ་ཤིས་བཅུད་འཁྱིལ་གཡང་གི་མཛོད། །གསང་སྒོ་འོད་ཀྱི་ཐིག་ལེའི་ཀློང་། །རྫུ་འཕྲུལ་གཡང་གི་ལྷ་མོ་བཞི། །དཀར་སེར་དམར་སྔོ་རིན་ཆེན་འོད། །ཕྱག་གཡས་རང་རྟགས་མདའ་དར་བསྣམས། །


LT42_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་གཡང་གི་བུམ་པ་འཛིན། །ཕྱ་མདའ་གཡབ་མོ་ལིངས་སེ་ལིང་། །གཡང་བུམ་དྭངས་བཅུད་ཀྱི་ལི་ལི། །སྟངས་སྟབས་ཕྱག་རྒྱ་ཁྲིགས་སེ་ཁྲིག །གནས་འདིར་ཕྱོགས་བཞིའི་གཡང་སྒོ་ཕྱེས། །ཤར་ཕྱོགས་རྒྱ་དང་ལྷོ་ཕྱོགས་མོན། །ནུབ་ཕྱོགས་བལ་པོ་བྱང་ཕྱོགས་ཧོར། །རིགས་བཞིའི་ཕྱ་གཡང་བྱིན་རླབས་ཁུག །ཁྱད་པར་གཡང་གི་སྒོ་སྲུང་ནི། །སྒོ་ལྷ་སྟག་གཡག་ལ་སོགས་པ། །གཡང་གི་ར་བ་སྒོ་བཞི་པོ། །རང་རང་བརྟེན་པའི་གནས་ནས་བཞེངས། །རིན་ཆེན་ལྡེའུ་མིག་ཕྱག་ཏུ་ཐོགས། །གཡང་གི་མཆོང་སྒོ་སྨུག་པོ་ཕྱེས། །སེར་པོ་གསེར་གྱི་འདན་བུ་ཁྲོལ། །ཕྱི་སྒོ་གསེར་གྱི་མི་བོས་ཕྱེས། །ནང་སྒོ་ལྕགས་ཀྱི་མི་བོས་ཕྱེས། །སྒོ་སྲུང་གཡང་ལྷ་གཉན་པོ་རྣམས། །མདའ་དར་བ་དན་གཡབ་མོས་གཡབ། །བཟང་ཤིང་སྤོས་ཀྱི་དུད་པས་བསངས། །ཕྱེ་མར་དཀར་གསུམ་ཟས་སྣས་མཆོད། །རིན་ཆེན་གསེར་སྐྱེམས་ཕུད་ཀྱིས་བརྔན། །


LT42_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྙན་རོལ་མོའི་བརྡ་ཡིས་བསྐུལ། །ཕྱ་དམུ་གཙུག་གསུམ་གཡང་གི་མཁར། །དེ་རིང་བཀྲ་ཤིས་ས་འདིར་བརྩེགས། །ལྷ་ཀླུ་གཉན་གསུམ་གཡང་གི་བཅུད། །དེ་རིང་ལྷ་ཁྱིམ་འདི་རུ་འགུགས། །ཁུ་ཡེ་ཧུ་ལོ་གཡང་གི་སྔགས། །དེ་རིང་རིག་འཛིན་བདག་གིས་འདྲེན། །མི་ཤིགས་ཏིང་ངེ་འཛིན་གྱི་རྒྱ། །མི་ཉམས་གསང་བ་སྔགས་ཀྱི་རྒྱ། །མི་འགྲོལ་ཕྱག་རྒྱ་མདུད་པའི་རྒྱ། །བཀྲོལ་བ་སྔགས་འཆང་བདག་གིས་བཀྲོལ། །རྣལ་འབྱོར་བདག་ལ་རུ་མ་ང་། །ཡོན་བདག་འདི་ལ་ཕྲག་མ་དོག །ཕྱ་ཚེ་གཡང་བཅུད་ཕྱིར་མ་བཏང་། །འདྲེ་སྲིན་བྱུར་གསུམ་ནང་མ་བཏང་། །ཡེ་འདྲོག་གོད་ཁའི་སྣ་མ་འདྲེན། །ཚེ་བསོད་དཔལ་འབྱོར་སྙན་གྲགས་དང་། །ལོངས་སྤྱོད་དབང་ཐང་སྟོབས་རྩལ་སོགས། །མི་ཡི་དཔལ་དང་ནོར་གྱི་དབྱིག །ཟས་ཀྱི་བཅུད་དང་ཕྱུགས་ཀྱི་གཡང་། །འཁོར་འདས་བརྟན་གཡོའི་དྭངས་མ་ཀུན། །ཁང་ཁྱིམ་གཡང་རྟེན་འདི་ལ་སྡུས། །ཕྱ་ཡི་དམུ་ཞག་སྒོ་རོ་རོ། །


LT42_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གི་མཚོ་མོ་ཀྱི་ལི་ལི། །བཀྲ་ཤིས་ཉི་མ་ཏ་ལ་ལ། །བསམ་དོན་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་པ་འདིའང་རྒྱལ་པོའི་ཕོ་བྲང་སོགས་ཆེན་པོ་འགའ་ཞིག་གི་ཁྱིམ་དུ་གཡང་སྒོ་ཆོ་གས་བསྡམས་པའི་སྲོལ་ཡོད་པས། །སླད་ནས་སྒོ་དབྱེ་བ་དང་རྟེན་བསྒུལ་བའི་ཚེ་ཆོ་ག་མེད་པར་བྱུང་རྒྱལ་བྱས་ཚེ་མི་ཤིས་པ་མངོན་སུམ་དུ་འབྱུང་ཞིང་། །ཡིག་རྙིང་ལས་འགའ་རེ་འབྱུང་བའང་སྤྱི་ཁྱབ་དང་མི་འབྱོར་བ་མཐོར་ནས། རང་འདྲའི་གྲོང་སྔགས་པ་དང་སྦྱིན་བདག་རྣམས་ལ་དགེ་ཞིང་བཀྲ་ཤིས་པའི་བསམ་པ་བཟང་པོས་ཀུན་ནས་བསླང་སྟེ་ལུགས་བརྒྱའི་འདུན་ས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཆོས་རྒྱལ་ས་དབང་ཆེན་པོའི་སྐུའི་རིམ་གྲོ་བསྒྲུབ་པའི་སྐབས་སུ་རིག་པ་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྲིས་པ་བཀྲ་ཤིས་གཡང་གི་སྒོ་མོ་རབ་ཏུ་བྱེ་བར་གྱུར་ཅིག། །།སརྦ་མངྒ་ལཾ།། །།


LT42_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཤོཏ་སྟོང་།


previousགཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིགnext