Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
ལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།
   
   
   
   
   


 
previousལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།next

ལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།


LT42_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་སོ།། །།


LT42_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་ཀ་ལྱཱ་ཾ་བྷ་བ་ཏུ། །མི་ཟད་དགེ་བའི་དཔལ་འབྱོར་གྱིས། །རྒྱལ་རྣམས་མཆོད་པའི་ཚོགས་སྡེལ་བ། །དཔལ་མོ་དངོས་གྲུབ་འབྱུང་གནས་ལ། །གུས་པས་འདུད་དོ་མཆོག་སྩོལ་ཅིག །ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་གཡང་སྐྱབས་དང་འབྲེལ་བ་འཇིག་རྟེན་དབང་ཕྱུག་ཆགས་མེད་ཞབས་ཀྱིས་བཀའ་དྲིན་ཏུ་སྩལ་བའི་ཟུར་འདེབས་འདི་ལ་དོན་རྣམ་པ་གཉིས་ཏེ། འདོན་སྒོམ་གྱི་སྣོད་རུང་དུ་བྱ་བ་སྒོམ་ལུང་དང་། །ཇི་ལྟར་སྒྲུབ་པའི་ཚུལ་དངོས་བཤད་པའོ། །དང་པོ་སྒོམ་བཟླས་ཀྱི་ལུང་འབོགས་པ་ལ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས། །དང་པོ་ནི། གཞན་ལ་ལུང་འབོགས་པའི་སྔོན་ཏུ་རང་ཉིད་ཀྱིས་ཉམས་ལེན་ཚར་གཅིག་བྱ་སྟེ། སྟེགས་གཙང་མར་མཎྜལ་ལ་འབྲུའི་ཚོམ་བུ་གཅིག་བཀོད་པའི་མདུན་ཏུ་གཙང་སྦྲ་ཅན་གྱི་གཏོར་ཟླུམ། །མཆོད་པ་རྣམ་བདུན་


LT42_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཤམ། རང་ཉིད་ཕྱག་རྡོར་ཞི་བ་གང་རུང་གི་བདག་བསྐྱེད་དགོས་པས། ཐོག་མར། སངས་རྒྱས་ཆོས་དང་སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་བས་སྟོང་བར་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ནམ་མཁའི་མདངས་ཅན། །ཞི་ཞིང་འཛུམ་ལ་འགྱིང་བག་དང་ལྡན་པ། རིན་པོ་ཆེའི་པྲོག་ཞུ་གསོལ་བ། མི་བསྐྱོད་པ་གཙོ་


LT42_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པ། ཕྱག་གཡས་པས་ཐུགས་ཀར་འབར་བའི་རྡོ་རྗེ་གསོད་པའི་ཚུལ་གྱིས་འཛིན་ཅིང་གཡོན་གདན་ལ་བརྟེན་པ། ན་བཟའ་མཆོག་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །རབ་ཏུ་བཞད་ཅིང་རོལ་བའི་སྟབས་ཀྱིས་བཞུགས་པ། །ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །དེའི་དྲུང་དུ་བདུད་རྩི་འཁྱིལ་བ་སྔོ་སང་ཁྲོ་བོའི་ཆ་བྱད་རྫོགས་ཤིང་དགྲ་སྟྭ་འཛིན་པའོ། །རང་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་གསལ་བར་གྱུར། ན་མོ་བཛྲ་པཱ་་ཡེ། མ་ཧཱ་བཛྲ་པྲ་ཏིཥྛི་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་ཤ་རཱི་རཾ་ཨནྟ་རྒ་ཏཱ་ཡ། །བཛྲ་ཤ་རཱི་རཾ། མེ་ཀུ་ར་བཛྲ་ཨ་དྷིཥྛཱ་ན་སྭཱ་ཧཱ། ཞེས་ཅི་འགྲུབ་ཏུ་བཟླ། མཆོད་པ་རྣམས། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ལས་བྱུང་བའི་


LT42_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་དྭངས་ཤིང་ཐོགས་པ་མེད་ལ། བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤཔྡའི་བར་དང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟྟ་ཡ་ཨཱ་བརྟྟ་ཡ་ཧཱུྃ། རྣམས་ཕྱག་རྒྱ་དང་བཅས་པས་བྱིན་བརླབ། མདུན་བསྐྱེད་བསངས་སྦྱང་། སྟོང་པའི་ངང་ལས་གཏེར་གྱི་བུམ་པ་དགུའི་སྟེང་དུ་པད་ཟླ་ལ་སེང་གེའི་གདན། དེའི་སྟེང་དུ་ཤྲཱི༚་ཡིག་ཡོངས་སུ་གྱུར་པ་ལས་ལྷ་མོ་དཔལ་ཆེན་མོ་ལྗང་གུ་སྒེག་ཅིང་བཞད་ལ་སྤྱན་གདངས་པ། །དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ནོར་བུས་མཚན་པའི་པདྨ་འཛིན་ཅིང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། དེའི་ཤར་དུ་ཟླ་ཤེལ་མ། ལྷོར་སྦྱིན་མ། ནུབ་ཏུ་སྦྱིན་བཟང་མ། བྱང་དུ་འཕགས་མ། ཤར་ལྷོར་རབ་བཟང་མ། ལྷོ་ནུབ་ཏུ་རབ་སྦས་མ། ནུབ་བྱང་དུ་ནོར་རྒྱུན་མ། བྱང་


LT42_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་དབྱངས་ཅན་མ་སྟེ་ཐམས་ཅད་གསེར་བཙོ་མའི་མདངས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་བསྣམས་ཤིང་པདྨ་དང་གཏེར་གྱི་བུམ་པ་ལ་བཙུན་མོ་རོལ་པའི་སྟབས་ཀྱིས་གནས་པ། གཞན་ཡང་གནོད་སྦྱིན་མོ་རྣམས་དང་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཤྲཱི༚། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྕང་ལོ་ཅན་གྱི་སྐྱེད་མོས་ཚལ་ནས་ལྷ་མོ་དཔལ་ཆེན་མོ་འཁོར་གནོད་སྦྱིན་མ་མོའི་ཚོགས་དང་བཅས་པ་སྤྱན་དྲངས། །བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། །སྐུ་གང་།


LT42_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཤིན་རྗེ་གཤེད་པོས་དབུ་བརྒྱན་པར་གྱུར། ཨོཾ་མ་ཧཱ་དེ་བཱི་ཤྲཱི་ས་པཱ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཤེས་རབ་ཕ་རོལ་ཕྱིན་པ་མོ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཚུལ། །དཔལ་གྱི་ལྷ་མོ་དེ་ལ་བསྟོད། །འགྲོ་ལ་དམིགས་མེད་ །ཐུགས་རྗེ་ཡིས། །ཐབས་མཁས་རང་བཞིན་སྐུར་སྤྲུལ་པ། །གནོད་སྦྱིན་མ་མོའི་ཚོགས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཐུགས་ཀར་ཟླ་བ་ལ་གནས་པའི་ཤྲཱི༚་ཡིག་ལྗང་གུའི་མཐར་སྔགས་ཀྱི་ཕྲིང་བ་གཡས་བསྐོར་མི་གཡོ་བ་གསལ་བར་བལྟས་ལ། ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ། མ་ཧཱ་ལ།།།རཱ་ཛྱཾ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷིི། དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། འཁོར་གྱི་ལྷ་མོ་བརྒྱད་ཀྱི་ཐུགས་ཀར་སོ་སོའི་ས་བོན་མཐར་སྔགས་ཕྲེང་གསལ་བཏབ་ནས། ཨོཾ་བཱ་སུ་དྷ་རི་ཎྱཻ་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱི་ནྟྱཻ་སྭཱ་ཧཱ། ཨོཾ་དཱ་དཱ་ཡཻུ་སྭཱ་ཧཱ། ཨོཾ་སུ་དཱ་དཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྱ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ།


LT42_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་གུཔྟཱ་ཡཻ་སྭཱཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་ས་ར་སྭ་སྟྱཻ་སྭཱ་ཧཱ། ཞེས་བཟླ། མཐར་གཏོར་མ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཤྲཱི་དེ་བཱི་ས་པཱ་རི་པཱ་རེ་བྷྱཿ ཨ་ཀཱ་རོ་ལགས་བཏགས་པ་ལན་གསུམ་གྱིས་འབུལ། མཆོད་ཅིང་བསྟོད་པའི་མཐར། མཆོད་སྦྱིན་གཏོར་མ་སོགས་དང་། བདག་སོགས་སེམས་ཅན་ཐམས་ཅད་དབུལ་བའི་འཇིགས་པ་ལས་གྲོལ་ཞིང་འཛད་པ་མེད་པའི་དཔལ་འབྱོར་ཆེན་པོ་ལ་ལོངས་སྤྱོད་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་བོ། །གཉིས་པ་སློབ་མའི་བྱ་བ་ནི། ཨ་མྲྀ་ཏ་བཟླ་བཞིན་པས་སྒོ་དྲུང་དུ་ཆབ་བཏང་། ཨོཾ་བཛྲ་པུཥྤེ་ཏྲཱཾ་གིས་མེ་ཏོག་བཀྱེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་དབུལ་བའི་འཇིགས་པ་ལས་སྐྱོབ་ཅིང་། མཐར་ཐུག་ཚོགས་གཉིས་ཀྱི་དཔལ་འབྱོར་ཡོངས་སུ་རྫོགས་པ་འགྲོ་བའི་བླ་མའི་གོ་འཕང་ལ་འགོད་པར་བྱ་བའི་སླད་དུ་ལྷ་མོ་དཔལ་ཆེན་མོའི་སྒོམ་ལུང་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེའང་འདས་པའི་དུས་སུ་དེ་བཞིན་


LT42_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུརྻ་དང་གསེར་གྱི་རི་མདོག་མཛེས་གསེར་འོད་དཔལ་ཞེས་བྱ་བ་ལ་ཐུགས་བསྐྱེད་ཅིང་། དེ་བཞིན་གཤེགས་པ་དཔལ་སྟུག་པོ་སོགས་སངས་རྒྱས་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པ། །བདེར་གཤེགས་འཛམ་བུའི་གླིང་གི་རྒྱལ་མཚན་གསེར་བཟང་པོ་ལས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཞུས་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྦྱིན་བདག་ཆེན་མོར་གྱུར་ལ། མ་འོངས་པའི་དུས་སུ་འཇིག་རྟེན་གྱི་ཁམས་དཔལ་རིན་པོ་ཆེས་བརྒྱན་པ་ན། དེ་བཞིན་གཤེགས་པ་དཔལ་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བ། །ངོ་བོས་ལ་གནས་པའི་སེམས་མའི་ཚུལ་གྱིས་རྒྱལ་བ་ཐམས་ཅད་མཆོད་པ་དང་སེམས་ཅན་གྱི་དབུལ་བསེལ་བའི་ཐུགས་བསྐྱེད་ཕྲིན་ལས་ལ་མངའ་མཛད་ཅིང་། རྣམ་པ་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་ཡུམ་གྱི་ཚུལ་དུ་སྣང་བ། མཚན་བཟུང་བ་ཙམ་གྱིས་དབུལ་བ་དང་ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པ། བསོད་ནམས་ཐམས་


LT42_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྡུད་པར་བྱེད་པ། བཀྲ་མི་ཤིས་པ་ཐམས་ཅད་མེད་པར་བྱེད་པ། དཔལ་དང་བདེ་བ་དང་སྐལ་པ་བཟང་པོ་ཐམས་ཅད་སྡུད་པར་བྱེད་པ་འདི་ནི། རྒྱུད་སྡེ་རྣམས་ཀྱི་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་ལ་རིགས་དྲུག་ཏུ་ཡོད་པའི་སྔ་མ་འཇིག་རྟེན་ལས་འདས་པའི་རིགས་གསུམ་གྱི་ནང་ཚན་པདྨའི་རིགས་ཀྱི་བཀའ་ཉན་ཏུ་གཏོགས་པ་དཔལ་ལྷ་མོ་ལུང་བསྟན་པའི་མདོ་སོགས་ལས་གསལ་བར་གསུངས་ཤིང་། གཞན་ཡང་གཤེགས་རིགས་ཀྱི་ཡུམ་གསེར་འོད་དམ་པ་དང་། ནོར་ཅན་གྱི་རིགས་གར་མཁན་མཆོག་གི་བརྟགས་པ་རྣམས་ལས་ཀྱང་འཁོར་དང་བཅས་པའི་སྒྲུབ་ཐབས་སྙིང་པོ་བཅས་བསྟན་པར་མཛད་ལ། སྐབས་སུ་བབས་པའི་སྒོམ་ལུང་འདི་ནི། གཤེགས་རིགས་ཀྱི་བདག་པོ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས་ལེགས་པར་གསུངས་པ། དེ་ལ་བརྟེན་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག་བཀའ་གདམས་གོང་མ་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པས་བྱིན་རླབས་ཀྱི་རྒྱུན་དང་ཡིད་ཆེས་ཀྱི་ངེས་པ་


LT42_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་བར་བྱེད་པ་སྟེ། དེ་ལྟ་བུའི་སྒོམ་ལུང་ཟབ་མོ་གསན་པའི་སླད་དུ་མཎྜལ་འབུལ་བར་ཞུ། ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འདི་དག་དཔོན་སློབ་ལྷན་ཅིག་པས་གནང་བར་ཞུ། །ཞེས་སྐྱབས་སེམས་ཚད་མེད་བཞི་ལན་གསུམ། དེ་ནས་སྤྱན་དམིགས་འདི་བཞིན་ཏུ་མཛད་པར་འཚལ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་ཉི་མ་ལ་གནས་པའི་སོགས་གོང་ལྟར་ལ། རང་ཉིད་ཅེས་པ་དོར། ཁྱེད་རང་གསང་བའི་བདག་པོ་ཞེས་བསྒྱུར། ཐུགས་ཀར་ཧཱུྃ་གིས་མཚན་པར་མོས་པ་མཛོད། །སློབ་དཔོན་ཀྱང་གསང་བདག་ཏུ་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲིང་། དེ་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་འཐོན། །ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། །


LT42_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་ཀར་ཟླ་བ་ལ་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། །ན་མོ་བཛྲ་སོགས་གསུམ། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་གསང་བའི་བདག་པོའི་གསུང་རིག་སྔགས་ཀྱི་ནུས་པ་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་མེ་ཏོག་འཐོར། དེ་ནས་མཆོད་པ་བྱིན་རླབས་སྔོན་ཏུ་འགྲོ་བའི་མདུན་བསྐྱེད་གསལ་འདེབས་པ་ལ་སྤྱན་དམིགས་འདི་ལྟར་དུ་མཛད་འཚལ། ཞེས་བརྡ་སྦྱར་ནས། མཆོད་པ་ཁ་གསོས་ཏེ། གོང་གསལ་མཆོད་པ་བྱིན་རླབས་ནས། བསྟོད་པའི་བར་སློབ་དཔོན་གྱིས་བརྗོད་ལ་བརྡ་སྤྲད། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་དབུས་སུ་ཤྲཱི༚་ཡིག་ལྗང་གུ་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། །ཐུགས་ཀའི་ས་བོན་ལ་ཐིམ་པའི་མོས་པས་འདིའི་རྗེས་ཟློས་མཛོད། །གཙོ་མོའི་སྔགས་ལན་གསུམ། །འཁོར་གྱི་ལྷ་མོ་བརྒྱད་པོ་རང་རང་གི་ཐུགས་ཀའི་ཟླ་སྟེང་ས་བོན་ལས་རང་རང་གི་སྔགས་རྣམས་བྱུང་། ཞལ་ནས་ཞལ་དུ་བརྒྱུད། །


LT42_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་ཐུགས་སྲོག་ལ་ཐིམ་པའི་མོས་པས་འདིའི་རྗེས་ཟློས་མཛོད། །འཁོར་སྔགས་རྣམས་ལན་གསུམ་གསུམ་བཟླར་གཞུག །མཐར་མེ་ཏོག་འཐར་བཞིན་ཏུ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ནས་མདུན་བསྐྱེད་ལ་གཏོར་མ་འབུལ་བའང་ངེད་ཀྱིས་བརྡ་སྤྲད་པའི་དམིགས་རིམ་ལ་འཇུག་པར་ཞུ། ཨོཾ་ཨཱཿཧཱུྃ། ཞེས་པ་ནས། འདོད་དོན་གསོལ་གང་བཀྱེ་བར་གོང་བཞིན་བྱ། དེ་ལྟར་ཇོ་བོ་རྗེ་ལྷ་གཅིག་གི་མན་ངག་ལྷ་མོ་ཆེན་མོ་དཔལ་གཙོ་བོར་གྱུར་པའི་གནོད་སྦྱིན་མོ་དགུའི་སྒོམ་ལུང་བཀའ་གཏད་སྦྱིན་གྲུབ་པ་ཡིན་པས་འདི་དག་ལྷག་པའི་ལྷར་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་སོགས། །གཏོང་རག་མཎྜལ། དགེ་བསྔོ་བྱས་པས་གྲུབ་བོ། །རྗེས་མཆོད་པ་ཁ་གསོ། བྱིན་རླབས་མཆོད་བསྟོད་གོང་གསལ། མ་འབྱོར་བ་དང་སོགས། ཡིག་བརྒྱ་བརྗོད། རྟེན་ཡོད་ན་མདུན་བསྐྱེད་རྣམས་དེ་ལ་བསྟིམ་ཞིང་མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། །བདག་བསྐྱེད་འོད་


LT42_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དུ་བསྡུ་ཞིང་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལྡངས་ལ་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། དགེ་བ་བསྔོའོ།། །།གཉིས་པ་ལག་ལེན་དངོས་བཤད་པ་ལ་གཉིས། གཞུང་མཐུན་གྱི་བསྙེན་པ་བྱ་བའི་ཚུལ་མདོར་བསྟན། གཡང་སྐྱབས་དཀྱུས་མའི་ལག་ལེན་རྒྱས་པར་སྨོས་པའོ། །དང་པོ་ནི། ལྷ་མོ་ཆེན་མོ་འདི་ཉིད་ཆེད་དུ་བསྙེན་པར་འདོད་ན། བཅའ་གཞི། སྒོམ་དོན། སྔགས་རྒྱ། སྤྱོད་ལམ་སོགས་བྱ་བ་སྤྱི་རྒྱུད་ཀྱིས་ཁོག་དབུབ། འདི་ཉིད་ཀྱི་མདོ་རྒྱུད་རྟོག་པ་རྣམས་ཀྱི་དགོངས་པ་བྱེ་བྲག་ཏུ་བསྡེབས་ཏེ་ཉམས་སུ་ལེན་དགོས་པ་ཡིན་ཀྱང་། ཡུལ་དུས་དབང་གིས་ཇི་བཞིན་འགྲུབ་དཀའ་བས་མ་སྨོས་ལ། །རྗེས་མཐུན་ཙམ་ལག་ཏུ་ལན་བར་སྤྲོ་ན། །གནས་ཁང་རྒྱན་གྱིས་བརྒྱན་པར་སྟེགས་བུ་གཙང་མ་ལ་རིན་པོ་ཆེའི་མཎྜལ་ལ་དྲི་དང་བ་བྱུང་གིས་བྱུག་པ་ལ། ཙནྡན་དཀར་པོ་ལས་བྱས་པའི་དཔལ་མོའི་སྐུ་གཟུགས་ནང་དུ་རིང་བསྲེལ་དང་ལྡན་པ་བཞག །མདོ་སྡེ་གསེར་འོད་དམ་པའི་གླེགས་བམ་ཡང་བཞུགས་སུ་གསོལ། མ་འབྱོར་ན་བྲིས་སྐུའམ་ཙཀ་ལི་དགྲམ་པའི་མདུན་ཏུ་འབུལ་གཏོང་དཀར་གསུམ་ལས་བྱས་པ། འོ་ཆབ་ཀྱི་མཆོད་ཡོན། མེ་ཏོག་སེར་པོ། ཙནྡན་ལ་སོགས་པའི་འདུག་སྤོས། སྦྲང་རྩི་བུ་རམ་དང་སྦྱར་བའི་ཞལ་ཟས་སོགས་མཆོད་པ་དག་ཅིང་གཙང་བ་བཤམ། བགེགས་ལ་གཏོར་མ་བྱིན་ཏེ་བསྐང་། །


LT42_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་བའི་སྔགས་བཟླས་པའི་ཆུས་མགོ་ལུས་དག་པར་འཀྲུས་ཤིང་གནས་མལ་ཡོ་བྱད་རྣམས་ལ་འཐོར། སྔགས་བཟླས་པའི་གུ་གུལ་དཀར་པོས་བདུག །གོས་གཙང་མ་གྱོན། ཉིན་རེ་བཞིན་ཁྲུས་བྱ་མ་གྲུབ་ན་སྔགས་ཀྱི་ཆུས་ནངས་མོ་དང་ཟས་ཟོས་པ་གཤང་གཅི་འདོར་བའི་རྗེས་ཐོག་སོགས་ལ་ཁ་བཤལ་ཞིང་ཉེ་རེག་བྱ། ཤ་ཆང་སྒོག་བཙོང་འབགས་བཙོག་སླད་ཟས། བག་མེད་དང་མི་དགེའི་སྤྱོད་པ། སྔགས་བཟླ་བའི་སྐབས་སུ་བཟའ་བཏུང་གཤང་གཅི་གཏམ་ལབ་གཉིད་དང་གླལ་སྦྲིང་སོགས་ཅི་ནུས་ཀྱིས་སྤངས་ཏེ། ཉམས་ལན་དངོས་གོང་སྨོས་བདག་མདུན་གྱི་རིམ་པ་རྗེས་ཆོག་བཅས་ཐུན་བཞི་འམ་གསུམ་དུ་བྱེད། །སྔགས་བཟླ་བའི་ཚེ་བདག་བསྐྱེད་འོད་ཟེར་སྤྲོ་བསྡུ་སྤྱི་མཐུན་གྱིས་རུང་ཞིང་ཐུན་འགོར་བཟླས་པ་བརྒྱ་བརྒྱད་ཙམ་རེས་ཆོག །དངོས་གཞི་མདུན་བསྐྱེད་གཙོ་མོའི་རིག་སྔགས་བཟླ་བའི་ཚེ། གཙོ་བོའི་ཡི་གེའི་གཟུགས་དང་དྲིལ་བུའི་སྐད་ལྟ་བུའི་སྔགས་ཀྱི་སྒྲ་གདངས་ལ་སེམས་རྩེ་གཅིག་ཏུ་གཏོང་ཅིང་། སྐབས་སུ་བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ། དེའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས་ལྷ་མོ་ཆེན་མོའི་སྐུ་ནམ་


LT42_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་དབྱིངས་ཐམས་ཅད་ཁྱབ་པ་བྱུང་། དེ་དག་གི་ཕྱག་མཐིལ་ནས་མཆོད་པའི་སྤྲིན་ཆེན་པོ་སྤྲུལ་ཏེ་རྒྱལ་བ་སྲས་དང་བཅས་པ་མཆོད་པའི་དགེ་བ་ལས་བྱུང་བའི་བསོད་ནམས་ཀྱི་སྤྲིན་ཆེན་པོ་འཁྲིགས་པ་ལས། བདུད་རྩིའི་ཆར་ཆེན་པོ་བབས་པས་རྒྱུ་སེར་སྣ་དང་འདོད་ཆགས་ཀྱི་དྲི་མ་བཀྲུས། འབྲས་བུ་ཡི་དྭགས་ཀྱི་འགྲོ་བ་ཀུན་ཚིམས་ནས་སངས་རྒྱས་ཀྱི་བདེ་བ་ལ་བཀོད། ཡང་། ནོར་བུ་རིན་པོ་ཆེ་ལ་སོགས་པ་འདོད་རྒུའི་ཆར་རྒྱུན་ཆད་མེད་པ་བབས་པས་བདག་གཞན་འགྲོ་བ་མཐའ་དག་སྐྱེ་བ་ཀུན་ཏུ་དཔལ་འབྱོར་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོ་ལ་དབང་ཐོབ། འོད་ཟེར་སླར་ལོག་སྟེ་ཐུགས་ཀར་ཐིམ་པར་མོས། །ལྷ་མོ་བརྒྱད་ལའང་དེས་རིགས་འགྲེ་ཞིང་གྲངས་གཙོ་མོའི་བཅུ་ཆར་བཟླ། འདི་ནི་བློ་བཟོ་མ་ཡིན་ཏེ། སྤྱོད་རྒྱུད་ཀྱི་གཟུགས་ཀྱི་ལྷའི་སྤྲོ་བསྡུ་དང་། གསེར་འོད་དམ་པ་ལས་ཟུར་གྱིས་བསྟན་པའི་དོན་གཅིག་ཏུ་འདུས་པ་འཕགས་བོད་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་དག་གིས་ལེགས་པར་བཤད་པའི་དགོངས་པའོ། །དེ་ལྟ་བུའི་བསྙེན་པ་ལེགས་པར་གྲུབ་ནས། སྒྲུབ་པའི་ཚུལ་དུ་མདུན་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱི་སྐབས་སུ་ཚིགས་བཅད་ཀྱིས་མཚོན་སྤྲོས་པ་རྒྱས་པར་བྱ་ཞིང་། །བཟླས་པའི་ཐོག་


LT42_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མར་མདོ་སྡེ་གསེར་འོད་དམ་པ་ནས་འབྱུང་བའི་སངས་རྒྱས་ཀྱི་མཚན་སྤྱི་དང་། ཁྱད་པར་བདེ་གཤེགས་རིན་ཆེན་མེ་ཏོག་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོ་ལ་ཕྱག་བྱ་ཞིང་མཆོད་པ་ཕུལ། གཟུངས་སྔགས་དང་བདེན་ཚིག་ལན་བདུན་ལ་སོགས་པ་བརྗོད་ནས། སྔར་སྨོས་པའི་སྙིང་པོ་རྣམས་དང་། སྱད་ཡ་ཐ་དན་དང་། ཏདྱ་ཐཱ་ཞེས་པ་རིགས་གཉིས་ཀྱང་ཅི་ནུས་སུ་བཟླ། ཐུན་མཐར་གཏོར་འབུལ་མཆོད་བསྟོད་རྒྱས་པར་བྱ་ཞིང་དཔལ་ལྷ་མོའི་མཚན་བཅུ་གཉིས་ལ་ཕྱག་མཆོད་འདོད་དོན་གསོལ་བ་བཏབ་ནས་མདུན་བསྐྱེད་སྐུ་གཟུགས་ལ་བརྟན་བཞུགས་གསོལ། །བསྙེན་སྒྲུབ་གཉིས་ཀའི་ཐུན་མཚམས་སུ་ཕྱག་མཆོད་ཡན་ལག་བདུན་པ་གཙོ་བོར་གྱུར་པའི་བསོད་ནམས་ཀྱི་ཚོགས་གསོག་ཅི་འགྲུབ་བྱ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པའི་མདོ་དང་། དཔལ་ལྷ་མོའི་མདོ། །གསེར་འོད་དམ་པ་སོགས་ཅི་ནུས་སུ་བཀླག །བཟའ་བཏུང་གི་བྱ་བ་སོགས་གྲུབ་ནས་ཉེ་རེག་བྱས་ཏེ་ཐུན་ལ་འཇུག །སྒྲུབ་པ་གྲུབ་པའི་ཚེ་ལས་ལ་སྦྱོར་བའི་དོན་ཏུ་ཁྲུས་དང་གོས་གཙང་བགོ་ཞིང་ལུས་སྤོས་ཀྱིས་བདུག་པ་སོགས་བྱས་ནས། བརྟན་བཞུགས་བྱས་པའི་ལྷ་མོའི་སྐུ་དེ་འབྲུ་སྣ་དང་རིན་པོ་ཆེ་ལྔའི་ཕུར་མ་དང་སེར་པོ་རྣམས་ཀྱིས་དྲིལ་བ་སྙིམ་པ་ཁ་སྦྱོར་དུ་བཅུག་སྟེ་ཇི་ཙམ་ནུས་པའི་


LT42_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་འབྲུ་ནོར་ལ་དོན་གཉེར་ཆེ་ཆུང་དང་བསྟུན་པའི་ཞག་གྲངས་སུ་བྱས་ལ་མཐར་མཛོད་ཁང་གི་དབུས་སུ་འབྲུའི་ཕུང་པོའི་སྟེང་དུ་བཞག་ལ། དེ་ཕྱིན་ཆད་དུས་བཟང་པོ་བྱུང་ངོ་ཅོག་ལ་སྦྲང་རྩི་བུ་རམ་འོ་མའི་མཆོད་ཡོན་རྣམས་དང་ཟས་ནོར་གྱི་ཕུད་ཐམས་ཅད་ཀྱིས་མཆོད་ཅིང་འབྲུ་ནོར་ལོངས་སྤྱོད་འཕེལ་བའི་གསོལ་བ་གདབ། བསྙན་པ་འབུམ་ཕྲག་ལ་སོགས་པ་སྔོན་ཏུ་སོང་ནས། སྒྲུབ་པའི་དཀྱིལ་འཁོར་ལྷ་མོ་འཁོར་བཅས་གསལ་བར་བསྒོམ་པའི་མདུན་ཏུ་འབྲས་བུ་ཅན་གྱི་ཤིང་ལ་མེ་ཐབ་ལས་ཐམས་ཅད་པའི་མཚན་ཉིད་ཅན་དུ་བྱས་ཤིང་དམིགས། །བསྲེག་རྫས་འབྲས་བུ་ཅན་གྱི་ཡམས་ཤིང་། མར་ཁུ་སེར་པོ། ཏིལ་དཀར་པོ་ཅི་མང་འདུ་བྱ། བདག་ཉིད་གསང་བདག་ཏུ་གསལ་བ་ལ་ཆུ་དང་ཅོད་པན་གྱི་དབང་མདོར་བསྡུས་བླང་། མེ་ཐབ་ཏུ་མེ་ལྷ་སྤྱན་དྲངས། ཨ་མྲི་ཏས་བགེགས་བསྐྲད། མཆོད་པ་དང་བསྲེག་རྫས་བྱིན་བརླབས་ལ་འབུལ། སླར་བདེན་པའི་སྟོབས་བརྗོད་ལ་དཀྱིལ་འཁོར་བ་མེ་ཐབ་ཏུ་སྤྱན་དྲངས་ཏེ་ལྷ་སོ་སོའི་སྔགས་ལ་སྤེལ་ཚིག་སྦྱར་བས་བསྲེག་རྫས་རྣམས་ལན་བདུན་ལ་སོགས་པ་ཕུལ་ནས། ཏདྱ་ཐཱའི་སྔགས་ཁོ་ནས་ཏིལ་དཀར་པོ་ཅི་ནུས་སུ་ཕུལ་བ་ལ་གྲངས་བཟུང་། མཐར་མར་ཁུ་ལན་གསུམ་ཕུལ་ནས་ལྷ་རྣམས་དཀྱིལ་འཁོར་དུ་གཤེགས། མེ་ལྷ་གསལ་བཏབ་ནས་བསྲེག་རྫས། མཆོད་པ།


LT42_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སླར་མར་ཁུ་ལན་གསུམ་ཕུལ་ལ་གཤེགས། ཐབ་ཀྱི་མེ་རང་ཞིར་སོང་བའི་ཐལ་བ་འབྲུ་ལ་སོགས་པའི་མཛོད་དུ་བཏབ་ན་འབྲུ་ནོར་ཟད་མི་ཤེས་པར་འཕེལ་བར་འགྱུར་རོ།། །།གཉིས་པ་གཡང་སྐྱབས་དཀྱུས་མ་ཙམ་གྱི་ཕྱག་ལེན་བྱེ་བྲག་ཏུ་བཤམ་པ་ལ་གསུམ། བཅའ་གཞི་དང་། གཞུང་གི་ལག་ལེན་དངོས། རྗེས་ཀྱི་བྱ་བ་རྣམས་སོ། །དང་པོ་ལ་གཉིས། འབྱོར་པ་དང་ལྡན་པས་བཅའ་གཞི་རྒྱས་པར་སྤྲོ་ན་རྟན་རྫས་ཀྱི་གཙོ་བོ་གོང་དུ་སྨོས་པའི་སྐུ་དང་གླེགས་བམ་དག་ཡོད་དགོས་ལ། དེ་ལྟར་མི་འཛོམས་པའམ་སྤྱི་མཐུན་སྟབས་བདེ་ཙམ་དུ་གཞུང་འདི་ལས་དངོས་སུ་གསུངས་པ་ལྟར། སྐྱེས་པ་བུ་བདུན་ཡོད་པའི་མདའ་མ་ཉམས་པ་ལ། དར་རས་གཙང་མ་སྤྱིན་དང་མ་འདྲེས་པ་ལ་ལྷ་མོ་གཙོ་འཁོར་སྲིད་གསུམ་གཡང་བདག་དང་བཅས་པའི་སྐུ་དང་སྔགས་བྱང་བྲིས་པ་དང་དངུལ་དཀར་མེ་ལོང་། བུད་མེད་བུ་བདུན་ཡོད་པའི་ནོར་གཡུ། གཞན་ཡང་དར་སྣ། སྟག་གཟིག་རས་མ། ཁྲབ་བྱང་སོགས་བཏགས་པ་རྟེན་རྫས་ཀྱི་གཙོ་བོར་ཡིན་པས་གང་འཛོམ་བྱ་དགོས་ལ། དེའང་མ་འཛོམ་ན་མདའ་དར་དཀྱུས་མ་མེ་ལོང་ལྡན་པ་མེད་ཀ་མེད་ཡིན། །ཆགས་མེད་རིན་པོ་ཆེ་ཉིད་ཐུགས་བསྐྱེད་ཆེ་དྲག་པས་དེའང་མི་འཛོམ་པའི་དབུལ་པོ་ལ་དགོངས་ནས་མདའ་


LT42_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དར་མེད་ན་དེའི་ཚབ་ཏུ་ཤུག་པ་བལ་ཚོན་གྱིས་བརྒྱན་པ་བཞག་པར་གསུངས་པའི་གནད་མ་གོ་བ། ད་ལྟ་གཡང་ཤུག་ཅེས་ཤུག་ཐེལ་ཞིག་མ་བཞག་ཀ་མེད་བྱེད་པ་ནི་བླུན་པོའི་བྱ་བ་ཡིན་པས་ཅིས་ཀྱང་མདའ་དར་མ་འཛོམ་ན་ས་བཅད་ཙམ་མ་གཏོགས། སྒྲུབ་རྟེན་ཏུ་ཤུག་པ་བཞག་མི་རུང་སྟེ་སྐམ་ནས་གྲུག་པ་སོགས་ཀྱིས་རྟེན་འབྲེལ་མི་ལེགས་པའི་ཕྱིར་རོ། །གཞན་ཡང་གཞུང་ལས་གསུངས་པའི་གཡང་རྫས་རྣམས་ཚོགས་པར་བྱས་ལ། ཉི་མ་བྱང་བགྲོད། ར་བ་བཞི་སོགས་ཡར་ངོའི་ཚེས་གཡང་གཟའ་གཡང་སྐར་འཛོམ་ཞིང་དབུལ་ཉི་ཉི་ནག་སོགས་མེད་པའི་དུས་བཟང་པོ་ཞིག་ལ་ཐོག་མའི་དབུ་འཛུག་པ་དང་། རྗེས་ཀྱི་གཡང་གཏད་ཁེལ་བར་བྱས་ཏེ། གནས་ཁང་གཙང་མ་རྒྱན་གྱིས་སྤྲས་པའི་ཕུག་ལོགས་སོགས་གང་བ་དེར་རང་གི་ཡི་དམ་གྱི་གཞུང་གང་ལ་བྱེད་པའི་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་སོགས་བཤམ། སྟེགས་བུ་གཙང་མར་དར་རས་སེར་པོའམ་དཀར་པོས་གཡོགས་པའི་ཁར་འབྲས་སམ་གྲོ་ནས་ཀྱིས་པདྨ་འདབ་བརྒྱད་བྲིས་པ་ལ་འབྲུ་གཙང་གི་ཕྱེ་སྨན་དང་རིན་པོ་ཆེ་མངར་གསུམ་བསྲེས་པ་ལས་གཡང་བཤོས་ནོར་བུའི་དབྱིབས་ཅན་གཙོ་འཁོར་དགུ་རྒྱན་སྤྲོས་གཟབ་པ་བྱས་ཏེ་སྣོད་གཙང་གས་ཆག་མེད་པའི་ནང་དུ་བཀོད་ལ་བཞག །སྐུ་དང་གླེགས་བམ་ཡོད་ན་དེ་ཉིད་དབུས་སུ་


LT42_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའི་མདུན་དུ་གཏོར་མ་འདི་འཇོག་དགོས། གང་ལྟར་གཡས་གཡོན་མདུན་གསུམ་དུ་འབྲུའི་ཚོམ་བུའི་ཁར་ལྷ་ཀླུ་གཉན་གསུམ་དཀར་གཏོར་དྲུང་བཀོད་གཞུང་གསལ། རྒྱབ་ངོས་སུ་གོང་སྨོས་སྒྲུབ་རྟེན་མདའ་དར་གཡོ་འགུལ་མེད་པའི་སྟེགས་ལ་གཟུག །མདུན་དུ་མཆོད་པ་རྣམ་བདུན་གོང་སྨོས་ལྟར་ཕྲེང་ཚར་དང་། གཞན་ཡང་སྣོད་གཙང་མ་རྣམས་སུ་ལྔ་ཕྲག་ལྔ། དཀར་གསུམ་མངར་གསུམ། མར་ཐུད་འོ་ཞོ། ཕྱེ་མར། ཇ་ཆང་། ཤིང་ཏོག །བུ་རམ་སོགས་བཟའ་བཅའ་བཏུང་བ་གཙང་ཞིང་དག་པའི་རིགས་ཇི་ཙམ་འཚོགས་པ་བཤམ། དར་དཀར་རམ་ཤོག་བུ་ལ་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། རྒྱ་ནག་ལུགས་ཀྱི་ནོར་བུ་ཆ་བདུན་ཏུ་གྲགས་པ་རྣམས་བྲིས་པའི་རྒྱབ་ཏུ་རྟེན་འབྲེལ་སྙིང་པོའི་གཤམ་ལ། བདག་གམ། སྦྱིན་བདག་འདི་ཞེས་བྱ་བ་ལ་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་མི་ནོར་ཟས་གསུམ་གཡང་གི་དངོས་གྲུབ་ཆེན་པོ་ཆར་བཞིན་ཏུ་ཕོབ་ཅིག །པུཥྚི༚་ཀུ་རུ་ཨོཾ། ཞེས་བྲིས་པ་ཅི་བདེར་བཀོད་པའམ་གོང་གི་མདའ་ལ་བཏགས་ཀྱང་རུང་། གོ་ཁྲབ་རྒྱན་གོས་སོགས་བཀྲ་ཤིས་པའི་ཡོ་བྱད་རྣམས་དང་། ནོར་ལྷ་སྤྱིའི་རྟེན་ཏུ་གྲགས་པ་རྔ་མ་དཀར་པོ་དར་སྣས་བརྒྱན་པས་མཚོན་གཡང་འགུགས་པའི་རྟེན་གཞུང་གསལ་གང་འཚོགས་བྱ། གྱོ་


LT42_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་ལ་སོགས་པའི་སྣོད་པོར་ཆོག་ཞིག་གི་ནང་དུ་གཡང་གླུང་་བསྡུས་པ་ངར་མི་ཏིང་ལོ་ཆངས་བུ་ཅན་གྱིས་འཐུས་པར་མཛད་ལ། སྤྲོ་ན་འདོན་ཆ་དང་མཐུན་པའི་བསེ་རག་གི་གཟུགས་ཆུང་གསུམ་གྱི་འཁོར་རྣམས་སྤར་དུ་བཏབ་པའི་སྔོན་ཕྱོགས་སུ། མི་དང་རྟ་ནོར་ར་ལུག་གི་གླུད་གཟུགས་མར་མེ་བཤོས་བུ་ཆངས་བུ་རྣམས་དང་། ཚ་སྒོག་རམ་གསུམ་སོགས་མི་ཁའི་ཡས་རྫས། ཟོ་ཤེ་རྐྱལ་ཤེ་སྟན་རུལ་གོད་རུས་ཐག་ཆད་སོགས་འགོང་པོའི་བཀར་ཡས་ཅི་རིགས་པ་བསགས། ཞུན་རྡོའི་ཕྱེ་མ་ཡུངས་ཀར་རམ་ནས་དང་བསྲེས་པ། སྣོད་གཙང་མར་འོ་ཆབ་འཐོར་བྱེད་དང་བཅས་པ། གཡབ་དར་མདའ་དར་དཀར་པོ། ཤུག་པ་བལ་བུ་སོགས་བཟང་ཤིང་གི་སྤོས་སྦྱོར། །མཆོད་པ་རྣམས་ཁ་གསོ་བའི་ཆས་སོགས་འདུ་བྱ། སྒྲུབ་པའི་དབུ་བཙུགས་ནས་གཡང་སྒོ་བསྡམས་ཟིན་པའི་ཞག་གསུམ་མམ་བདུན་གྱི་བར་དུ་ཡོ་བྱད་བཟའ་བཏུང་དགས་སྤྱི་དང་། ཁྱད་པར་དཀར་མཚན་ཅན་དང་བཀྲ་ཤིས་པའི་རྫས་ཕྱིར་མི་བཏང་བའི་འཛེམ་བྱ་དགོས་ཀྱང་གནས་ཆེན་ལྟ་བུ་དེ་ལྟར་འགྲུབ་དཀའ་བའི་རིགས་ལ་ཡུལ་ལུགས་དང་བསྟུན་ཞིང་། གཡང་རྟེན་ཏུ་བཞག་པའི་ཡོ་བྱད་ཆེ་ཕྲ་ཐམས་ཅད་ནམ་ཡང་ཕྱིར་མི་འཁྱར་བ་དང་། མཆོད་རྫས་ཀྱི་རས་མ་སྦྱིན་བདག་གམ་སྒོ་ནོར་རྩིས་ཅན་ལྟ་བུར་སྦྱིན་པ་ལས། བྱ་ཁྱི་


LT42_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལའང་སྦྱིན་པར་མི་རུང་ངོ་། །སྔར་ཆོ་ག་དང་འབྲེལ་བའི་རྟེན་བཙུགས་པ་ཡོད་ན། ཟུར་གསལ་ལྟར་སྒོ་དབྱེ་བའི་ཆོ་ག་བྱས་ཏེ་གཡང་རྟེན་རྣམས་སྤོས་དུད་སོགས་བཀུར་བསྟི་དང་བཅས་ཏེ་སྤྱན་དྲངས་ལ་གཞི་སྟེང་དུ་བཀོད་ཅིང་། རྒྱན་སྤྲོས་ཀྱིས་མཚོན་ཏེ་ཁ་གསོ་དགོས་པ་རྣམས་གསོ་ཞིང་། མཆོད་པའི་བྱེ་བྲག་ལ་སོགས་པ་གསར་དུ་བཤས་པར་བྱའོ། །གཉིས་པ་འབྱོར་པས་དམན་པའམ་ཉན་ཆོག་ལྟ་བུར་བཅའ་གཞི་བསྡུས་པའི་ཚུལ་ནི་གཞུང་གི་དབུར་གསུངས་པ་ལྟར་རོ། ༈ །གཉིས་པ་ལག་ལེན་དངོས་གཞི་ནི། །ཐོག་མར་བདག་བསྐྱེད་ཡི་དམ་གང་བྱེད་ཀྱི་གཞུང་བཟླས་པའི་བར་དུ་བཏང་དགོས་པས། ཞག་གྲངས་བྱེད་ཚེ་དཀོན་མཆོག་སྤྱི་འདུས་ལ་མཚོན་ན་དབུ་ནས་བརྩམ། སེང་གདོང་མའི་བཟླས་པའི་བར་དུ་བཏང་། དེ་མཚམས་ནོར་ཅན་དང་རྒྱས་པའི་རིགས་ལ་ངེས་པར་དགོས་པ་གོང་སྨོས་ཕྱག་རྡོར་བདག་བསྐྱེད་བཟླས་པ་དང་བཅས་པའང་བྱ། ཉིན་ཆོག་གམ་ཚར་རེ་ཟུང་ལ་ཕྱག་རྡོར་བསྐྱེད་བཟླས་འདི་ཁོ་ནས་ཆོག་གི་སྤྲོས་པ་གཞན་མི་དགོས། དེ་ནས་གཞུང་གསལ། ཧཱུྃ། རང་ཉིད་ཡི་དམ་སོགས་ལ་འཇུག་སྟེ། དེའི་ཚེ་རང་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བར་གསལ་བའི་


LT42_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་སྔོན་གྱི་མཐར་བཟླས་བྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་བྱིན་རླབས་ཐམས་ཅད་བདུད་རྩི་འཁྱིལ་བའི་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་བདག་དང་ཐུན་རྫས་ལ་ཐིམ་པས་བདག་ཉིད་མཐུ་སྟོབས་གཟི་བརྗིད་རབ་ཏུ་རྒྱས་ཤིང་། ཐུན་རྫས་རྣམས་ཁྲོ་ཆུང་མེ་འབར་ཤིང་ཚྭ་ཚྭ་འཕྲོ་བར་གྱུར་པར་མོས་ལ། ཨ་མྲྀ་ཏ་སྟོང་ཕྲག་ཙམ་དང་། ཀུཎྜ་ལཱི་བརྒྱ་རྩ་ཙམ་བཟླས་ལ་ཕུས་བཏབ་པས། ཐུན་རྫས་ཀྱི་ཁྲོ་བོ་རྣམས་འོད་དུ་ཞུ་སྟེ་ཧཱུྃ་ཡིག་ལྗང་སྔོན་མེའི་ཚྭ་ཚྭ་ཐུལ་ཐུལ་འཕྲོ་བ་འབའ་ཞིག་ཏུ་གྱུར་པར་མོས་ལ། མཆོད་བསྟོད་བྱ། འོ་ཆབ་གྱི་སྟེང་དུ་སྒྲུབ་པ་པོ་གཙང་སྦྲ་ལ་གནས་པ་ཡིན་ན་སྐད་ཅིག་དྲན་རྫོགས་སུ་རྡོ་རྗེ་རྣམ་འཇོམས་ལྗང་སྔོན་དང་། ཤ་ཆང་སོགས་ལ་འབགས་ན་དཀར་པོར་གསལ་བའི་ཐུགས་སྲོག་དང་སྐུ་ལས་བདུད་རྩིའི་རྒྱུན་བབ་འོ་ཆབ་དག་བྱེད་ཀྱི་ཁྲུས་ཆུ་ནུས་པ་དང་ལྡན་པར་མོས་ལ། རྣམ་འཇོམས་ཚར་གཅིག་དང་ཉེ་སྙིང་གང་འགྲུབ། ཤམ་བུ་ཁྲུས་བདུན་རིག་པ་སྦྱར་བའམ་


LT42_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཙམ་ཕན་ཡོན་བཅས་བརྗོད་ལ་ལྷ་མི་དམིགས་པར་བཞག །རང་ཉིད་བདུད་རྩི་འཁྱིལ་བར་གསལ་བའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དབུལ་ཕོངས་བྱེད་པའི་བསེ་རག་དང་གོད་འདྲེ་སོགས་བགེགས་རིགས་ཐམས་ཅད་མདུན་ཏུ་བཀུག་སྟེ་གུས་པས་འཁོད། གླུད་གཏོར་དེ་དག་རྣམས་ཀྱི་ཡིད་ལ་གང་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོར་བསམ་ལ་གཞུང་ཚིག་གྱེར། དོ་གལ་བྱེད་ན་གླུད་རྫས་ཀྱིས་ཁ་གསོ་ཞིང་ལན་བདུན་ལ་སོགས་པ་ཚར་གྲངས་བསག །ན་མཿསརྦ་སོགས་ལ་ཆུ་གཙང་སྦྲེང་དགོས། མཐར་དེ་དག་ཚིམས་ནས་ཕྱི་མིག་མི་ལྟ་བར་མཐའི་རྒྱ་མཚོའི་ཕ་རོལ་དུ་སོང་བར་བསམ་ལ། གླུད་གཏོར་ཁང་ཁྱིམ་མི་མཐོང་བའི་སར་སྐྱེལ་ལ་ཕྱི་མིག་མི་ལྟ་བར་ལོག་བཅུག །གླུད་མི་ལེན་ཅིང་བདེན་ཚིག་ལ་མི་ཉན་པའི་འབྱུང་པོ་གནོད་པའི་སེམས་འཆར་བ་མཐའ་དག་རང་གི་སྐུ་ལས་སྤྲོས་པའི་ཁྲོ་ཆུང་མེ་ཕུང་ཐུན་རྫས་ཧཱུྃ་ཡིག་མཚོན་ཆེན་འབར་བའི་ཆར་གྱིས་བསྐྲད་ཅིང་རྡུལ་ཕྲན་ཙམ་དུ་བརླགས་པར་བྱས་པར་མོས་ལ། མཚམས་གཅད་བརྗོད་


LT42_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཁྱིལ་བའི་སྔགས་དང་། སུམྦྷ་ནི་དྲག་ཏུ་བཟླ་བཞིན་པས་ཁྱིམ་ཕྱི་ནང་ཐམས་ཅད་དུ་རྡོ་ཐུན་གཏོར། སླར་ཁྲོ་ཆུང་ཐམས་ཅད་ཚུར་འདུས་པ་ལས་བྱུང་བའི་རྡོ་རྗེ་མཚོན་ཆ་མེ་རིའི་གུར་ཁང་ཅིས་ཀྱང་མི་ཤིགས་པའི་ནང་དུ་བསྲུང་བྱའི་གནས་ཁང་ནོར་ཕྱུག་ཞིང་དང་བཅས་པ་ཚུད་པར་བསྒོམ། དེ་ནས་ཁྲུས་ཚིག་དང་རྣམ་འཇོམས་ཀྱི་སྔགས་ཤམ་བུ་ཅན། ཀུཎྜ་ལཱི་རྣམས་བརྗོད་བཞིན་པས་ཁྲུས་ཆབ་ཕྱོགས་ཐམས་ཅད་དུ་འཐོར་བས། འགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དགུ། དགྲ་བླ་ཡུལ་ལྷ་གཉན་པོ་སོགས་འགོ་བའི་ལྷ་སྲུང་རྣམས་ལ་མི་གཙང་བའི་དྲི་མ་ཕོག་པ་རྣམས་དང་། བདག་དང་ཡོན་གྱི་བདག་པོའི་སྡིག་སྒྲིབ་རྨེ་རྨུག་ནལ་གསུམ་གྱི་དྲི་མ་ཡུལ་ཞིང་ནོར་རྫས་ལ་འགོང་པོ་བསེ་རག་གི་ཁ་རླངས་ཕོག་པ་སོགས་མདོར་ན་གྲིབ་དང་མི་གཙང་བ་མཐའ་དག་ཤེལ་དཀར་གྱི་བུམ་པ་ལྟར་བཀྲུས་ནས་གཙང་ཞིང་དག་པར་མོས། འདིར་སྤྲོ་ན་གནས་མདོ་བདེ་ཆེན་སྙིང་པོས་མཛད་པའི་སངས་རྒྱས་ཀྱི་མདུན་བསྐྱེད་བཏོན་ལ། སྔགས་བཟླ་བའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་


LT42_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བཙོ་མ་ལྟ་བུ་བདག་དང་སྦྱིན་བདག་ལ་ཕོག་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་སེར་སྣའི་ཉེས་པས་དབུལ་ཞིང་ཕོངས་པར་འགྱུར་བའི་ལས་སྒྲིབ་ཅི་ཡོད་པ་ཐམས་ཅད་སང་གི་དག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་སྐལ་བ་ཅན་ཏུ་གྱུར། མཐར་དེ་བཞིན་གཤེགས་པ་ཉིད་མདུན་གྱི་ནམ་མཁར་བཞུགས་པའི་འོད་ཟེར་གྱིས་ཡུལ་ཕྱོགས་གནས་ཁང་དང་བཅས་པ་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་བཀོད་པའི་ཁྱད་པར་མཐའ་ཡས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་མོས། དེའི་དབུས་སུ་རིན་པོ་ཆེའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བཅས་པའི་དབུས་དང་ཕྱོགས་མཚམས་བརྒྱད་དུ་གཏེར་བུམ་དང་པདྨ་ཟླ་བའི་གདན་རེ་རེ། བར་མཚམས་རྣམས་སུ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། །མཐའ་བསྐོར་དུ་ཁྲུས་ཀྱི་རྫིང་བུ། །དཔག་བསམ་ལྗོན་ཤིང་། རིན་པོ་ཆེའི་རི་བོ། །མ་རྨོས་པའི་ལོ་ཏོག །འདོད་འཇོའི་བ་མོ། ནོར་


LT42_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་འགྲམ་སྟེགས་ལ་སོགས་པས་བསྐོར་ཞིང་། ཕྱོགས་མཚམས་ཀུན་ཏུ་འཇའ་འོད་དང་རིན་པོ་ཆེའི་སྤྲིན་འཁྲིགས་པར་བསྒོམ་ལ། སྭ་བྷཱ་བ་ནས། རང་བཞིན་གྱུར་བར་བརྗོད། འདིར་སྤྲོ་ན་བདེན་པའི་བྱིན་བརླབས་བརྗོད་པ་སྐབས་སུ་བབས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང་། བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་སྙིང་པོ་ཕྱག་རྒྱའི་ཚོགས་ཀྱི་བདེན་པའི་སྟོབས་ཀྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཕོ་བྲང་མཚན་ཉིད་ཡོངས་སུ་རྫོགས་པ་ལྷ་སོ་སོའི་གདན་དང་བཅས་པ། །ཕྱི་ནང་ཀུན་ཏུ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུའི་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའ་དང་མཉམ་པ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་


LT42_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ་ཁཾ་ཨུངྒ་ཏེ་སྥ་ར་་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ལན་བརྒྱད་བརྗོད། དེ་ནས་སརྦ་བིད་པཱུ་ར་སོགས་སྦྱར། འདི་བརྗོད་ན་ཨ་ཀཱ་རོ་དང་། ནམ་མཁའ་མཛོད་སྔགས་གཉིས་མི་དགོས། དེ་ནས་སྤོས་ཀྱི་དུད་པ་བཏང་། མདའ་དར་གཡབ་ལ། རང་ཉིད་གསང་བའི་བདག་པོའི་ཐུགས་ཀའི་འོད་ཟེར་གྱིས་ལྕང་ལོ་ཅན་ནས་ལྷ་མོ་དཔལ་ཆེན་མོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ་ནས་སྔོན་གྱི་ཐུགས་དམ་དྲན་ཏེ་དགྱེས་པས་དགོངས་ཏེ་སྐད་ཅིག་གིས་བྱོན་པར་བསམ་ལ། སྤྱན་འདྲེན་དབྱངས་རོལ་བཅས་བརྗོད། ལྷ་མོ་དགུ་པོ་གནོད་སྦྱིན་བྱེ་བ། རྒྱལ་ཆེན་བཞིའི་འཁོར་དང་བཅས་ཏེ་བྱོན་ནས་གཞལ་ཡས་ཁང་གི་སོ་སོའི་གདན་ལ་བཞུགས་ཤིང་རྒྱལ་པོ་བཞི་ཡང་སྒོ་བཞི་ལ་བཞུགས་པར་མོས། འདི་རིགས་ཀྱི་བཀའ་ཉན་ཡིན་པར་མ་ཟད་དགོས་པའི་གནད་འགའ་རེ་ཡོད་པས་བསྒོམ་དོན་ངེས་པར་བྱ་དགོས། དེ་ནས་རང་གི་ཐུགས་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པར་མོས་ལ་མཆོད་ཕྲེང་སྦྱར། གཞུང་དུ་གཏོར་མ་བྱིན་རླབས་ཟུར་གསལ་མ་གསུངས་པས། ཚར་གྲངས་བསགས་ཚེ་གོང་དུ་གཞལ་ཡས་སོགས་


LT42_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཞར་བྱུང་དམིགས་པས་ཁྱབ་པར་བྱས་ཀྱང་འཐུས་ཤིང་། ཚར་སྔ་མ་རྣམས་སུ་འདི་ལྟར་སྦྱར་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ནས། ལྷ་མོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་མོས་ལ། གཞུང་གསལ་སྔགས་ཀྱིས་འབུལ་ཞིང་གཙོ་མོ་ལ་བསྟོད་ཅིང་ཕྲིན་ལས་བཅོལ། སངས་རྒྱས་ཀྱི་མཚན་བརྗོད་པའི་ཚེ་མདུན་གྱི་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དང་། ཆོས་ལ་དེ་ཉིད་ཡིད་ལ་བྱ་ཞིང་། དཔལ་ཆེན་མོའི་མཚན་བཅུ་གཉིས་ཀྱི་སྐབས་གཙོ་མོ་ལ་དམིགས་ཏེ། དད་མོས་རྩེ་གཅིག་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་བྱ་ཞིང་། མཆོད་པ་ཕུལ་བ་སོགས་མོས་ཏེ། དེའི་ཚེ་དེ་དག་གི་ཐུགས་རྗེའི་འོད་ཟེར་གྱིས་བདག་གཞན་ཐམས་ཅད་ཀྱི་


LT42_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་མ་ལུས་པ་བྱང་། བསོད་ནམས་དང་ཡེ་ཤེས་ཀྱི་མཐུ་སྟོབས་རབ་ཏུ་རྒྱས་པར་མོས། །སྔགས་བཟླ་བའི་ཚེ་དམིགས་པའི་གནད་གོང་དུ་སྨོས་པ་དེ་ལ་གཙོར་བྱ་ཞིང་། གཞན་ཡང་སྐུ་སྤྲོས་པ་དེ་དག་ཚུར་འདུས་པའི་ཚེ་བདག་དང་སྦྱིན་བདག་ལ་ཐིམ་པས་སྒྲིབ་པ་བསལ་ནས་བྱིན་གྱིས་བརླབ་པ་དང་། སྐུའི་འོད་ཟེར་ལས་སྐྱེས་པའི་ནོར་བུའི་སྤྲིན་འཐུག་པོ་ལས་ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་པས་གནས་ཁང་བང་མཛོད་དང་བཅས་པ་མེར་གྱིས་ཁེངས་པར་བསམ་པ་དང་། ཡང་རང་གི་ཐུགས་ཀར་འོད་ཟེར་གྱིས་ལྷ་མོ་གཙོ་འཁོར་བསྐུལ། དེ་དག་གིས་སྔོན་གྱི་དམ་བཅའ་རྗེས་སུ་དྲན། ཐུགས་སྲོག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། །ཕྱི་སྣོད་ཐམས་ཅད་སྦྱངས་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུར་གྱུར། ནང་བཅུད་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་བདག་དང་སྦྱིན་བདག་གི་སེར་སྣ་རྐུ་འཕྲོག་གི་ཉེས་པས་མཚོན་པའི་སྡིག་སྒྲིབ་མཐའ་དག་སྦྱངས། སྣོད་བཅུད་མཐའ་དག་གི་དཔལ་འབྱོར་ཡོན་ཏན་རབ་ཏུ་སྤེལ། སླར་འོད་ཟེར་ཚུར་འདུས་པས་འཁོར་འདས་ཀུན་གྱི་ཡོན་ཏན་


LT42_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས། ཚེ་བསོད་དཔལ་འབྱོར། དབང་ཐང་སྙན་གྲགས། སྟོབས་རྩལ་གཟི་བརྗིད། འབྱུང་བ་བཞིའི་བཅུད། ལྷ་ཀླུ་མིའི་ཕྱ་གཡང་། མདོར་ན་བརྟན་གཡོའི་ཚོས་བཅུ་བཞིའི་དངས་བཅུད་ཐམས་ཅད་བསྡུས་ཏེ་བདག་མདུན་སྦྱིན་བདག་རྣམས་ལ་སིབ་སིབ་ཐིམ་པར་མོས་ལ། རྩ་བསྙེན་ཅི་འགྲུབ། ལས་སྔགས་བརྒྱའམ་ཉེར་གཅིག་བཟླ། ལྷ་མོ་བརྒྱད་པོ་བརྟེན་ཅིང་ཐུགས་དམ་བསྐུལ་ཏེ་ནོར་རྒྱུན་མའི་ཐུགས་ཀར་ཟླ་གདན་ལ་མཚན་སྔགས་ཐོག་མ་བཾ་གསེར་མདོག་བཀོད་པས་མཚོན་སོ་སོའི་ཐུགས་སྲོག་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་འོད་ཟེར་སྤྲོ་བསྡུ་གོང་སྨོས་ལྟ་བུས་ཉེར་གཅིག་ཕན་ཅི་འགྲུབ་བཟླའོ། །དེ་ནས་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་སྟེང་ཕྱོགས་སུ་འཕྲོས་པས། སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་བསྐྱེད་གཞལ་ཡས་ཁང་གི་བར་ཁྱམས་གཡས་ངོས་སུ་བཞུགས་པར་མོས་ལ། མཆོད་བསྟོད་གཏོར་འབུལ་གྱི་དམིགས་པ་གོང་སྨོས་ཀྱིས་རིགས་འགྲེ། ལྷ་ཆེན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་གཾ་ལས་སྔགས་ཕྲེང་གཡས་བསྐོར་དུ་འཁོད། བདག་མདུན་གྱི་འོད་ཀྱིས་བསྐུལ་


LT42_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བས། དེ་ལས་འཕྲོས་པའི་འོད་ཟེར་གྱིས་འཇིག་རྟེན་གསུམ་གྱི་དཔལ་འབྱོར་སྤྱི་དང་། བྱེ་བྲག་སྟེང་ཕྱོགས་ལྷའི་ཕྱྭ་གཡང་ཐམས་ཅད་འོད་དང་ཐིག་ལེ་དཀར་ལ་འཚེར་བའི་རྣམ་པར་བསྡུས་ཏེ་བསྒྲུབ་བྱ་མི་ནོར་ཞིང་ཁང་དང་བཅས་པ་ལ་ཐིམ་པས་བཀྲག་མདངས་སྣུམ་བག་གཟི་བརྗོད་དང་ལྡན། གནས་ཁང་ཐམས་ཅད་ལོངས་སྤྱོད་ཆེན་པོས་མེར་གྱིས་གང་། ཁྱད་པར་སྤྲུལ་པ་དུ་མས་བགེགས་ཐམས་ཅད་གཟིར་ཞིང་གནད་ལ་བཀར་བར་མོས་ལ་སྔགས་ཅི་འགྲུབ་བཟླ། དེས་གཞན་གཉིས་ལ་རིགས་འགྲེས་ཏེ། འོད་ཟེར་འོག་ཕྱོགས་སུ་འཕྲོས་པས་ཀླུ་རྒྱལ་མི་མགོན་དཀར་པོ་འཁོར་དང་བཅས་པ་སྤྱན་དྲངས། གཡོན་ཕྱོགས་ཀྱི་བར་ཁྱམས་འོ་མའི་རྒྱ་མཚོ་འཁྱིལ་བ་ལ་བཞུགས་པ་དང་། འོད་ཟེར་སྤྲོ་བསྡུའི་སྐབས། ཐུགས་ཀར་ཟླ་སྟེང་ཕུཿཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས། བྱེ་བྲག་འོག་ཕྱོགས་ཀླུའི་ཕྱ་གཡང་ཐམས་ཅད་འོད་དང་ཐིག་ལེ་སྔོ་ལ་དྭངས་པའི་རྣམ་པར་བསྡུས། ཁྱད་པར་ཐུགས་ཀའི་འོད་ཟེར་གྱིས་ཀླུ་ཆེན་པོ་རྣམས་བསྐུལ་བས་འཛད་པ་མེད་པའི་


LT42_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཕུང་པོ་ཕྱུར་བུར་སྤུངས་པར་བསམ་ལ་སྔགས་བཟླ། དེ་བཞིན་ཏུ། འོད་ཟེར་ཤར་ཕྱོགས་སུ་འཕྲོས་པས་རྨ་རྒྱལ་སྤོམ་ར་གཉན་པོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་གྱི་ཁྱམས་ལ་བཞུགས། །ཐུགས་ཀར་ཟླ་སྟེང་ཤཿཡིག་དཀར་སེར་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས། བྱེ་བྲག་པར་ཕྱོགས་མི་དང་གཉན་གྱི་ཕྱ་གཡང་ཐམས་ཅད་འོད་དང་ཐིག་ལེ་སེར་ལ་བརྗིད་པའི་རྣམ་པར་བསྡུ། ཁྱད་པར་ཐུགས་ཀའི་འོད་ཟེར་གྱིས་རྨ་གཡང་དངོས་གྲུབ་མཐའ་དག་འུབ་ཀྱིས་བསྡུས་ནས་གནས་ཁང་བང་མཛོད་ར་བ་ཕྱུག་ལྷས་ཡུལ་ཞིང་དང་བཅས་པ་ལ་ཐིམ་པས། རྒུད་པ་མེད་པའི་ཕྱྭ་གཡང་གི་བྱིན་ཆགས་པར་མོས་ལ་སྔགས་བཟླའོ། །དེ་ལྟར་ཚར་གཅིག་སོང་མཚམས་སུ་ཟུར་གསལ་གཡང་བསངས་ཉིད་ངེས་པར་ཚར་གཅིག་སྦྱར་བར་བྱ་སྟེ་དེའང་དཔལ་ཆེན་མོ་ལུང་བསྟན་པའི་མདོ་ལས། །སངས་རྒྱས་དེ་དག་ལ་མེ་ཏོག་དང་བདུག་པ། ལྷ་མོ་ཆེན་མོ་དཔལ་ལ་ཡང་ཙནྡན་བདུག་པ་ཕུལ་ཏེ་སངས་རྒྱས་ཀྱི་མཚན་འདི་དག་དང་། ལྷ་མོ་ཆེན་མོའི་མཚན་བརྒྱ་རྩ་བརྒྱད་བཀླགས་ན་དེས་དཔལ་ཐམས་ཅད་འཐོབ་པར་འགྱུར་ཞིང་།


LT42_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དང་ཡིད་བདེ་བ་ཐམས་ཅད་འཐོབ་པར་འགྱུར། ལྷ་ཐམས་ཅད་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པར་འགྱུར་ལ་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་པའི་དགོས་པ་དང་ལྡན་པས་སོ། །དེ་ནས་ཉིན་གཅིག་ལ་ཚར་གྲངས་ཅི་ཙམ་བྱེད་ཀྱང་། གནས་ཁང་བསྐྱེད་པ་ནས་སྤོམ་ར་ཡན་བསགས་ཤིང་། གཙོ་བོར་སྔགས་དམིགས་ཉིད་བུང་བསྐྱེད་པ་གལ་ཆེ། དགོངས་མོར་སྤྲོ་ན་ལོགས་སུ་གསལ་བའི་གཏོར་འབུལ་རྒྱས་པ་ཉིད་འདིར་སྦྱར། དེ་ནས་ལྷན་ཐབས་མཇུག་ཆོག་གི་མཆོད་བསྟོད་ཐུགས་དམ་བསྐུལ་བ་གཡང་འགུགས་བཅས་བྱ་ཞིང་། དེའི་ཚེ་ཇི་ལྟར་སྨོས་པའི་འཁོར་འདས་ཀྱི་བཅུད་དང་དྭངས་མ་ཕྱྭ་གཡང་དཔལ་འབྱོར་ཐམས་ཅད་བདག་མདུན་འཁོར་དང་བཅས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ལྟ་བུས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ནས་བསྒྲུབ་བྱ་དང་། ཁྱད་པར་མདུན་གྱི་གཡང་རྟེན་རྣམས་ལ་སིབ་སིབ་ཐིམ་པར་མོས། མཐར་གཡང་རྟེན་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་མཚོན་ཆ་མེ་ཕུང་གི་གུར་དུ་ཚུད་པས་བསེ་རག་འགོང་པོ་


LT42_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྲིས་རྐུན་སོགས་ཀྱིས་གླགས་ལྟ་བའི་གནས་མེད་པར་བསྒོམ་ལ་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག །ནོངས་བཤགས། བརྟན་བཞུགས། བཀྲ་ཤིས་བརྗོད། དེ་ནས་ཆོས་སྐྱོང་གཏར་འབུལ། ཡི་དམ་ཚོགས་སྐོང་སོགས་མཐར་དབྱུང་ཞིང་། གཡང་སྐྱབས་ཆོ་ག་གཞན་འདོན་སྲོལ་ཡོད་ནའང་གོང་གི་བཀྲ་ཤིས་གྲུབ་པའི་རྗེས་སུ་སྦྱར་ན་ལེགས་སོ།། །།ཉིན་ཕྱི་མ་རྣམས་སུ་གཡང་གླུད་བཀར་ཡས་བགེགས་བསྐྲད་ཁྲུས་གསོལ་རྣམས་ཀྱང་སྤྲོས་པ་ལ་དགའ་ན་བྱ། མི་སྤྲོ་ན་ཉིན་དང་པོ་དེ་ཀས་འཐུས། གཞན་ཐམས་ཅད་སྔར་བཤད་པ་ཁོ་ན་ལྟར་བསྐྱར་བར་བྱའོ།། །།གསུམ་པ་རྗེས་ཀྱི་བྱ་བ་ནི། གཡང་སྒྲུབ་ཞག་གྲངས་ཇི་ཙམ་བྱེད་པ་གྲུབ་ནས། གཟའ་སྐར་འཕྲོད་སྦྱོར་དགེ་བའི་སྔ་དྲོའི་ཆར་ཉིན་བསྟར་ཆགས་སུ་བྱ་བའི་རིམ་པ་ལས། ཐུགས་དམ་བསྐུལ་བ་ཡན་གྲུབ་པ་དང་། སྟན་དཀར་པོ་འབྲུ་དཀར་གྱི་གཡུང་དྲུང་བྲིས་པ་ལ་གཡང་གཏད་གང་ལ་བྱ་བའི་སྦྱིན་བདག་རྣམས་འཁོད་དུ་བཅུག །སློབ་དཔོན་གྱིས་མདའ་དར་གཡབ་སྟེ་གཡང་འགུགས་གྱེར་བའི་ཚེ། ཕྱ་གཡང་རྣམས་སྦྱིན་བདག་དང་གཡང་རྟེན་གཉིས་ཀ་ལ་བཀུག་ཅིང་བསྟིམ། སྦ་བསྟིམ། ནོངས་བཤགས། ཡེ་ཤེས་པ་བརྟན་


LT42_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། འཇིག་རྟེན་པ་ལྷ་ཀླུ་གཉན་གསུམ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྐབས་བབས་བྱ། དཔལ་ཆེན་ལྷ་མོ་འཁོར་གྱི་གྲོགས་མོ་བརྒྱད་དང་བཅས་པ་འོད་དུ་ཞུ་སྟེ་རྟེན་རྣམས་ལ་ཐིམ་པས། གཡང་རྟེན་རྣམས་ངོ་བོ་ལྷ་མོ་འཁོར་བཅས་དང་གཉིས་སུ་མེད་པ་ལ། རྣམ་པ་འཁོར་འདས་ཀྱི་ཕྱ་གཡང་དྭངས་བཅུད་ཐམས་ཅད་གཅིག་ཏུ་འདུས་པ་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་པར་མོས་ལ། མདའ་དར་སྐྱེས་པ། གཡང་བཤོས་ཡོན་བདག་མོ། །གཞན་རྣམས་ཀྱང་གང་འོས་སུ་གཏད་ལ་གཡང་གཏད་བྱེད། །ལྷན་ཐབས་ཀྱི་གཤམ་དུ་གསལ་བའི་བཀྲ་ཤིས་རྒྱས་པར་བརྗོད་ལ་མེ་ཏོག་འཐོར་དཀར་གསུམ་དང་ཕྱེ་མར་གྱིས་མཆོད་ཡོན་གཉིས་ཀའི་ཞལ་བསྲོ། གཡང་རྟེན་རྣམས་སྦྱིན་བདག་གིས་གུས་པ་དང་བཅས་པས་བཞུགས་སྒྲོམ་དུ་མགོ་མཇུག་གོ་རིམ་མ་ལོག་པར་བཞུགས་སུ་གསོལ་ཞིང་། འབྱོར་ན་མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཀྱང་བཤམ། འབྲོག་པ་ལྟ་བུས་གཏོར་མ་སོགས་ཟས་ཕུད་དང་གཡང་རྟེན་མདའ་དར་སོགས་སྒྲོམ་དུ་བཅུག་ཅིང་ལྷག་མ་དངོས་གྲུབ་ཏུ་རོལ་བ་ཡུལ་ལུགས་ལྟར་བྱ། དེ་ནས་


LT42_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཡོད་ས་དེར་སྒྲུབ་པ་པོ་རྣམས་ཀྱང་ཕྱིན་ཏེ། བསངས་དུད། གསེར་སྐྱེམས། ཕྱི་མར། འབྲུ་སྣའི་མཆོད་པ་དང་བཅས་གཡང་གི་སྲུང་བཙུགས་ཤིང་། སྒོ་སྲུང་བཀོད་དེ་རྒྱས་གདབ་ལ་བཀྲ་ཤིས་གང་འོས་བརྗོད་པས་མཐར་དག་པར་བྱ། རྟག་བཞུགས་ཀྱི་རྟེན་ཡོད་ཚེ་སླར་ལྷ་མོ་འཁོར་བཅས་སྐད་ཅིག་གིས་གསལ་གདབ་ལ། མཆོད་བསྟོད་འདོད་གསོལ་བྱ། ཤུག་པ་ཡོད་ན་དཀྱིལ་ཀ་སོགས་ལ་བཙུགས་ཏེ་ཕྱར་མ་འདར། ལྷ་ཀླུ་གཉན་གསུམ་གཤེགས་པའི་སྐབས་སུ་ལྷའི་གཏོར་མ་རི་རྩེ། ཀླུ་གཏོར་ཆུ་མིག །སྤོ་མ་རའི་གཏོར་མ་བསངས་ནང་དུ་འབུལ་དགོས་ཤིང་དེ་དག་དངོས་གྲུབ་ཏུ་རོལ་ནའང་ཆོག་གོ། །དེ་ནས་ཆོས་སྲུང་གི་གཏོར་འབུལ་དང་ཚོགས་སྐོར་སོགས་མཐའ་རྒྱས་སུ་བྱའོ། །དེའི་ཉིན་མོར་ཁ་བརྡ་ལ་ཉེ་བཟང་པོ་བརྗོད་ཅིང་དགའ་སྟོན་དང་འབྲེལ་བའི་ཆས་གོས་ཁ་ཟས་བཟང་དུ་བྱ་བ་དང་། ཞག་གསུམ་བདུན་ལ་སོགས་པར་བཏང་ལེན་གྱི་སྤང་བླང་ཡང་ལུགས་སྲོལ་དང་བསྟུན་ཏེ་བྱ། གཡང་རྟེན་གང་དུ་བཞུགས་པའི་མདུན་ངོས་སུ་སྣོད་གཙང་མར་ཟས་སྣ་འབྲུ་སྣ་བྱུང་ངོ་ཅོག་གི་ཕུད་བླུགས་ཤིང་། ཁྱད་པར་ཚེས་གྲངས་བཟང་པོ་རྣམས་དང་། འགྲུབ་སྦྱོར་དང་ལྡན་པའི་ཚེ་བཟའ་བཏུང་གི་ཕུད་ཀྱིས་མཆོད་ཅིང་སྨོན་ལམ་གདབ། ལོ་དུས་སུ་སྒྲུབ་པའི་ཁ་གསོ་མ་ཆགས་པར་བྱས་པས་འདོད་རྒུ་ཕུན་སུམ་ཚོགས་


LT42_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ།། །།བསོད་ནམས་དཔལ་དང་འབྱོར་པ་ཀུན། །རིག་སྔགས་མཐུ་ཡིས་སྟེར་ནུས་པ། །རིག་པའི་ནོར་བུ་རྒྱུད་རྣམས་ལས། །གསུངས་པ་འདི་ལ་བྱི་དོར་འོས། །དགེ་བས་འགྲོ་བ་མཐའ་ཡས་པ། །རྒྱུ་དང་འབྲས་བུའི་དབུལ་བ་ལས། །གྲོལ་ཞིང་བསོད་ནམས་ཡེ་ཤེས་ནི། །ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག །ཅེས་པ་འདི་ནི། རྩ་བའི་གཞུང་ཆགས་མེད་རིན་པོ་ཆེའི་གསུང་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་ཉིད་དང་ཆ་ཆེ་ཡང་ཚད་ལྡན་བྱེད་པ་དཀོན་པས་ཞབས་ཏོག་ཏུ་བྲི་བར་བདུན་པའི་ཐོག །བསྟན་པའི་སྒྲོན་མེ་དབོན་སྤྲུལ་རིན་པོ་ཆེས་གཞན་ཕན་ཐུགས་བསྐྱེད་ཆེན་པོས་གཞུང་ཆ་ལག་བཅས་སླར་དུ་བསྒྲུབས་པའི་ཚེ། བཀའ་ཡིས་བསྐུལ་མ་གནང་བ་ལྟར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་ལྷག་བསམ་བཟང་པོས་དཔལ་སྤུངས་སྒྲུབ་ཁང་ཆེན་མོར་སྤེལ་བ་དགེ་ལེགས་འཕེལ།། །།


previousལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།next