Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 
  
  
  
  
  
  
  
  
ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་ལྷན་ཐབས་མཇུག་གི་ཆོ་ག་དགེ་ལེགས་ཆར་འབེབས།


2 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་ལྷན་ཐབས་མཇུག་གི་ཆོ་ག་དགེ་ལེགས་ཆར་འབེབས།no next

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་ལྷན་ཐབས་མཇུག་གི་ཆོ་ག་དགེ་ལེགས་ཆར་འབེབས།


LT42_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་ལྷན་ཐབས་མཇུག་གི་ཆོ་ག་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།། །།


LT42_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་དཔལ་འབྱོར་ཀུན་སྡུད་པ། །ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །དཔལ་མོ་དེ་ལ་ཕྱག་འཚལ་ནས། །གཡང་སྐྱབས་རྗེས་ཀྱི་བྱ་བ་འཆད། །དེ་ལ་གཉིས། ཉིན་རེ་བཞིན་བྱ་བ་དང་། སྒྲུབ་པ་གྲུབ་པའི་སྐབས་སུ་བྱ་བའོ། །དང་པོ་ནི། དཔལ་ཆེན་མོའི་གཡང་སྐྱབས་དངོས་གཞི་ཚར་གྲངས་སོང་བའི་དགོངས་མོའི་ཆར་བྱ་བའི་རིམ་པ་ལ་བརྒྱད། མཆོད་པ། བསྟོད་པ། ཐུགས་དམ་བསྐུལ་བ། ཕྱྭ་གཡང་འགུགས་པ། སྦ་བསྟིམ། ནོངས་བཤགས། བརྟན་བཞུགས། བཀྲ་ཤིས་བརྗོད་པའོ། །དང་པོ་ནི། མཆོད་པ་རྣམས་ཁ་གསོས་ལ། ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མཱརྡ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་


LT42_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་མནྟོ་པ་སཾ་ཀྲ་མ་ནི་སརྦ་ཀརྨ་ཨཱ་བར་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་པས་བྱིན་བརླབས་ལ། ཧཱུྃ། བསོད་ནམས་ཡེ་ཤེས་ཚོགས་ཀྱི་སྐུ། །དེ་བཞིན་གཤེགས་དང་རྒྱལ་བའི་སྲས། །དཔལ་གྱི་ལྷ་མོ་གྲོགས་མོ་བརྒྱད། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི། །སྲིད་གསུམ་གཡང་བདག་འཁོར་བཅས་ལ། །འོ་མ་དང་སྦྱར་བདུད་རྩིའི་ཆུ། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་། །མདངས་ལྡན་མེ་ཏོག་ཆུན་པོ་བསྟར། །སྤོས་དཀར་ཙན་དན་དྲི་བཟང་འཐུལ། །སྣང་གསལ་མར་མེ་ཉི་ལྟར་གསལ། །ག་བུར་གུར་གུམ་ངད་ལྡན་ཆབ། །སྦྲང་རྩི་བུ་རམ་འབྲུ་དཀར་ཟས། །སྣ་ཚོགས་


LT42_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་སྒྲ་དབྱངས་རྣམས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །གུས་པས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་མ་ཧཱ་ཤྲཱི་དེ་བཱི་ས་པཱ་རི་བཱ་རེ་བྷྱཿ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་བཟང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ༴ གུས་པས༴ ཨཥྚ་མངྒ་ལཾ༴ ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང་། །ཅང་ཤེས་རྟ་དང་གླང་པོ་ཆེ། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །དམག་དཔོན་རིན་ཆེན་སྣ་བདུན་པོ། །དངོས་གྲུབ༴ གུས་པས༴ སཔྟ་རཏྣ༴ ཡིད་འོང་ནགས་ཚལ་རལ་གྲི་དང་། །ཁང་བཟང་མལ་ཆ་ལྷ་ཡི་གོས། །སྦྲུལ་གྱི་ལྤགས་པ་མཆིལ་ལྷྭམ་སོགས། །དངོས་གྲུབ༴ གུས་པས༴ ཨུ་པ་སཔྟ་རཏྣ༴ མེ་ལོང་གི་ཝཾ་བ་མཆོག་ཞོ། །དཱུརྦ་བིལྦ་ལི་ཁྲི་དང་། །


LT42_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་གཡས་འཁྱིལ་བཀྲ་ཤིས་རྫས། །དངོས་གྲུབ༴ གུས་པས༴ ཨཥྚ་མངྒ་ལ་དྲ་བྱ༴ ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཡིད་འཛིན་དྲི་དང་རོ་བརྒྱའི་ཟས། །འཇམ་མཉེན་འཁྲིལ་ཆགས་རེག་བྱའི་མཆོག །དངོས་གྲུབ༴ གུས་པས༴ པཉྩ་ཀཱ་མ་གུ་༴ གཞན་ཡང་དངོས་བཤམས་ཡིད་ལས་སྤྲུལ། །ལྷ་དང་མི་ཡི་དཔལ་འབྱོར་ནི། །བདེ་བའི་ཡོ་བྱད་མ་ཚང་མེད། །ཟག་མེད་དགྱེས་སྐྱེད་ཅི་མཆིས་པ། །དངོས་གྲུབ༴ །གུས་པས༴ །སརྦ་པཱུ་ཛ༴ གཉིས་པ་བསྟོད་པ་ནི། ཧཱུྃ། །འགྲོ་བའི་མགོན་པོ་རྐང་གཉིས་གཙོ། །དྲན་པས་འཁོར་བའི་འཇིགས་པ་སེལ། །སྟོབས་བཅུའི་མངའ་བདག་རྫོགས་སངས་རྒྱས། །སྲས་དང་བཅས་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཕ་རོལ་ཕྱིན་པ་མོ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཚུལ། །དཔལ་གྱི་ལྷ་མོ་དེ་ལ་བསྟོད། །འགྲོ་ལ་དམིགས་མེད་ཐུགས་རྗེ་ཡིས། །ཐབས་མཁས་རང་བཞིན་སྐུར་སྤྲུལ་པ། །


LT42_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ལྷ་མོའི་ཚོགས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །འཁོར་དང་བཅས་ལ་བསྟོད་པར་བགྱི། །ལྷ་ཡི་རྒྱལ་པོ་ལྷ་མིན་འཇོམས། །མཐའ་དག་བགེགས་ལ་དབང་སྒྱུར་བ། །གངས་རིའི་མདོག་ལྟར་རབ་ཏུ་དཀར། །ཚོགས་རྗེ་གཟི་བརྗིད་འབར་ལ་བསྟོད། །རིན་ཆེན་གཏེར་ལ་དབང་སྒྱུར་ཞིང་། །རྫུ་འཕྲུལ་ཆེ་ཞིང་འོད་དང་ལྡན། །མི་མགོན་དཀར་པོ་ཀླུ་ཡི་རྒྱལ། །དངོས་གྲུབ་ཀུན་བདག་ཁྱོད་ལ་བསྟོད། །ཤར་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེ། །ལྷ་སྲས་རྨ་གཉན་སྤོམ་ར་ནི། །བཙུན་མོ་མཆེད་དང་བློན་འཁོར་བཅས། །རྨ་གཡང་ཆར་བཞིན་འབེབས་ལ་བསྟོད། །ཁྱེད་རྣམས་མཆོད་ཅིང་བསྟོད་པའི་མཐུས། །བདག་གཞན་འགྲོ་བ་མ་ལུས་པའི། །རྒྱུ་འབྲས་དབུལ་བ་ཀུན་སེལ་ཞིང་། །ཚོགས་གཉིས་དཔལ་དང་ལྡན་པར་མཛོད། །མདོར་ན་གནས་སྐབས་མཐར་ཐུག་གི། །མཐུན་


LT42_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཡིད་ལ་གང་བསམ་པ། །འབད་མེད་ལྷུན་གྱིས་གྲུབ་པ་ཡི། །དངོས་གྲུབ་དུས་འདིར་སྩལ་དུ་གསོལ། །གསུམ་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་སྐུལ། །དེ་བཞིན་གཤེགས་པ་སྲས་དང་བཅས། །དམིགས་མེད་ཐུགས་རྗེ་ཆེན་པོ་ཡིས། །ལས་ངན་འདམ་དུ་བྱིང་བ་ཡི། །སེམས་ཅན་དབུལ་བས་ཉེན་པ་རྣམས། །མྱུར་དུ་སྐྱོབ་པར་མཛད་དུ་གསོལ། །མཆོག་ ཐུན་དངོས་གྲུབ་ཆར་ལྟར་ཕོབ། །བྱང་ཆུབ་སེམས་མ་དཔལ་ཆེན་མོ། །ཁྱོད་ཀྱི་མཚན་གྱི་རིག་པ་མཆོག །འཆང་དང་ཀློག་པའི་ཡོན་ཏན་ནི། །བདེན་པར་སྨྲ་བས་བཀའ་སྩལ་བའི། །བདེན་པའི་འབྲས་བུ་མི་སླུ་བར། །སྒྲུབ་མཆོག་བདག་དང་ཡོན་བདག་ལ། །ཟད་མི་ཤེས་པའི་འབྱོར་པ་ནི། །ནམ་མཁའི་མཛོད་ལ་དབང་སྒྱུར་མཛོད། །གྲོགས་མོ་ལྷ་མོ་བརྒྱད་དང་བཅས། །སངས་རྒྱས་སྤྱན་སྔར་ཞལ་བཞེས་པའི། །ཐུགས་དམ་གཉན་པོ་མ་བསྙེལ་བར། །


LT42_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་སྐལ་པ་བཟང་ལ་སོགས། །སྲིད་ཞིའི་དཔལ་འབྱོར་ཅི་མཆིས་པ། །བདག་དང་ཡོན་བདག་རྣམས་ལ་སྩོལ། །མཐུ་ལྡན་རྒྱལ་པོ་ཆེན་པོ་བཞིས། །མདོ་སྡེ་འཛིན་ལ་སྲུང་བ་དང་། །ལོངས་སྤྱོད་སྤེལ་བར་དམ་བཅས་ལྟར། །མདོ་སྡེའི་དབང་པོར་སྐྱབས་གསོལ་བའི། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །འབྱོར་པའི་བགེགས་རྣམས་ཞི་བ་དང་། །མངའ་ཐང་ལོངས་སྤྱོད་འཕེལ་བར་མཛོད། །རྒྱལ་བའི་བསྟན་སྐྱོང་མཐུ་སྟོབས་ཅན། །སྲིད་གསུམ་གཡང་གི་བདག་པོ་རྣམས། །བླ་མ་སངས་རྒྱས་ཡི་དམ་ལྷས། །ཇི་ལྟར་བཀའ་བསྒོས་དྲན་མཛོད་ལ། །ལྷ་ཀླུ་མི་ཡི་སྣོད་བཅུད་ཀྱི། །བཀྲ་ཤིས་དགེ་མཚན་དྭངས་མའི་བཅུད། །ཕྱྭ་གཡང་དཔལ་འབྱོར་ཅི་མཆིས་པ། །གནས་འདིར་གཡང་གི་རྟེན་ལ་སྡུས། །སྟེང་ནས་ཆར་བཞིན་འབེབས་པར་མཛོད། །འོག་ནས་མཚོ་བཞིན་སྐྱིལ་བར་མཛོད། །བར་ནས་སྤྲིན་བཞིན་གཏིབས་པར་མཛོད། །འདོད་པའི་དོན་ཀུན་འགྲུབ་པ་ཡི། །བཀྲ་ཤིས་བདེ་ལེགས་སྩལ་


LT42_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །བཞི་པ་གཡང་འགུགས་ཁུ་ཡེ་བྱ་བ་ནི། །གཟི་བྱིན་བསྐྱེད། །མདའ་དར་གཡབ། དབྱངས་དང་བཅས་ཏེ་འདི་སྐད་དོ། ཀྱེ། ཁུ་ཡེ་ཕྱྭ་དང་གཡང་བླན་ནོ། །གཡང་འགུགས་གཡང་བླན་གར་སྲིད་ན། །སྔོན་ཚེ་བསྐལ་པའི་དང་པོ་ལ། །སངས་རྒྱས་བསོད་ནམས་སྟོབས་ཆེན་པོས། །དུས་གསུམ་དགེ་བའི་ཕྱྭ་གཡང་བསྡུས། །རྗེས་འཇུག་འཚོ་བའི་ཆེད་དུ་བསྔོས། །བཅུད་མཆོག་ཟས་གཡང་དེ་ནས་སྲིད། །བར་དུ་སྤྱན་རས་གཟིགས་དབང་གིས། །གདོང་དམར་བོད་ལ་ཐུགས་རྗེ་བསྐྱེད། །དལ་འབྱོར་ཆོས་ལྡན་མི་བརྒྱུད་སྤེལ། །རིན་ཆེན་འབྲུ་སྣའི་གཏེར་སྒོ་ཕྱེས། །མི་གཡང་ནོར་གཡང་དེ་ནས་སྲིད། །དེ་རྗེས་སྲོང་བཙན་སྒམ་པོ་ཡིས། །རྒྱ་བལ་ནོར་གཡང་བོད་དུ་བླངས། །ཆབ་སྲིད་པདྨའི་མཚོ་ལྟར་རྒྱས། །དགེ་བཅུའི་ཆོས་ཀྱི་ལམ་བཟང་གཏོད། །དབང་ཐང་ཆོས་གཡང་དེ་ནས་སྲིད། །དེ་འོག་བཀྲ་ཤིས་འོམ་བུའི་ཚལ། །བྲག་དམར་དཔལ་གྱི་བསམ་ཡས་སུ། །མཁན་སློབ་ཆོས་གསུམ་ཞལ་འཛོམ་སྟེ། །དམ་པ་ཆོས་ཀྱི་སྒྲོན་


LT42_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྦར། །སློབ་དཔོན་ཆེན་པོའི་བྱིན་རླབས་དང་། །ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་ཀྱིས། །འཇིག་རྟེན་དཔལ་མགོན་ནོར་གྱི་ལྷ། །མཆོད་ཅིང་བརྔན་ནས་ནོར་གཡང་བསྡུས། །མཐའ་བཞིའི་རྒྱལ་ཁམས་མ་ལུས་པའི། །བདེ་ལེགས་དཔལ་འབྱོར་ཕྱྭ་དང་གཡང་། །ཐམས་ཅད་བོད་ཀྱི་ཡུལ་དུ་བཀུག །རྒྱལ་པོའི་མངའ་ཐང་དར་ཞིང་རྒྱས། །གཙུག་ལག་དགེ་འདུན་ས་གཞི་གང་། །མངའ་བདག་ཆེན་པོའི་བསམ་པ་འགྲུབ། །གཡང་འགུགས་གཡང་ལེན་དེ་ནས་སྲིད། །ད་ལྟ་རྣལ་འབྱོར་སྒྲུབ་པ་པོས། །སྦྱིན་བདག་ཚེ་གཡང་སྤེལ་བའི་ཕྱིར། །བཀྲ་ཤིས་ལྷ་གཞི་དཀར་པོ་བཏིང་། །གཡང་རྟེན་སྣ་ཚོགས་གཅལ་དུ་བཀྲམ། །གཡང་གི་ལྷ་མོ་སྤྱན་དྲངས་ཏེ། །ཏིང་འཛིན་སྔགས་རྒྱའི་གཟི་བརྗིད་བསྐྱེད། །དར་དཀར་གཡབ་ཅིང་གཡང་བླན་ན། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །རྒྱལ་བ་སྲས་བཅས་བདེན་པ་དང་། །ལྷ་མོ་འཁོར་བཅས་མཐུ་སྟོབས་ཀྱིས། །འཁོར་འདས་ལམ་གསུམ་དཔལ་འབྱོར་ཀུན། །ཁུ་ཡེ་ཕྱྭ་


LT42_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡང་དུ་ལེན། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་ཀྱི། །ངོ་མཚར་བཀོད་པ་རབ་འབྱམས་དང་། །རྩ་གསུམ་བྱིན་རླབས་དངོས་གྲུབ་དང་། །མཐུ་སྟོབས་ཕྲིན་ལས་གཡང་དུ་ལེན། །འཆི་མེད་གྲུབ་པའི་སྐུ་ཚེ་དང་། །རབ་བརྟན་རྡོ་རྗེ་བདུད་རྩིའི་བཅུད། །བློ་ལྡན་མཁས་པའི་རྣམ་དཔྱོད་དང་། །གྲུབ་པའི་ཉམས་རྟོགས་གཡང་དུ་ལེན། །འཕགས་སྐྱེའི་དགེ་འདུན་དར་རྒྱས་དང་། །མཁས་བཙུན་བཟང་གསུམ་ཐོས་བསམ་སྒོམ། །ཚངས་དབང་འཁོར་ལོས་སྒྱུར་རྒྱལ་གྱི། །མངའ་ཐང་དཔལ་འབྱོར་གཡང༴ སྟེང་ཕྱོགས་ལྷ་དང་འོག་ཕྱོགས་ཀླུ། །བར་ཕྱོགས་མི་ཡི་འཇིག་རྟེན་གྱི། །བརྟན་གཡོའི་དྭངས་མ་བཅུ་བཞི་དང་། །སྣོད་བཅུད་དགེ་མཚན་གཡང་དུ༴ །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་རིན་ཆེན་རི། །གཏེར་བུམ་བཅུད་རྣམས་གཡང་དུ༴ རྒྱ་གར་ཆོས་དང་རྒྱ་ནག་ཁྲིམས། །སྟག་གཟིག་ནོར་དང་གེ་སར་སྟོབས། །ཧོར་གྱི་རྩལ་དང་། །


LT42_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ཚེ། །མཐོ་རིས་འབྱོར་པ་གཡང་༴ རྣམ་ཐོས་སྲས་ཀྱི་དཔལ་འབྱོར་དང་། །ཀུ་བེ་ར་ཡི་རྟ་གཡང་དང་། །གང་བ་བཟང་པོའི་ལུག་གཡང་དང་། །ཛམ་ལའི་ནོར་རྣམས་གཡང་༴ །ནོར་རྒྱུན་མ་ཡི་ཕྱུགས་གཡང་དང་། །ཞིང་ལྷ་ཚངས་པའི་འབྲུ་གཡང་དང་། །མི་ཐུབ་དགྲ་ལྷའི་གོ་མཚོན་གཡང་། །ཉི་ཟླའི་བཀྲག་མདངས་གཡང་༴ ཕྱུག་པོའི་ནོར་དང་བཙན་པོའི་སྟོབས། །འཕན་པོའི་བུ་དང་དར་པོའི་འཕྲུལ། །ལྷབ་ལྷུབ་གོས་དང་བང་མཛོད་ནོར། །བཅུད་ལྡན་ཟས་རྣམས་གཡང་༴། གཟུགས་བཟང་སྐད་སྙན་བློ་གྲོས་གསལ། །རང་བཞིན་བཟང་ལ་དགེ་བཅུ་སྤྱོད། །ཚེ་རིང་ནད་མེད་དབུ་འཕང་མཐོ། །བསོད་ནམས་དར་རྒྱས་གཡང་དུ་ལེན། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །འདོད་རྒུ་ལྷུན་གྱིས་གྲུབ་པའི་གཡང་། །མི་ཉམས་རྟག་ཏུ་བརྟན་པའི་གཡང་། །བཀྲ་ཤིས་དཔལ་འབྱོར་དགེ་ལེགས་ཀྱི། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །ཉི་ཟླ་བཞིན་ཏུ་ཤར་ཞིང་བྱོན། །ལྷོ་སྤྲིན་བཞིན་ཏུ་འཐིབས་ཤིང་། །


LT42_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། ཆུ་ཆེན་བཞིན་ཏུ་འབྲུབས་ཤིང་བྱོན། །སྦྲང་ཆར་བཞིན་ཏུ་འབབས་ཤིང་བྱོན། །འཐོར་བ་སྡུས་ལ་ཉམས་པ་གསོས། །ཕྱྭ་ཡི་ཉི་མ་ཀྱི་ལི་ལི། །གཡང་གི་ཟླ་བ་ཏ་ལ་ལ། །ཕྱེ་འདི་རི་ལ་མ་བྲོས་ལ། །གཡང་འདི་སྒོ་ལ་མ་ཉམས་ཤིག །ཛ་ཡ་ཛ་ཡ་སིདྡྷི་ཧོཿ སྲིད་ཞིའི་དྭངས་བཅུད་གཡང་རྟེན་རྣམས་ལ་འུབ་ཀྱིས་བསྡུས་པར་མོས། །ལྔ་པ་སྦ་ཞིང་བརྟན་པར་བྱ་བ་ནི། ཧཱུྃ། དཀོན་མཆོག་རྩ་གསུམ་བྱིན་རླབས་དང་། །ཆོས་དབྱིངས་འགྱུར་མེད་བདེན་པ་ཡིས། །འཁོར་འདས་ཕྱྭ་གཡང་དྭངས་མའི་བཅུད། །བཀྲ་ཤིས་གཡང་རྟེན་རྣམས་ལ་ཐིམ། །ས་བཅུད་སེར་པོ་གསེར་ལ་བསྡུ། །ཆུ་བཅུད་ལན་ཚྭའི་སྙིང་པོར་བསྡུ། །མེ་བཅུད་འབར་བའི་ཤེལ་ལ་བསྡུ། །རླུང་བཅུད་སྲབ་འཇམ་དར་ལ་བསྡུ། །མཁའ་བཅུད་མེ་ལོང་གཙང་མར་བསྡུ། །སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན། །བསྡུས་པས་རྟེན་ལ་གཟི་བྱིན་བསྐྱེད། །བརྟན་པས་མི་འགྱུར་རྡོ་རྗེ་འདྲ། །མི་ཉམས་ཉི་ཟླའི་གའུར་སྦ། །མི་ཤིགས་


LT42_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཕྲེང་བས་བསྡམ། །བདུད་རྩི་ཐབ་སྦྱོར་རིག་སྔགས་ཀྱི། །བདེན་པའི་མཐུ་ཡིས་བགེགས་ལས་སྲུངས། །ཆོས་ཀྱི་དབྱིངས་སུ་བཅུད་སྦས་པས། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། །གནོད་བྱེད་བགེགས་ཀྱིས་ལྟ་ཅི་སྨོས། །ཆོས་ཉིད་ཐབས་ཤེས་སྐུ་གསུང་ཐུགས། །ཚད་མེད་ཡེ་ཤེས་ཕ་རོལ་ཕྱིན། ཁ་སྦྱོར་བདུན་གྱི་ཕྱག་རྒྱ་ལས། །ནམ་ཡང་འདའ་བར་མི་འགྱུར་ཞིང་། །ཚེ་གཡང་བཀྲ་ཤིས་འཕེལ་བར་ཤོག །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བཛྲ་རཀྵ་རཀྵ། གྲངས་ཁ་ཤས་བརྗོད། །འདི་ནི་ཕྱ་གཡང་བཀུག་པ་མི་འཐོར་མི་ཉམས་པའི་གནད་ཡིན་ནོ། །དྲུག་པ་ནོངས་བཤགས་ནི། །མ་འབྱོར་བ་དང་སོགས། ཡིག་བརྒྱ། ཨཱ་ལི་ཀཱ་ལི། རྟེན་འབྲེལ་སྙིང་པོ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱའོ། །བདུན་པ་བརྟན་བཞུགས་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔལ་ཆེན་མོ་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་


LT42_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །བྱེ་བྲག་ཏུའང་སྒྲུབ་པའི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་འབྲུ་འཐོར། སྒྲུབ་པ་གྲོལ་ཉིན་ལྷ་ཀླུ་གཉན་གསུམ་གྱི་གཏོར་མ་སོགས་འཇོག་ཡུལ་མེད་ན། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་རང་གནས་སུ་གཤེགས་ནས་ཀྱང་། །དུས་སུ་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་བརྗོད་ལ་ཡེ་ཤེས་པ་རྣམས་གཡང་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས་ཏེ་གནས་ལུགས་ཀྱི་ངོ་བོ་སྐྱོང་། འཇིག་རྟེན་པ་ཐམས་ཅད་དགྱེས་བཞིན་ཏུ་རང་གནས་སུ་གཤེགས་པར་བསམ། བརྒྱད་པ་བཀྲ་ཤིས་བརྗོད་པ་ནི། ཕུན་སུམ་ཚོགས་པ་མངའ་


LT42_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སྔོན་ཏུ་འགྲོ་བས་འོས་ཤིང་འཐད་པའི་བཀྲ་ཤིས་རྒྱས་བསྡུས་གང་རུང་བརྗོད་ཅིང་། བྱེ་བྲག་ཏུ། །རབ་འབྱམས་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ། །ཐུགས་རྗེ་ཚད་མེད་ནོར་གྱི་ཆར་པ་འབེབས། །མ་རྒད་མདོག་ཅན་རིན་ཆེན་རྒྱན་གྱིས་བརྒྱན། །ལྷ་མོ་དཔལ་ཆེན་མོ་ཡིས་བཀྲ་ཤིས་ཤོག །གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །ཐུགས་རྗེའི་མཐུ་ཡིས་ནོར་སྦྱིན་སེམས་མའི་ཚུལ། །གསེར་མདོག་རིན་ཆེན་རྒྱན་ལྡན་མཛེས་སྡུག་མ། །ལྷ་མོ་ཆེན་མོ་བརྒྱད་ཀྱིས་བཀྲ་ཤིས་ཤོག །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ཀྱིས་བཀྲ་ཤིས་ཤོག །ཚངས་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི། །རང་རང་སྡེར་བཅས་མཐུ་དང་དཔལ་ལྡན་པ། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་པ་ཡི། །ལྷ་ཡི་དགེ་བསྙེན་རྣམས་ཀྱིས་བཀྲ་ཤིས་ཤོག །ཞེས་པ་རྣམས་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །ནོར་དང་ལོངས་སྤྱོད་


LT42_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྒུས་ཕོངས་མེད་པར། །གོང་ནས་གོང་དུ་འཛད་མེད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པ་རྣམས་ཀྱིས་མཐའ་རྒྱས་པར་བྱའོ། །གཉིས་པ་སྒྲུབ་པ་གྲོལ་བའི་ཉིན་བྱ་བའི་རིམ་པ་ལ་ལྔ། གཡང་གཏད། རྟེན་བཀོད་སྲུང་བཙུགས། སྒོ་བསྡམ། སྨོན་ལམ། མཆོད་བསྟོད་དོ། །དང་པོ་གཡང་གཏད་ནི། །གོང་གི་བརྟན་བཞུགས་གཤེགས་གསོལ་གྲུབ་མ་ཐག །བཀྲ་ཤིས་མ་བརྗོད་པའི་གོང་དུ་སྦྱིན་བདག་པོས་ལ་གཡང་རྫས་གཏད་པ་ནི། །ཀྱེ། དེ་རིང་དངོས་གྲུབ་རྒྱ་མཚོ་བརྡོལ། །རིན་ཆེན་འབྱུང་ལྡན་ནམ་ཡང་ལངས། །བཀྲ་ཤིས་གདུགས་ཀྱི་སྔ་དྲོ་ལ། །སྔགས་འཆང་རིག་འཛིན་བདག་ཅག་གིས། །མི་ཡི་གཡང་དང་ཕྱུགས་ཀྱི་རྩི། །ཕ་མཚུན་དགྲ་བླའི་བཀྲག་གཡང་བཅས། །བཀྲ་ཤིས་གཡང་རྟེན་བཅས་པ་རྣམས། །གཏི་མུག་རྨོངས་པའི་ལག་ཏུ་གཡང་མི་གཏད། །ང་རྒྱལ་དྲེགས་པའི་ལག་ཏུ་གཡང་མི་གཏད། །འདོད་ཆགས་གླེན་པའི་ལག༴ །ཕྲག་དོག་གཏུམ་པའི་ལག་ཏུ་གཡང་༴ །ཕ་སྤུན་ཕྱི་ཚེའི་ལག༴ བུ་སྲིང་མག་པའི༴ འདྲེ་


LT42_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་བྱུར་གསུམ་ལག༴ །མི་ལ་བསེ་རག་ལག༴ །གོང་འདྲེ་ཐེའུ་རང་ལག་ཏུ་གཡང་མི་གཏད། །ད་གཡང་གཏད་སུ་དང་གང་ལ་གཏད། །གཡང་གཏད་ཡོན་བདག་འདི་ལ་གཏད། །ལྷ་མདའ་དར་སྣའི་རྒྱན་ལྡན་ལ། །རིན་ཆེན་དངུལ་དཀར་མེ་ལོང་བཏགས། །དཔལ་ཆེན་ལྷ་མོ་འཁོར་དང་བཅས། །ཙན་དན་དྲི་བཞིན་འབྲལ་མེད་བཞུགས། །འཁོར་འདས་གཉིས་ཀྱི་ཕྱ་གཡང་འདུ། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །རིན་ཆེན་གཡང་བཤོས་རྒྱན་ལྡན་འདི། །བརྗིད་ལྡན་རི་རབ་ལྷུན་པོ་བཞིན། །དགོས་འདོད་འབྱུང་བའི་ནོར་བུ་འདྲ། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །གཡང་སྒྱེ་རིན་ཆེན་སྣ་ལྔའི་བཅུད། །དར་སྣ་རྔ་མའི་རྒྱན་གྱིས་བརྒྱན། །མི་ནོར་ཕྱུགས་གསུམ་འཕེལ་བའི་གཡང་། །དེ་རིང་ཡོན་བདག༴ གཡང་སྤེལ་པདྨ་འདབ་བརྒྱད་དང་། །གཡང་གི་གསེར་སྦྲུལ་འཁྱིལ་བ་དང་། །གཡང་ཕོར་མར་ཁུས་བཀངས་པ་ཡང་། །དེ་རིང་ཡོན་བདག༴། གསེར་དངུལ་གཡུ་སོགས་རིན་ཆེན་རིགས། །དར་སྣ་གོས་སྣ་གོ་མཚོན་དང་། །


LT42_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཏོག་འབྲུ་དང་རྩི་བཅུད་མར། །བདུད་རྩི་ཇ་ཆང་འོ་མའི་མཚོ། །རོ་ལྡན་ཁ་ཟས་མང་པོ་སོགས། །སྣ་ཚོགས་གཡང་རྫས་འདི་རྣམས་ཀུན། །འདོད་རྒུའི་དཔལ་ཡོན་འབྱུང་བའི་ཕྱིར། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །ཚེ་ཡི་རྟེན་ཕུར་མ་བུད་ཅིག །གཡང་གི་མཚོ་མོ་མ་སྐམ་ཞིག །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །སྐྱིད་ཀྱི་ཉི་མ་འཆར་བར་ཤོག །ཚེ་ཡི་རྟེན་ཕུར་ཚུགས་པར་ཤོག །གཡང་གི་རྒྱ་མཚོ་འཁྱིལ་བར་ཤོག །ནོར་གྱི་དཔལ་གཡང་འཕེལ་བར་ཤོག །སྲིད་ཀྱི་ཆུ་མིག་རྡོལ་བར་ཤོག །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་གཏད་ལ། སྐབས་འདིར་གོང་དུ་སྨོས་པའི་བཀྲ་ཤིས་རྣམས་རྒྱས་པར་བརྗོད། །མེ་ཏོག་འཐོར། རོལ་མོའི་སྒྲ་དང་བཅས་སྦྱིན་བདག་རང་གནས་སུ་བཏང་ལ་རྟེན་རྣམས་གང་དུ་བཞུགས་འོས་པ་དེར་བཀོད་ཅིང་། མི་ཉམས་མི་འཐོར་བའི་ཚག་དམ་པར་བྱའོ། །གཉིས་པ་རྟེན་བཀོད་ཅིང་སྲུང་བཙུག་པ་ནི། །རྟེན་ཡོད་པའི་སར་སྒྲུབ་པ་པོ་ཕྱིན་ལ། ཀྱེ། བཀྲ་ཤིས་


LT42_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གི་ར་བ་རུ། །འཁོར་འདས་བཅུད་ཀྱི་རྟེན་ཕུར་བཅུག །འདོད་རྒུ་འབྱུང་བའི་བང་མཛོད་འདིར། །ཕྱྭ་གཡང་འདུ་བའི་གཏའ་འཛུག་གོ། །བསོད་ནམས་དཔལ་ལས་གྲུབ་པ་ཡི། །འཁོར་ལོ་ནོར་བུ་བཙུན་མོ་དང་། །ཁྱིམ་བདག་རྟ་མཆོག་གླང་པོ་ཆེ། །ཕྱོགས་ལས་རྣམ་རྒྱལ་སྡེ་དཔོན་ཏེ། །རིན་ཆེན་སྣ་བདུན་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །རྒྱལ་བའི་མཚན་བཟང་ལས་གྲུབ་པ། །དཔལ་བེའུ་འཁོར་ལོ་པདྨ་གདུགས། །རྒྱལ་མཚན་དུང་དཀར་བུམ་པ་ཉ། །བཀྲ་ཤིས་རྟགས་བརྒྱད་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །སྲིད་ཞིར་དགེ་ལེགས་བྱེད་པའི་རྫས། །མེ་ལོང་དཱུརྦ་བིལྦ་ཞོ། །གི་ཝཾ་ལི་ཁྲི་ཡུངས་ཀར་དུང་། །བཀྲ་ཤིས་རྫས་བརྒྱད་གཡང་གི་རྟེན། །གཡང་རྣམས་རྟེན་ལ་འཁོར་བར་མཛོད། །རིན་ཆེན་ངར་ཟབ་ལྷབ་ལྷུབ་གོས། །གོ་མཚོན་འབྲུ་སྣ་ཟས་སྣ་དང་། །ཕྱུགས་ལུག་སྤུ་དང་དཀར་མངར་ཕུད། །བཀྲ་ཤིས་དགེ་མཚན་ཅན་རྣམས་


LT42_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །དཔལ་དང་འབྱོར་པའི་བཅུད་བསྡུས་ནས། །ཕྱྭ་ཡི་རྟགས་དང་གཡང་གི་རྟེན། །དམུ་ཞག་ངང་པ་མ་ཡལ་བར། ཁང་ཁྱིམ་འདི་རུ་ལེགས་བཀོད་པས། །ཕྱྭ་གཡང་མ་ཉམས་རྟེན་ལ་བཞུགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དད་ཅིང་མོས་པའི་རྟེན་ལ་བཞུགས། །དཔལ་གྱི་ལྷ་མོ་འཁོར་དང་བཅས། །མདའ་དར་ལ་སོགས་རྟེན་ལ་བཞུགས། །སྟེང་འོག་བར་གསུམ་ནོར་ལྷ་རྣམས། །སྣ་ཚོགས་གཡང་གི་རྫས་ལ་བཞུགས། །འགོ་བའི་ལྷ་དང་སྐྱོབ་པའི་ལྷ། །རྒྱབ་བརྟེན་སྡོང་གྲོགས་མཛད་པའི་ལྷ། །དགྲ་ལྷ་ཡུལ་ལྷ་ཁྱིམ་ལྷ་རྣམས། །མ་འཁྱམས་མ་བྲོས་རྟེན་འདིར་བཞུགས། །སྲིད་པ་གསུམ་གྱི་ཕྱ་གཡང་སྡུས། །ཁྱིམ་ལྷ་གེལ་ཐུང་ཆེ་བཙུན་ལྷ། །མ་ལྷ་བུ་རྫི་འཕེན་པའི་ལྷ། །ནོར་ལྷ་རྨ་གཡང་བཙན་ཕྱུག་ལྷ། །ཐབ་ལྷ་རོག་པོ་གྲགས་འཛང་ལྷ། །སྒོ་ལྷ་སྟག་གཡག་དཔའ་དར་ལྷ། །གཡང་གི་ར་བ་སྒོ་བཞི་པོ། །མཐུན་པའི་རྫས་ལ་


LT42_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཆོས་ལ། །མི་ནོར་ཟས་གསུམ་སྲུང་བ་དང་། །དགྲ་འདྲེ་གདོན་གསུམ་ཐལ་བར་རློག །དུས་དང་རྒྱུན་ཏུ་དད་མོས་ཀྱིས། །མཆོད་པ་འབུལ་བ་དགྱེས་བཞེས་ལ། །འཁོར་འདས་ཕྱྭ་དང་གཡང་གི་བཅུད། །རྒྱུ་སྦྱོར་འདི་ཡི་སྤྱོད་ཡུལ་དུ། །འཛད་མེད་གཏེར་དུ་གྱུར་པ་དང་། །ཡོན་བདག་མི་ནོར་ཟས་གསུམ་བཅས། །དུས་རྣམས་ཀུན་ཏུ་སྲུང་བ་དང་། །དཔལ་འབྱོར་ལོངས་སྤྱོད་ཕྱྭ་གཡང་ཀུན། །མི་ཉམས་འཕེལ་རྒྱས་རབ་བརྟན་པས། །སྦྱིན་བདག་གནས་སྐབས་མཐར་ཐུག་ཀུན། །མི་འཛད་གཏེར་ལ་སྤྱོད་པར་ཤོག །གསུམ་པ་གཡང་སྒོ་བསྡམ་པ་ནི། ཀྱེ། ད་ནི་གཡང་ལ་སྲུང་བཀོད་འཚལ། །ཕྱྭ་གཡང་མི་ཉམས་སྒོ་བསྡམ་མོ། །འབྱུང་བའི་ལྷ་མོ་ཆེན་མོ་ནི། །དོན་དམ་རིགས་ཀྱི་ཡུམ་མཆོག་ལྔ། །མདའ་དར་བུམ་པ་ཕྱག་ན་འཛིན། །འབྱུང་བའི་དྭངས་བཅུད་འཁྱིལ་བའི་གཡང་། །ཕྱག་རྒྱ་ལྔ་ཡི་རྒྱས་ཐོབ་ལ། །ཕྱྭ་གཡང་ཕྱི་རུ་མ་བཏང་ཞིག། ཛམྦྷ་ལ་དང་གང་བ་བཟང་། །མ་ི་བྷ་དྲ་ཀུ་བེ་ར། །


LT42_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྟགས་མཚོན་ཆ་ནེའུ་ལེ་བསྣམས། །གནོད་སྦྱིན་བྱེ་བའི་འཁོར་དང་བཅས། །སྲིད་གསུམ་དཔལ་འབྱོར་བསྡུས་པའི་གཏེར། །ཐུགས་དམ་བཞིན་ཏུ་སྲུང་མཛོད་ལ། །ཕྱ་གཡང་ཕྱི་རུ་མ་བཏང་ཞིག །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །མཐུ་ལྡན་ཆོས་ཀྱི་རྒྱལ་པོ་བཞི། །རིན་ཆེན་གོ་མཚོན་བརྗིད་དང་ལྡན། །དེ་རིང་ཐུགས་དམ་མ་བསྙེལ་བར། །བཀྲ་ཤིས་གཡང་གི་གཏེར་མཛོད་སྲུངས། །ཕྱོགས་བཞིའི་གདོན་ལ་བཀའ་ནན་སྩོལ། །ཕྱྭ་གཡང་ཕྱི་རུ་མ་བཏང་ཞིག །མཆོད་གི་སྒོ་མོ་ཐག་གི་འདེན། །གསེར་གྱི་འདན་བུས་ཐག་གི་བཀག །ཏིང་འཛིན་རྒྱས་བཏབ་མི་འཇིག་ཅིང་། །སྔགས་ཀྱི་རྒྱས་བཏབ་ཉམས་པ་མེད། །ཕྱག་རྒྱའི་རྒྱས་བཏབ་འགྲོལ་མི་སྲིད། །རྒྱ་གསུམ་གཡང་གི་སྒོ་ལ་གདབ། །མ་བཀྲོལ་བར་དུ་མི་འགྲོལ་བར། །མི་གཡང་ཕྱུགས་རྩི་བརྟན་གྱུར་ཅིག །ཤར་སྒོ་ཤིང་སྟག་སྐྱ་བོས་སྲུངས། །ལྷོ་སྒོ་གཡུ་འབྲུག་སྔོན་པོས་སྲུངས། །ནུབ་


LT42_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གཉན་བྱ་དམར་པོས༴ །བྱང་སྒོ་རུས་སྦལ་རྒྱ་བོས༴ ཕྱི་སྒོ་གསེར་གྱི་མི་བོ་དང་། །ནང་སྒོ་ལྕགས་ཀྱི་མི་བོ་ཆེས། །སྲུང་ལ་ཕྱྭ་གཡང་བརྟན་པར་མཛོད། །སྒོ་སྲུང་མཐུ་རྩལ་མ་ཆུང་ཅིག །བཀྲ་ཤིས་གཡང་རྟེན་མ་འཆུག་ཅིག །འདྲེ་སྲིན་ནང་དུ་མ་ཞུགས་ཤིག །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། བཞི་པ་སྨོན་ལམ་གདབ་པ་ནི། འདོད་པའི་ཁམས་ན་ལོངས་སྤྱོད་པའི། །དངོས་གྲུབ་བདག་གིས་ཀུན་ཐོབ་ནས། །བླ་མ་ཡི་དམ་དཀོན་མཆོག་མཆོད། །ཕྲིན་ལས་རྣམ་བཞི་རྫོགས་པར་ཤོག །རིན་ཆེན་སྣ་བདུན་ལོངས་སྤྱད་ནས། །གཏེར་གྱི་དངོས་གྲུབ་ཕྱུགས་རྣམས་དང་། །གཟི་བརྗིད་དང་ལྡན་དཔལ་ཆེན་མོས། །རྟག་ཏུ་བདག་ལ་སྲུང་གྱུར་ཅིག །བང་མཛོད་འབྲུ་དང་འདོད་འཇོའི་བ། །རྒྱལ་མཚན་འཁོར་ལོས་སྒྱུར་བ་དང་། །ཐོགས་མེད་རྫུ་འཕྲུལ་གྲུབ་ནས་ནི། །ལམ་མཆོག་བདེ་ལ་གནས་པར་ཤོག །ཅེས་དང་། ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་རྣམས་ནི་ཟག་པ་


LT42_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཟད། །བདེན་པའི་བདེན་ཚིག་འདི་བརྗོད་པས། །བདག་ཅག་རྟག་ཏུ་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་བརྗོད། སྨོན་ལམ་འདི་དགོངས་རེ་བཞིན་བརྟན་བཞུགས་ཀྱི་གཤམ་དུ་བྱས་ཀྱང་ལེགས་སོ། །ལྔ་པ་ནི། རྟག་ཏུ་མི་ཉམས་པའི་རྟེན་ཡོད་ན་སླར་ལྷ་མོ་རྟེན་དང་བརྟེན་པར་བཅས། ཕྱི་རོལ་གྱི་སྒོ་སྲུང་རིམ་པ་རྣམས་དང་བཅས་པ་སྐད་ཅིག་གིས་གསལ་བཏབ་སྟེ། །མཆོད་བསྟོད་རྒྱས་བསྡུས་བློ་ཡིས་གང་ལྕོགས་དང་། སླར་ཡང་བརྟན་བཞུགས་བརྗོད་ཅིང་མེ་ཏོག་འཐོར་ལ་སྦྱིན་བདག་དེས་ཀྱང་དེ་ལྟར་བསྒྲུབས་པའི་རྟེན་རྣམས་ལྷ་མོ་འཁོར་བཅས་དངོས་སུ་མོས་ལ་དད་ཅིང་གུས་པས་དུས་དང་རྒྱུན་ཏུ་མཆོད་ཅིང་གསོལ་བ་སྙིང་ནས་བཏབ་ན། །ཡིད་ལ་འདོད་པའི་དཔལ་ཡོན་དང་ཕུན་སུམ་ཚོགས་པ་མཐའ་དག་ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་པ་ལྟར་ངང་གིས་རྒྱས་པར་འགྱུར་རོ། །སྤྱན་རས་གཟིགས་དབང་ཨ་རཱ་གའི། །གསུང་བཟང་བྱིན་རླབས་དཔལ་འབར་བ། །ཁུངས་བཙུན་ཉམས་ལེན་བདེ་བའི་ཕྱིར། །གྲོང་སྔགས་ཀུན་གྱི་ཁ་བརྒྱན་ཀྱང་། །བློ་རྨོངས་ལ་དགོངས་བསྡུས་དྲག་པས། །ལྷན་ཐབས་མེད་ན་ལག་ལེན་དཀའ། །དེ་བས་མཆོག་དང་དམན་པས་ཀྱང་། །རང་འདོད་ལྷན་པ་ཅི་ཡང་གདབ། །ཚུལ་འདིར་སྔོན་གྱི་བག་ཆགས་ཀྱིས། །གོམས་པ་ཀློང་དུ་གྱུར་པས་ན། །ཚད་མར་འདོད་ནས་སྦྱར་བའི་དགེས། །ཆོས་ལྡན་དཔལ་འབྱོར་རྒྱས་བྱེད་ཤོག །ཅེས་པའང་བསྟན་པའི་ཤིང་རྟ་འདྲེན་པ་


LT42_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་སྤྲུལ་རིན་པོ་ཆེས་ཐུགས་བསྐྱེད་ཟབ་མོས་ནན་བསྐུལ་གནང་བ་ལྟར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དཀར་ཕྱོགས་ཀྱི་དུས་ཚེས་བཟང་པོ་ལ་སྦྱར་བ་གཞན་ལ་ཕན་པར་གྱུར་ཅིག། །།དགེ་ལེགས་འཕེལ།། །།


LT42_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ། འཁོར་འདས་སྣང་བ་འདི་ཀུན་གང་ནས་ཀྱང་མ་འོང་། །གཏད་མེད་རྒྱ་ཡན་ངང་དུ་རང་བབས་ལ་འབྱམས་འདུག །རྫུན་ཕུག་དབྱིངས་སུ་གཏིབས་པའི་རྣལ་འབྱོར་འདྲ་ཡོད་ན། །དགག་སྒྲུབ་ཆུ་ཡི་རི་མོ་རང་ཡལ་ཐོང་བཏང་། །གཉིས་རྟོགས་མཚན་མ་ཐ་དག་གཤིས་ལུགས་ལ་མི་གནས། །གཏད་མེད་རྒྱ་ཡན་ཀློང་ན་འཛིན་མེད་དུ་བཞག་ནས། །བྱ་ལམ་རྗེས་མེད་གཏོང་བའི་རྣལ་འབྱོར་འདྲ་ཡོད་ན། །སྒྱུ་མའི་རང་ཚུགས་མི་ཐུབ་ཅོག་འགྱེལ་ལ་ཐོང་ཞིག །གཏད་མེད་རྒྱ་ཡན་ངང་དུ་ཐོག་མེད་དུ་འཇམས་ཀྱང་། །གནས་ལུགས་དངོས་པོའི་དོན་དུ་དེ་ཉིད་ལས་གཞན་པའི། །བསྒྲུབ་བྱ་སྒྲུབ་བྱེད་གྲུབ་འབྲས་ཇི་ཙམ་ཞིག་བཙལ་ཀྱང་། །བློས་བྱས་ཀུན་བརྟགས་ཉིད་ལས་མི་རྙེད་པ་ཤེས་བྱུང་། །གཏད་མེད་རྒྱ་ཡན་ངང་དུ་སྐྱིད་ཉལ་གྱིས་ཆོག་པའི། །བྱ་བྲལ་བློ་བདེའི་གདིངས་འདི་མ་ཐོབ་པ་ཕྱིན་ཆད། །བྱ་བ་ཇི་ལྟར་བཏང་ཡང་བྱ་བྱེད་ཀྱི་བང་ཆེན། །ལྟ་སྒོམ་ཇི་ལྟར་ལེགས་ཀྱང་བཟང་རྟོག་གི་ཁ་བསྣོན། །གཏད་མེད་རྒྱ་ཡན་ངང་དུ་འབྲལ་མེད་དུ་འགྲོགས་པའི། །རང་རིག་ཟང་ཐལ་ཆེན་པོ་སྒྲིབ་མེད་ཀྱི་ཞལ་རས། །གཅེར་མཐོང་རང་ས་ཟིན་པའི་དུས་ཚོད་ལ་སླེབ་ཚེ། །ཐོས་སྒོམ་བྱིས་པའི་རོལ་རྩེད་ཉམས་མཚར་གྱི་ལྟད་མོ། །གཏད་མེད་རྒྱ་ཡན་ངང་དུ་རེ་དོགས་ཀྱིས་མ་བཅིང་། །བག་ཕེབ་ཉལ་བར་ནུས་


LT42_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོམ་ཆེན་འདྲ་ཡོད་ན། །ཚེ་གཅིག་ཁུར་ལྕིས་ནོན་པའི་ལུས་སེམས་ཀྱི་ངལ་དུབ། །ཡེ་གྲོལ་ཀ་དག་དབྱིངས་སུ་སྐད་ཅིག་གིས་སངས་འདུག །གཏད་མེད་རྒྱ་ཡན་མ་འདི་ཕྱོགས་ཙམ་ཡང་མ་ཤེས། །གཏད་སོ་ཡོད་རློམས་རྣམས་ཀྱང་གཉིས་འཛིན་གྱི་རྒྱབ་སྐྱོར། །གཏད་མེད་མུན་རྡོ་འཕེན་རྣམ་འཁོར་བ་ཡི་གཏན་སྲིད། །ཨ་ཧོ་ངོ་མཚར་རེ་ཆེ་སེམས་ཀྱི་འཁྲུལ་ལུགས། །གཏད་མེད་རྒྱ་ཡན་དབྱིངས་འདི་ཆོས་ཉིད་ཀྱི་གནས་གནས་ལུགས། །རང་གསལ་ཡེ་ཤེས་ཉིད་དང་འདུ་འབྲལ་ནི་མེད་ཀྱང་། །རང་ངོ་རང་གི་མ་ཤེས་ཡུན་རིང་ཞིག་འཐུམ་པར། །བླ་མའི་བྱིན་རླབས་མཐུ་ཡིས་གཉིད་མཐུག་དེ་བརྟོལ་ལོ། །གཏད་མེད་རྒྱ་ཡན་ཉེ་ལམ་རྩ་བ་འདི་བོར་ནས། །ཐོས་སྒོམ་བསམ་མནོ་མང་པོས་རིང་ལམ་དུ་སྙེགས་ཀྱང་། །ཀ་དག་གཉུག་མའི་རྒྱལ་ས་ཟིན་དུས་ནི་མི་པས། །ཆོས་པ་ཕལ་གྱི་མི་ཚེ་སྟོང་ཟད་རང་སྣང་ངོ་།། ༈ །།འཁོར་འདས༴ ཐོང་ཞིག །ལས་དང་ལས་ཀྱི་འབྲས་བུ་དངོས་གནས་ལ་མ་གྲུབ། །གཏད་མེད་རྒྱ་ཡན་ངང་དུ་དགག་སྒྲུབ་ཀུན་སྤངས་ནས། །རྣམ་སྨིན་སད་ལ་སྐུར་བའི་རྣལ་འབྱོར་འདྲ་ཡོད་ན། །མ་སྐྱེས་མཉམ་པ་ཉིད་ཀྱི་ལ་ཆེན་དེ་ཟློས་ཤིག །ཐོས་ལོ་བྱས་ལོ་མང་པོས་འཆི་ཁ་རུ་སླུ་ངེས། །གཏད་མེད་རྒྱ་ཡན་ཆེན་པོའི་གནས་ལུགས་ཉིད་སྐྱོང་སྟེ། །བློ་བདེ་ཚགས་སུ་ཚུད་པའི་རྣལ་འབྱོར་འདྲ་ཡོད་ན། །སྙིང་པོའི་བསྟན་དང་མཇལ་བའི་དོན་འབྲས་རེ་ལོང་ཞིག །


LT42_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རེ་དོགས་ཁུ་འཁྲིག་རྟོག་པ་བར་ཆད་ཀྱི་སྡུན་བསུ། །གཏད་མེད་རྒྱ་ཡན་ངང་དུ་ཅི་དགའ་རུ་བོར་ནས། །གང་བྱུང་ལམ་དུ་ཁྱེར་བའི་རྣལ་འབྱོར་འདྲ་ཡོད་ན། །རྐུན་པོའི་ནང་ཕྱོགས་སླེབ་དུས་མགོ་བོ་ནས་སྡུངས་ཤིག །ཞེ་འདོད་རང་འཁྲིས་བྱས་ཀྱང་བདག་གིར་གཏན་མེད་པས། །གཏད་མེད་རྒྱ་ཡན་ངང་དུ་བདག་རྟོག་རྩད་བཅད་ནས། །ཞེན་འཛིན་ལིང་བསྐྱུར་བྱེད་པའི་རྣལ་འབྱོར་འདྲ་ཡོད་ན། །སྡུག་བསྔལ་གཏན་དུ་འབྱུང་བའི་རྩ་བ་འདི་ཆོད་ཅིག །ཉེ་རིང་ཆགས་སྡང་བྱ་བའི་ཡུལ་སྣང་ཀུན་མི་བདེན། །གཏད་མེད་རྒྱ་ཡན་ངང་དུ་རང་བཅིངས་འདི་ཀློད་ནས། །བཏང་སྙོམ་ཉལ་བར་ནུས་པའི་རྣལ་འབྱོར་འདྲ་ཡོད་ན། །འཁོར་བའི་བཙོན་སྲུང་བྱུང་དུས་དྲན་རྫི་རེ་སྟོན་ཅིག །གེགས་དང་གོལ་སའི་སྤྲིན་ཚོགས་ཁོ་རང་ཡང་རྫུན་པས། །གཏད་མེད་རྒྱ་ཡན་དབྱིངས་སུ་རྫུན་ཕུག་འདྲ་གཏིབས་ནས། །བློ་སྣ་ཚབ་ཚུབ་མེད་པའི་རྣལ་འབྱོར་འདྲ་ཡོད་ན། །རིག་པ་ཁེར་འདོད་ཉིད་ཀྱིས་རང་ཡལ་ལ་ཐོང་ཞིག །གཏད་ས་གང་ཡང་མེད་པའི་རྒྱ་ཡན་གྱི་ངང་དུ། །འགྲོ་དྲུག་ཐོག་མེད་དུས་ནས་རྨི་ལམ་ལྟར་ཁྱམས་ཀྱང་། །གཤིས་ལུགས་གཟའ་གཏད་མེད་པའི་རྒྱ་ཡན་འདི་བོར་ནས། །ལེགས་རྟོགས་རྒྱ་འབྱམས་དྲྭ་བས་ཐར་མེད་དུ་བཅིངས་འདུག །ཐོག་མེད་འཁྲུལ་སྣང་རྟོག་པ་སྐད་ཅིག་མའི་རང་གཟུགས། །གདོད་མའི་དབྱིངས་ལས་མ་བྱུང་མ་སྐྱེས་པ་ཤེས་ནས། །གཏད་


LT42_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱ་ཡན་ཆེན་པོར་སོར་བཞག་གི་དགོངས་པས། །འབད་རྩོལ་མེད་པར་ཕྱམ་གཅིག་རྣམ་གྲོལ་དུ་གྱུར་ཅིག། ༈ །བྱ་བྲལ་ཅོག་བཞག་གནས་ལུགས་བླ་མའི་ཞབས། །འབྲལ་མེད་རང་རིག་ཀློང་དུ་ལྷམ་མེར་བསྟི། བྱ་བྱེད་སྒྱུ་མས་བསླུས་པའི་འགྲོ་བ་དྲུག །བྱར་མེད་ཀློང་དུ་གྲོལ་བར་བྱིན་གྱིས་རློབས། །བྱ་བྲལ་ཅོག་བཞག་ཀློང་འདིར་མ་བསྡད་ན། །བྱ་བྱེད་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་འདྲ། །བདེན་པ་མེད་ཀྱང་ཆགས་སྡང་ལས་འབྲས་གསོག །བྱ་བྲལ་རྣལ་འབྱོར་བློ་བདེའི་མགོ་བོ་ཚུགས། །འཇིག་རྟེན་འཁྲུལ་པའི་བྱ་བ་རྨི་ལམ་འདྲ། །དོན་ལ་ལྟ་ཅི་ཀུན་རྫུབ་ཏུ་ཡང་སླུ། །མི་བདེན་བདེན་པར་འཛིན་པ་འདི་བཏང་ནས། །བྱ་བྲལ་ཅོག་བཞག་ངང་དུ་བསྡད་ན་ལེགས། །ཐོས་བསམ་སྒོམ་པར་འཛིན་པའི་བཟང་རྟོག་ཀྱང་། །གནས་ལུགས་དོན་དང་རྒྱང་ཐག་ཤིན་ཏུ་རིང་། །བློས་བྱད་ལོག་པའི་ང་རྒྱལ་མི་བྱེད་པར། །བྱ་བྲལ་ཅོག་བཞག་ངང་དུ་བསྡད་ན་ལེགས། །རང་འདོད་ཕུགས་སུ་བཅུག་པའི་དགེ་སྦྱོར་ཡང་། །བྱང་ཆུབ་ཆེན་པོའི་ལམ་དང་རྒྱབ་འཛོལ་བས། །བྱ་དཀའ་རང་བཅིངས་འཁུར་པོ་བོར་ནས་ཀྱང་། །བྱ་བྲལ་བཅོག་བཞག་ངང་དུ་བསྡད་ན་ལེགས། །ཆོས་དང་ཆོས་མ་ཡིན་པའི་བྱ་བྱེད་ཀུན། །གསེར་དང་ཐག་པའི་སྒྲོག་གིས་བསྡམས་པ་བཞིན། །མཐོ་དམན་ཙམ་ལས་སྲིད་པའི་བཙོན་རར་བཅིངས། །བྱ་


LT42_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཅོག་བཞག༴ །ནམ་མཁའ་འདི་ཡང་བྱ་བྲལ་ཅོག་བཞག་ཡིན། །ཀུན་ལ་ཁོད་སྙོམས་ཁྱབ་ལ་ཡངས་པ་ཆེ། །སྤྲིན་དང་ཁ་ཆར་སེར་བུ་ཅི་རྒྱུ་ཡང་། །དགག་སྒྲུབ་མེད་པར་རང་བྱུང་རང་ལ་ཐིམ། །ཀ་དག་གཞི་ཡི་གནས་ལུགས་དེ་དང་འདྲ། །བྱ་བྲལ་ཅོག་བཞག་ལྟ་བའི་རྒྱལ་པོ་ལ། །འཁོར་འདས་སྣང་བའི་སྤྲིན་གྱིས་གོས་པ་མེད། །ད་ནི་ནམ་མཁའ་ལྟ་བུའི་དོན་ལ་ལྟོས། །རྒྱ་མཚོ་འདི་ཡང་བྱ་བྲལ་ཅོག་བཞག་ཡིན། །འཕེལ་འགྲིབས་མེད་པར་རྟག་ཏུ་རང་སོར་གནས། །རླང་པ་ན་བུན་ཆུ་རླབས་ཅི་གཡོས་ཀྱང་། །ཕན་གནོད་མི་བྱེད་རང་བྱུང་རང་ལ་ཐིམ། །ཆོས་དབྱིངས་གདོད་མའི་གཤིས་ལུགས་དེ་དང་འདྲ། །བྱ་བྲལ་ཅོག་བཞག་སྒོམ་པའི་རྒྱལ་པོ་ལ། །རྣམ་རྟོག་ཇི་ཙམ་གཡོས་ཀྱང་ཕན་གནོད་མེད། །ད་ནི་རྒྱ་མཚོ་ལྟ་བུའི་དོན་ལ་སྒོམ། །ས་གཞི་འདི་ཡང་བྱ་བྲལ་ཅོག་བཞག་ཡིན། །བཟང་ངན་ཐམས་ཅད་བླང་དོར་མེད་པར་བརྟེན། །ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཅི་བྱུང་ཡང་། །འཕོ་འགྱུར་མེད་པར་རང་བཞིན་ཉིད་དུ་གནས། །ཆོས་ཉིད་ཀུན་གཞིའི་རང་བཞིན་དེ་དང་འདྲ། །བྱ་བྲལ་ཅོག་བཞག་སྤྱོད་པའི་རྒྱལ་པོ་ལ། །སྒྲོ་སྐུར་ཇི་ལྟར་བྱས་ཀྱང་རེ་དོགས་མེད། །ད་ནི་ས་གཞི་ལྟ་བུའི་སྤྱད་པ་སྤྱོད། །ཉི་ཟླ་འདི་ཡང་བྱ་བྲལ་ཅོག་བཞག་ཡིན། །རང་བཞིན་འོད་གསལ་སྣང་བ་བཟང་


LT42_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཁྱབ། །བར་སྣང་སྤྲིན་ཚོགས་འདུ་འགོད་ཅི་བྱས་ཀྱང་། །རང་གི་ངོ་བོར་ནམ་ཡང་སྒྲིབ་པ་མེད། །རང་བྱུང་རིག་པ་ཡེ་ཤེས་དེ་དང་འདྲ། །བྱ་བྲལ་ཅོག་བཞག་རང་རིག་འོད་གསལ་ལ། །སེམས་ཀྱི་རྟོག་ཚོགས་ཅིས་ཀྱང་གོས་པ་མེད། །ད་ནི་ཉི་ཟླ་ལྟ་བུའི་རིག་རྩལ་སྐྱོང་། །ཡོད་དང་མེད་པ་གཉིས་ཀ་མཐའ་ཡིན་ཏེ། །གཉིས་མེད་ཉིད་ཀྱང་བློ་ཡིས་འཛིན་རྟོག་ཡིན། །བྱ་བྲལ་ཅོག་བཞག་ཆེན་པོར་ལ་བཟླས་ན། །བློ་འདས་རྫོགས་པ་ཆེན་པོའི་དགོངས་པ་རྟོགས། །སྒོམ་དང་མི་སྒོམ་གཉིས་ཀ་མཐའ་ཡིན་ཏེ། །ངེས་ཤེས་ཙམ་ཡང་བློ་ཡི་འཛིན་རྟོག་ཡིན། །བྱ་བྲལ་ཅོག་བཞག་ངང་དུ་ཀློད་པ་ན། །རང་བྱུང་རིག་པས་རང་གི་གཏན་སྲིད་ཟིན། །རེ་དོགས་དགག་སྒྲུབ་གང་ཡིན་མཐར་འཛིན་སྐྱོན། །མཉམ་ཉིད་དབྱིངས་སུ་རྩིས་མེད་ཕྱམ་བརྡལ་ནས། །བྱ་བ་བྲལ་བའི་ཅོག་བཞག་ཆེན་པོ་ལས། །གཡེ་བ་མེད་པ་གནས་ལུགས་ལྷུམས་སུ་ཚུད། །རེ་དང་དོགས་པའི་མི་འཆིངས་ནམ་མཁའ་ལྟར། །བློས་བྱས་རྗེས་སུ་དཔག་པའི་བྱ་བ་བྲལ། །མངོན་སུམ་ཉིད་ལ་ཅོག་གེར་བཞག་པ་བཞིན། །རྣལ་འབྱོར་ཆེན་པོ་ལྟ་སྒོམ་ཕྲང་ལས་རྒྱལ། །དགག་ཏུ་མེད་ཅིང་སྒྲུབ་ཏུ་ཅང་མ་མཆིས། །སྤང་བླང་བློ་ཡི་རི་མོ་དབྱིངས་སུ་ཡལ། །ཡིད་བྱེད་བྱ་བ་མཐའ་དག་བྲལ་བ་ཡི། །གནས་ལུགས་ཅོག་གེར་བཞག་པའི་སྒོམ་ཆེན་སྐྱིད། །བྱ་བྱེད་མང་བས་སངས་


LT42_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐོབ་སྙམ་ན། །ཐོག་མར་འཁོར་བར་འཁྱམས་བྱེད་རྩ་བ་ཆོད། །ད་དུང་དེ་ལ་ཁ་བསྣོན་རྒྱག་དགོས་ན། །བྱ་བྲལ་ཅོག་གེར་མ་བཞག་བྱ་རྒྱུ་ཚོལ། །ཤེས་རབ་ཟབ་ཀྱང་འདི་ཡི་གཏིང་མ་དཔོགས། །བློ་གྲོས་ཆེ་ཡང་འདི་དོན་བློར་མ་ཤོངས། །བརྩོན་པས་བསྒོམས་ཀྱང་འདི་ཕྱོགས་ཆར་མ་ཉེ། །བྱིས་པའི་རང་བཞིན་གཤིས་འདི་ཨེ་མ་མཚར། །བྱ་བྲལ་ཅོག་བཞག་དགོངས་པ་མ་འཁྲུལ་བར། །ཡེ་སངས་རྒྱས་པ་གདོད་མའི་མགོན་པོའི་ཀློང་། ཁམས་གསུམ་འགྲོ་ཀུན་སྐད་ཅིག་བྱང་ཆུབ་སྟེ། །བྱ་བྱེད་འཁྲུལ་པའི་འཁོར་ལོ་ཞིག་གྱུར་ཅིག། །།གསུང་མགུར་ཞལ་གདམས་འདི། གུས་ཕྲན་སངས་རྒྱས་ཀརྨ་བསོད་ནམས་སྟོབས་ལྡན་སྡེ་དགེ་རྫོངས་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གནས་མཇལ་དུ་འགྲོ་སྐབས་ཙིཏྟ་སྙིང་ཕུག་འཇམ་མགོན་བླ་མ་གུ་་ས་རའི་གཟིམ་ཆུང་ལྷ་ཁྲིའི་སྲུབ་ནས་ཤོག་དྲིལ་ཆུང་ངུ་ཞིག་རྙེད་པ་ཁ་ཕྱེས་ལྟས་པས་འཇམ་མགོན་རིན་པོ་ཆེའི་ཕྱག་བྲིས་འཁྲུལ་མེད་འདུག་པ་རུམ་ནང་དུ་བཅུག་པ་གྲོགས་ཤོལ་རྫོགས་བླ་མ་ཚེ་དབང་རབ་བརྟན་དང་རྒྱལ་རོང་འོད་ཟེར་གཉིས་ཀྱིས་ཤེས་གསལ་ལྟར། གསུང་འདི་ཀོང་སྤྲུལ་བཀའ་འབུམ་ནང་དུ་ཡོད་ཆགས་བྱས་ཕྱག་བྲིས་འདི་དད་བརྟེན་ལྷུང་བཟེད་ནང་དུ་བཅུག་པ་ལྷུང་བཟེད་ནང་ཕག་མོའི་སྐུ་འདྲ་ཡོད་པ་། །ཀཿཐོག་རྨོག་རྩ་སྤྲུལ་སྐུས་མཁྱེན་ནས་སྐུ་འདྲ་ཞོར་ཤོག་དྲིལ་གཟིགས་པ་ལོ་རྒྱུས་ཞུས་པ་ཕྱག་བྲིས་འཁྲུལ་མེད་རེད་གསུངས། །འདི་བཀའ་འབུམ་ནང་དུ་མི་བཞུགས་གསུངས། དཔེ་བཅད་མཛད་སོང་། །རྗེས་སོར་བཀའ་འབུམ་ཞིབ་བལྟས་བགྱིས་པས་མི་བཞུགས་རང་གི་ཆོས་བསྐལ་དངོས་གྲུབ་ཡིན་པར་ངེས་ཤེས་འདྲོངས་ཞིང་བཀའ་དྲིན་དྲན་ནོ། །ལོ་རྒྱུས་གོང་གསལ་བཞིན་སྤུ་བོ་སངས་རྒྱས་སྤྲུལ་སྐུ་ལས་ཕྱག་དཔེ་ཐོབ་པ་ཁ་སྐོང་དུ་སྤར་བསྐྲུན་ཞུས་པ་ལགས་སོ། །དགེའོ། །མངྒ་ལཾ། །


LT42_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]


previousལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་ལྷན་ཐབས་མཇུག་གི་ཆོ་ག་དགེ་ལེགས་ཆར་འབེབས།no next