Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
རྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད།
   
   
   
   
   
   
   
   
   


 
previousརྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད།next

རྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད།


LT43_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད་ཅེས་བྱ་བ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་ལས་ཀྱང་། །ཐུགས་རྗེ་བཀའ་དྲིན་ཁྱད་འཕགས་ཤཱ་ཀྱའི་རྒྱལ། །ས་བཅུའི་དབང་ཕྱུག་ཉེ་བའི་སྲས་མཆོག་བརྒྱད། །ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས། །འཕོངས་བ་ཀུན་སྐྱོབ་རྗེ་བཙུན་སྒྲོལ་མ་ཡུམ། །སྙིགས་འགྲོའི་སྐྱབས་གཅིག་གུ་རུ་རིན་པོ་ཆེ། །མཁའ་ཁྱབ་དཀོན་མཆོག་རྒྱ་མཚོར་བཅས་རྣམས་ལ། །བདག་སོགས་ཕ་མ་མཁའ་མཉམ་སེམས་ཅན་གྱིས། །ཞིང་རྡུལ་གྲངས་སྙེད་ལུས་གྱིས་ཕྱག་བགྱི་ཞིང་། །ངག་གིས་བསྟོད་དབྱངས་ཡིད་ཀྱིས་གུས་འདུད་འབུལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཀུན་བཟང་རྣམ་ཐར་རྒྱ་མཚོར་སྤྲོས་ཏེ་མཆོད། །སྔར་བྱས་སྡིག་ཀུན་འགྱོད་པས་རབ་ཏུ་བཤགས། །ཕྱིན་ཆད་མི་བགྱི་བདག་རྒྱུད་དག་མཛད་གསོལ། །འཁོར་འདས་གཉིས་བསྡུས་རྣམ་དཀར་མཐའ་དག་ལ། །ཤིན་ཏུ་དང་བས་རྗེས་སུ་ཡི་རང་ངོ། །ཆོས་འཁོར་གདུལ་བྱའི་དབང་པོ་དང་འཚམས་པར། །དུས་གསུམ་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །གཟུགས་སྐུ་སྙིང་རྗེའི་ཤུགས་ཀྱིས་འཕོ་འགྱུར་གྱི། །དྲི་བྲལ་རྒྱུན་གྱིས་རྟག་པར་བཞུགས་སུ་གསོལ། །བདག་གཞན་དུས་གསུམ་བསགས་པའི་ལེགས་སྤྱད་ཀུན། །


LT43_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

། གཅིག་བསྡམས་མི་གནས་བྱང་ཆུབ་སྙིང་པོར་བསྔོ། །ཤཱཀྱའི་ཏོག་དང་འཇམ་དཔལ་སྤྱན་རས་གཟིགས། །ཀུན་ཏུ་བཟང་སོགས་རྒྱལ་བ་སྲས་བཅས་ཀྱི། །ཐུགས་བསྐྱེད་སྨོན་ལམ་རྣམ་ཐར་ཀུན་འགྲུབ་སྟེ། །སངས་རྒྱས་ཀུན་གྱིས་བསྔགས་པ་གསུང་གྱུར་ཅིག། འཇིག་རྟེན་ཀུན་ན་སེམས་ཅན་ཇི་སྙེད་པ། །ཐམས་ཅད་མངོན་མཐོ་ངེས་ལེགས་རྒྱུ་འབྲས་ལ། །ངང་གིས་འཇུག་ཅིང་བདེ་ནས་བདེ་བར་བགྲོད། །དཀོན་མཆོག་གསུམ་དང་མི་འབྲལ་འགྲོགས་གྱུར་ཅིག། ངན་སོང་གསུམ་པོ་མིང་ཡང་མི་གྲགས་ཤིང་། །བདུད་ཀྱི་ལས་དང་ཆོས་མིན་བསམ་སྦྱོར་དང་། །ཉོན་མོངས་ཟུག་རྒྱུ་གཏན་ནས་མི་འབྱུང་བར། །ཤིན་ཏུ་སྦྱངས་པའི་བདེ་བས་འཚོ་གྱུར་ཅིག། ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །འཛམ་གླིང་ཀུན་ཏུ་དར་རྒྱས་ཡུན་རིང་གནས། །ཚུལ་གནས་ཐོས་བསམ་སྒོམ་ལྡན་བསྟན་འཛིན་གྱིས། །ས་ཆེན་ཀུན་ཁྱབ་སྐུ་ཚེ་བརྟན་གྱུར་ཅིག། ཁྱད་པར་གངས་ཅན་བོད་ཡུལ་མཐའ་དབུས་ཀུན། །མི་བདེ་སྡུག་བསྔལ་མིང་ཡང་མི་འབྱུང་ཞིང་། །ཆོས་མཐུན་དཔལ་འབྱོར་རྫོགས་ལྡན་གསར་པ་བདོ། །མཐོ་རིས་ཡོན་ཏན་བདུན་གྱིས་འཚོ་གྱུར་ཅིག། བཙའ་སད་སེར་གསུམ་འབུ་སྲིན་བྲ་ཐན་དང་། །ཆར་ཆེ་ཆར་ཆུང་ལོ་ཉེས་ཚོང་ཉེས་སོགས། །འདོད་


LT43_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རྒྱུ་འབྲས་མུ་གེའི་བསྐལ་བ་ཞི། །ལོ་ཏོག་ལེགས་ཤིང་འབྱོར་པ་རྒྱས་གྱུར་ཅིག། ཀླ་ཀློ་ཧོར་སོག་བསྟན་ལ་འཚེ་བ་དང་། །རྒྱལ་བློན་ཡུལ་ལྗོངས་ཁོལ་བུར་འཁྲུགས་པ་སོགས། །ཞེ་སྡང་རྒྱུ་འབྲས་མཚོན་གྱི་བསྐལ་པ་དང་། །བདུད་རིས་མངའ་ཐང་རབ་ཏུ་ཉམས་གྱུར་ཅིག། རང་བཞིན་གྱིས་གྲུབ་ཉེས་གསུམ་འདུས་པའི་རིགས། །སྡིག་སྤྱོད་རྐྱེན་གྱུར་མ་རུངས་དལ་ཡམ་ས་སོགས། །གཏི་མུག་རྒྱུ་འབྲས་ནད་ཀྱི་བསྐལ་པ་ཞི། །ནད་མེད་ཚེ་རིང་བདེ་སྐྱིད་ལྡན་གྱུར་ཅིག། མི་དང་མི་མིན་གདུག་ཅན་འགྲོ་ཀུན་གྱི། །རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །ལེགས་པར་སྐྱེས་ཤིང་མི་ཉམས་གོང་དུ་འཕེལ། །སངས་རྒྱས་ཆོས་རྣམས་ཡོངས་སུ་རྫོགས་གྱུར་ཅིག། ཡང་སྲིད་ཀུན་ཏུ་བྱང་ཆུབ་སེམས་སྟོན་པའི། །དགེ་བའི་བཤེས་གཉེན་མཆོག་དང་མི་འབྲལ་ཞིང་། །མི་དགེའི་བཤེས་དང་སྡིག་པའི་གྲོགས་པོ་དག། རྨི་ལམ་དུ་ཡང་འཕྲད་པར་མ་གྱུར་ཅིག། ཆོས་མིན་རྟོགས་པ་སྐད་ཅིག་མི་སྐྱེ་ཞིང་། །སེམས་རྒྱུད་ལས་རུང་ཏིང་འཛིན་མངོན་ཤེས་ཐོབ། །ཐུན་མོང་ཐུན་མིན་ཕ་རོལ་ཕྱིན་བཅུ་རྫོགས། །བཟང་པོ་སྤྱོད་པས་རྒྱལ་བ་དགྱེས་གྱུར་ཅིག། བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ལས་དང་ཉོན་མོངས་གཏན་ནས་བྱང་ཞིང་


LT43_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དག། བྱང་ཆུབ་བར་དུ་སྡོམ་གསུམ་དྲི་མེད་དང་། །འགྲོགས་ནས་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག། ཤེས་རབ་དཔག་མེད་དག་སྣང་ཚད་མེད་འབྱངས། །བསགས་སྦྱང་མྱ་མེད་དམ་ཆོས་རིས་མེད་བཟུང་། །སྤངས་རྟོག་བླ་མེད་འགྲོ་དོན་ཕྱོགས་མེད་འགྲུབ། །རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་བཤེས་གྱུར་ཅིག། སྡིག་ལྟུང་ཐམས་ཅད་དེང་འདིར་འབྱང་པ་དང་། །དགེ་རྩ་ཐམས་ཅད་རླབས་ཆེན་འཕེལ་བ་དང་། །ཅི་བྱས་བྱང་ཆུབ་ཆེན་པོའི་རྒྱུར་གྱུར་ནས། །མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག། ངན་སོང་གསུམ་སོགས་མི་བཟད་འཁོར་བ་པ། །ལུས་སེམས་སྡུག་བསྔལ་ཇི་སྙེད་མཆིས་པ་ཀུན། །མྱུར་དུ་འཛད་ཅིང་བདག་མེད་དོན་རྟོགས་ནས། །ཞི་བ་དམ་པའི་བདེ་བས་འཚོ་གྱུར་ཅིག། ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པ་དང་། །རྒྱལ་བ་སྲས་དང་བཅས་པ་མངོན་སུམ་མཐོང་། །ཆོས་ཐོས་ལུང་བསྟན་མཉམ་ཉིད་རྟོགས་པ་ཐོབ། །རྫུ་འཕྲུལ་ཆེན་པོས་འགྲོ་ཀུན་འདུལ་གྱུར་ཅིག། ཚེ་བསོད་དཔལ་འབྱོར་རབ་རྒྱས་འགལ་རྐྱེན་ཞི། །མདོར་ན་ཚེ་འདིར་བསམ་དོན་ཀུན་འགྲུབ་ནས། །འཕོས་མ་ཐག་ཏུ་འོད་དཔག་མེད་ཀྱི་ཞིང་། །བདེ་བ་ཅན་ཏུ་བརྫུས་ཏེ་སྐྱེས་གྱུར་ཅིག། བཞོན་པ་ཁལ་བཀལ་ཞོ་མར་ཤ་ཁྲག་སྤྱོད། །བཟང་ངན་བར་མའི་ལས་ཀྱིས་འབྲེལ་བ་སོགས། །བདག་ཉིད་


LT43_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཐོས་དྲན་རེག་སྡིག་བྱང་ནས། །བདེ་བ་ཅན་སྐྱེས་ཕྱིར་མི་ལྡོག་གྱུར་ཅིག། ལྷ་ས་བསམ་ཡས་གཡོ་རུ་ཁྲ་འབྲུག་སོགས། །བསོད་ནམས་ཞིང་གྱུར་རྟེན་མཆོག་ཇི་སྙེད་རྣམས། །མཆོད་བསྟོད་སྲི་ཞུ་དཔག་མེད་དང་བཅས་ཏེ། །གངས་ཅན་ལྗོངས་འདིར་རྟག་ཏུ་བཞུགས་གྱུར་ཅིག། བདག་མེད་གཏམ་དང་བདེ་གཤེགས་སྙིང་པོའི་དོན། །ཆོས་ཀུན་སྙིང་པོ་གསང་སྔགས་འབྲས་བུའི་ལམ། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །ཆོས་རྔ་སྒྲོག་པས་འཇིག་རྟེན་གང་གྱུར་ཅིག། ཐུབ་བསྟན་སྒོར་ཞུག་གྲུབ་མཐའ་ཇི་སྙེད་པ། །ཕྱོགས་ལྷུང་ཚིས་སྤང་ལས་ཀྱིས་མི་བསྒྲིབ་པར། །ཕན་ཚུན་ཐུགས་མཐུན་སྤང་ཀློག་འབྱོར་པ་རྒྱས། །ཚོགས་མཆོག་འདུས་པས་ས་ཆེན་གང་གྱུར་ཅིག། རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཕྱུགས་འཕེལ་ཞིང་། །དཀར་ཕྱོགས་ལྷ་མིའི་དབུ་འཕང་དགུང་ལྟར་མཐོ། །བསྟན་ལ་སྲི་ཞུར་བྱེད་པའི་རྒྱལ་བློན་དང་། །ཁྱིམ་བདག་རྣམས་ཀྱི་མངའ་ཐང་རྒྱས་གྱུར་ཅིག། བླ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཆོས་ཉིད་ཆོས་ཅན་བསླུ་མེད་བདེན་པ་ཡིས། །འདིར་བཏབ་ལྷག་བསམ་དགེ་བའི་སྨོན་ལམ་ཀུན། །མྱུར་དུ་ཡོངས་སུ་འགྲུབ་པ་ཉིད་གྱུར་ཅིག། ཅེས་པ་འདི་དང་རྒྱལ་བའི་སྲས་པོའི་རྟགས་ཙམ་


LT43_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་བློ་གྲོས་མཐའ་ཡས་པའི་སྡེས་བོད་ཡུལ་དབུས་འགྱུར་འཆང་ཆོས་འཁོར་དཔལ་གྱི་ལྷ་སར་བྲིས་ཏེ། ཇོ་ཤཱཀ་གཙོས་གཙུག་ལག་ཁང་གསར་རྙིང་རྣམས་དང་། དཔལ་གྱི་བསམ་ཡས། གཡོ་རུ་ཁྲ་འབྲུག་ལ་སོགས་པར་གསེར་ཆབ་དང་སྙན་ཤལ་སྟོང་མཆོད་རྣམས་དང་རྗེས་སུ་འབྲེལ་བར་གསོལ་བ་བཏབ་ཅིང་། ཁྱད་པར་བསམ་ཡས་ཨརྻ་པ་ལོའི་གླིང་དུ་གཞུང་ས་ཆེན་པོའི་བཀའ་བཞིན་བསྟན་པ་སྤྱི་རིམ་དང་འབྲེལ་བར་སྨོན་ལམ་ནན་ཏུ་བཏབ་པ་གཞན་ལ་ཕན་པར་གྱུར་ཅིག། དགེ་ལེགས་འཕེལ།། །།


previousརྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད།next