Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་བ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་བོན།
   
   
   
   
   
   
   


 
previousདེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་བ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་བོན།next

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་བ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་བོན།


LT43_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་བ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་བོན་ཞེས་བྱ་བ་བཞུགས་སོ། །


LT43_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷཱ་ཡ། མཚན་ཙམ་ཐོས་པས་འདི་ཕྱིའི་སྡུག་བསྔལ་ལས། །སྐྱོབས་མཛད་རྒྱུ་འབྲས་ནད་སེལ་སྨན་གྱི་བླ། །བཅོམ་ལྡན་བཻ་ཌཱུརྻ་འོད་རྒྱལ་པོ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ནི་མྱུར་དུ་མངོན་པར་སངས་རྒྱས་ནས། །བདེར་གཤེགས་སྨན་གྱི་བླ་མ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག། བདག་ལུས་འོད་ཀྱིས་འཇིག་རྟེན་གྲངས་མེད་པར། །ལྷང་དེར་སྣང་ཞིང་སེམས་ཅན་ཐམས་ཅད་ཀྱང་། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་བརྒྱན། །བདག་གཅིག་དེ་བཞིན་གཤེགས་པ་དེའི་སྨོན་ལམ་ཆེན་པོ་བཅུ་གཉིས་ནི། ཅི་འདྲ་ཀུན་ཀྱང་དེ་འདྲར་ཤོག།


LT43_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་བཻ་ཌཱུརྻ་།། །།། །ལྟར་བདག་གི་ལུས། །ཤིན་ཏུ་དག་ཅིང་འོད་ཟེར་དྲྭ་བས་བརྒྱན། །མཚན་མོར་བགྲོད་དང་གླིང་བར་སྐྱེས་སོགས་ཀྱི། །མུན་པ་བསལ་ནས་དགེ་ལ་སྦྱོར་བར་ཤོག༢། ཐབས་དང་ཤེས་རབ་དཔག་ཏུ་མེད་པ་ཡིས། །དཔག་གིས་མི་ལོངས་འཇིག་རྟེན་ཁམས་རྣམས་ཀུན། །ལོངས་སྤྱོད་མི་ཟད་པ་དང་ལྡན་བྱས་ཏེ། །སུ་ཡང་ཅིས་ཀྱང་བྲེལ་བ་མེད་གྱུར་ཅིག༣། སེམས་ཅན་གང་དག་ལམ་ངན་ལ་ཞུགས་པ། །སྐལ་པར་འཚམས་པའི་བྱང་ཆུབ་ལ་འགོད་ཅིང་། །ཉན་ཐོས་རང་སངས་རྒྱས་ཀྱི་ལམ་ཞུགས་རྣམས། །བྱང་ཆུབ་བླ་ན་མེད་ལ་འགོད་གྱུར་ཅིག༤། བདག་གི་མིང་ཙམ་ཐོས་པའི་སེམས་ཅན་རྣམས། །སྡོམ་པ་གསུམ་ལྡན་ཚུལ་


LT43_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཉམས་མེད་ཅིང་། །ཚུལ་ཁྲིམས་ལོག་པར་ཞུགས་བས་ངན་འགྲོ་རུ། །ནམ་ཡང་གཅིག་ཀྱང་འགྲོ་བར་མ་གྱུར་ཅིག ༥ །ལུས་ངན་དབང་པོ་མ་ཚང་སྐྱོན་ཅན་དང་། །སྒུར་པོ་ཤ་བཀྲ་འོན་ལོང་སྨྱོན་པ་སོགས། །དེ་ཀུན་བདག་མིང་ཐོས་པས་བདེ་དང་ལྡན། །དབང་པོ་ཆོང་ཞིང་ཡན་ལག་རྫོགས་གྱུར་ཅིག ༦ །སྣ་ཚོགས་ནད་ཀྱིས་ལུས་གཟིར་སྐྱབས་མེད་ཅིང་། །འཚོགས་ཆས་སྨན་མི་བདོག་ལ་བདག་གི་མིང་། །རྣ་བར་གྲགས་བས་ནད་གདོན་རྩད་ནས་ཞི། །བྱང་ཆུབ་བར་དུ་ནད་ལས་ཐར་གྱུར་ཅིག ༧ །སྐྱོན་བརྒྱས་དཀྲིས་པའི་བུད་མེད་ཉོན་མོངས་པ། །གང་དག་རྣ་བར་བདག་གི་མིང་ཐོས་པས། །བྱང་ཆུབ་བར་དུ་བུད་མེད་ལས་ལྡོག་སྟེ། །སྐྱེས་པའི་དངོས་པོ་མཆོག་དང་ལྡན་གྱུར་ཅིག ༨ །བདུད་ཀྱི་ཞགས་པས་བཅིངས་རྣམས་རབ་བཅད་ཅིང་། །ལྟ་བ་མི་མཐུན་མང་པོས་གཟིང་པ་རྣམས། །ཡང་དག་ལྟ་བ་མཆོག་ལ་བཀོད་ནས་ཀྱང་། །མཐར་གྱིས་བྱང་ཆུབ་སྤྱོད་ལ་གཞུག་གྱུར་ཅིག ༩ །སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། །བཅིང་བརྡེག་གོ་རར་གཞུག་ཅིང་གསད་འོས་པ། །དེ་དག་བདག་གི་བསོད་ནམས་མཐུ་ཆེན་པོས། །བདེ་བླག་ཉིད་དུ་འཇིགས་ལས་ཐར་གྱུར་ཅིག༡༠། གང་དག་བཀྲེས་ཤིང་སྐོམ་པའི་མེས་


LT43_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བས། ཁ་ཟས་ཆེད་དུ་སྡིག་ལ་བརྩོན་པ་རྣམས། །རོ་བརྒྱ་ལྡན་པའི་ཟས་ཀྱིས་ཚིམས་བྱས་ཏེ། །ཆོས་ཀྱི་རོ་ཡི་བདེ་ལ་འགོད་གྱུར་ཅིག༡༡། སྒྲེན་མོ་བགོ་བ་མེད་པས་ཚ་གྲང་སོགས། །གནོད་པས་གཅོས་ལ་སྦྱད་འོས་གོས་མཆོག་དང་། །རྒྱན་ཕྲེང་སྤོས་དང་རོལ་མོ་ལ་སོགས་པ། །ཇི་འདོད་སྦྱིན་པས་བསམ་པ་སྐོང་གྱུར་ཅིག ༡༢ །ཆགས་པས་ཟིལ་ནོན་རྣམ་སྨིན་མི་ཤེས་པས། །སེར་སྣས་ཡི་དྭགས་དུད་འགྲོར་སྐྱེས་རྣམས་ཀྱང་། །བདག་མིང་དྲན་མ་ཐག་ཏུ་མིར་སྐྱེས་ནས། །ཚེ་རབས་དྲན་ཅིང་གཏོང་བ་ཆེ་ལྡན་ཤོག། ལྟ་དང་ཚུལ་གཞན་ཡང་རྣམ་ཐར་དང་རྗེས་སུ་མཐུན་པར་གདའ་བ། །ཁྲིམས་ལོག་པར་ཞུགས་པ་ཡིས། །མི་ཟད་དམྱལ་བ་མྱོང་རྣམས་བདག་གི་མིང་། །དྲན་པའི་མོད་ལ་མཐོ་རིས་མཆོག་ཏུ་སྐྱེས། །འཕགས་པའི་ལྟ་དང་ཚུལ་ཁྲིམས་མཐར་བྱིན་ཤོག། ཕྲག་དོག་དབང་གྱུར་བདག་བསྟོད་གཞན་སྨོད་པས། །ངན་འགྲོ་བྲན་གྱི་སྐྱེ་གནས་གྱུར་པ་དག། །བདག་མིང་དྲན་པ་ཙམ་གྱིས་སྡུག་བསྔལ་ཟད། །དབང་རྣོན་དགེ་ཆོས་མཐའ་དག་རྫོགས་བྱེད་ཤོག། ཕྲ་མས་འཁྲུགས་ཏེ་བྱད་སྟེམས་རོ་ལངས་སོགས། །མི་དགེའི་སྦྱོར་བས་ལུས་སྲོག་འཇོམས་པ་དག །བདག་གི་མིང་ཐོས་ཕན་པའི་སེམས་སུ་


LT43_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །སུ་ཡང་གནོད་མེད་ཆོག་ཤེས་སེམས་ལྡན་ཤོག། བདག་ཉིད་རྗེས་སུ་དྲན་པ་སུ་ཡང་རུང་། །འཇིགས་ཀུན་ལས་ཐར་བསམ་དགུ་ཡོངས་སུ་རྫོགས། །སྡིག་སྒྲིབ་ཀུན་ཞི་ངན་འགྲོའི་སྒོ་མོ་བཅད། །བྱང་ཆུབ་མཆོག་ལས་ཕྱིར་མི་ལྡོག་འགྱུར་ཤོག། ཁྱད་པར་བདག་གི་མིང་ཐོས་སེམས་ཅན་ཀུན། །བདེ་བ་ཅན་ཏུ་པདྨའི་སྙིང་པོ་ལས། །བརྫུས་སྐྱེས་མགོན་པོ་ཚེ་དཔག་མེད་པ་མཐོང་། །བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་གྱུར་ཅིག ༈ །མཚན་ཙམ་ཐོས་པས་ལས་སྒྲིབ་རྒྱུན་གཅོད་ཅིང་། །ཐབས་མཁས་ཐུགས་རྗེ་ཆེ་ལྡན་འགྲོ་བའི་མགོན། །མཚན་ལེགས་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ནི་མྱུར་དུ་མངོན་པར་སངས་རྒྱས་ནས། །མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག། སེམས་ཅན་གང་དག་ནད་རིམས་བྱད་སྟེམས་སོགས། །སྣ་ཚོགས་འཇིགས་པས་གཅོས་རྣམས་བདག་གི་མཐུས། །བདག་མིང་དྲན་པས་ནད་གདོན་མོད་ལ་ཞི། །བྱང་ཆུབ་བར་དུ་གནོད་པར་མ་གྱུར་ཅིག ༡ །འོན་ལོང་སྨྱོ་དང་ཤ་བཀྲ་ལ་སོགས་པ། །ཚབས་


LT43_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནད་ཀྱིས་བཏབ་བར་གྱུར་རྣམས་ཀྱང་། །བདག་མིང་དྲན་ཞིང་བརྗོད་པས་བྱང་ཆུབ་བར། །སྡུག་བསྔལ་རྒྱུན་ཆད་དབང་པོ་ཚང་གྱུར་ཅིག ༢ །མཚམས་མེད་ལྔ་དང་དམ་ཆོས་སྤོང་སོགས་ཀྱིས། །བདག་མིང་ཐོས་པའི་མོད་ལ་ལས་སྒྲིབ་ཟད། །བྱང་ཆུབ་བར་དུ་ངན་འགྲོར་མི་སྐྱེ་ཞིང་། །སྐྱེས་པ་དག་ཀྱང་མོད་ལ་ཐར་གྱུར་ཅིག༣། བདོག་པ་མེད་པས་དབུལ་ཕོངས་གྱུར་རྣམས་ཀྱང་། །བདག་མིང་ཡིད་ལ་གནས་པས་སྙིང་པོའི་བར། །ཟས་སྐོམ་དབྱིག་དང་འབྲུ་ནོར་རྒྱན་ཕྲེང་གོས། །མལ་ཆ་སྤོས་སོགས་འབྱོར་པ་འཕེལ་གྱུར་ཅིག༤། གང་དག་བཙོན་རར་བཅིངས་ཤིང་མཚོན་ཆས་བརྡེག། གནོད་པ་དུ་མས་ལུས་ལ་གཟིར་རྣམས་ཀྱི། །ཡིད་ལ་བདག་མིང་གནས་པས་བྱང་ཆུབ་བར། །གནོད་པའི་རྒྱུན་ཆད་བདེ་བས་ཚིམས་གྱུར་ཅིག ༥ །ལུས་ལ་གདུང་བའི་མི་འབར་གཅན་གཟན་དང་། །སྦྲུལ་གདུག་ཁང་ཆུད་སྲོག་ལ་བབ་རྣམས་ཀྱིས། །བདག་མིང་ཡིད་བྱས་འཇིགས་པ་ཀུན་ལས་ཐར། །གདུག་ཅན་ཀུན་ཀྱང་བྱམས་སེམས་ལྡན་གྱུར་ཅིག། འཐབ་མོ་རྩོད་པ་འགྱེད་པས་ཡིད་འཁྲུགས་ཤིང་། །འཇིགས་སྐྲག་དངངས་པར་གྱུར་ཀུན་བདག་གི་མིང་། །ཡིད་ལ་བྱས་པས་འཐབ་རྩོད་རབ་ཏུ་ཞི། །ཕན་


LT43_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

། ཚུན་བྱམས་པའི་སེམས་ལ་གནས་གྱུར་ཅིག ༧ །ཆུ་ཀླུང་རྒྱ་མཚོར་གྲུར་ཞུགས་གླིང་མེད་པར། །ཕྱིན་ཏེ་སྲོག་འདོད་སྨྲེ་སྔགས་འདོན་པ་དག། བདག་མིང་ཡིད་ཀྱིས་བརྗོད་པས་དབུགས་ཕྱིན་ཅིང་། །འཇིགས་པ་མེད་པར་བདེ་བར་བརྒལ་གྱུར་ཅིག ༨ །༈ བདུད་བཅོམ་འཇིག་རྟེན་འདྲེན་པ་རྐང་གཉིས་གཙོ། །རིན་ཆེན་ཟླ་བ་པདྨས་རབ་བརྒྱན་ཅིང་། །མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ནམ་མཁའི་མཁད་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ནི་མྱུར་དུ་མངོན་པར་སངས་རྒྱས་ནས། །གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག། ཞིང་ལས་ཚོང་སོགས་གཡེང་བས་དགེ་ཆོས་ལས། །ཉམས་ཏེ་འཁོར་བའི་ཆུ་བཞིས་གཙེས་རྣམས་ཀྱིས། །བདག་མིང་ཐོས་མ་ཐག་ཏུ་བསམ་དགུས་འབྱོར། །བྱང་ཆུབ་སེམས་དང་དཀར་པོའི་ཆོས་འཕེལ་ཤོག ༡ །བདག་མིང་བདེ་སྡུག་ཚོར་བས་ཉམ་ཐག་པའི། །སྐྱེ་གནས་བཞི་པོའི་རྣ་ལམ་གྲགས་མ་ཐག། །ལས་ཀྱི་སྒྲིབ་བྱང་སྐྱེ་བ་ཐ་མར་གྱུར། །ལྷ་ཡི་བདེ་བ་ཉམས་སུ་མྱོང་གྱུར་ཅིག༢། སྟོང་གསུམ་ཁམས་ན་བུད་མེད་སྐྱེ་གནས་དང་། །བཙས་པའི་ཚོར་བས་གཟིར་ཀུན་བདག་གི་མིང་། །


LT43_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

།དྲན་དང་བརྗོད་པའི་མོད་ལ་སྡུག་བསྔལ་ཞི། །བྱང་ཆུབ་བར་དུ་སྐྱེས་པ་ཉིད་ཐོབ་ཤོག ༣ །འཆི་བདག་དགྲ་དང་དགོན་པའི་གནོང་པས་གཅོས། །མཛའ་བཤེས་ཉེ་དུའི་མྱ་ངན་མྱོང་རྣམས་ཀྱིས། །བདག་མིང་ཐོས་པས་སེམས་ཀྱི་ཟུག་རྔུ་དང་། །འཆི་དང་དགྲ་སོགས་གནོད་པ་ཞི་གྱུར་ཅིག ༤ །མུན་པར་རྒྱུ་ཞིང་ལས་ཀྱི་མཐར་ཞུགས་པར། །སྡིག་ཅན་གདོན་གྱིས་གཅོས་ནས་འཇིགས་པ་དག །བདག་མིང་དྲན་པས་མུན་པ་མེད་པ་དང་། །བགེགས་ཀྱང་བྱམས་ལ་གནས་ཤིང་མཆོད་བྱེད་ཤོག ༥ །ཐབས་ཉམས་ཤེས་རབ་ཆུང་རྣམས་བདག་གི་མིང་། །ཡིད་ལ་ཤར་བས་དཀོན་མཆོག་རྗེས་སུ་དྲན། །གཟུངས་དང་བྱང་ཆུབ་ཆོས་རྣམས་མངོན་དུ་གྱུར། །ཤེས་རབ་ཆེན་པོའི་རྗེས་སུ་འགྲོ་གྱུར་ཅིག ༦ །དམན་ལ་མོས་ཤིང་ཐེག་ཆུང་ལ་ཞུགས་པ། །དེ་དག་བདག་མིང་དྲན་པས་ཉན་རང་གི། །ས་ལ་རྒྱབ་ཕྱོགས་བྱང་སེམས་ཡིད་བྱེད་དང་། །མི་འབྲལ་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག ༧ །སྐལ་པ་ཟད་ནས་གླིང་སོགས་འབར་བའི་ཚེ། །མི་དགེའི་རྒྱུ་ལས་འཇིགས་པ་མྱོང་བ་དག །བདག་མིང་དྲན་བས་བསིལ་བའི་དངོས་ཐོབ་ཅིང་། །སངས་རྒྱས་ཞིང་དུ་བརྫུས་ཏེ་སྐྱེ་གྱུར་ཅིག ༨ ༈ །བསོད་ནམས་བརྒྱ་ཡི་མཚན་གྱིས་ལེགས་འབར་


LT43_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བ། །རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མ་མེད། །རིན་ཆེན་རབ་སྣང་བརྟུལ་ཞུགས་གྲུབ་བ་ལ། །ཕྱག་འཚལ་སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ནི་མྱུར་དུ་མངོན་པར་སངས་རྒྱས་ནས། །བདེ་གཤེགས་གསེར་བཟང་དྲི་མེད་ཇི་འདྲ་བ། །དེ་འདྲ་ཁོ་ནར་བ་དག་ཀྱང་འགྱུར་བར་ཤོག །སྲོག་གཅོད་རྒྱུ་ཡིས་ཚེ་ཐུང་ནད་མང་ཞིང་། །འཆི་རྐྱེན་དུ་མས་གདུང་རྣམས་བདག་གི་མིང་། །ཐོས་པས་ཚེ་རིང་ནད་མེད་ལས་སྒྲིབ་བྱང་། །སུ་ཡང་དུས་མིན་འཆི་བར་མ་གྱུར་ཅིག ༡ །མ་བྱིན་བླངས་པས་དབུལ་པོའི་ཁྱིམ་སྐྱེས་ཏེ། །ཕོངས་པར་གྱུར་རྣམས་བདག་མིང་ཐོས་མ་ཐག །སྒྲིབ་པ་ཀུན་ཟད་དབང་ཕྱུག་ཕུན་སུམ་ཚོགས། །བྱང་ཆུབ་བར་དུ་མ་ཚང་མེད་གྱུར་ཅིག ༢ །གནོད་སེམས་ལྡན་པས་ཕན་ཚུན་འཐབ་པ་དང་། །སྲོག་གཅོད་བྱེད་རྣམས་བདག་གི་མིང་ཐོས་པས། །བྱང་ཆུབ་བར་དུ་ཕན་ཚུན་ཕ་མ་བཞིན། །གནོད་སེམས་སྤོང་ཞིང་ཕན་སེམས་ལྡན་གྱུར་ཅིག ༣ །བསླབ་པ་དྲལ་ནས་དམྱལ་བར་འགྲོ་འགྱུར་བ། །བདག་མིང་ཐོས་པས་ལས་སྒྲིབ་རྩད་ནས་བྱང་། །འཚང་རྒྱའི་བར་དུ་ཉོན་མོངས་ཀུན་བྲལ་ནས། །ལྷག་པའི་ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག ༤ ༈ །


LT43_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

། མཁའ་མཉམ་འགྲོ་བའི་འདྲེན་པ་གྲགས་ཆེན་པོ། །མཐོང་ཐོས་དྲན་རེག་ངན་འགྲོའི་འཇིགས་པ་ལས། །སྐྱོབས་མཛད་མྱ་ངན་མེད་མཆོག་དཔལ་དེ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ནི་མྱུར་དུ་མངོན་པར་སངས་རྒྱས་ནས། །སྐྱོབས་པ་མྱ་ངན་མེད་མཆོག་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག། སེམས་ཅན་གང་དག་མྱ་ངན་འཁྲུགས་པ་དང་། །སྡུག་བསྔལ་མང་པོས་ཡིད་མི་བདེ་བ་ཡིས། །བདག་མིང་ཐོས་བས་སེམས་ཀྱི་ཟུག་རྔུ་ཞི། །འདོད་པས་འབྱོར་ཞིང་རིང་པོར་འཚོ་གྱུར་ཅིག ༡ །སྡིག་པའི་ལས་ཀྱིས་དམྱལ་བ་བསྟིར་མེད་པའི། །མུན་པར་ཆུད་ལ་བདག་ལུས་འོད་ཟེར་གྱི། །སྣང་བས་ཁྱབ་སྟེ་ངན་འགྲོའི་ལམ་ཆད་ཅིང་། །སྡིག་བྲལ་མྱང་འདས་བདེ་ལ་འགོད་གྱུར་ཅིག༢། དབུལ་པོའི་རིགས་གྱུར་ཤིན་ཏུ་ཕོངས་པ་དག །བདག་མིང་ཐོས་ནས་བརྗོད་པས་བྱང་ཆུབ་བར། །བཟའ་བཏུང་མལ་ཆ་གོས་རྒྱན་འབྱོར་པས་ཕྱུག །ལུས་ལ་ལྷ་ཡི་ཁ་དོག་ལྡན་གྱུར་ཅིག ༣ །གནོད་སྦྱིན་འབྱུང་པོས་གཅོས་ཤིང་མདངས་འཕྲོག་པས། །སྡུག་བསྔལ་མང་པོ་ཅན་རྣམས་བདག་གི་མིང་། །ཐོས་པས་ནད་སོགས་གནོད་པ་


LT43_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་ཞིང་། །འབྱུང་པོ་རྣམས་ཀྱང་བྱམས་པའི་སེམས་ལྡན་ཤོག ༤ ༈ །བསོད་ནམས་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤིང་། །སྟོབས་བཅུའི་རྩལ་ལྡན་ལྷ་མིའི་བླ་མ་མཆོག །བདེར་གཤེགས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ཉིད་མྱུར་དུ་མངོན་པར་སངས་རྒྱས་ནས། །རྒྱལ་བ་ཆོས་བསྒྲགས་རྒྱ་མཚོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །དཀོན་མཆོག་སྐུར་འདེབས་བྱང་ཆུབ་ལས་རིང་བ། །ལོག་ལྟ་ཅན་གྱིས་བདག་མིང་ཐོས་པའི་མོད། །ལས་སྒྲིབ་བྱང་ཞིང་མི་ཕྱེད་དད་པ་སྐྱེས། །བྱང་ཆུབ་བར་དུ་ཕྱིར་མི་ལྡོག་གྱུར་ཅིག ༡ །མཐའ་འཁོབ་སྡིག་པའི་ལས་བྱེད་ངན་འགྲོ་པས། །བདག་མིང་ལྷན་ཅིག་ཆོས་སྤྲིན་རྒྱ་མཚོའི་སྒྲ། །ཐོས་པས་སྒྲིབ་དག་ངན་འགྲོའི་སྒོ་བཅད་ཅིང་། །བྱང་ཆུབ་སེམས་དང་རྟགཏུ་མི་འབྲལ་ཤོག༢། གོས་རྒྱན་ན་བའི་སྨན་སོགས་མི་ལྡན་པས། །ཕོངས་ཤིང་སྡིག་པའི་ལས་ཀྱིས་འཚོ་རྣམས་ཀྱང་། །བདག་གི་མཐུ་ཡིས་གོས་སོགས་ཡོ་བྱད་རྣམས། །བསམ་མ་ཐག་འབྱུང་དགེ་ལ་གཞོལ་གྱུར་ཅིག༣། འཐབ་རྩོད་བྱེད་པས་བདག་མིང་དྲན་མ་ཐག །


LT43_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

། མཚོན་ཆ་སླར་ལོག་དགྲ་རྣམས་བྱམས་པས་གནས། །སུ་ཡང་སྲོག་གི་དབང་པོ་མི་འགགས་ཤིང་། །རྟག་ཏུ་རང་ནོར་ཆོག་ཤེས་ལྡན་གྱུར་ཅིག ༤ ༈ །བླ་མེད་ལྷ་མིའི་སྟོན་པ་ཐམས་ཅད་མཁྱེན། །བཅོམ་ལྡན་ཆོས་ཀྱི་རྒྱ་མཚོ་མཆོག་གི་བློས། །རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ཉིད་མྱུར་དུ་མངོན་པར་སངས་རྒྱས་ནས། །རྒྱལ་བ་ཆོས་བློ་མངོན་མཁྱེན་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག། ཞིང་ལས་ཚོང་དང་འཐབ་ལ་སྤྲོ་རྣམས་ཀྱིས། །བདག་གི་མིང་ཐོས་གནོད་སེམས་རྒྱུན་ཆད་ཅིང་། །འཚོགས་ཆས་ཐམས་ཅད་བསམས་མ་ཐག་ཏུ་འབྱོར། །རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་གྱུར་ཅིག ༡ ། གང་དག་མི་དགེའི་ལས་ཀྱིས་ངན་འགྲོ་རུ། །འགྲོ་བར་འགྱུར་རྣམས་བདག་མིང་བདག་གི་མཐུས། །དགེ་བ་བཅུ་ཡི་ལས་ཀྱི་ལམ་དང་ལྡན། །སུ་ཡང་ངན་འགྲོར་འགྲོ་བར་མ་གྱུར་ཅིག ༢ །གཞན་གྱི་དབང་གྱུར་བརྡེག་འཚོགས་གསོད་ལ་སོགས། །ཆད་པས་བཅད་རྣམས་བདག་མིང་དྲན་མ་ཐག །བདག་གི་འོད་ཀྱིས་དེ་དག་བྱང་ཆུབ་བར། །འཆིང་དང་བསྣུན་དང་གསོད་ལས་ཐར་གྱུར་


LT43_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག ༣ །སྡིག་པའི་ལས་ཀྱིས་ཚེ་ཐུང་འཆི་བའི་ཚེ། །བདག་མིང་རྣ་བར་གྲགས་གྱུར་དེ་དག་ཀུན། །མཐོ་རིས་མཆོག་སྐྱེས་ལྷ་མིའི་བདེ་བ་མྱོང་། །སྡིག་པའི་ལས་རྣམས་ཡོངས་སུ་བྱང་གྱུར་ཅིག ༤ ༈ །མཚན་ཐོས་ཙམ་གྱིས་བསྐལ་ཆེན་བརྒྱད་ཁྲིའི་སྡིག། བྱང་ནས་ཕྱིར་མི་ལྡོག་མཛད་ཐུགས་རྗེ་ཅན། །མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་པད་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་ཀུན་གྱི་ཕྱིར། །བདག་ཉིད་མྱུར་དུ་མངོན་པར་སངས་རྒྱས་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག། རྩོད་པའི་དུས་མཐར་མགོན་མེད་གྱུར་པ་རྣམས། །སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་ཡོངས་བཟུང་ནས། །སྨོན་ལམ་ཆེན་པོ་ལྔ་བརྒྱ་མཛད་ལ་སོགས། །ཐམས་ཅད་མ་ལུས་བདག་གིས་འགྲུབ་པར་ཤོག །འདྲེན་པ་རྣམས་ཀྱིས་ཡོངས་སུ་མ་བཟུང་བ། །ཤིན་ཏུ་རྨུ་རྒོད་གྱུར་བའི་འགྲོ་བ་ཡི། །འདྲེན་པར་བདག་གྱུར་བདག་མིང་ཐོས་པས་ཀྱང་། །ཐེག་གསུམ་ལམ་ལས་ཕྱིར་མི་ལྡོག་གྱུར་ཅིག། ཇི་ཙམ་ལོག་སྲེད་ཅན་གྱི་འགྲོ་བར་ཡང་། །བདག་གིས་དགེ་སེམས་གཅིག་ཙམ་བསྐྱེད་ནུས་ཤིང་། །དེ་ཡིས་ཕར་ཕྱིན་དྲུག་པོ་མྱུར་རྫོགས་ནས། །བླ་མེད་བྱང་ཆུབ་


LT43_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་ཐོབ་གྱུར་ཅིག། མདོར་ན་བདག་གིས་ཐབས་མཁས་སྣ་ཚོགས་པས། །དུས་གསུམ་གཤེགས་པའི་རྒྱལ་བ་སྲས་བཅས་ཀྱི། །ཐུགས་བསྐྱེད་སྨོན་ལམ་མཛད་ཕྲིན་ཀུན་འགྲུབ་སྟེ། །འཁོར་བའི་རྒྱ་མཚོ་ཡོངས་སུ་སྟོངས་པར་ཤོག ༈ །ཐུགས་རྗེ་ཆེ་ལྡན་བདེ་གཤེགས་བརྒྱད་པོ་དང་། །འཇམ་དཔལ་སྐྱབས་གྲོལ་རྡོ་རྗེ་འཛིན་ལ་སོགས། །རྒྱལ་བ་སྲས་དང་བཅས་པའི་ཞབས་པད་ལ། །མི་ཕྱེད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སྒོ་གསུམ་ལོངས་སྤྱོད་དགེ་བའི་རྩ་བས་མཆོད། །མི་དགེ་སྡིག་པ་ཅི་བགྱིས་འགྱོད་པས་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་རྒྱས་ཐེག་ཆེན་ཆོས་འཁོར་བསྐོར་བ་དང་། །མྱ་ངན་མི་འདའ་ཡུན་རིང་བཞུགས་གསོལ་འདེབས། །དགེ་ཀུན་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་སྤྱོད་པ་དང་། །ཐབས་མཁས་སྨོན་ལམ་ཁྱད་པར་ཚད་མེད་ཅིང་། །སྟོབས་བཅུ་བརྙེས་བའི་བདེན་པ་ཆེན་པོ་ཡིས། །ཇི་བཏབ་སྨོན་ལམ་ཡོངས་སུ་འགྲུབ་པར་ཤོག། ལྔ་བརྒྱའི་ཐ་མར་ཆོས་ལྟར་བཅོས་པ་ན། །ལས་སྒྲིབ་ནད་དང་སྡུག་བསྔལ་སྣ་ཚོགས་པས། །གཅོས་གྱུར་མགོན་པོ་ཤཱཀྱའི་ཕྱག་མཚན་རྣམས། །རྗེས་སུ་བཟུང་ཞིང་ཕན་སྒྲུབ་པའི་སླད། །


LT43_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱལ་བ་བདུན་གྱི་སྨོན་ལམ་ཐབས་མཁས་ཚུལ། །བདག་ཅག་སྟོན་པས་གསུངས་ཤིང་བྱིན་བརླབས་ཏེ། །རྒྱལ་སྲས་རྣམས་ཀྱི་བཀའ་ལུང་བསྒྲུབ་པ་དང་། །སོ་སོའི་དགོངས་པ་སྐོང་བར་ཞལ་བཞེས་ཤིང་། །དམ་ཆོས་སྐྱོང་བའི་དགེ་བསྙེན་ཆེ་རྣམས་ཀྱིས། །མདོ་སྡེ་འཛིན་ལ་སྲུང་སྐྱོབ་ཁས་བླངས་ལྟར། །མཚན་ཐོས་ནས་ནི་རྗེས་སུ་སློབ་པ་ལ། །བདེན་པ་མངོན་སུམ་སྟོན་པར་མཛད་དུ་གསོལ། །བདག་གིས་བྱང་ཆུབ་མ་ཐོབ་བར་དུ་ཡང་། །སྡིག་སྒྲིབ་ཀུན་ཟད་ངན་འགྲོར་མི་ལྷུང་ཞིང་། །མཐོ་རིས་ཡོན་ཏན་བདུན་གྱིས་རྟག་ཏུ་འབྱོར། །ཚེ་རབས་དྲན་ཞིང་བྱང་ཆུབ་སེམས་ལྡན་ཤོག །འཆི་འཕོ་ནས་ཀྱང་བཻ་ཌཱུརྻ་སྣང་སོགས། །རྫོགས་པའི་སངས་རྒྱས་བདུན་གྱི་ཞབས་དྲུང་དུ། །བརྫུས་ཏེ་སྐྱེས་ནས་ལུང་བསྟན་མཆོག་ཐོབ་སྟེ། །ཚད་མེད་བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །མཚན་མཆོག་ཐོས་ཤིང་གསོལ་བཏབ་བདེན་པ་དང་། །རྒྱལ་བ་སྲས་བཅས་བསོད་ནམས་ཆེན་པོ་ཡིས། །མདོ་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས། །བདག་གཞན་འགྲོ་བས་མྱུར་དུ་ཐོབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་


LT43_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱིན་རླབས་ཀྱིས། །ཇི་བཏབ་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག། ཅེས་པའང་རྒྱ་ཆེན་སྤྱོད་པའི་བློ་གྲོས་དགེ་བ་ཀརྨེ་ཤྭ་ར་ནས་ཆེད་དུ་གཉེར་བ་དང་། རང་ཉིད་ཀྱི་མོས་པས་ཀྱང་བསྐུལ་ཏེ་དད་པའི་བློ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ། རྒྱལ་བས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཏུ་བྲིས་པ་གཞན་ཕན་མཐའ་ཀླས་འབྱུང་བར་གྱུར་ཅིག། དགེ་ལེགས་འཕེལ། །


previousདེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་བ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་བོན།next