Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

3 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
གསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ།
  
  
  
 
  
  


3 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousགསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ།next

གསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ།


LT43_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ་བཞུགས་སོ། །


LT43_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པ་ཕོ་མོས་གསོལ་འདེབས་སྨོན་ལམ་ཞུ་ན། །ཚད་མེད་བཞི་དང་ཕ་རོལ་ཕྱིན་པ་བཅུ། །བསྡུ་དངོས་བཞི་དང་བྱང་ཆུབ་ཕྱོགས་ཀྱི་ཆོས། །མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ། །སྟོན་མཆོག་ཤཱཀྱའི་དབང་པོར་གསོལ་བ་འདེབས། །བདག་སོགས་སྐྱེ་ཀུན་མི་ཁོམས་གནས་སྤངས་ཏེ། །དཀོན་མཆོག་གསུམ་གྱི་གདུལ་བྱའི་ཞིང་གྱུར་ནས། །སྒྲིབ་གཉིས་བྱང་ཞིང་ཚོགས། །ཉིས་རྫོགས་ནས་ཀྱང་། །སྐུ་གཉིས་འབྲས་བུ་མངོན་དུ་ཐོབ་པར་ཤོག ༈ །ཡང་ཨོ་རྒྱན་གསོལ་འདེབས་ཞུ་ན། །དུས་གསུམ་རྒྱལ་བ་ཀུན་དངོས་སྤྲུལ་པའི་སྐུ། །བཀའ་དྲིན་འཁོར་མེད་གུ་རུ་རིན་པོ་ཆེར། །སྙིང་ཁོང་རུས་པའི་གདིང་ནས་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ༈ །བླ་མའི་གསོལ་འདེབས་སྨོན་ལམ་ལ། །ཁ་སྦྱོར་སྐུ་ནི་གང་འདུལ་གཟུགས་སུ་སྣང་། །མཁའ་ཁྱབ་ཆོས་སྒོ་ཚིག་གི་བརྗོད་པ་སྟོན། །སྤྲོས་བྲལ་ཐུགས་དགོངས་རྣམ་པ་ཐམས་ཅད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གདོད་མའི་མཚན་དཔེ་རྡོ་རྗེའི་ལུས་ལ་ཞུགས། །གཞོམ་མེད་ཆོས་སྒྲ་སྲོག་སྩོལ་ངག་ལ་ཞུགས། །བདེ་སྟོང་འོད་གསལ་མོས་གུས་སེམས་ལ་ཞུགས། །བླ་མའི་གསང་བ་གསུམ་དང་དབྱེར་མེད་ཤོག ༈ ཡང་ན།


LT43_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

། སྒྲིབ་བྲལ་རྣམས་ལ་བྲལ་འབྲས་ཆོས་ཀྱི་སྐུ། །ས་ཐོབ་སྣང་ངོར་ངེས་ལྔ་ལོངས་སྤྱོད་རྫོགས། །མ་རྟོགས་འགྲོ་བློར་གང་འདུལ་དེང་ཤར་བ། །སྐུ་གསུམ་ངོ་བོར་བླ་མར་གསོལ་བ་འདེབས། །སྐྱེ་ཀུན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། །མ་ནོར་ཆོས་འཕྲད་ཉམས་ལེན་རྒྱུད་ལ་འབྱོར། །སྡོམ་དང་དམ་ཚིག་རྣམ་དག་འཕེལ་རྒྱས་བརྟན། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག ༈ ཡང་འོད་དཔག་མེད་ལ་གསོལ་འདེབས་བདེ་སྨོན་དང་འབྲེལ་བ། །མཚན་ཙམ་ཐོས་པས་འཁོར་བ་དོང་ནས་སྤྲུགས། །གསོལ་བ་བཏབ་ན་མཆོག་ཐུན་དངོས་གྲུབ་སྩོལ། །རྩེ་གཅིག་དྲན་པས་དག་པའི་ཞིང་དུ་འདྲེན། །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི། །བདེན་པས་ཚེ་འདིར་ཚེ་བསོད་ནམས་རྟོགས་རྒྱས། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་སྐྱེས་ནས། །ཁྱོད་མཚུངས་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག ༈ །བཀའ་བརྒྱུད་སྤྱི་ལ་གསོལ་འདེབས་སྨོན་ལམ། །ཞེན་ལོག་ངེས་འབྱུང་མོས་གུས་གཏེར་ཁ་བརྡོལ། །དཀའ་སྤྱད་བརྩོན་འགྲུས་སྙིང་རུས་མཐར་རུ་ཕྱིན། །ཚེ་གཅིག་རྡོ་རྗེ་འཆང་གི་རྒྱལ་སར་གཤེགས། །དྭགས་པོ་བཀའ་བརྒྱུད་པ་ལ་གསོལ་བ་འདེབས། །མོས་གུས་ལམ་ལོངས་ས་ལམ་གཅིག་ཆོད་བགྲོད། །


LT43_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

། གཉུག་མ་ལྷན་ཅིག་སྐྱེས་པ་སྙིང་ལ་སད། །རྟོགས་པས་བདག་གྲོལ་ཐུགས་རྗེས་གཞན་གྲོལ་ཏེ། །བཀའ་བརྒྱུད་བླ་མའི་གོ་འཕང་འགྲུབ་གྱུར་ཅིག ༈ སྨན་བླ་ལ། །སྨོན་ལམ་ཆེན་པོ་བཅུ་གཉིས་མཐར་ཕྱིན་པས། །དྲན་པ་ཙམ་གྱིས་སྡུག་བསྔལ་རྒྱུ་འབྲས་སེལ། །དགོས་འདོད་ཀུན་འབྱུང་བཻ་ཌཱུརྻ་ཡི་སྐུ། །བཅོམ་ལྡན་སྨན་པའི་རྒྱལ་པོར་གསོལ་བ་འདེབས། །ལུས་སེམས་ཉེས་པ་སྡིག་སྒྲིབ་ཀུན་ཞི་ཞིང་། །སྤངས་རྟོགས་བདེ་ལེགས་རྒྱས་པར་མཛད་དུ་གསོལ། ༈ སྤྱན་རས་གཟིགས་ལ། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་བསྐྱེད་ཀྱིས། །འཁོར་བ་མ་སྟོངས་བར་དུ་འགྲོ་དོན་མཛད། །གངས་རིའི་མགོན་པོ་འཕགས་པ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱང་ཆུབ་སེམས་མཆོག་རྣམ་པ་གཉིས་འབྱོངས་ནས། །མགོན་པོ་མཆོག་དང་མཚུངས་པར་བྱིན་གྱིས་རློབས། ༈ སྒྲོལ་མ་ལ། །སྲས་བཅས་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ། །ཕྱོགས་དུས་རྒྱལ་བ་ཀུན་གྱི་ཕྲིན་ལས་མཛད། །དྲན་པས་དངོས་གྲུབ་ཀུན་སྟེར་གཏན་གྱི་སྐྱབས། །རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ལེགས་ཚོགས་རྒྱས། །བསམ་དོན་ཆོས་བཞིན་འགྲུབ་པའི་བཀའ་དྲིན་སྩོལ། །སརྦ་ཛག་ཏ་ཤུབྷ་མསྟུ། །


previousགསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ།next