Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
སྨོན་ཚིག
   
   
   
   
   


 
previousསྨོན་ཚིགnext

སྨོན་ཚིག


LT43_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཤྲཱི་ཤྲཱི། སྭ་སྟི་སིདྡྷཾ་སརྦཱརྠ་ཡ་ཐཱ་སིདྡྷིརྦྷ་བནྟུ། །མཆོག་གསུམ་རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ། །ཡེ་ཤེས་ཌཱ་ཀིའི་གཙོ་མོ་བདེ་ཆེན་རྒྱལ། །རྗེ་འབངས་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། ༡ སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་གསུང་བསྐུལ་ཞིང་རྟག་པར་བཞུགས་གསོལ་འདེབས། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །རེ་ས་ཁྱོད་ལས་མེད་དོ་ཐུགས་རྗེས་ཟུང་། ༢ ཁྱོད་ཀྱི་ཐུགས་རྗེ་ཕྲིན་ལས་ཚད་མེད་ཅིང་། །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་དང་། །དུས་གསུམ་བསགས་པའི་བསོད་ནམས་ཇི་སྙེད་མཐུས། །སྨོན་ཅིང་གསོལ་བའི་འབྲས་བུ་མྱུར་འགྲུབ་ཤོག ༣ །འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་ལྗོངས། །སྣོད་བཅུད་རྒུད་པ་མཐའ་དག་ཞི་ནས་ཀྱང་། །བདེ་སྐྱིད་རྫོགས་ལྡན་དཔལ་མོ་བཞད་པ་དང་། །མཐོ་རིས་ཡོན་ཏན་བདུན་གྱིས་འབྱོར་པར་མཛོད། ༤ །མཐའ་དམག་རྒྱ་འདྲེ་རྒྱབ་རྟེན་དང་བཅས་པའི། །གནོད་སེམས་ཁ་རླངས་དུག་སྦྱོར་གཏན་ནས་ཞི། །ནད་མཚོན་མུ་གེའི་དུ་རུཥྐ་ལ་སོགས། །སྙིགས་མའི་རྣམ་འགྱུར་མིང་ཙམ་མེད་པར་མཛོད། ༥ །ཡངས་པའི་


LT43_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁམས་འདིས་མཚོན་ཕྱོགས་ཀུན་ཏུ། །ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས། །བཙའ་སད་སེར་གསུམ་མི་ནད་ཕྱུགས་ནད་དང་། །འཁྲུགས་རྩོད་ཀུ་ཞི་བདེ་དང་ལྡན་པར་མཛོད། ༦ །རྒྱལ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག། བཤད་དང་སྒྲུབ་པས་ས་ཆེན་ཀུན་ཁྱབ་ཅིང་། །བསྟན་འཛིན་ཐུགས་མཐུན་སྐུ་ཚེ་རབ་ཏུ་བརྟེན། །བསླབ་པས་རྒྱུད་དག་དགེ་འདུན་སྡེ་རྒྱས་མཛོད། ༧ །སྡེ་བཞི་དགེ་བཅུའི་མངའ་བདག་ས་ཡི་དབང་། །སྐུ་ཚེ་བརྟན་ཅིང་ཆབ་སྲིད་མངའ་ཐང་རྒྱས། །ཕྱོགས་ལས་རྣམ་རྒྱལ་དབུ་རྨོག་བཙན་པོ་ཡིས། །ནོར་འཛིན་ཆོས་བཞིན་སྐྱོང་བར་མཛད་དུ་གསོལ། ༨ །ལུང་རྟོགས་དཔལ་ཀུན་སྤུངས་པའི་ཆོས་ཀྱི་སྡེ། །ས་ཡི་ཁོངས་སུ་མཚུངས་མེད་དར་ཞིང་རྒྱས། །དེར་འཛིན་བརྒྱུད་བཅས་ཚེ་བསོད་སྙན་གྲགས་དང་། །འགྲོ་དོན་ཕྲིན་ལས་རབ་འཕེལ་མཛད་དུ་གསོལ། །ཨོ་རྒྱན་རྒྱལ་བའི་བཀས་བསྔགས་མཆོག་གྱུར་གླིང་། །གཟུངས་མ་སྦྱིན་བདག་བཅས་པའི་འགལ་རྐྱེན་ཞི། །མཐུན་རྐྱེན་ཕུན་ཚོགས་རྟེན་འབྲེལ་ལེགས་དགུ་འགྲིགས། །གུ་རུའི་བཀའ་ལུང་མཐའ་དག་འགྲུབ་པར་ཤོག ༡༠ །བདག་ཅག་འདིར་འདུས་ཕ་མ་འབྲེལ་ཐོགས་གཙོས། །འགྲོ་བ་ཀུན་


LT43_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡིག་སྒྲིབ་ནད་གདོན་ཞི། །ཁྱད་པར་སྡོམ་གསུམ་དང་འགལ་ཉེས་ལྟུང་དང་། །དཀོར་ཟོས་སྐུ་གླུད་སྒྲིབ་སོགས་མྱུར་བྱང་མཛོད། ༡༡ །འཆི་མེད་ཚེ་དང་འགྲིབ་མེད་བསོད་ནམས་དང་། །དཔལ་འབྱོར་སྙན་གྲགས་ཉམས་རྟོགས་ཡོན་ཏན་རྒྱས། །རང་སྣང་དབང་འདུས་གཞན་སྣང་ཟིལ་ནོན་ཏེ། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། ༡༢ །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །ཨོ་རྒྱན་ཡབ་ཡུམ་གཉིས་ཀྱིས་རྗེས་བཟུང་སྟེ། །རྡོ་རྗེ་བཞི་དང་དབྱེར་མེད་གཅིག་གྱུར་ནས། །ཕྲིན་ལས་མཁའ་མཐར་སྤེལ་ནུས་མཛད་དུ་གསོལ། ༡༣། ནམ་ཞིག་འདི་ནས་འཕོས་མ་ཐག་པ་རུ། །པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོར། །ཚོམ་བུ་གཅིག་འདུས་གུ་རུས་རྗེས་སུ་བཟུང་། །འཕོ་ཆེན་བུམ་སྐུར་གྲོལ་བར་མཛད་དུ་གསོལ། ༡༤། འགྲོ་བའི་དོན་དུ་རྒྱལ་བ་སྲས་བཅས་དང་། །རྩ་བརྒྱུད་བླ་མས་སྨོན་ལམ་གང་མཛད་པ། །དེ་དག་ཐམས་ཅད་བདག་སོགས་སེམས་ཅན་གྱིས། །མྱུར་འགྲུབ་བཀྲ་ཤིས་དཔལ་འབར་མཛད་དུ་གསོལ། ༡༥ཞེས་པ་འདི་ནི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡོན་ཏན་གྱི་ཕྲིན་ལས་ཀྱི་གནས་མཆོག་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པའི་གོང་མོ་འོག་


LT43_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནས་ཟབ་ཆོས་སྡེ་དྲུག་རྟེན་དང་དམ་རྫས་ཁྱད་པར་ཅན་དུ་མ་བཅས་ཁྲོམ་གཏེར་དུ་སྤྱན་དྲངས་ཏེ་གཏེར་ཚབ་ཌཱ་གི་གཏེར་སྲུང་ཕྱག་ཏུ་དངོས་སུ་འབུལ་བར་མཛད་པའི་ཚེ། གཏེར་ཆེན་ཉིད་ཀྱིས་བཀའ་སྩལ་བཞིན་འདོད་གསོལ་སྨོན་པའི་ཚིག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་སིདྡྷི་རསྟུ།། །།


previousསྨོན་ཚིགnext