Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
བདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ།
   
   
   


 
previousབདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ།next

བདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ།


LT43_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ་ཞེས་བྱ་བ། རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ཌཱ་ཀི་དམ་ཅན་ཆོས་སྐྱོང་ཚོགས། །གཞི་ལམ་འབྲས་བུའི་རང་བཞིན་བདེན་པ་དང། །རྣམ་དག་ལྷག་བསམ་དགེ་བའི་མཐུ་སྟོབས་ཀྱིས། །རྡོ་རྗེ་སློབ་དཔོན་འདུས་པ་རྒྱ་མཚོ་སོགས། །ཁམས་གསུམ་སྒྲིབ་གཉིས་བག་ཆགས་མ་ལུས་པ། །ཡོ་ག་གསུམ་གྱི་རྣལ་འབྱོར་མཐུས་བཅོམ་སྟེ། །དཀྱིལ་འཁོར་གསུམ་དུ་མངོན་པར་བྱང་ཆུབ་ཤོག །ཟག་བཅས་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཟག་མེད་ལྷ་ཡི་ཕྱག་རྒྱར་སྨིན་ཅིང་རྫོགས། །བཟའ་དང་སྤྱད་པའི་དམ་ཚིག་ལ་སོགས་པར། །སྒྲ་བཞིན་སྤྱོད་པའི་བརྟུལ་ཞུགས་རྩལ་རྫོགས་ཤིང། །ཕྱོགས་བཅུ་རྣལ་འབྱོར་འདུས་པའི་ཇི་སྙེད་པ། །བར་ཆད་མེད་པར་བསྒྲུབས་པ་མཐར་ཕྱིན་ཏེ། །སྐྱེ་བ་འདིའམ་བར་དོའི་གནས་སྐབས་སུ། །རིག་འཛིན་རྣམ་བཞིའི་གོ་འཕང་མཆོག་ཐོབ་ཤོག །འདིར་འདུས་བདག་གཞན་ཕ་མ་སློབ་དཔོན་སོགས། །བཟང་ངན་བར་མའི་ལས་ཀྱིས་འབྲེལ་ལོ་འཚལ། །མཁའ་སྤྱོད་བདེ་ཆེན་པདྨ་འོད་ཞིང་དུ། །ཚོམ་བུ་གཅིག་འདུས་གསང་བའི་མཛོད་འཛིན་ཤོག །ཆོས་ཅན་དུག་ལྔའི་རྟོགས་ཚོགས་ཇི་མཆིས་པ། །ཆོས་ཉིད་ཡེ་ཤེས་བདུད་


LT43_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཆེན་པོར་གྲུབ། །ཉོན་མོངས་ནད་ཀྱི་མིང་ཡང་མི་འབྱུང་བར། །འཕགས་པའི་དགའ་བདེས་རྟག་ཏུ་འཚོ་བར་ཤོག །སྔོན་བྱོན་གྲུབ་པའི་རིག་འཛིན་མཆོག་རྣམས་དང། །དབྱེར་མེད་གོ་འཕང་བདག་གིས་མྱུར་འགྲུབ་ཅིང། །ཐབས་མཁས་ཕྲིན་ལས་རོལ་པ་བསམ་ཡས་རྣམས། །བདེ་བླག་ཉིད་འགྲུབ་འགྲོ་བའི་སྒྲོན་མེར་ཤོག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ། །རང་བྱུང་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་ཡོངས་གྲུབ་ནས། །རྒྱུ་དང་འབྲས་བུའི་ནད་ཀུན་སེལ་བར་ཤོག །བདུད་རྩིའི་ཕོ་བྲང་མཐོང་ཐོས་དྲན་རེག་ཀུན། །སྐྱེ་བ་ཀུན་ཏུ་དངོས་འཛིན་དུག་བཅོམ་ནས། །ཡེ་ཤེས་སྨན་གྱི་ལུས་ཅན་དབུགས་འབྱིན་པའི། །སྨན་པ་ཆེན་པོ་འགྲོ་བའི་བླ་མར་ཤོག །སྒྲུབ་པའི་རྫས་མཆོག་བདུད་རྩི་ཨ་མྲི་ཏ། །དྲི་ཙམ་ཚོར་བའི་མི་དང་མི་མིན་ཀུན། །འོད་གསལ་རྡོ་རྗེ་ཐེག་པའི་རིགས་སད་ནས། །ཟབ་མོའི་ལམ་ལ་འཇུག་པའི་སྐལ་ལྡན་ཤོག །གང་གི་མྱོང་བས་ལས་ཉོན་མོངས་སུ་བྱང། །ལུས་སེམས་སྡུག་བསྔལ་ཟུག་རྔུ་མོད་ལ་ཞི། །སྒོ་གསུམ་རྡོ་རྗེ་གསུམ་གྱི་བྱིན་ཞུགས་ནས། །རྟོགས་པའི་གདིང་ཐོབ་ཕྱིར་མི་ལྡོག་གྱུར་ཅིག །གང་དུ་བཞུགས་པའི་ཡུལ་ཕྱོགས་རྒྱལ་ཁམས་སུ།


LT43_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་མུ་གེ་འཁྲུགས་རྩོད་མཐའ་དག་ཞི། །ལོ་ལེགས་ཕྱུགས་འཕེལ་ཚེ་རིང་དཔལ་འབྱོར་རྒྱས། །ཐམས་ཅད་དགེ་ལ་ངང་གིས་འཇུག་པར་ཤོག །གང་དུ་ཕྱིན་པ་ཙམ་གྱིས་བཀྲ་ཤིས་ཤིང། །བསྟན་འགྲོའི་རྒུད་པ་མུན་ལ་ཉི་བཞིན་བཅོམ། །ཆོས་ལྡན་འབྱོར་པ་ཡར་གྱི་ངོ་བཞིན་རྒྱས། །མི་མཐུན་རྐྱེན་བྲལ་མཐུན་རྐྱེན་ལྷུན་གྲུབ་ཤོག །གང་དུ་བསྒྲུབ་པའི་གནས་གྱུར་མ་ལུས་པར། །རྩ་གསུམ་ཆོས་སྐྱོང་རྒྱ་མཚོས་བུ་ལྟར་དགོངས། །དཀར་ཕྱོགས་དབུ་ཕང་མཐོ་ཞིང་དགྱེས་པས་སྐྱོང་། །གྲུབ་པའི་འདུས་པ་རྒྱུན་ཆད་མེད་འབྱོན་ཤོག །ཡང་སྲིད་ཀུན་ཏུ་གསང་བའི་ཐེག་པ་འཛིན། །གསང་ཆེན་ལམ་གྱིས་འཁོར་བ་དོང་ནས་སྤྲུགས། །ཟག་མེད་བདེར་རོལ་དཔལ་ཆེན་ཆེ་བའི་མཆོག །སྐྱེ་འདི་ཉིད་ལ་ཡོངས་སུ་འགྲུབ་གྱུར་ཅིག །ཅེས་པའང་ཡར་ལུང་བསམ་འགྲུབ་ཤེལ་གྱི་བྲག་ཏུ་གངས་ཅན་བསྟན་འགྲོ་སྤྱིའི་རིམ་གྲོར། རྒྱལ་དབང་ཀརྨ་པ་དང་གཞུང་ས་རིན་པོ་ཆེ་རྩེ་ཤོད་ཀྱི་དགོངས་བཞེད་ལྟར་གཏར་གཏེར་གསལ་སྒྱུ་འཕྲུལ་དྲྭ་བའི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ། པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །


previousབདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ།next