Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of གཡར་ཁང་
[Clear Hits]


  
  
ཀླད་ཀྱི་དོན།
collapse section
  
collapse section
collapse section
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  


1 occurrence of གཡར་ཁང་
[Clear Hits]

 
previousཀླད་ཀྱི་དོན།next

ཀླད་ཀྱི་དོན།

༄༅། །ཤྲ དྡཱ ཡཱ ར ཐ བི མོ ཀྵ མ ཧཱ ནི དྷི དྷ རྨ རཱ ཛ སྱ ནཱ མ བི ཧ ར ཏི སྨ། །

༄༅། །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

༄༅། །བྷ ཊྚཱ ར ཀ ས རྦ ཛྙ མ ཧཱ ནི དྷི དྷ རྨ སྱ རཱ ཛ སྱ བི མོ ཀྵཱ ཤྩ ཪྱཱ དྦྷུ ཏ སྱ ཀ ཐཱ ཤྲ དྡྷཱ ཡཱ ར ཐ ནཱ མ། །

༄༅། །རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བའི་གཏམ་དད་པའི་ཤིང་རྟ་ཞེས་བྱ་བ།

༄༅། །ན མཿ ཤྲཱི མཱཾ ས ཏྒུ རུ ཏ ཏྭ སྱ པཱ དཱ ཡཱ ད རེ ཎ། །

༄༅། །དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །

ཡོ ྅ ཏྲཾ ཛ ག ཏྟ པ ནཱ པོ ཧ། །སཾ ཧཻ ཏ བྷཱ ནུ ནི དྷི སྦཱི ཏ། །

གང་འདིར་འགྲོ་བའི་གདུང་སེལ་ཞིང་། །ཕན་བདེའི་སྣང་བ་རྒྱས་པའི་གཏེར། །

ཤུ བྷྲཱཾ ཤུ ཀཱ རུ ཎ ཙོ དཻ ཏ། །ཤྲཱི མཱཾ ན མོ གུ རུ པཱ དཱ ཡ། །

ཐུགས་རྗེའི་འོད་དཀར་སྤྲོ་བ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །

བི ཤྭ ཤ ཏ དུ རྫ ལ སུ བཱ ནྟཱི ཀྲྀ ཏ།།ཨ ཀྵ ར ས མ ནྟ བྷ དྲ སྱ ལ ལི ཏ།།

སྣ་ཚོགས་ཉེས་བརྒྱའི་དྲ་བ་རབ་བསལ་ཞིང་།།མི་འགྱུར་ཀུན་ཏུ་བཟང་པོའི་རོལ་པ་ཅན།།

པྲ ས ར ཛ ཡ ཤེ ཥ ཡུ ཏྤཱ ད པི ཏཱ།།ཨོ ཌཱི ཡ ཎ སྱ ཨཱ ཙ ཪྻ ཤི རཻ ྉྤ ཛཾ། །

རབ་འབྱམས་རྒྱལ་བ་མ་ལུས་བསྐྱེད་པའི་ཡབ།།ཨོ་ཌཱི་ཡ་ཎའི་སློབ་དཔོན་སྤྱི་བོས་མཆོད།། གང་ཞིག་ལྷ་དང་ཀླུ་དབང་གྲུབ་པའི་རིག་འཛིན་ཚོགས་ཀྱིས་ལག་པའི་པདྨོ་གེ་སར་ཁ་འབུས་མཐིང་སྔོན་རལ་པའི་གཙུག་ཏུ་བཀོད་ནས་ཞབས་ཟུང་བཀྲ་ཤིས་འཁོར་ལོ་འདེགས་པར་ཉེར་བརྩོན་ལ། །ཡིད་འོང་སྐྱེད་བྱེད་མཐོ་རིས་མཛེས་མ་དག་གི་ལག་པའི་གསེར་གདུབ་རྩེ་དགའ་རྒོད་བྱེད་གཡུ་ཡི་ཕྲ་ཚོམས་འཐབས་ལས་ལི་ཁྲིའི་རྡུལ་བརྩེགས་ཉི་འོད་འབུམ་ཕྲག་ལྷུང་བའི་སྣང་བས་མཆོད་བྱེད་ཅིང་། །སྒྲ་དབྱངས་རང་བཞིན་བསྡུས་ལས་ལེགས་འཁྲུངས་ཀུན་དགའི་ཟླ་བ་ཟོལ་ལ་འགོད་པའི་སྔོན་མེད་ལང་ཚོ་ངོམ་དང་ལྷན་ཅིག་མཚུངས་མེད་གླུ་དང་རྒྱུད་མང་འདྲེས་པའི་སྙན་འགྱུར་སྒྲ་དབྱངས་ལས་བྱུང་བའི། །སྙན་ངག་ངོ་མཚར་རྒྱན་མང་ལྡན་པས་བསྟོད་བྱའི་ཡུལ་གྱུར་རྫོགས་པའི་སངས་རྒྱས་དེ་གསུང་ཆོས་དང་དེ་འཛིན་བྱེད་པོ་འཕགས་པའི་ཚོགས་ཏེ་མཆོག་གསུམ་ངོ་བོ་བླ་མའི་ཞབས་ལ་ཕྱག་བགྱིའོ། །གང་ཐུགས་དམ་པའི་ཡོན་ཏན་གྱིས་བསིལ་དམིགས་པའི་རྙོག་པ་དང་བྲལ་སྙིང་རྗེའི་ཆུ་ཡིས་ཀུན་ནས་བརླན། །རྣམ་པར་དཀར་བའི་འཕྲིན་ལས་རླབས་འཕྲེང་དུས་ལས་ཡོལ་བ་མེད་པར་ཕྱོགས་རྣམས་ཀུན་ཏུ་རྣམ་པར་གཡོ། །རྒྱལ་བ་རྒྱལ་སྲས་རིན་ཆེན་འབྱུང་གནས་རྨད་བྱུང་བསྟོད་དབྱངས་ཆུ་ཀླུང་དུ་མ་ཀུན་ནས་འཇུག་པའི་གཞི། །དཔལ་ལྡན་བླ་མ་གངས་ཆེན་མཚོ་དེའི་ཕུན་ཚོགས་ཆུ་རྒྱུན་སྙིང་གི་རྫིང་བུར་ཀུན་ཏུ་འབབ་གྱུར་ཅིག །མ་ལུས་འགྲོ་བའི་བསོད་ནམས་མཁའ་ལ་རྟག་འཆར་ཉིན་མོར་བྱེད་པའི་སྐུ་ནི་ངོ་མཚར་ཕན་བདེའི་འོད་སྣང་སྤྲོ་ཡང་བདུད་གླིང་མུན་པར་མཛད་པ་ཉིད། །གང་གསུང་ཐོག་མ་དབུས་མཐར་དགེ་བའི་དམ་ཆོས་བདུད་རྩིས་སྐལ་བཟང་རྣ་བའི་བཅུད་ལེན་གྱུར་ཀྱང་མེ་ཏོག་མདའ་ཅན་རིགས་ལ་མྱ་ངན་ཅི་ཡང་སྦྱིན། །མཆོག་ཏུ་འགྱུར་མེད་ཀུན་ཁྱབ་མཁའ་ལྟར་ཟབ་པའི་ཐུགས་ནི་འབད་རྩོལ་བྲལ་ཡང་ནོར་བུ་ཇི་བཞིན་འགྲོ་འདུལ་མཛད་ལ་བསྙེལ་བ་མི་མངའི་གཏེར་གཅིག་པུ། །ཁྱབ་བདག་རྡོ་རྗེ་སློབ་དཔོན་མཆོག་གི་བྱིན་རླབས་སྣང་བས་འཁོར་བཞིའི་གླིང་དུ་རྣམ་པར་རྒྱུ་འདིའི་སྙིང་གི་མུན་ཆེན་དཔག་ཡས་སེལ་བའི་བཀའ་དྲིན་སྩོལ། །སྟོན་པའི་རྒྱལ་ཚབ་རྒྱལ་བ་གཉིས་པ་དཔལ་ལྡན་བླ་མའི་མཛད་པ་ཆ་ཙམ་བརྗོད་པས་ཀྱང་། །དུས་གསུམ་ཀུན་ཏུ་སྒྲ་དབྱངས་རྫོགས་པའི་ཐུབ་པ་རྣམས་ཀྱི་ཡོན་ཏན་ཀུན་ཀྱང་བརྗོད་པ་སྟེ། །དེ་ལྟ་བས་ན་མཁའ་ལྟར་རབ་ཡངས་ཆུ་སྲིན་གནས་བཞིན་གཏིང་མཐའ་དཔག་དཀའི་རྣམ་ཐར་ཕུལ། །མཐའ་དག་བརྗོད་ལ་རྒྱལ་བ་ཀུན་ཀྱང་བརྡུགས་པར་འགྱུར་ན་རྨོངས་བདག་ནས་འདིར་ཅི་ཕྱིར་རྩོལ། །འོན་ཀྱང་ཡོན་ཏན་རླབས་འཕྲེང་རབ་བཞད་མཛད་པའི་ཆུ་ཀླུང་ཇི་སྙེད་ཀུན། །མ་ལུས་འཇུག་པར་མ་གྱུར་ན་ཡང་དད་པའི་རྔ་ཡབ་རྩེ་མོ་ཡིས། །ཆུ་ཐིགས་ཙམ་ཞིག་བླངས་པ་ཡིས་ཀྱང་སྲིད་པའི་ཚ་གདུང་ཀུན་སེལ་ན། །འདི་བརྗོད་དོན་དང་ལྡན་པ་ཉིད་ཕྱིར་དྭང་བའི་དབྱངས་ཀྱིས་བརྗོད་པར་བྱ། །དེ་ཡང་ངོ་མཚར་རྨད་བྱུང་མཛད་པའི་གཏམ། །ཐོས་ན་དད་པའི་སྤུ་ལོང་གཡོ་བ་དང་། །བྱང་ཆེན་སྤྱོད་ལ་འདྲེན་པའི་ཤིང་རྟ་བཞིན། །ཐར་འདོད་གདུང་སེལ་དགའ་སྟོན་འདི་ནའོ། །


previousཀླད་ཀྱི་དོན།next