Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of གཡར་ཁང་
[Clear Hits]


  
  
collapse section
  
collapse section
collapse section
མི་ཟད་པ་མེ་ཁྱིའི་ལོ་ནས་དགུང་ལོ་ཞེ་བཞིའི་བར་གྱི་མཛད་པ།
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  


1 occurrence of གཡར་ཁང་
[Clear Hits]

 
previousམི་ཟད་པ་མེ་ཁྱིའི་ལོ་ནས་དགུང་ལོ་ཞེ་བཞིའི་བར་གྱི་མཛད་པ།next

མི་ཟད་པ་མེ་ཁྱིའི་ལོ་ནས་དགུང་ལོ་ཞེ་བཞིའི་བར་གྱི་མཛད་པ།

༈ ༀ་སྭ་སྟི་སིདྷཾ། གང་གི་ཡོན་ཏན་དཔག་ཡས་ཆུ་གཏེར་ཆེར། །བདག་ཡིད་དད་པའི་གཉིས་འཐུང་སོང་གྱུར་པས། །ཐར་གླིང་དེད་དཔོན་བླ་ན་མེད་པ་དེའི། །ཞིང་འདིའི་མཛད་པ་བརྗོད་ལ་སྤྲོ་བར་གྱུར། །མཐའ་དག་འདི་ཞེས་ཁམས་གསུམ་ཀུན་སྦྱོར་ལས། །རྣམ་པར་གྲོལ་བ་རྣམས་ཀྱིའང་བསྙད་བྱ་མིན། །འོན་ཀྱང་དམ་པའི་གསུང་ནན་མ་ལྡོག་པས། །ཐུན་མོང་མཛད་པ་ཆ་ཙམ་དེང་འདིར་བརྗོད། །གང་ཞིག་ཐོས་ན་མོས་དགེ་ལྡན་རྣམས་རྣ་བའི་བདུད་རྩི་བླ་ན་མེད། །ཁེངས་ལྡན་རྣམས་ཀྱི་བཞིན་གྱི་པདྨོ་བརླན་བྲལ་ཇི་བཞིན་ས་ལ་འདུད། །སྐལ་མེད་ཕྲག་དོག་ལྡན་པ་རྣམས་ཀྱི་ཡིད་ལ་མྱ་ངན་ཅི་ཡང་སྦྱིན། །གཟུར་གནས་བློ་གྲོས་ལྡན་པའི་མཁས་རྣམས་གྲགས་དཀར་བ་དན་ཕྱོགས་བཅུར་བསྒྲེང་། །དེ་དག་རྒྱལ་བའི་རྣམ་ཐར་ཕུལ། །འདི་བརྗོད་པ་ཡི་ཡོན་ཏན་ཡིན། །དེ་ཕྱིར་རྨད་བྱུང་རྟོགས་བརྗོད་འདིས། །མཁས་རྣམས་ཡིད་ཀྱི་དགའ་སྟོན་བྱ། །ད་ནི་སྐུ་ཚེ་འདིའི་རྣམ་པར་ཐར་པ་རྒྱས་པར་བརྗོད་པར་བྱའོ། །དེ་ལ་ཐོག་མར་བདག་ཉིད་ཆེན་པོ་འདི་ནི་ལྐོག་ཏུ་གྱུར་པའི་དོན་རྣམས་གཟིགས་པའི་མངོན་ཤེས་ཐོགས་པ་མེད་པ་མངའ་བ་ཉིད་ཀྱིས་རིགས་རུས་ཆོ་འབྲང་དམན་པ་ཞིག་ཏུ་སྐུ་འཁྲུངས་ན་ཁ་ན་མ་ཐོ་བ་དང་བཅས་པས་བསྟན་པ་དང་སེམས་ཅན་མང་པོ་ལ་མི་ཕན་པར་གཟིགས་ནས་མཐོ་ཞིང་གཙང་བ་དམ་པའི་རིགས་བརྒྱུད་ཕུན་སུམ་ཚོགས་པར་སྐྱེ་བ་བཟུང་བའི་ཚུལ་ནི། ལྷོ་ཕྱོགས་ན་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་སངས་རྒྱས་ཤིང་རྒྱ་བའི་གནས་མ་གྷ་དྷ་རྡོ་རྗེ་གདན་ལ་སོགས་ཏེ་དམ་པ་ཆོས་ཀྱི་འབྱུང་གནས་རྒྱ་གར། ཤར་ན་འཕགས་པ་འཇམ་དཔལ་གྱི་ཞིང་རི་བོ་རྩེ་ལྔ་སོགས་རྩིས་དང་ནོར་གྱི་འབྱུང་གནས་རྒྱ་ནག ནུབ་ན་འཕགས་པ་གསེར་བེའུའི་བཞུགས་གནས་གུར་གུམ་གྱི་རྩེ་མོའི་གནས་སོགས་རིག་པའི་འབྱུང་གནས་ཀསྨི་ར། བྱང་ན་རིགས་ལྡན་སྤྲུལ་པའི་ཞིང་ཁམས་ཤམྦྷ་ལ་དང་དཔའ་བོའི་འབྱུང་གནས་ཧོར་ཡུལ་ཏེ། དེ་རྣམས་ཀྱིས་ཕྱོགས་བཞི་ནས་བསྟེན་ཅིང་། གངས་རིའི་དོ་ཤལ་གྱིས་བསྐོར་བའི་དབུས། པུར་རྒྱལ་བོད་ཀྱི་ལྗོངས་འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨོས་བྱིན་གྱིས་བརླབས་ཤིང་དེ་ཉིད་ཆོས་ཀྱི་རྒྱལ་པོའི་རྣམ་པར་རོལ་པས་ལེགས་པར་སྐྱོང་བའི་གནས། རི་མཐོ་ཞིང་ས་གཙང་བ་ཆུ་བྲག་ཤིང་གསུམ་སོགས་བཀྲ་ཤིས་དང་དགེ་མཚན་དུ་མས་སྤྲས་པའི་སའི་ཐིག་ལེ། ཟས་ནོར་གོས་རྒྱན་སོགས་མངོན་པར་འདོད་པའི་ནོར་དང་ཡོ་བྱད་བསམ་གྱིས་མི་ཁྱབ་པ་མངའ་བས་འདོད་དགུའི་འབྱུང་གནས་སུ་གྱུར་པ། སྐོར་གསུམ། རུ་བཞི། སྒང་གསུམ་དུ་ཕྱེ་བའི་ལྗོངས་འདི་ན་གནས་པའི་མི་རྣམས་ཀྱི་རུས་ཡོངས་སུ་གྲགས་པ་ནི་མིའུ་གདོང་དྲུག་ཅེས་འབྱུང་ཡང་། བདག་ཉིད་ཆེན་པོ་འདིའི་རིགས་ནི་འོད་གསལ་གྱི་ལྷ་ལས་ཆད་པ་ཞིག་སྟེ། དེ་ཡང་སྔོན་གྱི་དུས་ན་བོད་ཡུལ་གྱི་སའི་ཆ་ཁ་རག་ཏུ་མི་རྣམས་ཀྱིས་སྔོན་ཆད་མཐོང་མ་མྱོང་བའི་སྐྱེས་བུ་གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྒྱས་པ། ཤངས་ཀྱི་གཟེངས་མཐོ་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་ཚུགས་རིང་བ། དབང་པོ་གསལ་བ། པགས་པ་ནི་མེ་ཏོག་ཀུནྡ་ལྟར་དཀར་ཞིང་འཇམ་པ་མིག་གི་བདུད་རྩིར་གྱུར་པ་ཞིག་སྣང་བར་གྱུར་ཏོ། །དེའི་ཚེ་མི་རྣམས་ཀྱིས་བསམས་པ། མི་ལ་སྐྱེས་བུ་བྱད་གཟུགས་མཚར་བ་མཚན་དང་ལྡན་པ་འདི་འདྲ་བ་སྔོན་ཆད་ས་ཕྱོགས་གང་ནའང་མཐོང་ཐོས་མ་བྱུང་ན་ཅི་སུ་ཞིག་གམ་སྙམ་ནས། ལྷའི་བུའམ། འོན་ཏེ་མི་འམ་ཅིའི་བུ་གང་ཡིན་ཞེས་དྲིས་པ་དང་། དེ་ན་རེ་ཁོ་བོ་ནི་སྔོན་ཆད་འཛམ་བུའི་གླིང་འདིར་སྣང་བ་མ་ཡིན་གྱི། འོད་གསལ་གྱི་ལྷའི་གནས་ནས་འོངས་པ་ཞིག་གོ །ཞེས་ཟེར་རོ། །དེར་མི་རྣམས་ཡ་མཚན་པར་གྱུར་ནས་བླའི་གནས་སུ་བཀུར་བར་བྱས་སོ། །དེའི་ཚེ་མིའི་གྲིབ་ཀྱིས་ལྷའི་བུ་ཉིད་མྱོས་པར་གྱུར་པ་ན་སྨྱོས་ཞེས་དེའི་རིགས་བརྒྱུད་ལ་ཡང་གྲགས་སོ། །དེ་ལྟ་བུའི་སྐྱེས་བུ་དེ་ལས་དམ་པའི་རིགས་བརྒྱུད་རིམ་པར་ཆད་པའི་ཕྱི་རུས་ནི་སྨྱོས་ཡོན་ཏན་གྲགས་སོགས་ཁ་རག་གི་ལྷ་པ་རྣམས་ཡིན་ལ། ནང་རུས་ནི་ལྷ་བཀྲ་ཤིས་དབང་ཕྱུག་གི་སྲས་སྨྱོས་ཞིག་གྲགས་པ་རྡོ་རྗེའི་བརྒྱུད་པ་མཐིང་མ་པ་རྣམས་ཡིན་ཏེ། དེ་ཡང་མངའ་བདག་གི་ལུང་བྱང་ལས། སྤར་རྗེས་ཅན་གྱི་བྱང་ཕྱོགས་སུ༔ ལས་ཀྱི་མཁའ་འགྲོས་བྱིན་རླབས་པ༔ རུས་སྨྱོས་དམ་ཉམས་སྒྲོལ་ལ་བརྩོན༔ བྱ་མཐིང་མ་ཞེས་བྱ་བ་འབྱུང༔ ཞེས་ལུང་བསྟན་པ་ལྟར་ཉང་རིན་པོ་ཆེ་ཡབ་སྲས་ཀྱི་སློབ་མ་བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་མཐིང་མ་སྨྱོས་ཞིག་ཆེན་པོ་ནས། སྨྱོས་སྒོམ་ཆེན་པོ་པདྨ་རྡོ་རྗེ། ཨ་མི་ཀཱིརྟི། བླ་མ་གྲགས་པ་བཀྲ་ཤིས། སྟོན་པ་གྲགས་རིན། དེ་ཉིད་ཀྱི་སྲས་གྲགས་པ་རྒྱལ་མཚན་ནི་གྲགས་འོད་དང་ཡུམ་མི་གཅིག་པའི་སྤུན་དུ་གྱུར་པ་གོང་མ་དབང་གྲགས་རྒྱལ་བའི་བླ་མཆོད་སྐུ་བསྲུངས་པ་སྟེ། དེ་ཡན་ཆད་རྒྱུད་བཤད་མན་ངག་ཀུན་ལ་མཁས་པའི་རྡོ་རྗེ་འཛིན་པ་ཤ་སྟག་གོ །དེའི་ཚེ་སྔོན་ལྷ་སྲས་མུ་རུག་བཙན་པོས་ཞང་སྣ་ནམ་གྱི་བུ་བཀུམ་པའི་ཞལ་ལྕེ་འགོས་རྒན་གྱིས་བཅད་དེ་གྲྭ་དོལ་གཞུང་གསུམ་གྱི་བདག་པོར་དབང་བའི་ཞང་གི་སྟོབས་འབྱོར་རྣམས་ཀྱང་བགས་ཀྱིས་བྲི་ཞིང་ཁྱད་པར་བརྒྱུད་མཐའ་རྫོགས་པ་ན། གོང་མའི་ཞལ་ཏས་སྨྱོས་གྲགས་རྒྱལ་གྱི་སྲས་ཇོ་འབུམ་དཔལ་གྱིས་ཞང་གི་སར་སྐུ་མག་ཏུ་བྱོན་པ་ལས། འཕགས་པ་དཔལ། བསོད་ནམས་གྲགས། དོན་གྲུབ་རྣམ་རྒྱལ། མགོན་པོ་ཚེ་དབང་། རྣམ་རྒྱལ་ལྷུན་གྲུབ་སྟེ་མི་རབས་ལྔའི་མཐར་དཔོན་དྲུང་ཚེ་དབང་རྡོ་རྗེ་བྱོན་ཅིང་། དེ་དག་ཀྱང་ཡི་དམ་ཆོས་སྐྱོང་གི་བཟླས་སྒོམ་ལ་བརྩོན་ཞིང་ནུས་མཐུས་བརྒྱན་པ་སྔགས་དཔོན་སྦྲགས་མའི་འཕྲིན་ལས་ཀྱིས་ཡ་རབས་དུ་མའི་བསྔགས་འོས་སུ་གྱུར་པ་འབའ་ཞིག་གོ །ཡབ་དཔོན་དྲུང་དེ་ཉིད་དང་། ཡུམ་སྤ་གོར་གྱི་རིགས་ཚེ་རིང་བུ་དགའ་གཉིས་ལ་སྲས་ལང་འགྲོའི་རྣམ་སྤྲུལ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན་དང་། ན་ལུང་འཁྲུལ་ཞིག་ཅེས་རྟོགས་པའི་མངའ་བདག་དེ་གཉིས་སོ། །དེ་ཡང་གཅེན་ཀུན་མཁྱེན་ཆེན་པོ་ནི། ཆོས་རྗེ་དཔལ་དོན་གྲུབ་པའི་སྤྲུལ་སྐུ་སྟེ། མེ་ཕོ་བྱི་བའི་ལོ་ལ་གཡོ་རུ་དོལ་དུ་སྐུ་འཁྲུངས། འབྲས་ཡུལ་སྐྱེད་ཚལ་དུ་འབུམ་རབ་འབྱམས་པ་ཐར་པ་རྒྱལ་མཚན་ལ་གཏུགས་ནས་ཀ་ཆེན་བཞི་དབུ་མ་སྡོམ་གསུམ་དང་བཅས་པ་ལ་མཁས་པར་སྦྱངས། གཞན་ཡང་མཁས་པ་མང་པོ་བསྟེན་ཏེ། བྲིས་འབུར་སོགས་བཟོའི་གནས་དང་། སྒྲ་སྙན་ངག་སྡེབ་སྦྱོར། གསོ་རིག །རྩིས་སྐར་ནག་སོགས་ཐ་སྙད་ཀྱི་གནས་རྣམས་དང་། ཁྱད་པར་གསུང་སྤྲུལ་བསྟན་འཛིན་གྲགས་པ་སོགས་རྡོ་རྗེ་འཛིན་པ་མང་དུ་བསྟེན་ཏེ། གསང་སྔགས་ཕྱི་ནང་གི་དབང་ལུང་རྒྱུད་བཤད་ལག་ལེན་མན་ངག་མང་པོ་ལ་སྦྱངས་ཤིང་མཁས་པར་གྱུར་ནས་སྒྲུབ་སྡེ་ཕན་ཚུན། སྲིན་ཞོལ་ཐ་ཕུག་སོགས་སུ་ཡུན་རིང་དུ་སྒྲུབ་པར་མཛད་པས་རྟོགས་པའང་མངོན་པར་མཐོ་བ་ཞིག་སྟེ། ཅི་མཛད་རྗེ་བཙུན་མར་དྲིས་པས་ལུང་སྟོན་པ་དང་། ལས་མགོན་དང་ལྷ་མོ་ངན་ནེ་མས་ཁོལ་པོ་བཞིན་དུ་ལས་སྒྲུབ་པ་སོགས་ཡོན་ཏན་ཁྱད་པར་ཅན་མང་དུ་མངའ་ཞིང་། སྙིང་ཐིག་མན་ངག་སྙིང་པོ་བསྡུས་པ་སོགས་ཕྱི་ནང་གི་གནས་རྣམས་ལ་བསྟན་བཅོས་ཀྱི་རྩོམ་པ་དང་། འཆད་ཉན་གྱིས་སྐལ་ལྡན་གྱི་སློབ་མ་མང་དུ་བསྐྱངས་ནས། རྣམ་ཐར་ཞལ་གསུངས་མའི་མཇུག་བསྡུར། འཆི་བར་དགའ་བའི་མདོ་སྔགས་བསྟན་འཛིན་བདག གདོད་མའི་ས་ལ་བསྟན་སྲིད་འཛིན་པ་ལ། །གསལ་འདེབས་ལ་སོགས་སྤྲོས་པ་བྱ་མི་དགོས། །དེ་ལྟར་རང་ལོ་ང་གསུམ་བར་དག་ཏུ། །ཞེས་སོགས་གསུངས་ཤིང་། དེ་ཁོ་ན་ལྟར་དགུང་ལོ་ང་གསུམ་པ་ལ་གཤེགས་སོ། །དེ་ལྟ་བུའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་ལྷོ་བྲག་ཤར་གྱི་དཔོན་ཆེན་ཡུགས་རྫོང་པ་མ་ཎི་ཨིནྡྲ་ཞེས་ནང་དུ་རིག་སྔགས་འཆང་བའི་དབང་ཕྱུག་ཆེན་པོར་བཞུགས་པ་དེའི་སྲས་མོ་ལྕམ་དགོས་དགོས་ཞེས་བྱ་བ་ཁབ་ཏུ་བསུས་པའི་སྲས་སུ། གཏེར་གསར་དང་། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་སྲོག་སྒྲུབ་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་བསྟན་ཅིང་། མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་གསུངས་པའི་ལུང་བྱང་དང་སྐྱེ་བརྒྱུད་སྔ་མ་རྣམས་ཀྱི་ལོ་རྒྱུས་ལས་དྲན་པ་ནམ་མཁའི་སྤྲུལ་པར་བཤད་པའི་དམ་པ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྤྲུལ་པས་འགྲོ་བའི་དོན་དུ་བྱོན་པ་རྗེ་འདིའི་ཡབ་སྨྱོས་སྟོན་མཁས་གྲུབ་ཆེན་པོ་ཨོ་རྒྱན་ཚེ་འཕེལ་ལམ་མཚན་གཞན་རིག་འཛིན་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་ལྕགས་མོ་ཕག་གི་ལོ་ལ་ཆག་བྱང་ཆུབ་གླིང་གི་དགོན་པར་སྐུ་བལྟམས། གཞོན་ནུ་ནས་རང་གི་ཡབ་ཀུན་མཁྱེན་ཆེན་པོ་སོགས་ལས་ཕྱི་ནང་གི་ཤེས་བྱའི་གནས་དང་། ཁྱད་པར་ཀུན་མཁྱེན་ཆོས་རྗེའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་སོགས་བཀའ་གཏེར་མང་པོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད་ཅིང་། གཞན་ཡང་པད་གླིང་གསུམ་པ་ཚུལ་ཁྲིམས་རྡོ་རྗེ། ལོ་ཆེན་གཞན་ཕན་རྡོ་རྗེ། ལྷ་བཙུན་ནམ་མཁའ་འཇིགས་མེད། རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། འཁྲུལ་ཞིག་ནོར་བུ་ཆོས་བསྟན། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། གྲུབ་ཆེན་ཆོས་དབང་ཀུན་བཟང་། ཟུར་ཆེན་བཀྲ་ཤིས་ཀུན་དགའ། སྤ་བྲོ་བ་ཆོས་དབང་ལྷུན་གྲུབ་སོགས་བླ་མ་མང་དུ་བསྟེན་ནས་བཀའ་གཏེར་གྱི་དབང་ལུང་རྒྱུད་བཤད་ལག་ལེན་མན་ངག་མཐའ་ཡས་པ་གསན་ཞིང་། སྲིན་ཞོལ་ཐ་ཕུག སྨུག་པོའི་དབེན་རི། ལྷོ་དབུས་ཀྱི་སྒྲུབ་སྡེ་རྣམས་སུ་སྒྲུབ་པ་ལ་ནན་ཏན་མཛད་པས་རྟོགས་པ་མངོན་པར་མཐོ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཏེ། ཐོགས་པ་མེད་པའི་མངོན་ཤེས་མངའ་བ་དང་། ལྷ་སྲིན་རྣམས་བཀའ་འབངས་སུ་ཁོལ་ནུས་པའི་མཐུ་སྟོབས་དང་ལྡན་པས་བསྟན་པའི་ལྕགས་རི་ཆེན་པོ་མཛད་ཅིང་། དབུས་གཙང་ལྷོ་མོན་ཁམས་ཀོང་གི་སྐལ་ལྡན་མང་པོ་རྗེས་སུ་བཟུང་བས་བརྒྱུད་འཛིན་གྱི་སྲས་རང་ལས་ལྷག་པའི་བུ་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་གཙོས་རང་མཉམ་གྱི་བུ་ལྔ་སོགས་ཏེ་ཡོངས་སུ་འཛིན་པའི་བཤེས་གཉེན་བསྟན་པ་གསལ་བར་མཛད་པ་པོ་མཐའ་ཡས་པ་བྱུང་ཞིང་། མདོར་ན་འོད་གསལ་རྡོ་རྗེ་ཐེག་པའི་བསྟན་པའི་བདག་པོར་གྱུར་པ་ཞིག་ལགས་ཏེ། དོན་དུ་ན་ལུང་བསྟན་མང་པོར་གནུབས་ཆེན་གྱི་སྤྲུལ་པར་གསུངས་པས་ན་ས་བཞི་པའི་བྱང་ཆུབ་སེམས་དཔའ་དེ་དང་། ཡུམ་ཡང་རིགས་བརྒྱུད་ཆོ་འབྲང་ཕུན་སུམ་ཚོགས་པ་ཤཱཀྱ་ལི་ཙ་བཱི་ལས་མཆེད་པ་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་དྲི་མ་མེད་པ་སྟེ། དེ་ཡང་མངའ་བདག་འོད་སྲུངས་ཀྱི་སྲས་དཔལ་འཁོར་བཙན། དེ་ལ་སྲས་གཉིས་བྱུང་བ་ལས་ཆུང་བའི་སྲས་བཀྲ་ཤིས་བརྩེགས་པ་དཔལ། དེ་ལ་སྲས་གསུམ་བྱུང་བའི་འབྲིང་པོ་འོད་ལྡེ། དེ་ལ་སྲས་བཞི་བྱུང་བ་ལས་ཁྲི་ཆུང་གི་རྟིང་ལ་ཡར་ཀླུངས་སུ་བྱོན། དེའི་སྲས་འོད་ཀྱི་འབར། དེའི་སྲས་བདུན་གྱི་དང་པོ་ཁྲི་ལྡེ་འབར། དེའི་སྲས་དྲུག་གི་ནང་ནས་མངའ་བདག་གཡུ་ཐོག་པའི་བརྒྱུད་པ་ལ། སྣ་མོ་བ། ཕྱི་ང་བ། དོན་དཀར་བ། ཐང་འཁོར་བ་སྟེ་བཞི་བྱུང་བ་ལས། སྣ་མོ་བ་དུམ་པོ་ཆེའི་བརྒྱུད་ཡར་རྒྱབ་ཏུ་མཆེད་དེ། གྲྭའི་རྟགས་རྗེ་མཁར་དང་། བདེ་སྐྱིད་གླིང་སོགས་བཟུང་། རྟིང་སོར་བདེ་སྐྱིད་གླིང་པ་ལས་འཇད་འདུམ་པོ་བ་མཆེད་དེ། རིམ་པར་ཞི་རྙིང་གི་སྦྱིན་བདག་ཟམ་མ་ཆད་པར་བྱོན་པའི་མཐར། ཐ་སྙད་ཀྱི་རིག་གནས་ལ་མཁས་ཤིང་ཁྱིམ་ན་གནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པས་འཚོ་བ་རྗེ་དོན་གྲུབ་དབང་རྒྱལ་བའི་སྲས་མོ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་ནི་རྗེ་བཙུན་དམ་པ་འདིའི་ཡུམ་ཡིན་ལ། དེ་ཉིད་ཀྱང་ལས་འབྲས་ལ་ཡིད་ཆེས་ཤིང་། དཀོན་ཅོག་ལ་གཅིག་ཏུ་དད་པས། རྟེན་གསུམ་བཞེངས་བ་དང་དགེ་བའི་བཤེས་གཉེན་མཆོད་པ་སོགས་ཡོན་ཏན་དུ་མ་དང་ལྡན་པ་ཞིག་སྟེ། ཁྱད་པར་ཡབ་རྗེ་ཉིད་ལ་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་སྩལ་བའི་ལུང་བྱང་ལས། རྟ་ནག་ཤེལ་དཀར་མཚོ་སྒྲོན་གྱི། །སྤྲུལ་པ་བྱི་ལོ་དབྱངས་ཅན་མིང་། །རང་གནས་གྲྭ་ཡི་ཕྱོགས་ནས་འབྱུང་། །སྲོག་ལ་འབབ་འདྲའི་ཉེས་སྐྱོན་སྐྱོབ། །ཅེས་གསུངས་ཤིང་། དེ་དང་མཐུན་པར་འཆད་འགྱུར་ལྟར་རྗེ་འདིའི་གཏེར་ལུང་ལས་ཀྱང་གསུངས་པས་གདོན་མི་ཟ་བར་ཡེ་ཤེས་ཀྱི་ཌཱ་ཀི་མའོ། །དེ་ལྟར་ན་ཕ་བརྒྱུད་མའི་ཡན་ལག་དང་། མ་བརྒྱུད་ཕའི་ཡན་ལག་དང་བཅས་པ་བརྒྱུད་མར་ཆོས་ལ་སྤྱོད་པའི་ཆོ་འབྲང་ཕུན་སུམ་ཚོགས་པ་ཡིན་ནོ། །པདྨའི་མཚོ་ལ་ངང་པའི་རྒྱལ་པོ་དང་། །ཉིན་མོར་བྱེད་པ་ལྷ་ཡི་ལམ་དུ་བཞིན། །མཐོ་དང་གཙང་མའི་རིགས་སུ་འཁྲུངས་པ་ཡང་། །རྒྱལ་སྲས་སྤྱི་ཡི་རྨད་བྱུང་རྣམ་ཐར་ཡིན། །ཡབ་ཡུམ་འདི་གཉིས་སྐུའི་སྐྱེ་བ་འདིར་མ་ཟད་སྐུ་ཚེའི་རབས་དུ་མར་འབྲེལ་བ་ཅན་ཡིན་ཏེ་སྔོན་གནུབས་ཆེན་འཕགས་ཡུལ་དུ་མ་རུ་རྩེར་སྐྱེ་བ་བཞེས་པའི་ཚེ་དེ་ལ་སྲས་ལྕམ་སྲིང་གསུམ་བྱུང་བའི་སྲིང་མོ་དགའ་ལྕམ་ནི་ཤེལ་དཀར་རྡོ་རྗེ་མཚོ་ཡིན་པར་གསུངས་པ་སོགས་གནུབས་ཀྱི་རྣམ་ཐར་རྣམས་སུ་རྒྱ་ཆེར་འབྱུང་ངོ་། །དེ་དག་ཀྱང་རང་གཏེར་གབ་རྒྱ་ཅན་གྱི་ལུང་བྱང་ལས། སུམ་ཅུ་ཁ་རལ་སྙིགས་མ་ལྔ་བདོའི་དུས༔ བསམ་ཡས་ལྷོ་ནུབ་གྲྭ་ཞེས་གཡོ་རུའི་སར༔ ལུང་པ་བྱང་ལྟ་དོར་མ་བརྐྱངས་འདྲའི་ཚིགས༔ སྲིན་མོ་འཛེགས་འདྲའི་དགེ་བསྙེན་སྔགས་ཞོལ་དུ༔ བུདྡྷ་ཛྙཱ་ནའི་སྤྲུལ་པ་ཚེ་མིང་ཕ༔ ཤེལ་དཀར་མཚོ་སྒྲོན་སྤྲུལ་པ་དབྱངས་མིང་མས༔ བསྐྱེད་པའི་རྣལ་འབྱོར་སྔགས་ཀྱི་བརྟུལ་ཞུགས་ཅན༔ མེ་ཁམས་ཁྱི་ཡི་ལོ་པ་པདྨའི་མིང༔ གཟུགས་བྱད་ཧ་ཅང་མི་རིང་མི་ཐུང་བ༔ མདངས་སྣུམ་རིན་ཆེན་རིགས་ཀྱི་རྟགས་འཆང་བ༔ པདྨ་ང་ལ་མོས་པ་ལྷག་པར་བྱེད༔ བཅོ་བརྒྱད་ལོ་ལ་གཏེར་ཁ་དང་པོ་འབྱེད༔ ཅེས་ལུང་བསྟན་པའི་དོན་བཞིན་ཡབ་རྗེ་རིག་འཛིན་ཆེན་པོ་དགུང་ལོ་སུམ་ཅུ་རྩ་ལྔ་དང་། ཡུམ་དགུང་ལོ་ཉི་ཤུ་རྩ་གཉིས་པ་ཤིང་མོ་བྱའི་ལོ་ལ་སེམས་དཔའ་ཆེན་པོ་འདི་ཀླུའི་རྒྱལ་པོའི་ཚུལ་དུ་ཡབ་ཡུམ་ལ་རྨི་ལྟས་བསྟན་ནས་ལྷུམས་སུ་ཞུགས་ཏེ། དེའི་ཚུལ་ནི་ཡབ་ཀྱི་མནལ་ལམ་དུ་བུད་མེད་མཚན་དང་ལྡན་པ་ཞིག་གིས་ཧྲཱིཿཡིག་དམར་པོ་སྙིམ་པ་གང་ཕུལ་བ་ཞལ་དུ་གསོལ་བ་དང་། ཡུམ་གྱི་མནལ་ལམ་དུ་ཡུལ་པའི་བུ་མོ་སྙིང་སྡུག་ཟེར་བ་ཞིག་ཡོད་པ་དེས་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་ཞིག་གཏད་ནས་འདི་ངེད་རང་ཚོའི་རྟེན་གཙོ་རང་ཡོང་བ་ཡོད་པས་གཉེར་ཚགས་དམ་པོ་གྱིས་ཟེར་བ་དང་། ཡང་བུད་མེད་སྐྲ་རྒྱབ་སྙིལ་ལྷས་པ་ལ་མགྲོན་རྒྱན་བཏགས་པ་ཞིག་དང་ཡུལ་པའི་སྐྲ་ཆེན་མའི་ལུགས་སུ་བྱས་པ་གཉིས་སྐུ་དྲུང་དུ་འོངས་ནས་འདི་ཚོ་ལ་ལྟོས་དང་ཟེར། གཟིགས་པས་ཕ་ཚད་ན་བྱིས་པ་མང་པོའི་དབུས་ན་གཞོན་ནུ་སྐྱེ་མཆེད་མཚར་བ་རས་ཀྱི་ཕོད་ཀའི་སྟེང་ཆམ་སེ་འདྲ་བའི་སྟོད་གཡོགས་གྱོན་པ་ཞིག་ཧོར་སྟེགས་ཀྱིས་འདུག་པ་ལ་སུ་ཡིན་དྲིས་པས། གཅིག་ན་རེ། འདིའི་རྒྱུས་ང་ལ་ཡོད་དེ་མི་སྨྲ་ཟེར། གཞན་དེས་འདི་ཁྱེད་རང་གི་བྱིས་པ་ཡིན་འདིའི་བདག་ངེད་གཉིས་ཀྱིས་བྱེད་པ་ཡིན་ཟེར་བ་ཞིག་རྨིས། དེ་ནི་ཤ་ཟ་ཌཱཀྐི་མ་དང་གཉན་གྱི་ལྷ་མོ་གཉིས་ཡིན་པར་ཡབ་རྗེ་ཉིད་གསུངས་ཞེས་ཐོས་སོ། །གཞན་ཡང་ཉི་མའི་དཀྱིལ་འཁོར་ཤར་བ། མི་མང་པོ་གཙང་ཆབ་ལས་སྒྲོལ་འདོན་བྱེད་པ་སོགས་མནལ་ལྟས་ཡ་མཚན་ཅན་མང་པོ་བྱུང་བ་དང་། མནལ་སད་པའི་ཚེ་བདེ་གསལ་མི་རྟོག་པའི་ཉམས་རྩོལ་མེད་དུ་ཐུགས་ལ་འཆར་བ་ཡང་ཡང་བྱུང་ཞིང་། སྐུ་ལུས་མཐོ་ཡང་མི་བདེ་བ་མེད་ལ། སྐུ་མདངས་ལེགས་པར་གྱུར་ཅིང་། དད་པ་དང་སྙིང་རྗེ་རྩོལ་མེད་དུ་ཐུགས་ལ་འཁྲུངས་པ་སོགས་བྱུང་ཞེས་གྲགས་ན། བདག་ཉིད་ཆེན་པོ་འདི་ཉིད་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་དུ་མ་ལ་སྙོམས་པར་ཞུགས་པར་ངེས་པས་དེའི་མཐུ་དཔལ་འབའ་ཞིག་ཏུ་གོར་མ་ཆག་གོ །དེ་ནས་མངལ་འཛིན་པའི་ཟླ་བ་རྫོགས་པ་དང་། འཕགས་ཡུལ་དུ་ཨ་བྱ་ཡ་ཞེས་པ་མི་ཟད་པར་གྲགས་ཤིང་། ཤར་ཕྱོགས་མང་བཀུར་གྱི་ཁབ་ཏུ་བིང་ཟུའི་ཞེས་པ་མེ་ཕོ་ཁྱིའི་ལོའི་ཧོར་ཟླ་གཉིས་པ་སྟེ། རྒྱ་རྩིས་པའི་དབྱར་ར་སྦྲུལ་གྱི་ཟླ་བ་དང་། རྒྱ་གར་བ་ལ་སོགས་པའི་དབོའི་ཟླ་བ་རྟ་བདུན་གྱི་དབང་པོ་ཉའི་ཁྱིམ་དུ་སྤྱོད་པས་བཟང་པོའི་ཟླ་བར་འབོད་ཅིང་། རྟེན་འབྲེལ་བའི་ལུགས་ཀྱི་རྣམ་པར་ཤེས་པའི་ཟླ་བ་དང་། བོད་རྒྱལ་པོའི་ལུགས་ཀྱི་དཔྱིད་ཟླ་ར་བའི་ཡར་ངོའི་ཚེས་དགུའི་མཚན། ཕྱེད་ཡོལ་ཐོ་རངས་ཁར་ཉེ་བ། ཡོན་ཏན་གྱི་དབྱངས་ཨོ། རེས་གཟའ་པ་ཝ་སངས། སྐར་མ་ནབས་སོ། འཕྲོད་འགལ་མེ། སྦྱོར་བ་མཛའ་བོ། བྱེད་པ་རིགས་ཅན། རྟེན་འབྲེལ་སྐྱེ་བ། སྦྲུལ་གྱི་ཉི་མས་སླེབ་པ་ཚེས་ཞག་བཅུ་པ་ལ་བབས་པ་ན། རུ་བཞི་ལས་གཡོ་རུའི་སའི་ཆ། བསམ་ཡས་ནས་རྩིས་པའི་ལྷོ་ནུབ། ཇིང་གིར་ཧོར་གྱི་ལུང་གིས་དབུས་གཙང་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བ་ལས་མཚལ་པ་ཁྲི་སྐོར་དུ་གཏོགས་པ་གྲྭ་ཕུན་ཚོགས་དགེ་བའི་གླིང་ཞེས་གྲགས་པའི་བྱེ་བྲག་གྲྭ་ནང་རིག་པའི་འབྱུང་གནས་ཀྱི་ལུང་པའི་ཚིགས་རི་བོ་སྲིན་མོ་གྱེན་དུ་འཛེགས་པ་ལྟ་བུའི་སྙིང་གའི་སྟེང་། སྤྲུལ་པའི་སྐྱེས་མཆོག་སྣ་ཚོགས་རང་གྲོལ་གྱི་གདན་ས། སྔར་འོད་གསལ་སྙིང་པོའི་མན་ངག་ཉམས་སུ་ལེན་པའི་བྱ་བཏང་འབའ་ཞིག་གིས་འཛིན་པ་ལས་དུས་ཀྱི་འགྱུར་བས་དེང་སང་དགེ་བསྙེན་རིག་སྔགས་འཆང་བའི་ཇོ་སྲས་མང་དུ་འདུ་བའི་སྒྲུབ་དབེན་དར་རྒྱས་ཆོས་གླིང་ཞེས་བྱ་བ་སྟེ། དེའི་ནང་ཚན་གནས་ཀྱི་ཁྱད་པར་འོད་གསལ་རྩེ་ཞེས་བྱ་བའི་གཟིམས་སྤྱིལ་དུ་ས་གཡོ་བ་དང་འོད་ཆེན་པོ་དང་མཁའ་ལ་འཇའ་ཚོན་འཁྲིགས་པ་སོགས་དགེ་མཚན་གྱི་ལྟས་ངོ་མཚར་བ་དང་ལྷན་ཅིག་ཏུ་ཡུམ་ལ་གནོད་པ་མེད་པར་བདེ་བར་སྐུ་བལྟམས་སོ། །དྲི་ཡི་བཞོན་པས་རབ་བསལ་སྤྲིན་རུམ་ནས། །རི་བོང་འཛིན་པའི་དཀྱིལ་འཁོར་འཐོན་པ་བཞིན། །གཞོན་ནུ་མཚན་དཔེའི་ཆ་ཤས་རྫོགས་པའི་སྐུ། །རིགས་ལྡན་ཡུམ་གྱི་ལྷུམས་ནས་བལྟམས་པར་གྱུར། །མ་ལ་སྒྱུ་འཕྲུལ་མ་ལས་དོན་གྲུབ་དང་། །འདམ་གྱི་ཁྲོད་ནས་འདམ་སྐྱེས་པདྨོ་བཞིན། །མངལ་ནས་བལྟམས་ཀྱང་མངལ་གྱི་ཉེས་སྐྱོན་དང་། །སྲིད་པར་འཁྲུངས་ནའང་སྲིད་པས་གོས་པ་མེད། །དེའི་ནུབ་མོ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན་གྱི་གྲྭ་པ་བསྟན་འཛིན་གསལ་བྱེད་བྱ་བའི་རྨི་ལམ་དུ་གཟིམས་སྤྱིལ་དེ་ལ་འཇའི་གུར་གདུགས་ལྟར་དུ་ཕུབ་པ་དང་། ནམ་མཁའི་མཐོངས་ནས་ན་ཆུང་མང་པོས་མཆོད་པ་བྱེད་པ་སོགས་རྨིས་པས་ཕྱིས་སུ་ཡང་ཞབས་དྲུང་གདུང་བརྒྱུད་འདི་སྐྱེས་ཆེན་ཞིག་ཡོང་བ་ཡོད་ཅེས་ཁའི་ལས་སུ་ཟེར་བ་ཐོས། དེ་ཡང་སྨྱོས་ཀྱི་གདུང་བརྒྱུད་རྣམས་མེ་ཁམས་པ་ཡིན་པས། དེའི་ཚེ་དབྱར་སྒང་ལྟ་བུའི་ནམ་ཟླ་དྲོས་པ་དང་ཉི་མའི་དཀྱིལ་འཁོར་དྭངས་ཤིང་གསལ་བར་གྱུར་པ་ན་རྒན་པོ་རྣམས་འདི་ནི་བཟང་བའི་ལྟས་ཡིན་ཞེས་གླེང་བར་གྲགས། ཡབ་རྗེའི་གསུང་ལས་ཀྱང་། ད་ལམ་མངལ་དུ་ཞུགས་པ་ནས་བཟུང་ལྟས་རྣམས་ཀྱང་ཤིན་ཏུ་བཟང་། བླ་མ་དང་མཁའ་འགྲོའི་ལུང་བསྟན་ཐོག་ཏུ་ཁེལ་བ་ཞིག་འོང་བར་འདུག་གསུངས། དེའི་ལུང་བསྟན་ནི་འདི་ཡིན་ཏེ། ཡབ་རྗེ་ཉིད་དགུང་ལོ་སོ་གསུམ་པ་ཆུ་ལུག་སྣྲོོན་ཟླའི་ཚེས་བཅུའི་ནུབ་འོད་གསལ་གྱི་གཟིགས་སྣང་ལ་གུ་རུའི་དབང་རྟེན་སྲིན་པོའི་བུ་མོ་བདེ་ཆེན་རྒྱལ་མོས་ལུང་བསྟན་པ་ལས། རང་ལས་ལྷག་པའི་བུ་ལྔས་བསྟན་པ་སྐྱོང་། །བརྒྱུད་འཛིན་སྲས་གཅིག་ཉི་ཟླ་ལྟ་བུར་གསལ། །ཞེས་དང་། མཁའ་འགྲོ་དེས་སྦྲུལ་ལོ་ཟླ་བ་ལྔ་པའི་ཉེར་ལྔའི་ནུབ་ལུང་བསྟན་པ་ལས། ཁྱོད་དང་སྔོན་ནས་སྨོན་ལམ་གྱི་མཐུ་ལས་གྲུབ་པའི་ལས་ལྡན་གྱི་སློབ་མ་རང་ལས་ལྷག་པའི་བུ་གཅིག རང་མཉམ་གྱི་བུ་ལྔ། ཞེས་པའི་ལུང་བསྟན་དེ་ཡིན་པར་སྣང་ངོ་། །སྐུ་བཙས་མ་ཐག་ཡབ་རྗེ་ཉིད་ཀྱིས་དབང་རྗེས་གནང་དང་སྐུ་ཁྲུས་བྱིན་རླབས་སོགས་བསྲུང་བའི་ཆོ་ག་དང་། བློ་རྣོ་བའི་རྟེན་འབྲེལ་ཡང་མཛད། ཡུམ་གྱི་ཡབ་མཁས་པ་དོན་གྲུབ་དབང་རྒྱལ་གྱིས་རྡེའུ་བརྒྱ་སོ་དྲུག་པས་གཏན་ལ་ཕབ་པའི་བཙས་ཀླུང་སོགས་རྩིས་ལས་བྱུང་བའི་རྟེན་འབྲེལ་མང་པོ་མཛད་ཅིང་། མཚན་ཀུན་དགའ་དངོས་གྲུབ་རིན་ཆེན་དབང་གི་རྒྱལ་པོ་ཞེས་བཏགས་སོ། །ཀུན་ཏུ་འགྲོ་ལ་དགའ་སྟེར་དངོས། །མཆོག་གྲུབ་རེ་སྐོང་ཡིད་བཞིན་གཏེར། །ཕུལ་བྱུང་རིན་ཆེན་གན་མཛོད་ལ། །དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་ཞེས། །ངོ་མཚར་མཚན་དབྱངས་དེ་གསོལ་ཚེ། །གཞོན་ནུ་ལ་ནི་དོན་གྲུབ་བཞིན། །མཚན་དང་མཐུན་པར་སྐྱེ་རྒུ་ཀུན། །ཀུན་དགའི་དཔལ་ལ་སྤྱོད་པར་གྱུར། །དེ་ནས་རིམ་གྲོ་པ་ཀརྨ་ལྷ་མཛེས་བྱ་བ་ལ་གཏད་དེ་སྐུ་བསྐྱེད་བསྐྲུན་པའི་ཚེ་ན་ཡང་ཞབས་ཏོག་སྒྲུབ་སླ་ཞིང་། སྙུང་གཞི་དཀོན་པ་སོགས་ཞབས་རིམ་པ་རྣམས་ངལ་བ་ལས་སྐྱོབ་པར་མཛད་ཅིང་། རྫིང་ན་གནས་པའི་པདྨ་བཞིན་དུ་སྐུ་སྐྱེད་མྱུར་དུ་འཕེལ་བར་གྱུར་ཏོ། །གཞོན་ནུ་རོལ་རྩེད་མཛད་པའི་ཚེ་སྐུ་ཁམས་དྭངས་ཤིང་ཐུགས་མྱུར་བ་ཞིག་ཡོད་ཀྱང་ཐ་མལ་གྱི་སྤྱོད་པ་གཏན་ནས་མི་མཛད་པ་ཁྱེའུ་རྩེད་གྲོགས་མང་པོའི་དབུས་སུ་རང་ཉིད་ཁྲི་ལ་བཞུགས་ནས་ཆོས་འཆད་པའི་ཚུལ་དང་། འཇིམ་པ་ལ་སྐུ་བརྙན་བཞེངས་ཏེ་མཆོད་པ་འབུལ་བའི་ཚུལ་དང་། དགེ་འདུན་གྱི་གཟུགས་གྲལ་ལ་བསྒྲིགས་ཏེ་གདུགས་ཚོད་ཞུ་བའི་ཚུལ་དང་། རྒྱལ་སྲས་ལྷ་དབང་ཀུན་དགའི་ཕྱག་སྦུབ་ཡིན་ཟེར་བའི་ཕེབ:ཏབ་༼རྡོབ༽ཆུང་ངུ་ཞིག་ཡོད་པ་བསྣམས་ནས་འཆམ་དབྱངས་ཀྱི་རྣམ་འགྱུར་མཛད་པ་དང་། རེས་འགའ་གཅིག་པུར་མི་གཡོ་བར་བཞུགས་ནས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། སྨན་སྦྱིན་གཏོང་བའི་ཚུལ་མཛད་པ་སོགས་ཏེ། མདོར་ན། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །བཟོད་པ་དང་ནི་མོས་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་མདོ་སྡེ་རྒྱན་ལས་གསུངས་པ་ལྟར་རྒྱལ་བའི་རི གས་ཀྱི་ནུས་པ་ཡང་དག་པར་བརྟས་པའི་ཚུལ་ཁོ་ན་སྟོན་པར་མཛད་དོ། །གཞོན་ནུ་དང་པོའི་ལང་ཚོ་བསྐྱེད་ཙམ་ནས། །སྔོན་དང་ཕྱི་མའི་རྣམ་ཐར་འདིའོ་ཞེས། །རང་གི་ཕུལ་བྱུང་མཛད་པ་མཚོན་པའི་བརྡའ། །ལེགས་སྟོན་ངོ་མཚར་གནས་འདིར་སུ་མི་གུས། །

མཁས་གྲུབ་ཀྱི་བླ་མ་རྣམས་ལས་གསན་སྦྱོང་མཛད་པ།

༈ དེ་ལྟར་རིམ་གྱིས་སྐུ་བསྐྱེད་བསྲིངས་ཏེ་མཁས་གྲུབ་ཀྱི་བླ་མ་རྣམས་ལས་གསན་སྦྱོང་མཛད་པའི་ཐོག་མར་འགྲན་ཟླ་དང་བྲལ་བའི་རྡོ་རྗེ་འཆང་ཆེན་པོ་ཡབ་རྗེ་རིག་འཛིན་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་ལས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་། ཆོས་རྗེ་སྤ་གྲོ་བ་དང་ལྷན་དུ་གསན་པར་མཛད། ཐུགས་དྲན་གྱིས་ཟིན་ཚུན་ཆད་དབང་གསན་པའི་ཐོག་མ་དེ་ཡིན་གསུང་། དབང་དེའི་ནང་གི་དྲེགས་པའི་སྲོག་དབང་གི་སྐབས་དྲེགས་པ་རེ་རེ་བཞིན་ནས་ཞབས་བ རྫིས་གསུམ་གསུམ་ཙམ་མཛད་པས་ཡབ་རྗེའི་ཞལ་ནས་དྲེགས་པ་ལས་ལ་འཁོལ་བ་ཞིག་འོང་བར་འདུག་ཅེས་གསུངས། གཞན་ཡང་དེའི་ཚེ་སྤ་གྲོ་ཆོས་རྗེ་དང་མཉམ་དུ་ན་རག་དོང་སྤྲུགས་ཀྱི་དབང་དང་། དགོངས་འདུས་ཀྱི་དབང་། དར་གླིང་དུ་དཔེ་རྒྱུན་གང་བཞུགས་ཀྱི་རྙིང་མ་རྒྱུད་འབུམ་པོད་ཆེན་བཅོ་བརྒྱད་ཀྱི་ལུང་རྣམས་གསན། དཀའ་སྤྱད་མཐར་ཕྱིན་སྤ་གྲོ་བ་ཆོས་དབང་ལྷུན་གྲུབ་ལ་རྡོ་རྗེ་གླིང་པའི་རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་དབང་ལུང་མན་ངག་དང་བཅས་པའང་ཡབ་རྗེའི་ཞབས་ཕྱིར་གསན། དེ་སྐབས་སྤ་གྲོ་ཆོས་རྗེའི་ཞལ་ནས། གདུང་བརྒྱུད་འདི་ཕལ་པ་ཞིག་མིན་མཆི། ཁོ་བོའི་ཕ་མེས་གཏེར་སྟོན་ཚེ་རིང་རྡོ་རྗེའི་སྐྱེ་བ་ཡིན་པ་འདྲ་གསུང་ཞེས་གྲུབ་ཆེན་ཀློང་ཡངས་པའི་གསུང་ལས་ཐོས། དགུང་ལོ་བདུན་བཞེས་པ་འབྲུག་ལོར་གོང་དཀར་དུ་ཐེགས། དེར་ལོ་ངོ་གཉིས་ཙམ་ཡུམ་གྱི་ཨ་ནེའི་གཞིས་ཐོད་དཀར་དུ་བཞུགས། དེ་སྐབས་གོང་དཀར་ཆོས་སྡེའི་ཀླུ་དབང་གླིང་ན་མགོན་པོ་བསོད་ནམས་མཆོག་ལྡན་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་མཛད་པའི་དྲུང་དུ་ཡང་ཡང་ཕེབས་ཤིང་ལུང་ཕྲན་ཚེགས་གསན། རྡོ་རྗེ་བྲག་སྤྲུལ་པའི་སྐུ་མཆོག་རིག་འཛིན་པདྨ་འཕྲིན་ལས་ཀྱིས་ཡུལ་པ་ཁ་ཤས་ལ་ལྕགས་སྡོང་མའི་ཚེ་དབང་གནང་བ་དང་། བཀའ་འགྱུར་གྲོལ་སྟོན་ལ་རྗེ་བཀའ་འགྱུར་བས་ཆོས་སྡེའི་རྡོ་ཅལ་དུ་ཚེ་དབང་གྲུབ་རྒྱལ་མ་ལྷ་གཅིག་བུམ་གཅིག་མའི་དབང་གནང་བའང་གསན། ལོ་ཆེན་གཞན་ཕན་རྡོ་རྗེ་ཤེལ་བྲག་ནས་ཕྱིར་ཕེབས་ཀྱི་ཡར་ལམ་གོང་དཀར་དུ་ཞག་བཞུགས་གནང་བའི་སར་མཇལ་ཞིང་ཚེ་དབང་ཞིག་གསན། རྒྱའི་ཤིང་འབྲས་མང་པོའི་གནང་ཆ་དང་བཅས་ཤིན་ཏུ་དགྱེས་པར་མཛད་གསུངས། བདེ་ཆེན་ཆོས་འཁོར་དུ་གར་འཆམ་གྱི་གཟིགས་མོར་ཡང་ཡང་ཕེབས་ཤིང་། ལྷ་རྩེ་སྤྲུལ་པའི་སྐུས་བདེ་མགོན་སོགས་ཁྲོམ་ཆོས་སུ་གནང་གི་འདུག་པའི་གྲལ་དུ་ཡང་ཕེབས། སྐྱི་ནགས་སུ་ལྕགས་ཟམ་པ་ཀུན་དགའ་བསོད་ནམས་ལ་ཁྲོམ་དབང་གཏོར་མ་སྒོ་སྟེང་དུ་བཞག་པའི་འོག་ཏུ་འཛུལ་བ་ཞིག་ཀྱང་དྲན་གསུངས། དེར་བཞུགས་རིང་ཐོད་དཀར་གྱི་ཞལ་ངོ་སྟངས་དཔྱལ་གཉིས་ཀས་གཅེས་པར་བསྐྱངས་ཤིང་། སྐབས་ཤིག་གཅེས་ལང་བཞེངས་པ་ལྟ་བུས་ཞལ་ངོའི་སྙན་རྒྱན་གྱི་བྱུ་རུ་གཏོགས་ཏེ་མཐིལ་གྱི་རྡོ་གཅལ་དུ་བསྐྱུར་བས་ཅི་ཡང་མ་གནོད་པ་དང་། ཡང་ལན་ཅིག་བཟང་ལྡན་གྱིས་རྒྱབ་ཏུ་ཞུས་ནས་གསོལ་ཇ་བཞེས་དུས་རྗེ་རང་གི་ཞལ་དཀར་ཆུང་ངུ་ཞིག་ཡོད་པ་དེ་མ་བྱུང་བར་གཞན་ཞིག་ཏུ་ཞུས་པས་ཐུགས་རྒྱལ་གྱིས་གསོལ་ཇ་དང་སྦྲགས་ནས་རྡོ་གཅལ་དུ་འཕངས་པ་ན་དཀར་ཡོལ་མ་སྐྱོན་པར་མ་ཟད་གསོལ་ཇ་ཡང་མ་བོ། དེ་དུས་ཐམས་ཅད་ཀྱིས་སྟབས་ཡག་པ་ལ་ཨ་ཞེས་གླེང་། ད་ལྟ་བལྟས་ན་ངོ་མཚར་བར་འདུག་ཅེས་སྐུ་ཞང་བསོད་རབ་པ་སོགས་དེ་དུས་ཀྱི་རྒྱུས་ཅན་མང་པོ་ལས་ཐོས། ཡང་ཞལ་ངོ་དེས་ལྕང་ར་ལ་འཛིན་སྤྲས་མཛད་པའི་སྐབས་ཤིག འདི་ལ་གཅེས་སྤྲས་འདི་འདྲ་མཛད་ནས་ཅི་མཛད་མགྱོགས་མྱུར་མི་དོན་མེད་གཅིག་གིས་འཛིན་པར་འདུག་ཅེས་ཐོགས་པ་མེད་པའི་མངོན་ཤེས་མངའ་བའི་བསླབ་སྟོན་སྩལ་ཞེས་ཀརྨ་ཆོས་འཛོམ་སོགས་དེར་འཁོད་པའི་རྒན་རབས་རྣམས་སྨྲ་བ་ཐོས་སོ། །དེ་འདྲ་བ་སྔར་གདན་སར་བཞུགས་དུས་ཀྱང་འཇམ་དབྱངས་སྒྲོལ་མ་བྱ་བའི་བཙུན་མ་ཞིག་ལ། ཁྱོད་ད་དུང་ལོ་འདི་ཙམ་ཐུབ་ཅེས་གསུངས་པ་ཕྱིས་དེ་ཁའི་ཐོག་ཏུ་འདས་པས་མཚོན་མང་ངོ་། །དགུང་ལོ་དགུ་བཞེས་པ་ཤིང་རྟའི་ལོ་ལ་དར་གླིང་དུ་ཕེབས་ནས་ཡབ་རྗེ་རིག་འཛིན་ཆེན་པོའི་དྲུང་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་། གཞན་གྱི་ཞོར་དུ་ཡང་དབང་ལུང་མང་པོ་གསན། འདུམ་པོར་མེས་པོ་མཁས་པའི་དབང་ཕྱུག་དོན་གྲུབ་དབང་རྒྱལ་བའི་དྲུང་དུ་ཡིག་ཀློག་གི་གྲར་ཞུགས་པས་བརྡའ་བསྟན་པ་ཙམ་གྱིས་གཟབ་བཤུར་གཉིས་ཀ་ལ་ཐོགས་པ་མེད་པའི་ལྗགས་ཀློག་དང་། བཤུར་མའི་ཀ་མད་འདོགས་འབྲེལ་ཙམ་ཞིག་སྦྱོང་བར་མཛད་པས་མི་རིང་བར་ཕྱག་དཔེ་འབྲི་ཐུབ་པ་བྱུང་ཞིང་གཟབ་མ་སོགས་ཞར་བྱུང་དུ་མཁྱེན་པས་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་ཀུན་གྱིས་བསྔགས་སོ། །དེ་ནས་རང་ལུགས་ཀྱི་ཆོས་སྤྱོད། བླ་མའི་ལས་བྱང་མ་བུ། ཞི་ཁྲོ། དོང་སྤྲུགས། བཀའ་བརྒྱད། ཐུགས་རྗེ་ཆེན་པོ། ཚེ་དཔག་མེད་རྣམས་ཀྱི་ཕྲིན་སྒྲུབ། མ་ནིང་ལ་སོགས་པ་སྲུང་མ་རྣམས་ཀྱི་གཏོར་བསྐང་། གུ་རུ་ཞི་དྲག ཚེ་རྟ། ཕྱག་རྡོར་སོགས་དབང་བཀའ་ཆེ་ཆུང་། རབ་གནས། གནས་ལུང་། སྦྱིན་སྲེག་སོགས་ཕྱག་ལེན་གྱི་སྐོར་རྣམས་གདན་ས་དང་འདུམ་པོ་གཉིས་སུ་སྤེལ་མར་བཞུགས་ནས་ཚེ གས་མེད་པར་ཐུགས་སུ་ཆུད། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན་དར་གླིང་དུ་ཕེབས་པར་ཚེ་དབང་ཞིག་དང་། གསུང་སྤྲུལ་རིན་པོ་ཆེར་ཡང་དབང་ལུང་ཁ་ཤས་གསན། དགུང་ལོ་བཅུ་པ་ཤིང་ལུག་གི་དབྱར་སྟོད་ཡབ་རྗེའི་ཞབས་ཕྱིར་ཆག་བྱང་ཆུབ་གླིང་དུ་ཟླ་ཤས་བཞུགས་ཏེ། བར་དོ་ཐོས་གྲོལ་སོགས་དབང་ལུང་ཟབ་ཁྲིད་འགའ་ཞིག་གསན། དབྱར་སྨད་དབུས་སུ་ཕེབས་ནས་གདན་སར་དཔལ་རི་སྤྲུལ་སྐུ་འཕྲིན་ལས་རྣམ་རྒྱལ་སོགས་ཕྱོགས་མཐའི་བཤེས་གཉེན་དུ་མ་འདུས་པ་དང་ཐབས་གཅིག་ཏུ་ཡབ་རྗེ་རིག་འཛིན་ཆེན་པོ་ལས་བཀའ་བརྒྱད་བདེ་འདུས་ཀྱི་སྨིན་བྱེད་ཀྱི་དབང་། རིམ་ལྔའི་ཉམས་ཁྲིད་པུསྟི་ཡོངས་རྫོགས་ཀྱི་ལུང་དང་བཅས་པ། བླ་མ་དགོངས་འདུས་ཀྱི་དབང་ལུང་ཟབ་ཁྲིད་དཔེ་རིས་ངོ་སྤྲོད་དང་བཅས་པ་ཚང་མ་གསན། དགུན་དེ་མོན་པ་བླ་མ་སྐུ་སྐྱེ་སོགས་མོན་བོད་ཀྱི་ཆོས་ཞུ་བ་མང་པོ་དང་ལྷན་ཅིག་ཏུ་གཏེར་སྟོན་པདྨ་གླིང་པའི་གཏེར་ཆོས་ཡོངས་སུ་རྫོགས་པའི་དབང་ལུང་ཟབ་ཁྲིད་ཕྱག་ལེན་དང་བཅས་པ། ལྷོ་ལས་འཕྲོ་གླིང་པའི་ཆོས་སྐོར་ཚང་མའི་དབང་ལུང་རྣམས་ཀྱང་གསན། སྐབས་དེ་དག་ཏུ་ཡིད་བཞིན་མཛོད་ཐུགས་ལ་བཅུག་སྟེ་རང་འགྲེལ་ལ་བརྟེན་ནས་ཡབ་རྗེའི་དྲུང་དུ་བཤད་པ་ལེགས་པར་གསན། ལན་གཅིག་གཟིགས་རྟོག་ལ་ཡེངས་པས་བླ་བྲང་གི་རྩེ་ནས་ཕྱག་དཔེ་ཚང་མ་རླུང་གིས་ཁྱེར་བ་ཤར་གྱི་གྲོག་པོ་དེ་ནས་ཐམས་ཅད་ཚང་བ་བརྙེད་པ་བྱུང་སྟེ། གདན་ས་ཤར་དུ་འཕོས་པ་འདིའི་རྟེན་འབྲེལ་ཡིན་པ་འདྲའོ། །

དགུང་ལོ་བཅུ་གཅིག་པ།

དགུང་ལོ་བཅུ་གཅིག་པ་མེ་སྤྲེ་ཧོར་ཟླ་བཞི་པའི་ནང་དུ་འཛམ་གླིང་པ་ཀུན་གྱི་སྐྱབས་གནས་སུ་གྱུར་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་འབུལ་བར་ཕེབས་བཞེད་ཀྱིས་སྐྱིད་ཤོད་ཕྱོགས་སུ་ཡབ་རྗེའི་ཞབས་ཕྱིར་ཆིབས་བཏེག་པའི་ཕེབས་ལམ་དོལ་བརྒྱུད་རྡོ་རྗེ་བྲག་ཏུ་སྤྲུལ་སྐུ་རིན་པོ་ཆེ་མཇལ་དུ་ཐེགས། ཆོས་རྒྱལ་བྱང་པའི་གཟའ་ཕོད་སོགས་རྟེན་མཇལ་རྣམས་ཀྱང་ཞིབ་གཟིགས་མཛད། དེའི་སང་ནུབ་སྙེ་ཕུ་སྨོན་གྲོང་དུ་སྤྱན་དྲངས་ཏེ་བསྙེན་བཀུར་རྒྱ་ཆེར་བསྟབས། རིམ་པར་གུང་ཐང་དུ་ཕེབས་ནས་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་ལ་བདུད་རྩི་བུམ་པ་དང་། མོན་པ་ཀེ་ཏའི་སྐོར་གསན། དེ་ནས་ལྷ་གདོང་གྲུ་བཏོན་ཏེ་ཆོས་འཁོར་ལྷ་སར་ས་དབང་ཆེན་པོར་ཕྱག་འབུལ་མཛད་ནས། ཉེར་གསུམ་ལ་དཔལ་ལྡན་འབྲས་སྤུངས་སུ་གངས་ཅན་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་ཞབས་དྲུང་དུ་གཙུག་ཕུད་འབུལ་བར་མཛད། མཚན་ངག་དབང་པདྨ་བསྟན་འཛིན་ཞེས་སྩལ་བ་དང་མཉམ་དུ་སྐྱིད་གྲོང་གི་འཕགས་པ་ཝ་ཏི་གཟིམས་ཆུང་དེར་ཐོག་མར་ཕེབས་པ་དུས་འགྲིག་པའི་རྟེན་འབྲེལ་ངོ་མཚར་བ་དང་། ཡབ་སྲས་གཉིས་ཀ་ལ་དགྱེས་བཞིན་པའི་བསླབ་སྟོན་དང་གནང་ཆ་ཡང་རྒྱ་ཆེར་སྩལ་ཅིང་། གཟིམས་ཁང་གོང་སྤྲུལ་སྐུ་ཡང་མཇལ་བ་ཙམ་མཛད་ནས་སླར་ཡང་གུང་ཐང་དུ་སྤྱན་འདྲེན་འབྱོར་བ་བཞིན་ཕེབས། དེར་ཟུར་ཆེན་གྱི་བཀའ་ལས། ད་ལམ་འཕགས་པ་ཝ་ཏི་ཕེབས་པ་དང་གཙུག་ཕུད་འབུལ་བ་འགྲིག་པ་དེ་རྟེན་འབྲེལ་ལེགས། གདུང་བརྒྱུད་འདི་བསྟན་འགྲོ་ལ་ཕན་ཐོགས་པ་ཞིག་ངེས་པར་འོང་བ་འདུག་གསུངས། ཡབ་སྲས་གཉིས་ཀར་འབུལ་སྐྱེས་རྒྱ་ཆེ་བ་དང་། ཁྱད་པར་རྗེ་ཉིད་ལ་རྟེན་འབྲེལ་ཡིན་གསུངས་ནས་གོས་ཆེན་ཏ་ཧུང་གི་དབུ་ཞྭ་གསར་པ་ཞིག་ཀྱང་སྒྲོན་པར་མཛད། སླར་ཡང་སྐྱིད་ཆུ་བཏོན་ཏེ་ལྷ་ས། ར་མོ་ཆེ། པོ་ཊ་ལ་རྣམས་མཇལ་དུ་ཐེགས། དེ་ནས་གཙང་བོན་པོར་ཕེབས་བཞེད་ཀྱི་སྟོད་ལུང་བརྒྱུད། སྣང་རྩེ། གནས་ནང་། མཚུར་ཕུ་སོགས་ཀྱི་གནས་གཟིགས་དང་། དྲུང་པ་རྒྱལ་ཚབ་རིན་པོ་ཆེ་གྲགས་པ་མཆོག་དབྱངས་མཇལ་ནས་ཆོས་ཀྱི་འབྲེལ་པ་ཡང་གསན། གཞུ་སྙེ་མོ་དང་། ཟོར་སྤེའི་ལ་བརྒྱུད་ཟླ་བ་ལྔ་པའི་འགོར་བོན་ལུང་དུ་གསུང་སྤྲུལ་རིན་པོ་ཆེ་ཡབ་སྲས་དང་། རྗེ་ཚུལ་རྒྱལ་བ་རྣམས་སྟན་འཛོམས་པའི་དྲུང་དུ་ཕེབས་ཏེ། ཞག་གཉིས་ཙམ་སོང་ནས་ཐུགས་སྲས་སྤྲུལ་པའི་སྐུ་དང་ཡབ་རྗེ་རིག་འཛིན་ཆེན་པོ་ལྷན་དུ་ཟབ་ཕུ་སོགས་ཀྱི་གནས་གཟིགས་རྣམས་མཛད་པར་ཐེགས། ཕྱིར་ཕེབས་ནས་པད་གླིང་གསུམ་པ་ཚུལ་ཁྲིམས་རྡོ་རྗེ་ལ་ཕུར་པ་བཀའ་མ་རོང་ཟོམ་ལུགས། ཇོ་མོ་ལུགས་ཉང་ནག་ལས་བརྒྱུད་པ། རྩ་དུམ་གྱི་མན་ངག་དྲག་སྔགས་མཆོག་ཏུ་གསང་བ་སྣ་ནམ་ལུགས་སོགས་དབང་ལུང་མན་ངག་འགའ་ཞིག་གསན། ཡབ་རྗེ་ཟླ་བ་གཅིག་བསྐོར་ནས་ཕྱིར་ཕེབས། རྗེ་ཉིད་ནས་བོན་ལུང་རང་དུ་གདན་འཇགས། མི་རིང་བར་གསུང་སྤྲུལ་རིན་པོ་ཆེ་ཡབ་སྲས་ལྷོར་ཐེགས་པའི་ཞབས་སྐྱེལ་དུ་ཤ་ར་གྲུ་ཁའི་བར་ཕེབས། དེ་ནས་ས་ཁྱི་ཧོར་ཟླ་གཉིས་པ་ལ་ཐུག་གི་བར་ལོ་གསུམ་དུ་ཉེ་བར་བོན་ལུང་རང་དུ་བཞུགས་ནས་རྗེ་ཚུལ་ཁྲིམས་རྒྱལ་མཚན་ལས་དབང་ལུང་ཁ་ཤས་གསན། སྐབས་འགར་སྙེ་མོ་ཆོས་སྡེ་དང་། འབྲས་ཡུལ་སྐྱེད་ཚལ་གྱི་ཆོས་གྲྭ་སོགས་སུའང་ཕེབས། བགྲོ་གླེང་གསན་པའི་ལད་མོ་མཛད་པ་ན་རྟགས་གསལ་ཁྱབ་མཚམས་འགྲིག་པ་བྱུང་བས། རབ་འབྱམས་པ་ཚོགས་གཉིས་སོགས་སྡེ་དེ་དག་གི་དགེ་བཤེས་རྣམས་ན་རེ། འདི་སྔོན་གྱི་བག་ཆགས་སད་པ་ཞིག་ཡིན་པར་འདུག་ཅེས་གླེང་། ཕྱིས་སུའང་བཀའ་ལས། བོན་ལུང་རིན་པོ་ཆེས་གཅེས་ལང་དུ་བཏང་བས་སློབ་གཉེར་གནད་དུ་འཕྲོད་པ་མ་བྱུང་བ་མ་གཏོགས་དེ་དུས་ནས་ཤེས་རབ་རང་འཐད་རབ་ཡོད་དེ། དཔེ་ཆ་གང་དགོས་འཕྲལ་དུ་བལྟས་པ་རང་གིས་ཡོང་བ་ཞིག་ཡོད་གསུང་། ཁམ་བུ་ལུང་དུ་དཔོན་སློབ་རྣམས་པད་གླིང་བླ་མའི་འཕྲིན་ལས་ལ་བརྟེན་ནས་ཀརྨ་གུ་རུའི་སྒྲུབ་པ་མཛད་དུས་རྗེ་ཉིད་ཀྱིས་ཀྱང་བཟླས་པ་དུམ་རེ་མཛད་པས་ངོ་མཚར་བའི་རྟགས་མང་དུ་བྱུང་།

དགུང་ལོ་བཅུ་གསུམ་པ།

དགུང་ལོ་བཅུ་གསུམ་པ་ས་ཁྱི་ཧོར་ཟླ་གསུམ་པའི་ནང་དུ་བོན་ལུང་རིན་པོ་ཆེ་དང་མཉམ་དུ་དབུས་སུ་བཏེག་ནས་གྲྭ་ཕྱི་བྲག་སྒྲུབ་ཏུ་གསུང་སྤྲུལ་རིན་པོ་ཆེ་ཡབ་སྲས་བཞུགས་པའི་སར་ཡབ་རྗེ་རིག་འཛིན་ཆེན་པོ་ཡང་ཕེབས་འདུག་པའི་ཞབས་ཕྱིར་དཀྲིས་ཏེ་དར་གླིང་དུ་ཕེབས། དེ་ནས་མི་རིང་བར་གཅུང་རྒྱལ་སྲས་རིན་པོ་ཆེའི་གཟིམས་སྤྱིལ་གྱི་ཨར་ལས་སྟོབ་པར་ཡབ་སྲས་ལྷན་དུ་འཕྱོངས་རྒྱས་དཔལ་རིར་ཐེགས་ཏེ། ཡབ་རྗེའི་དྲུང་དུ་སྤྲུལ་པའི་སྐུ་འཕྲིན་ལས་རྣམ་རྒྱལ་བའི་ཞོར་ལ་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་དང་། ཞིག་པོ་གླིང་པའི་གཏེར་ཆོས་ཡོངས་སུ་རྫོགས་པའི་དབང་ལུང་། ཞིག་གླིང་དང་སོག་ཟློག་པའི་བཀའ་འབུམ་གྱི་ལུང་རྣམས་དང་སྔགས་སྡེབས་དང་རླུང་འཁོར་སོགས་ཀྱི་ཕྱག་ལེན་ཡང་གསན་ཞིང་། པཎ་ཆེན་ལུང་རིགས་རྒྱ་མཚོ་དང་ཐབས་ཅིག་ཏུ་བླ་མ་ཡང་ཐིག་གི་དབང་ལུང་མྱོང་ཁྲིད་དང་བཅས་པ། གྲུབ་མཐའ་མཛོད། ཡིད་བཞིན་མཛོད་རྩ་འགྲེལ། གཡུ་ཐོག་སྙིང་ཐིག སྨན་དཔྱད་རྒྱུད་བཞི། བདུད་རྩི་བུམ་པ་སོགས་མང་དུ་གསན། གཙོ་བོར་ཡང་ཐིག་གི་ཁྲིད་ཉམས་ཁྲིད་དུ་མཛད་པས་ཏིང་ངེ་འཛིན་ཁྱད་པར་ཅན་འཁྲུངས་ཏེ། ཡབ་རྗེའི་ཞལ་ནས། གཞན་གྱིས་ལོ་ཟླར་བསྒོམས་པ་ལས་ཁོས་ཞག་རེ་བསྒོམས་པ་ཏིང་ངེ་འཛིན་སྐྱེ་ཚུལ་བཟང་བར་འདུག་ཅེས་ཤིན་ཏུ་མཉེས་པར་གྱུར། ཡབ་རྗེའི་ཞབས་ཕྱིར་པཎ་ཆེན་ལུང་རིགས་རྒྱ་མཚོ་ལའང་བྲག་དམར་འོ་བྲན་ལུགས། ཀར་ལུགས་ཀྱི་ཆོས་སྤྱོད་རབ་གསལ། ཀུན་རིག་སྒྲུབ་དཀྱིལ་རྣམ་གྲོལ་སྒོ་ཅན། ཆ་ལག་ཕུང་པོ་རྣམ་པར་སྦྱོང་བ་དང་བཅས་པའི་ལུང་། ཆོས་སྐྱོང་མ་མགོན་འཁོར་ལྔའི་རྗེས་གནང་དང་སྐང་གསོའི་ལུང་རྣམས་གསན། དེ་ནས་དཔལ་འབྱོར་ཆོས་སྡིངས་སུའང་ཐོགས་ཤིག་བཞུགས་ནས་རིམ་པར་དར་གླིང་དུ་ཕེབས་ཏེ། ཡབ་རྗེ་རིག་འཛིན་ཆེན་པོ་ལ་གསང་སྙིང་གི་རྒྱ་འགྲེལ་སྤར་ཁབ་དང་། བོད་འགྲེལ་གཡུང་ཊཱིཀ་གི་བཤད་པ་རྒྱ་ཆེར་གསན་ཞིང་། དཀོན་ཅོག་འགྲེལ། ཕྱོགས་བཅུ་མུན་སེལ་སོགས་ཀྱི་ལུང་ཡང་སྐབས་ཅི་རིགས་པར་གསན། གཞན་ཡང་སྒོ་མོ་ཆོས་རྗེ་ཤཱཀྱ་རིན་ཆེན་དང་མཉམ་དུ་དབུ་སེམས་གཉིས་ཀྱི་ཐུགས་བསྐྱེད། ཐེག་མཆོག་མཛོད། ངལ་གསོ་སྐོར་གསུམ་རྩ་འགྲེལ། སྤྱི་དོན་བསྡུས་དོན་ཁྲིད་ཡིག་དང་བཅས་པ། རང་གྲོལ་སྐོར་གསུམ། སེམས་ཉིད་རང་གྲོལ་གྱི་དོན་ཁྲིད། ཟབ་མོ་ཡང་ཐིག སྙན་བརྒྱུད་གསང་སྐོར་སོགས་དབང་ལུང་མན་ངག་མང་པོ་དང་། ཀརྨ་གླིང་པའི་སྙན་བརྒྱུད་ཀྱི་འཕོ་བའང་གསན། དེའི་ཚེ་གནད་གསུམ་བཅུན་པར་མཛད་པ་ཙམ་གྱིས་དབུ་གཙུག་འཕར་བ་སོགས་འབྱོངས་པའི་རྟགས་མངོན་དུ་གྱུར། ཨ་བྷ་ཡའི་རྣམ་འཕྲུལ་ཆོས་རྗེ་ཤཱཀ་རིན་པ་ལས་གསོ་རིག་པ་གཅེར་མཐོང་གི་ཁྲིད། དམ་པའི་མཁྱུད་སྤྱད་དཀར་ནག་ཁྲ་གསུམ། མགོན་པོ་ཨ་གྷོ་རའི་སྐོར་རྣམས་གསན། སྐབས་ཤིག་ཡབ་རྗེའི་དྲུང་དུ་མ་ཏི་ལུགས་ཀྱི་འཇམ་དཀར་གསན་ནས་ལྷག་པའི་ལྷར་བསྙེན་པར་མཛད་ཅིང་། ཁྱད་པར་ཟླ་བ་གཟས་བཟུང་བ་དང་བསྟུན་ཆོས་རྗེ་ཤཱཀ་རིན་པ་དང་མཉམ་དུ་མ་ཤའི་ལས་སྦྱོར་མཛད་པ་ན་རྗེ་ཉིད་ཀྱི་དེ་ལ་མྱུ་གུ་རིང་པོར་ཐོན་པས་ཁོང་པ་ཡང་ཆེས་ཆེར་ལྷག་པའི་ཡ་མཚན་སྐྱེས་ཤིང་། དེ་ནས་ཐུགས་རབ་ཀྱི་རྩལ་ཐོགས་པ་མེད་པར་གྱུར་ཏེ། ད་ལྟ་ཡང་ཆོས་འཆད་རྩོམ་སོགས་གློ་བུར་དུ་མཛད་དགོས་པའི་རིགས་ལ་གཟིགས་རྟོག་མ་གྲུབ་ན་དར་རེ་བཞུགས་རྗེས་ཐོགས་པ་མེད་པར་ཤར་གྱིས་འོང་བས་ལྷག་པའི་ལྷས་རྗེས་སུ་བཟུང་བར་གོར་མ་ཆག་སྙམ་མོ། །གང་ཐུགས་དྲི་བྲལ་དངུལ་དཀར་མེ་ལོང་ངོས། །འཇམ་དབྱངས་མཁྱེན་པའི་གཟུགས་བརྙན་ཤར་བ་ན། །ཤེས་བྱའི་ཆོས་ཀུན་གཟིགས་པའི་སྤྱན་ཡངས་པོ། །དཔལ་ལྡན་ནོར་གྱི་རྩ་ལག་ཇི་བཞིན་གྱུར། །

དགུང་ལོ་བཅུ་བཞི་པ།

དགུང་ལོ་བཅུ་བཞི་པ་ས་ཕག་གི་འགོར་ཡབ་རྗེ་དང་ལྷན་ཅིག་ཏུ་སྐུ་མཚམས་དམ་པར་བཅད་དེ་ཟླ་བ་གསུམ་གྱི་བར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། དེ་གྲོལ་ནས་ངལ་གསོ་སྐོར་གསུམ་ལ་གཟིགས་རྟོག་མཛད་ཅིང་། གཙོ་བོར་སེམས་ཉིད་ངལ་གསོ་ལ་སྒྲིལ་བའི་ཐུགས་སྦྱོང་དང་། གདན་སའི་གསོན་གཤིན་གྱི་ཕྲིན་ལས་སྐྱོང་བ་ཡང་ཅི་རིགས་པ་མཛད།

དགུང་ལོ་བཅོ་ལྔ་པ།

དགུང་ལོ་བཅོ་ལྔ་བཞེས་པ་ལྕགས་བྱའི་སོས་སྔོན་ཡབ་རྗེ་ཉིད་ལ་རྙིང་མ་རྒྱུད་འབུམ་པུསྟི་བ ཅོ་བརྒྱད་ཙམ་ལས་གདན་སར་དཔེ་རྒྱུན་མ་བཞུགས་གཤིས་གསན་མ་ཐུབ་པ་དང་། ཁྱད་པར་གསུང་སྤྲུལ་རིན་པོ་ཆེར་བརྒྱུད་པར་བཞུགས་པ་བཅས་བོན་ལུང་རིན་པོ་ཆེ་ལ་ཞུས་ན་འཐད་པའི་ཡབ་རྗེའི་བཀས་བསྐུལ་བ་ལྟར་ལྷོ་བྲག་གུ་རུ་ལྷ་ཁང་དུ་ཆིབས་བཏེག དགོན་པ་གཟིགས་པ་དང་ཆོས་དུང་བུས་པ་དུས་མཚུངས་པ་བྱུང་ཞིང་། གློ་བུར་དུ་ཁ་བ་ཆེན་པོ་བབས་པ་བྱུང་འདུག་པ་ནི་དམ་པའི་ཆོས་ཀྱི་ང་རོས་ཕྱོགས་ཀུན་ཏུ་འགེང་པ་དང་རྒྱལ་ཁམས་དཀར་པོ་བསྒྱུར་བའི་རྟེན་འབྲེལ་དུ་གདོན་མི་འཚལ་བ་ཉིད་དོ། །གནས་དེར་གསུང་སྤྲུལ་རིན་པོ་ཆེས་ཀུན་བྱེད་ལེའུ་ལྔ་ཙམ་དང་། དེ་འཕྲོས་ནས་བརྩམས་ཏེ་བོན་ལུང་རིན་པོ་ཆེས་གནང་བའི་ཞག་བཅུ་སྐོར་ནས་བཀྲ་ཤིས་ཆོས་གླིང་དུ་ཆོས་གཞི་སྤོས། དེར་རྙིང་མ་རྒྱུད་འབུམ་གྱི་ལུང་ཡོངས་སུ་རྫོགས་པ་གསན་པའི་གྲོལ་སྟོན་ཉིན་རངས་པོ་རྗེ་ཉིད་ནས་བཤད་པ་མཛད་པས་དཔྱོད་ལྡན་མཐའ་དག་ཡིད་ཚིམས་པར་གྱུར། ཁྱད་པར་གསུང་སྤྲུལ་རིན་པོ་ཆེའི་ཐུགས་ལ་མཉེས་པ་ཆེན་པོ་འཁྲུངས་ཏེ། འབྲི་གུང་ནས་ཕུལ་བའི་གོས་ཏ་ཧུང་གི་འགན་འབྱར་ཞིག་བཤད་པ་གྲོལ་མ་ཐག་གནང་སྐྱེས་སུ་སྩལ། ཆོས་ཞུ་བ་ཕལ་གྱི་ཁ་སྐད་ལས་ཀྱང་བཞུགས་གྲལ་གྱི་འགོ་བསྟེན་པའི་བླ་མ་བུ་ཆེན་མང་ལ་རགས་པ་བཞུགས་ཀྱང་གྲོལ་སྟོན་ཉིན་ཁྲོམ་ཐོག་དར་གླིང་གདུང་བརྒྱུད་པས་བཅད་སོང་ཞེས་གླེང་བར་གྲགས། དེ་ནས་སྲས་མཁར། གྲོ་བོ་ལུང་། གཉའ་ཉ་སོགས་སུ་ཕྱག་མཆོད་དང་སྨོན་ལམ་མཛད་དུ་ཕེབས་ནས་སླར་ཡང་བཀྲ་ཤིས་ཆོས་གླིང་དུ་ཞག་འགའ་ཡར་བཞུགས་པ་ན་བྱང་ཆུབ་གླིང་ནས་ཡབ་རྗེའི་བཀའ་ཐམ་དང་ཆིབས་བསུ་འབྱོར་བ་བཞིན་ཆིབས་བཏེག་པའི་ཕེབས་ལམ་དུ་སྦྲུལ་མཚོ་པདྨ་གླིང་མཇལ་དུ་ཐེགས་དུས་ཐོག་མར་ནམ་མཁའ་ཐམས་ཅད་འཁྲིགས་ཤིང་རྨུགས་གདང་གིས་ལམ་མི་གཟིགས་པ་ཙམ་བྱུང་རུང་མཚོའི་ཐད་ཀྱི་འཕྲེད་ལམ་དེ་ལ་ཕེབས་པ་དང་། སྤྲིན་རྨུགས་མཚོ་རླབས་སོགས་སྐད་ཅིག་ལ་ཞི་སྟེ་མཚོ་དྭངས་པས་ཕྱག་རྗེས་ཤིན་ཏུ་གསལ་བར་བྱུང་བ་ན་རྒན་རབས་སྔར་ནས་མང་པོ་མཇལ་མྱོང་བ་རྣམས་ཀྱང་ད་ལམ་གྱི་འདི་འདྲའི་གསལ་བ་སྔོན་ཆད་མཐོང་མ་མྱོང་ཞེས་ཟེར་ཞིང་ངོ་མཚར་བར་གྱུར། དེ་ནུབ་སྦྲུམ་ལ་ཐེགས་མཚམས་དེར་བཞུགས། སང་ཉིན་དང་སྤྲོ་བརྒྱུད་སྨན་ཐང་དུ་ཆོས་རྗེ་གྱོབ་པས་སྤྱན་དྲངས་ཏེ། ཆོས་རྗེ་བས་ཐོག་དྲངས་དད་འདུས་འགའ་ལ་ཆོས་འབྲེལ་མཛད། ཡུལ་ལུགས་ཀྱི་ཆང་གཙོ་བོར་གྱུར་པའི་བསྙེན་བཀུར་འབུལ་ནོད་རྒྱ་ཆེར་བསྟབས། བསྔོ་བ་ཞུ་མི་ཡང་མང་དུ་བྱུང་། དེ་ནས་སྨན་བཟང་ལ་བརྒྱུད་བྱང་གླིང་དུ་ཡབ་རྗེའི་སྐུ་མདུན་དུ་ཕེབས། མི་རིང་བར་དབུས་སུ་བཏེག་ནས་དར་རྒྱས་ཆོས་གླིང་དུ་ཡབ་རྗེ་རིག་འཛིན་ཆེན་པོ་ལས་སྔ་ཕྱི་ངེས་མེད་དུ་འབྱོར་བའི་སྐལ་ལྡན་འགའ་དང་ལྷན་ཅིག་ཏུ་མ་ཎི་བཀའ་འབུམ། རྒྱུད་བཅུ་བདུན། ཁྲོས་མའི་རྒྱུད་དང་བཅས་པ། བི་མ་སྙིང་ཐིག མཁའ་འགྲོ་ཡང་ཐིག་སོགས་དབང་ལུང་ཉམས་ཁྲིད་མང་དུ་གསན། དབྱར་དེ་ཡབ་རྗེ་ཉིད་མཆིམས་ཕུར་སྐུ་མཚམས། དེ་རྗེས་ཤེལ་བྲག་ཏུ་སྨན་སྒྲུབ། སྐྱིད་ཤོད་དུ་མི་དབང་འཕྲིན་ལས་རྒྱ་མཚོ་ཁྲིར་ཕེབས་པའི་ཞལ་དཀར་འདེགས་པ་བཅས་ཕྱོགས་ཐེགས་འབའ་ཞིག་གནང་དགོས་པའི་སྟབས། དེ་བར་གདན་ས་རང་དུ་རིམ་གཉིས་ཀྱི་ཐུགས་དམ་ཟབ་མོ་ལ་མཉམ་པར་འཇོག་པ་དང་། མདོ་རྒྱུད་བསྟན་བཅོས་ཀྱི་གཟིགས་རྟོག ཡོན་བདག་སྐྱོང་བ་སོགས་སྤེལ་མར་མཛད།

དགུང་ལོ་བཅུ་དྲུག་པ།

དགུང་ལོ་བཅུ་དྲུག་པ་ལྕགས་གླང་ལོར་གསུང་སྤྲུལ་རིན་པོ་ཆེ་ཡབ་སྲས་བསམ་ཡས་ཀྱི་རབ་གནས་སུ་ཕེབས་པའི་ཞག་ས་ཁྲབ་མོ་ཤོལ་ཁྲོད་དུ་གནང་བའི་དྲུང་དུ་ཕེབས་ནས་གསུང་སྤྲུལ་རིན་པོ་ཆེར་ཚེ་ཁྲིད་རྡོར་ཕྲེང་གི་དབང་རྒྱས་པ་སོགས་ཟབ་ཆོས་འགའ་ཞིག་གསན། དེའི་སོས་ཡབ་རྗེ་ཉིད་ཆུ་བོ་རིར་ཐེགས་པ་ཕྱིར་ཕེབས་ནས་ལོ་འདི་ནང་དུ་གཞན་ངོར་སྤྱན་མི་གསལ་བའི་ཚུལ་བསྟན་པའི་དབང་གིས་ཕལ་ཆེར་གདན་ས་རང་དུ་བཞུགས་ཏེ། སྤོ་བོ་སྤྲུལ་སྐུའི་གསོལ་དཔོན་སོགས་མདོ་ཁམས་དང་ལ་སྟོད་སོགས་ཕྱོགས་ཀྱི་ཆོས་ཞུ་བ་མང་པོ་ལ་དབང་རྣམས་ཡབ་རྗེ་དང་། ལུང་རྣམས་རྗེ་ཉིད་ནས་སྤྱན་ཚབ་མཛད་དེ་དབང་ལུང་གཏོས་ཆེ་བ་སྩལ་ཞིང་། ཕལ་ཆེར་ཡབ་རྗེ་ལས་འབེལ་གཏམ་གྱི་སྒོ་ནས་བསྐྱེད་རྫོགས་ཀྱི་ཟབ་གནད་མང་པོ་ལ་ཞུན་ཐར་གཅོད་པས་དུས་འདའ་བར་མཛད་དོ། །

དགུང་ལོ་བཅུ་བདུན་པ།

དགུང་ལོ་བཅུ་བདུན་པ་ཆུ་སྟག་ཤར་མཚམས་ཡབ་རྗེ་རིག་འཛིན་ཆེན་པོ་ཉིད་ཀྱང་ཅུང་ཟད་ཐུགས་འགྱུར་བའི་རྣམ་པས་རྗེ་ཉིད་དང་། གྲུབ་ཆེན་ཀློང་ཡངས་པ་སོགས་ལ་ད་ལོ་རང་སྐྱས་ཆེན་འདེགས་པ་འདྲ། རྨིས་ལྟས་རླུང་ལྟས་རྣམས་ཀྱང་ཅུང་ཟད་ལོག་པ་འདྲ་ཞིག་འདུག གཞན་མ་སྔགས་པ་རྒན་པོའི་བྱ་བ་རང་དེ་ཙམ་ཡིན་སྙམ་པ་ཡོད་ཀྱང་བརྒྱུད་འཛིན་འདི་ལ་ཆོས་འཕྲོ་འགའ་ཤས་མ་འཕྲོད་པ་འདི་སེམས་ཀྱི་ལྷག་མ་ཙམ་དུ་འོང་བར་འདུག ཅེས་ཐུགས་སྣ་ཤིན་ཏུ་ཐུང་བའི་གསུང་ཡང་ཡང་འབྱོན་ཞིང་། རྗེ་ཉིད་ལ་དབང་ལུང་ཟབ་ཁྲིད་མང་པོ་སྔར་དང་མི་འདྲ་བར་ཉིན་མཚན་གཉིས་ཀར་ཐུགས་རྩོལ་བསྐྱེད་དེ་གནང་བ་ཡང་གསན། དེའི་ཚེ་རྗེ་ཉིད་གཙོ་བོར་གྱུར་པའི་སྐྱེས་ཆེན་དུ་མས་ཞབས་པད་བརྟན་པར་གསོལ་འདེབས་མཛད་པ་ན་ད་རྒན་པོས་རང་བསྟན་པ་དང་སེམས་ཅན་ལ་ཕན་འདོགས་དེ་ཙམ་ཡིན། ཁོ་བོའི་རྒྱལ་ཚབ་ཁྱོད་ཀྱིས་བྱེད་མོད་བདག་ལས་ལྷག་པའི་འགྲོ་ཕན་འོང་ངོ་གསུང་། གྲུབ་ཆེན་རིན་པོ་ཆེས་དྲུང་ནས་འབྱོན་ཁར་ཐུགས་སྣ་རིང་དགོས་ཞེས་གསོལ་བ་བཏབ་པས། ཞལ་ཀྱལ་གྱི་ཚུལ་དུ་ཟླ་བ་བཞུད་ཀྱང་ཅི་ཏོ། ཉི་མ་ཤར་ནས་འོང་ངོ་གསུང་བ་སོགས་རྗེ་ཉིད་རྒྱལ་ཚབ་ཏུ་མངའ་གསོལ་བའི་བཀའ་ལུང་ངེས་པ་ཅན་མང་པོ་གནང་བའི་མུ་ནས་ལྷོ་བྲག་ཏུ་ཐེགས། དེར་དམ་གྲིབ་ཀྱི་རྐྱེན་གྱིས་ཅུང་ཟད་སྙུན་པའི་ཚུལ་བསྟན་ཏེ་ཕྱིར་ཕེབས་ནས་གདན་སར་སྐུ་ཁམས་ཀྱིས་མི་:དཔྱོད་༼ལྕོགས་༽བཞིན་དུའང་རྗེ་འདི་ལ་སྙན་བརྒྱུད་ཀྱི་ཟབ་ཆོས་མང་དུ་གསུངས། ལྷོ་ནས་ཕེབས་མ་ཐག་སྨན་པ་མཁས་པ་མང་པོས་སྨན་དཔྱད་ཀྱི་ཞབས་ཏོག་དང་། དེ་ཡང་ཡབ་ཏུ་གྱུར་པའི་ཐུགས་ཞེན་ཙམ་དུ་མ་ཟད་རྡོ་རྗེ་འཆང་དངོས་ཡིན་དགོངས་པའི་ཐུགས་མོས་ཚད་མེད་པ་མངའ་བས་རྗེ་ཉིད་རང་ནས་ཉིན་མཚན་ཀུན་ཏུ་རྩེ་གཅིག་པའི་སྙུན་གཡོག་དང་བྱབ་ཁྲུས་བརྟན་བཞུགས་སོགས་སྐུ་རིམ་ལ་བརྩོན་པར་མཛད་ཅིང་། དགེ་འདུན་གྱི་སྡེ་རྣམས་ལའང་མང་ཇ་སྤོང་ཐག་སོགས་ལྷོད་མེད་དུ་སྒྲུབ་པར་མཛད་ནའང་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་ཕལ་ཆེར་གསུང་བཅད་མཛད་ནས་རྡོ་རྗེའི་བཟླས་པ་ཁོ་ན་དང་། སྐབས་རེ་ནད་མེད་དར་མས་ཀྱང་བཟུང་བར་མི་ནུས་པའི་རླུང་སྦྱོར་གྲངས་མང་བ་མཛད་ཅིང་། དབུའི་གཙུག་ཏོར་ཁམ་རློན་གྱི་ཚད་ཙམ་དུ་འཕར་བ་ཀུན་གྱི་སྤྱོད་ཡུལ་དུ་བསྟན་ནས་ཉི་ཤུ་གཉིས་ཀྱི་ཉིན་རྗེ་འདི་ལ་ཕྱག་བརྐྱང་སྟེ། ད་རང་གཞན་དོན་མི་ནུས་པའི་སྒྱུ་ལུས་གོག་པོ་འདི་འདོར་བས་བསྟན་པ་དང་སེམས་ཅན་ལ་གང་ཕན་གྱི་སྙིང་སྟོབས་སྐྱེད་ཅིག་གསུངས་ནས་ཆོས་སྐུའི་བཞུགས་སྟངས་ཀྱིས་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་པའི་ཚུལ་བསྟན་ཏོ། །དེ་ནས་ཉི་ཤུ་ལྔའི་ནུབ་ནས་གདུང་མཆོད་སྤྲིན་རྒྱ་མཚོའི་དབུས་སུ་སྤྱན་དྲངས་ཏེ་མཆོད་འབུལ་བ་དཔལ་རི་ཐེག་ཆེན་གླིང་གི་དཔོན་སློབ་རྣམས་དང་། གདན་སའི་ཆེ་བགྲེས་རྣམས་ཀྱིས་བླ་མ་ཞི་ཁྲོ་སོགས་དཀྱིལ་འཁོར་སོ་སོའི་སྒྲུབ་མཆོད། བོན་ལུང་རིན་པོ་ཆེ་དང་། རྗེ་ཉིད་ནས་རྟག་པར་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཀྱི་རིམ་པ་ལ་བརྩོན་པར་མཛད། ཟླ་བ་གསུམ་པ་ཤར་མཚམས་གངས་ཅན་གྱི་ལྷ་གཅིག་ཀུན་མཁྱེན་རྒྱལ་བའི་དབང་པོ་བསམ་ཡས་སུ་ཕེབས་པའི་ཞབས་དྲུང་དུ་མཇལ་བ་དང་བསྔོ་རྟེན་འབུལ་དུ་ཐེགས། དེར་སྡེབས་མཇལ་དང་ཁྱད་པར་གཟིམས་ཆུང་དུ་འགོལ་མཇལ་ཐོག་བསླབ་སྟོན་གནང་ཆ་སོགས་བཀའ་དྲིན་བཟང་པོས་རྗེས་སུ་བསྐྱངས་ནས་ཕྱིར་ཕེབས། ཚེས་བཅུའི་ཉིན་གདུང་རིན་པོ་ཆེ་ཞུགས་ལ་ཞེན་པའི་ཕྱག་ལེན་བོན་ལུང་རིན་པོ་ཆེས་མཛད་ཅིང་། དེའི་ཚེ་རྗེ་ཉིད་ཀྱི་དག་པའི་སྣང་བ་ལ་འོད་གསལ་གྱི་སྐུས་རྗེས་སུ་བཟུང་བའི་སྣང་བ་ཤར་གསུང་། གདུང་ཞལ་ཕྱེ་དུས་ཐུགས་ལྗགས་སྤྱན་གསུམ་སོགས་ངོ་མཚར་བའི་རྟེན་མང་དུ་བྱོན། ཐུགས་དགོངས་རྫོགས་པའི་སླད་དུ་སྐྱེས་ཆེན་དམ་པ་རྣམས་ལ་བསྔོ་རྟེན། དགེ་འདུན་གྱི་སྡེ་རྣམས་སུ་མང་ཇ་གྲལ་འགྱེད། ཁྱད་པར་སྐུ་ཚིགས་སོ་སོ་ལ་ཇོ་སྟན་ཚོགས་པ་སོགས་དགེ་འདུན་གྱི་སྡེ་མང་དུ་སྤྱན་དྲངས་ཏེ་རྒྱུད་སྡེ་གོང་འོག་གི་སྒྲུབ་མཆོད། བདེ་གཤེགས་བརྒྱད་ཀྱི་ཐུགས་དམ་བསྐུལ་བ་སོགས་ཆོག་གྲྭ་མང་པོ་དང་། རྗེ་ཉིད་རང་ནས་ལྷ་ས་བསམ་ཡས་སོགས་སུ་མཆོད་འབུལ་དུ་ཐེགས་ཤིང་། སྐུ་འདད་དངོས་གཞི་གྲྭ་ནང་གི་དགོན་ཆེ་ཕྲའི་སེར་ཚོགས་སོགས་འདུས་པ་སྟོང་སྐོར་དུ་ཉེ་བའི་གྲལ་དབུར་ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད་སྤྱན་དྲངས་ཏེ་བསྙེན་བཀུར་འབུལ་བ་གྲལ་འགྱེད་ཕུལ་དུ་བྱུང་བ་དང་། རེ་བ་རྫོགས་པའི་སྦྱིན་གཏོང་གིས་ཚིམས་པར་མཛད། སྐུ་མཆོད་ཐོག་བྱང་གླིང་དུ་ལྷོ་བྲག་ཁུལ་གྱི་དགོན་ཆེ་ཕྲའི་སེར་ཚོགས་ལ་བསྙེན་བཀུར་འབུལ་ནོད་རྒྱ་ཆེར་སྒྲུབ་པར་མཛད་ཅིང་། ནང་རྟེན་དུ་ཡབ་རྗེའི་འཁྲུངས་རབས་ཀྱི་སྐུ་ཐང་གཟབ་མ་ཞིག་བཞེངས་ཏེ་རབ་ཏུ་གནས་པའང་ཐུགས་སྲས་སྤྲུལ་པའི་སྐུ་དཔོན་སློབ་ཀྱིས་མཛད་དོ། །གཞན་ཡང་ལོ་ཟླའི་དུས་ཀྱི་མཆོད་པ་གདན་ས་རྙིང་པར་ཡུན་རིང་པོའི་བར་དུ་བཙུགས་ཤིང་། ཕྱིས་ཟླ་བ་ངོ་རེ་བཞིན་གྱི་དུས་མཆོད་ཀྱི་སྲོལ་ཨོ་རྒྱན་སྨིན་གྲོལ་གླིང་དུ་བསྟན་པ་ནམ་གནས་ཀྱི་བར་མི་ཆག་པའི་རྒྱུན་འཛུགས་པར་མཛད་པ་སོགས་མདོར་ན་ཡུམ་ཉིད་ཀྱང་གཏོང་བ་ལ་གོམས་པས་རྗེ་འདིའི་དགོངས་པ་དང་བསྟུན་ཏེ་ཅི་ཡོད་སྤྲུགས་པ་ལྟ་བུའི་དགོངས་པ་སྐོང་བའི་ཐབས་ལ་འབད་པར་མཛད་ཅིང་། ཁྱད་པར་དུའང་རྗེ་འདི་ཉིད་ཐུགས་རྗེ་དང་འཕྲིན་ལས་རྣམ་པར་དཀར་བའི་བཤད་སྒྲུབ་ཀྱི་མཛད་པ་ཆེན་པོས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་གྱུར་པ་འདིས་ཞི་བ་ཆེན་པོའི་དབྱིངས་སུ་གཤེགས་པའི་རྗེ་དེའི་ཐུགས་དགོངས་ཁྱད་པར་ཅན་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །དེ་ཡང་རྗེ་འདི་ཉིད་དགུང་ལོ་ལྔ་དྲུག་ཙམ་ནས་བཟུང་འགྲན་ཟླ་དང་བྲལ་བའི་རྡོ་རྗེ་ཐེག་པའི་སྟོན་པ་ཡབ་རྗེ་རིག་འཛིན་ཆེན་པོ་ཉིད་མྱ་ངན་ལས་འདའ་ཁ་མའི་བར་དུ་གཙུག་གི་བླ་མར་བསྟེན་ནས་སྔ་ཕྱིར་གསན་སྦྱོང་མཛད་པ་ནི། སྔར་དུས་གནས་སྐབས་སུ་བབས་པ་སོ་སོའི་ཐད་དུ་བརྗོད་ཟིན་པ་རྣམས་སུ་མ་ཟད་གཞན་ཡང་མང་དུ་གསན་ཏེ། འདི་ལྟར་གཏེར་ཆེན་གོང་འོག་གཉིས། གླིང་པ་བཅུ་གཉིས། དྲི་མེད་གསུམ། གནུབས་ཆུང་། གྲྭ་པ། རཀྴག ལས་འབྲེལ་རྩལ། འཇམ་དཔལ་རྡོ་རྗེ། བཟང་པོ་གྲགས་པ། རྒོད་ལྡེམ། ཚེ་བརྟན་རྒྱལ་མཚན། པདྨ་དབང་རྒྱལ། རིན་ཆེན་ཕུན་ཚོགས། ཤེས་རབ་འོད་ཟེར། དབང་པོའི་སྡེ། འཇའ་ཚོན་སྙིང་པོ་སོགས་གཏེར་སྟོན་བརྒྱ་ཕྲག་ཏུ་ཉེ་བའི་གཏེར་ཆོས་ཏེ་གཏེར་མའི་སྐོར། དོང་སྤྲུགས་ཀྱི་དབང་དང་རྒྱུད་འབུམ་སོགས་བཀའ་མའི་སྐོར། གཅོད་ཡུལ་བློ་སྦྱོང་། ཕྱག་ཆེན་ལྷན་སྐྱེས་སོགས་གསར་མའི་སྐོར། གཞན་ཡང་མདོ་རྒྱུད་ཀྱི་ལུང་ཕྲན་མང་པོ་སྟེ་མདོར་ན་དབང་རྗེས་གནང་བཤད་ལུང་མན་ངག་ཕྱག་ལེན་ཕྲན་ཚེགས་ཀྱིས་མཐའ་བརྟེན་པ་གསན་པ་ནི་བསམ་གྱིས་མི་ཁྱབ་སྟེ་ཐམས་ཅད་བརྗོད་པར་མི་ནུས་པས་གསན་ཡིག་ལས་ཤེས་པར་བྱའོ། །ཁྱོད་ཐུགས་རྒྱ་ཆེན་ལྷ་ཡི་མཛོད་ཁང་དེར། །རྒྱལ་བའི་གསུང་རབ་འཛད་མེད་ཡིད་བཞིན་ནོར། །མཐའ་དག་བཙུད་ནས་འགྲོ་ལ་སྦྱིན་མཁས་པས། །ཐར་འདོད་བཀྲེན་པའི་ཡིད་ལ་ལྷག་པར་སྨན། །ཕ་མཐའ་མི་མངོན་ཐོས་པའི་ཆུ་གཏེར་ཆེ། །ཟབ་གནད་གདམས་པའི་གཏིང་དཔག་མི་མངོན་ཞིང་། །བྱིན་རླབས་ཉམས་རྟོགས་རྦ་རླབས་ཆེར་གཡོ་བས། །ས་གསུམ་འགྲོ་བའི་ཚ་གདུང་མ་ལུས་བཅིལ། །ཡོངས་འཛིན་དམ་པའི་ཆོས་ཀྱི་ཆུ་གཏེར་ཀུན། །རྣམ་དཔྱོད་ཧུབ་ཀྱིས་དྲངས་ནས་སྐལ་བཟང་ལ། །མི་ཟད་བདུད་རྩིའི་ཆོས་ཆར་སྩོལ་བཞིན་དུ། །ད་དུང་ངོམས་མེད་ཐོས་བསམ་བསྟེན་འདི་མཚར། །༈ དེ་ནས་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན་དར་རྒྱས་ཆོས་གླིང་གི་ཆོས་ཀྱི་ཁྲི་ཆེན་པོར་ཞབས་བཀོད་པ་ལ་ཐུགས་སྲས་སྤྲུལ་པའི་སྐུས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་ལྷན་ཅིག་ཏུ་བྱུས་བེར་གྱིས་ཐོག་དྲངས་པའི་དགུ་ཚན་གྱི་གནང་སྐྱེས་ཀྱང་སྩལ་ཅིང་གྲྭ་རིགས་ཡོན་བདག་རྣམས་ཀྱིས་ཀྱང་ལེགས་འབུལ་རྒྱ་ཆེན་པོ་བསྟབས། མི་རིང་བར་ཐུགས་སྲས་རིན་པོ་ཆེ་དང་ལྷན་དུ་ཕྱགས་བཏེག་ནས་གཙང་བོན་པོར་ཕེབས་ཏེ། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་ལ་བྱམས་ཆོས་སྡེ་ལྔ་ལེགས་པར་གསན་ཞིང་། གཞན་ཡང་པད་གླིང་ཐུགས་རྗེ་ཆེན་པོའི་སྐྱེ་བདུན་སྒྲུབ་ཆེན་དང་འབྲེལ་བའི་དབང་དང་། ནོར་བུ་རྒྱ་མཚོའི་དབང་རགས་རིམ། རྒྱལ་སྲས་བཀའ་འབུམ་གྱི་ལུང་རྣམས་ཁྲོམ་ཆོས་སུ་གསན། བླ་ཁག་ཆོས་ཞུ་བ་ཉུང་བསྡུས་འགའ་དང་ལྷན་དུ་བཀའ་བརྒྱད་རང་བྱུང་རང་ཤར་གྱི་དབང་ལུང་དང་རྗེ་ཉིད་ཁོ་ནས་ཆོས་སྐྱོང་སྐོར་གྱི་སྲོག་གཏད་རྣམས་གསན། གསུང་སྤྲུལ་རིན་པོ་ཆེའི་དྲུང་དུ་སྒྲ་སྙན་ངག་ཀྱང་གསན་བཞེད་ཀྱིས་སྔོན་དུ་གདན་ས་ནས་གསོལ་འདེབས་མཛད་པར་སྐུ་ན་སྨིན་ཆེས་པ་དང་བཅས་སྒྲ་སྙན་ངག་ཤེས་པར་མི་ཚེ་འགོར་གསུང་བའི་བཀའ་ལུང་འུད་ཅན་སྩལ་ཏེ་གནང་མ་བཞེད་པས་དེ་དུས་ཞུའམ་སྙམ་ནའང་ཞུ་མ་སྤོབས་གསུང་། ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད་ལ་མཛོད་བདུན་དང་ངལ་གསོ་སྐོར་གསུམ་ལ་སོགས་པ་དང་། མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་ལས་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་རྣམས་ཀྱང་གསན་ཏོ། །འདི་སྐབས་ཕྱོགས་ཀྱི་ཆོས་ཞུ་བ་བླ་འགོ་ལྔ་དྲུག་ཙམ་ཡོད་པ་ཀུན་གྱི་མཐའ་རྟེན་དུ་རྗེེ་འདི་རློམ་པ་མེད་པར་བཞུགས་ཤིང་། ཕྱིར་ལམ་སྙེེ་མོ་དང་རོང་ཆུང་བརྒྱུད་ཆུ་ཤུར་དུ་སྐུ་ཞང་བསོད་རབ་པས་ཞབས་ཏོག་མཛད་དེ་ཞག་གསུམ་བཞུགས། དེ་ནས་ཡང་ཁའི་བར་གཞུང་ཀོ་མཛད་དེ་དགོན་པར་ཕེབས་ནས་གཟིམས་སྤྱིལ་འོད་གསལ་རྩེར་ཟླ་གསུམ་བར་འདག་འབྱར་དམ་པ་མཛད་ནས་དྲག་དམར་གྱི་ལྗགས་བསྙེན་མཛད་པས་མཚན་མ་མངོན་དུ་གྱུར། དེ་གྲོལ་མཚམས་སྣ་དཀར་རྩེ་ནས་ཁྲི་དཔོན་སྔགས་འཆང་ཆེན་པོ་སྐུ་མདུན་དུ་ཕེབས་པ་དང་མཇལ་འཕྲད་མཛད། བླ་མ་ཚ་ལུ་བར་པད་གླིང་ནོར་རྒྱམ་གྱི་ལུང་དང་ཆོས་རྗེ་གླིང་པ་ལོ་ཆེན་ལ་པད་གླིང་གི་གཏེར་ཆོས་ཐོར་བུའི་ལུང་སྩལ། ཡབ་རྗེ་ལས་གསན་པའི་བརྒྱུད་པ་རྣམ་པར་དག་པ་ཡོད་པར་མཁྱེན་ཏེ་བླ་མ་འདི་ལ་ཕྱིས་འདུས་པ་མདོ་དབང་ཆེན་མོའི་དབང་བཀའ་ཁམས་ལུགས་དང་ཟུར་ལུགས་གཉིས་ཀའི་ཕྱག་ལེན་མ་འདྲེས་པར་སོ་སོར་གསན། ཧོར་ཟླ་དགུ་པའི་ཚེས་བཅུའི་ནུབ་གཟིམ་ཆུང་བསམ་གཏན་སྦུག་ཏུ་འོད་གསལ་གྱི་གཟིགས་སྣང་ལ་བསམ་ཡས་མཆིམས་ཕུ་ཡིན་སྙམ་པའི་ལྷ་ཁང་ཡིད་དུ་འོང་བ་ཞིག་ན་རྣལ་འབྱོར་པ་མང་པོ་ཆོ་ག་གཏོང་གིན་འདུག་པའི་མཐའ་སྐོར་ན་བུད་མེད་མང་པོ་ཚོགས་འདུག་པའི་གྲལ་གཤམ་དེར་གཟིགས་མོའི་ཐུགས་སྣང་གིས་བཞུགས་པ་ན་གྲལ་དབུ་དེ་ན་གཏེར་སྟོན་རྡོ་རྗེ་གླིང་པ་ཡིན་ཟེར་བའི་རྣལ་འབྱོར་པ་ན་ཚོད་བགྲེས་ཆེར་འགྲོ་བ་ཞིག་བཞུགས་པའི་མདུན་ན་སེང་ལྡེང་ལས་གྲུབ་པའི་བུམ་པ་ཆེན་པོ་ཞིག་འདུག་པ་དང་། རྣལ་འབྱོར་པ་དེས་ཀ་པཱ་ལ་ནང་ལ་མཚལ་བྱུགས་པ་ལ་གསེར་རིས་ཀྱིས་ཕག་མོའི་དཀྱིལ་འཁོར་བྲིས་པ་ཞིག་ཕྱག་ཏུ་བསྣམས་ནས་དར་དམར་གྱིས་འཕྱི་ཞིང་འདུག་པ་དེ། བུད་མེད་གཞོན་ནུ་མ་གཅིག་གིས་སེང་ལྡེང་གི་བུམ་པ་དེ་ནས་འབྲས་ཆང་ཡིན་འདྲ་སྙམ་པའི་ཁ་དོག་འོ་མ་ལྟར་དཀར་བ་ཞིག་གིས་བཀང་སོང་བ་དང་། བུད་མེད་གཞན་ཞིག་གིས་བསེ་ཕོར་ཆེན་པོ་ཟས་སྣ་སྔར་གཟིགས་མ་མྱོང་བ་མང་པོས་བཀང་བ་ཞིག་ཐོགས་ནས་རྣལ་འབྱོར་པ་དེ་ལ་དྲངས་སོང་བས་གྲལ་འགོ་ནས་རིམ་པར་ཟས་ཁམ་རེ་དང་། ཀཱ་པཱ་ལ་ནས་ཆང་ཧུབ་རེ་ཐམས་ཅད་ཀྱིས་བཞེས་ཀྱང་ཉུང་དུ་མི་འགྲོ་བར་འདུག་ཅིང་། རྗེས་སུ་བུད་མེད་དེས་སྣོད་ཟས་སྣ་དང་བཅས་ཕུལ་བྱུང་བ་བཞེས་པས་རོ་ནུས་ཕུན་སུམ་ཚོགས་པ་ཞིག་འདུག དེ་ནས་བཟའ་བཏུང་སྣོད་དང་བཅས་པ་རས་དཀར་གྱི་སྒྱེའུ་ཞིག་ཏུ་བཅུག་སྟེ་ཕྱག་ཏུ་བསྣམས་པ་དང་། རྣལ་འབྱོར་པ་དེས་དགེ་བཤེས་གྲྭ་པའི་ཞྭ་གཟུངས་ཡིན་ཟེར་ཤོག་དྲིལ་ཆུང་ངུ་ཞིག་གཏད་བྱུང་བ་གཟིགས་པས་འགོ་དེ་ན་བོད་ཡིག་གི་ཨེ་མ་ཧོཿ ཟེར་བ་གསུམ་ལས། གཞན་རྒྱ་ཡིག་ཁོ་ནར་འདུག་པས་མ་མཁྱེན་ཀྱང་མོས་གུས་ཆེན་པོས་ཕྱག་ཏུ་བཞེས་པ་དང་རྣལ་འབྱོར་པ་དེ་ཀུན་གྱེས་ནས་སོང་། དེར་རྗེ་རང་ཡང་ཕྱིར་ཐོན་ནས་རྡོ་གཅལ་ཞིག་གི་སྟེང་དུ་ཕེབས་པའི་མོད་ལ་མནལ་སད་པ་བྱུང་གསུང་། ཟླ་བ་དེའི་མཇུག་ཏུ་ཆག་བྱང་ཆུབ་གླིང་དུ་ཐེགས། དེར་སྤྲུལ་སྐུའི་དབོན་པོ་སོགས་གྲྭ་བཙུན་སྡིག་པའི་བློ་ཅན་དག་གིས་ཞབས་འདྲེན་བྱ་བའི་བློས་སྐུར་འདེབས་དང་གྲྭ་སློབ་སྦྱིན་བདག་དད་འདུན་ཅན་རྣམས་ཕྲ་མས་འབྱེད་པ། འཕྲལ་དུ་ཡང་རྩབ་ཧྲལ་ཐུག་ཆོམ་ཁོ་ནས་ཐུགས་ཀྱི་ཚེར་མ་སྣ་ཚོགས་པ་བྱས་ཀྱང་གནོད་བྱེད་ལ་ཇི་སྙམ་དུ་ཡང་མི་དགོངས་པར་དེ་རྣམས་ལ་བྱམས་པའི་ཐུགས་རྗེས་ཁྱབ་པར་མཛད་ཅིང་བཞུགས་པ་ན་ཞབས་འབྲིང་པ་དག་འདི་འདྲའི་ཚུར་བརྒལ་ལ་ངན་ལན་མཉམ་དུ་གཞལ་བ་དྲག གང་བྱས་ཁུར་པ་འདི་ལ་གྱོང་ལས་མི་འདུག་ཞུ་བ་ལ། བཀའ་ལས། གནོད་ལན་མ་བྱས་ཙ་ན་ཕན་ཚུན་རྒྱུད་མི་བསྲེག་ཅིང་རང་རེ་ཡང་བཟོད་ལྡན་དུ་འགྲོ་བ་ཡིན་པས་གནོད་ལན་དུ་ཕན་ཐོགས་མ་ནུས་ཀྱང་ངན་བསྐྱལ་བས་ག་ན་འོང་གསུང་། དེར་དགེ་སློང་འབྱོར་ལྡན་ལ་བརྒྱད་སྟོང་པ། མདོ་ཕྲན་དང་གཟུངས་བསྡུས་ཐོར་བུའི་ལུང་རྣམས་གསན། དེའི་ཚེ་ཆག་སྨན་གྱི་སྦྱིན་བདག་ཅིག་གིས་སྤྱན་དྲངས་ཏེ་དམིགས་བསལ་གྱི་ཆོ་ག་ཞིག་མཛད་དགོས་པ་ལ་ཞལ་བཞེས་གྲུབ་ཀྱང་གདན་ས་ནས་ཕྱག་དཔེ་མ་བསྣམས་པས་ཞབས་ཕྱི་རྣམས་སེམས་འཁོལ་བར་བྱུང་བ་ན་གཟིམས་ཁང་གོང་གི་རྩིག་སེང་ནས་ཡབ་རྗེའི་ཕྱག་བྲིས་མ་ཞིག་བརྙེད་པ་གནང་བས་ཐམས་ཅད་ངོ་མཚར་བར་གྱུར། སྐབས་ཤིག་ཞབས་འབྲིང་བ་དག་ལ་དགོན་པ་འདིའི་བདག་སྔ་མོའི་རྒྱུན་བཞིན་ངེད་རང་གིས་བྱེད་པ་ཞིག་མགྱོགས་མྱུར་འོང་བར་འདུག་ཅེས་བཀའ་ལུང་ངེས་པ་ཅན་ཡང་ཕེབས་འདུག ཟླ་བ་གསུམ་པའི་ཉི་ཤུ་གསུམ་གྱི་ཉིན་ཞབས་ཕྱིར་དགེ་སློང་འབྱོར་ལྡན་དང་བཅས་སྐྱོ་སངས་ལ་ཐེགས་པ་ན། དགོན་པའི་རྒྱབ་རི་འབྲོག་རི་རིན་ཆེན་བརྩེགས་པའི་འདབས་ཞོལ་ནས་ངོ་མཚར་བའི་ལྟས་དང་བཅས་ཟབ་གཏེར་གྱི་ཁ་བྱང་མ་ཧཱ་གུ་རུའི་དབུ་ལོ་དང་བཅས་པ་ཕྱག་ཏུ་སོན། དེ་ནས་མི་རིང་བར་དབུས་སུ་བཏེག་སྟེ་ཟླ་བ་གསུམ་གྱི་བར་སྐུ་མཚམས་དམ་པར་མཛད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས།

དགུང་ལོ་བཅོ་བརྒྱད་པ།

༈ དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་ཟླ་བ་གསུམ་པ་ཙམ་ནས་བཟུང་བཟོ་རིག་ལ་བྱང་ཞིང་ཡིད་གཞུངས་པའི་བཟོ་བོ་བཅོ་ལྔ་སྐོར་བོས་ཏེ། ཡབ་རྗེའི་ཕྱི་རྟེན་དུ་གཟིམ་མལ་འདྲ་སྐུ། རིག་འཛིན་བརྒྱད་དང་བླ་སྐུ་བཅུ་སྐོར། དབུ་རྩེ་དང་སེང་གཡབས་ཀྱི་ལྡེབས་བྲིས། ཡབ་རྗེའི་གསུང་འབུམ་དང་པད་གླིང་གཏེར་ཆོས་ཀྱི་གླེགས་བམ་ཁ་ཤས། གསེར་ཟངས་ཀྱི་ཆོ་འཕྲུལ་མཆོད་རྟེན་སོགས་ཀྱི་བཟོ་གྲྭ་འཛུགས་པའི་ཞལ་ཏ་མཛད་དེ། དར་གླིང་བསམ་གཏན་རྩེར་གྲུབ་ཆེན་ཀློང་ཡངས་པས་ཞབས་ཕྱི་ཞུས་ནས་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོར་བཞུགས། དེ་སྐབས་ཉིན་ཞིག་སྐུ་ཉམས་བཞེངས་པ་ལྟ་བུས་མེ་རྡོ་མགོ་བོ་ཙམ་པ་ཞིག་ཡོད་པ་དེ་རྫའི་ཁོག་མའི་སྟེང་དུ་ཤུགས་ཀྱིས་འཕང་བར་མཛད་པས་ཅི་ཡང་མ་གནོད་པ་དང་། ཡང་སྐབས་ཤིག་གྲུབ་ཆེན་རིན་པོ་ཆེ་ལ་འདིར་ཨོ་རྒྱན་རིན་པོ་ཆེ་ཕེབས་པའི་སྣང་བ་བྱུང་། ཁྱེད་ཀྱིས་གཟིགས་ཨེ་བྱུང་གསུང་བ་ལ། ཅི་ཡང་མ་མཐོང་ཞུས་པས་ང་ལ་ནི་ཨོ་རྒྱན་དང་མཇལ་བའི་སྣང་བ་ཡང་ཡང་བྱུང་། ལན་ཅིག་ཡབ་རྗེའི་སྐུའི་སྣང་བ་ཨོ་རྒྱན་གྱི་སྐུར་འགྱུར་བ་ཞིག་ཀྱང་བྱུང་སྟེ། བྱིན་གྱིས་བརླབས་པ་ཡིན་པ་འདྲ་གསུང་ཞེས་གྲུབ་ཆེན་རིན་པོ་ཆེའི་ཞལ་ལས་དངོས་སུ་ཐོས། དེ་དུས་ལྷོ་བྲག་ནས་བཞེས་པའི་ཁ་བྱང་གི་དོན་བཞིན་ཆོས་སྲུང་མཁའ་འགྲོས་སྐུལ་མ་ཞུས་པར་བརྟེན་ཟླ་བ་ལྔ་པའི་ཚེས་ལྔའི་ནུབ་མོ་བྱང་ཆུབ་དབང་རྒྱལ་ཞབས་ཕྱིར་ཁྲིད་དེ། ཡུམ་ཉིད་ནས་གསང་ལུགས་ཀྱི་ཐབས་འཕྲུལ་མང་དུ་མཛད་པས་ཕྱི་ནང་སུས་ཀྱང་མ་ཚོར་བར་ཞབས་ཐང་མཛད་ནས་ཕྱག་བཏེག ཟུར་མཁར་གྱི་ཚུགས་བཏོན་ཏེ་བསམ་ཡས་སུ་ཕྱག་དང་སྨོན་ལམ་མཛད་ནས་ཚེས་བདུན་གྱི་ནུབ་གཡའ་མ་ལུང་དུ་ཕེབས་ཏེ་ཕན་ཚུན་ཀུན་ཏུ་གཏེར་སྒོའི་ས་གནད་འཚོལ་བར་མཛད་ཀྱང་མ་རྙེད། དེ་ནས་ཚེས་བཅུའི་ཞོགས་ཚེ་ཆུ་བྲག་གི་གཡས་ཕྱོགས་དེ་ན་ཕ་བོང་གཏེར་མཚན་འདྲ་བ་ཞིག་འདུག་པ་དེར་ཕེབས་ནས་ཚོགས་མཆོད་དང་བསང་གསོལ་མཛད་པས། སྐུ་རྒྱབ་བརྟེན་པའི་བྲག་དེ་ནས་གཟུགས་མེད་ཀྱི་སྒྲ་ཆེན་པོ་ཞིག་ལྷང་གིས་བྱུང་། དེར་གཟིགས་པས་ཁ་བྱང་དང་མཐུན་པའི་གཏེར་མཚན་ལ་ཐུགས་ངེས་འདྲོངས་ཏེ། རི་ཐང་མཚམས་ཀྱི་ས་ཅུང་ཟད་བྲུ་བར་མཛད་པས་གཏེར་སྒོ་གཡམ་སྔོན་གྱོ་བརྩིག་ཚགས་དམ་པར་བྱས་པ་ཞིག་ལྕགས་གཟོང་གིས་འདོན་པར་མཛད་པས་སོལ་ཉོག་དང་བྱེ་མ་མེས་ཚིག་པའི་དཀྱིལ་ན་ལ་སེའི་གཏེར་སྒྲོམ་གྲུ་བཞི་པ་གཅིག་དང་ཟླུམ་པོ་སྨྱུག་སྦུབས་ཀྱི་དབྱིབས་ཅན་དཀྱུས་སོར་ལྔ་པ་གཅིག་བཅས་ཕྱག་ཏུ་སོན་རྗེས་གཏེར་སྒོ་མི་མངོན་པར་བགག་པར་མཛད། སང་ཉིན་དེ་ནས་ཕྱག་བཏེག་གཡའ་མ་ལུང་དུ་གསོལ་ཆས་གང་ཡོད་ལ་ཚོགས་འཁོར་དང་ཚེས་བཅུའི་མཆོད་པ་མཛད་པས་ཕྱིར་ལམ་ཕྱེ་སློང་གིན་ཕེབས་དགོས་པ་བྱུང་། ཟུར་མཁར་དང་དགེ་གསལ་དུ་ཞག་ས་མཛད་ནས་ཚེས་བཅུ་གསུམ་ལ་དར་གླིང་དུ་ཕེབས་ཏེ། གཏེར་སྒྲོམ་ཟླུམ་པོ་དེ་ཞལ་ཕྱེ་བའི་ནང་ནས་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་སྐོར་དང་ཚེའི་རིལ་བུ་ཧྲཱིཿ རྒྱ་ཅན་རྣམས་བྱུང་། དེ་མ་ཐག་རིལ་བུ་གཅིག་ཡུམ་ལ་གནང་བ་བཞེས་པས་སྐུ་ལུས་འཕར་གཡོ་བྱེད་ཅིང་ཐུགས་རིག་ཕྱ་ཕྱོལ་བདེ་ཉམས་ཚད་མེད་པ་ཞིག་བྱུང་གསུང་ངོ་། །ཚེ་གཅིག་བྱང་ཆུབ་མཆོག་གི་སར་སྐྱེལ་བའི། །ཟབ་ཆོས་འདོད་དགུར་གཏམས་པའི་གཏེར་གྱི་སྒོ། །རྣམ་དག་སྨོན་ལམ་ལས་སད་ལྡེ་མིག་གིས། །འགྲོལ་མཛད་པདྨའི་རྒྱལ་ཚབ་ཁྱོད་བསྔགས་སོ། །བྱིན་རླབས་གཏེར་ཆེན་འཁྱིལ་བའི་སྤྲིན་རུམ་ནས། །མ་དང་མཁའ་འགྲོའི་སྙིང་ཁྲག་ཟབ་ཆོས་ཆར། །བབས་ཚེ་ལོག་རྟོག་སྡང་བས་ཆེར་བསྐམས་པའི། །མགྲིན་ནད་ཅན་ཡང་ཕན་བདེས་བརླན་པར་གྱུར། །དེ་ནས་རེ་ཞིག་གདན་སར་བཞུགས་ངོས་རྟེན་རྣམས་ལེགས་པར་གྲུབ་པས་བཟོ་བོ་རྣམས་ལ་རེ་བ་རྫོགས་པའི་ཡོན་རྫོངས་བསྟབས་ནས། ཟླ་བ་དྲུག་པའི་མཇུག་ལ་ཡུམ་དང་མཉམ་དུ་ཆུ་ཤུར་བརྒྱུད་སྐྱིད་ཤོད་དུ་ཐེགས། གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་འཛམ་གླིང་གཙུག་གི་ནོར་བུ་མཆོད་ཡོན་གྱི་མཇལ་ཕྱག་ཞུས་ཤིང་ཁྱད་པར་རྒྱལ་མཆོག་དམ་པའི་ཞབས་དྲུང་དུ་བླ་མའི་རྣལ་འབྱོར་ཞིག་ཀྱང་གསན། ལྷ་སར་མེས་རྩིས་རིག་པ་ཆེན་པོ་གོང་གི་ཕྱག་ཐོ་སྒྲིགས་པར་བཞུགས་པའི་སར་ཡང་ཡང་ཕེབས་ཤིང་རྟེན་རྣམས་ཀྱི་གཟུངས་པར་འདེབས་པ་སོགས་མཛད། ཕྱིར་ལམ་སྙེ་ཐང་འོར་མཇལ་ནས་ཆུ་ཤུར་བརྒྱུད་དར་གླིང་དུ་ཕེབས་ཏེ། ཟླ་བ་གཅིག་གི་བར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། དེ་ནས་ཐུགས་སྲས་སྤྲུལ་པའི་སྐུ་དཔོན་སློབ་རྣམས་སྤྱན་དྲངས་ཏེ་རྟེན་རྣམས་ལ་གཟུངས་འབུལ་དང་། རབ་གནས་དགའ་སྟོན་རྒྱ་ཆེན་པོ་མཛད་ནས་ཐུགས་སྲས་སྤྲུལ་པའི་སྐུ་དང་ལྷན་དུ་གུ་རུ་ལྷ་ཁང་དུ་ཐེགས། དེར་གསུང་སྤྲུལ་རིན་པོ་ཆེར་ཞབས་པད་བརྟན་པའི་གསོལ་འདེབས་དང་། ཀེའུ་ཚང་ཁྲ་མོ་སོགས་ནང་རྟེན་རྣམས་ཀྱང་མཇལ་བར་མཛད། ཡུམ་ཕྱིར་ཐེགས་རྗེས་དབུ་མཛད་དོན་ཡོད་དང་འཕྲིན་ལས་མཐར་ཕྱིན་གཉིས་ཞབས་ཕྱིར་བཟུང་སྟེ། གནས་དེར་སྤ་ལུང་སྤྲུལ་སྐུ་དང་མཉམ་དུ་དཀྱིལ་འཁོར་བྲི་ཐིག་སྦྱོང་བར་མཛད་པས་མི་རིང་བར་སྐུ་ཟླའི་སློབ་དཔོན་ཕེར་བ་མཁྱེན། ཟླ་གཅིག་སྐོར་ནས་བཀྲ་ཤིས་ཆོས་གླིང་དུ་ཐེགས་ཏེ། གསུང་སྤྲུལ་རིན་པོ་ཆེར་ཀུན་བཟང་དགོངས་འདུས་ཀྱི་མྱོང་ཁྲིད་དང་གཞན་ཡང་པད་གླིང་གི་ཟབ་ཁྲིད་རྒྱུན་གང་བཞུགས་རྣམས་ཀྱི་དམིགས་རིམ་ཕྱག་ཁྲིད་དུ་གསན་པ་སོགས་སྔར་གསན་པའི་ཆོས་མང་པོ་བསྐྱར་ནས་གསན་ཞིང་། གྲྭ་པ་ཤར་མའི་ཚུལ་བཟུང་ནས་བླ་མ་མཉེས་པ་གསུམ་གྱིས་བསྟེན།

དགུང་ལོ་བཅུ་དགུ་པ།

དགུང་ལོ་བཅུ་དགུ་པ་ཤིང་འབྲུག་ཧོར་ཟླ་དང་པོ་ཙམ་ནས་བཟུང་། ཕྱག་ཕྱི་མེད་པར་ཟླ་བ་གཉིས་ཙམ་སྐུ་མཚམས་དམ་པར་མཛད། དེ་སྐབས་དབུས་ནས་དབྱར་ཕེབས་པའི་སྟབས་ན་བཟའ་སྲབ་མོ་འདྲ་ལས་མེད་པ་དང་། ལྷོ་བྲག་ས་ཆ་གྲང་བའི་ཁར་དགུན་དུས་ཀྱི་གྲང་རེག་ཤིན་ཏུ་ཆེ་ཡང་དཀའ་སྤྱད་ཀྱིས་རྐྱེན་ཐེག་པར་མཛད། དེ་ནས་སྦྲུལ་མཚོ་པདྨ་གླིང་དུ་སྐུ་མཚམས་ལོ་གསུམ་ཙམ་ཞིག་གནང་བཞེད་པ་ལ་གཞིས་ནས་སྤྱན་འདྲེན་བྱུང་བ་བཞིན། སྦྲུམ་ལ་དང་སྤྱི་ཕུ་ལ་བརྒྱུད་གདན་སར་ཕེབས་ཏེ་ཟླ་བ་གཅིག་གི་བར་དུ་འདག་འབྱར་མཛད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། དེ་རྗེས་གསུང་སྤྲུལ་རིན་པོ་ཆེ་ཡབ་སྲས་བསམ་ཡས་ཀྱི་རབ་གནས་ལ་ཕེབས་ཞོར་ཁྲབ་མོར་བཅགས་མལ་མཛད་པའི་དྲུང་དུ་ཕྱག་འབུལ་ལ་ཐེགས། དཔོན་སློབ་ཐམས་ཅད་ལ་ཉིན་གཅིག་གི་ཞབས་ཏོག་དང་འབུལ་ནོད་རྒྱ་ཆེར་བསྟབས། དེའི་ཚེ་དགོངས་པ་ལ། ད་ནི་སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་གནས་དབེན་པ་ཞིག་ཏུ་ཚེ་འདི་ལ་བྱང་ཆུབ་ཐོབ་པ་ཞིག་བྱ་སྙམ་པའི་ཐུགས་ཀྱི་ཤུགས་ཆེན་པོ་སྐྱེས་ཏེ། ཟླ་བ་དྲུག་པའི་ཚེས་ལྔ་ལ་བྲག་དམར་མཆིམས་ཕུར་ཡུམ་དང་མཉམ་དུ་ཕྱགས་བཏེག །བསམ་ཡས་མཐིལ་དུ་གསུང་སྤྲུལ་རིན་པོ་ཆེ་མཇལ་དུ་ཐེགས། གཙུག་ལག་ཁང་རྣམས་སུ་ཕྱག་མཆོད་དང་སྨོན་ལམ་རྣམ་པར་དག་པའང་མཛད། མཆིམས་ཕུར་སྤྲུལ་པའི་སྐུ་འཕྲིན་ལས་རྣམ་རྒྱལ་མཇལ་ཞིང་ཕྱག་འབུལ་མཛད་པས་སྟན་སྟེང་ནས་བཞེངས་པ་ཙམ་མཛད། ཡུམ་དང་ལྷན་ཅིག་གནས་གཟིགས་ཀྱང་ཞིབ་པར་གནང་། དེ་སྐབས་བྲག་དམར་ཀེའུ་ཚང་དུ་ཕྱག་མཆོད་སྨོན་ལམ་མཛད་པའི་ཚེ། ནམ་མཁའ་ནས་འཇའ་སྣ་ལྔ་གནམ་བབས་སུ་བབས་ནས་དེ་སྐོར་དུ་འཇའ་འཁྱིལ་ཆེན་པོ་བྱུང་། དེ་ནས་ཚེས་བཅུའི་ཉིན་ཡུམ་ཕྱིར་ཐེགས་ཏེ། དེ་ནུབ་ནས་གསང་ཕུག་གི་ལྟག་བཻ་རོ་ཕུག་ཏུ་གསུང་བཅད་དེ་གུ་རུ་ཞི་བའི་བསྙེན་པ་མཛད་པས་རིང་པོར་མི་ཐོགས་པར་སྐུའི་སྣང་བ་དངོས་སུ་བྱུང་། ཆར་ཞོད་ཤིན་ཏུ་ཆེ་བས་ཕུག་པ་ལ་བྲག་ཆུ་ཟགས་ཏེ་ཆུས་ནང་ཐམས་ཅད་ཁེངས་པའི་བཞུགས་གདན་དང་ན་བཟའ་རློན་པ་འབའ་ཞིག་དང་བཞུགས་ས་རྣམས་ཆུ་ཁྲོད་འདམ་རྫབ་ལྟ་བུ་བྱུང་ནའང་ཐུགས་ལ་དཀའ་བ་ཅུང་ཟད་ཀྱང་མི་མངའ་བར་ཐུགས་དམ་ལ་རྩེ་གཅིག་ཏུ་བརྩོན་པར་བཞུགས། དེའི་ཚེ་ཞབས་འབྲིང་པ་དག་གིས་སྐུ་ངལ་བ་སེམས་ཀྱིས་མ་བཟོད་དེ་གླིང་སྟོད་ནས་སྤྱིལ་བུ་ཞིག་གཡར་བ་དེར་ཟླ་བ་བདུན་པའི་ཚེས་གསུམ་ལ་སྤོ་བར་མཛད་དེ་བདུན་ཕྲག་གསུམ་སོང་སྐབས་གསུང་སྤྲུལ་རིན་པོ་ཆེ་གསང་ཕུག་ཏུ་ཕེབས་པའི་སྐུ་མདུན་དུ་སྐུ་མཚམས་གྲོལ་ནས་མཇལ་དུ་ཐེགས་ཏེ་གུ་རུའི་རྣལ་འབྱོར་ཞིག་གསན། དེར་ཚོགས་འཁོར་དང་གསོལ་འདེབས་མཛད་པའི་ཞབས་ཕྱིར་བཞུགས་ཤིག་པའི་བསླབ་སྟོན་དང་ཚོགས་སྐལ་ཡང་སྩལ། དེ་ནུབ་མནལ་ལམ་དུ་བུད་མེད་མོན་མོའི་ཆས་ཅན་ཤིན་ཏུ་མཛེས་པ་ཞིག་གིས་གསུང་གི་སྤྲུལ་པ་ནི་ཐུགས་ལ་ཐིམ་རྒྱུར་འདུག་ཟེར་བ་ཞིག་བྱུང་བ་དང་། སང་ཉིན་དབེན་རྩའི་བར་ཞབས་སྐྱེལ་དུ་ཐེགས་པས། སྔར་དང་མི་འདྲ་བའི་བསླབ་སྟོན་ཞིབ་རྒྱས་སྩལ་བ་སོགས་ཕྱིས་མི་མཇལ་བའི་བརྡར་འདུག་གསུང་། དེ་ནས་སྔར་གྱི་མུ་མ ཐུད་ཟླ་བ་དགུ་པའི་ཚེས་བརྒྱད་ཀྱི་བར་གསུང་བཅད་དེ་སྐུ་མཚམས་དམ་པར་མཛད། སྐབས་ཤིག་ནམ་ལངས་ཙམ་ལ། གཟིམ་སྤྱིལ་གྱི་རྩིག་སེང་བུག་པ་མདའ་སྨྱུག་ཤོང་ཙམ་ཞིག་ཡོད་པ་དེར། དུད་པ་འདྲ་བ་ཞིག་སྔོ་འཕྱུར་གྱིས་བྱུང་བ་ཉི་མ་ཤར་བའི་ཟེར་ཡིན་འོང་དགོངས་ཙ་ན། དེ་སྤྱན་ལ་མདུང་ཚུགས་སུ་ཟུག་པའི་རྩ་བ་ཁབ་མིག་ལྟར་ཕྲ་ཞིང་རྩེ་མོ་ཚད་མེད་པའི་འོད་སྦུགས་རག་དུང་ལྟ་བུའི་ནང་ན་རྒྱ་བོད་ཀྱི་ཡུལ་གྲུ་ཐམས་ཅད་གསལ་སིང་སིང་གཟིགས་པ། དེ་ལ་ཞིབ་ཏུ་གཟིགས་པས་གྲོང་ཁྱེར་ན་ཚོང་དང་སོ་ནམ་སྐྱིད་སྡུག་གི་བྱ་བཞག་ཐམས་ཅད་དངོས་བསྟན་དུ་བྱེད་པ་ལྟར་གཟིགས་པ་བྱུང་། ཇེ་ཞིག་ན་ཆུ་ནང་གི་གཟུགས་བརྙན་རླུང་གིས་དཀྲུགས་པ་ལྟར་ཡལ་བ་དང་། ཡང་དེ་མ་ཐག་འཇའ་འོད་དང་ཞིང་ཁམས་ཕོ་བྲང་བསམ་གྱིས་མི་ཁྱབ་པ་དང་ཐིག་ལེ་མུ་ཁྱུད་ཀྱི་ར་བའི་ནང་ནམ་མཁའ་མཐིང་ཞུན་ལྟར་དྭངས་པའི་ཀློང་དུ་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེ་གསལ་རྫོགས་སུ་ཁྲ་ཧྲིག་གེ་བ་དང་། དེའི་གཡས་གཡོན་ན་ལྷ་མོ་དཀར་མོ་དང་དམར་མོ་དར་དམར་ལྗང་དང་རིན་པོ་ཆེས་བརྒྱན་པ་ལག་ན་པི་ཝཱང་དང་གླིང་བུ་བཟུང་ནས་སྐད་སྒྱུར་བ་ཞིག་གཟིགས་པའི་མོད་ལ། རོལ་མོ་དེ་གཉིས་མི་སྐད་སྦོམ་ཕྲ་འདོན་པ་མཉམ་དུ་འདོན་པ་ལྟར་བྱེད་པའི་སྐད་གདངས་ལས་ཚིག་འདི་སྐད་དུ་བྱུང་སྟེ། ཨ་ཧོཿ འོག་མིན་གྱི་གནས་ན་ཟག་མེད་ཀྱི་བདུད་རྩི། །དགའ་ལྡན་གྱི་ལྷ་ལ་འཆི་མེད་ཀྱི་བདུད་རྩི། །འཛམ་གླིང་གི་མི་ལ་མྱོས་བྱེད་ཀྱི་བདུད་རྩི། །རོ་ཡི་ཁྱད་པར་ཡང་ཐ་དད་མང་པོ། །ནུས་པའི་ངོ་བོ་ལ་ཁྱད་པར་མི་འདུག །དེ་འཐུང་གི་ཌཱ་ཀི་མི་བསྐྱོད་རྡོ་རྗེ། །སྙིང་སྟོབས་ཀྱི་གོ་ཆ་སྲ་བར་གདའ་ན། །ཤེས་རབ་ཀྱི་རལ་གྲི་རྣོ་ངར་འཛོམ་དགོས། །སྔོན་འདས་ཀྱི་ཚུལ་ལ་ཨ་ཧོ་ཨ་ཧོ། །ཕྱིན་ཆད་ཀྱི་ལྔ་ལ་སེམས་ཀྱི་ས་བོན། །ཡུལ་དུ་གདབ་པ་ནི་ངོ་མཚར་ཡིན་ནོ། །ཞེས་པའི་ཚིག་ལྷང་ལྷང་གསན་པ་ཞིག་བྱུང་། ཡང་དེ་སྔར་ལྟར་མི་གསལ་བར་གྱུར་ནས་ཨ་དཀར་པོ་འོད་ཟེར་འཕྲོ་བ་ཆེ་ཆུང་འཇིག་རྟེན་གང་བ་ཙམ་ཞིག་གཟིགས། དེ་ཧྲིལ་གྱིས་འགྲིལ་ནས་འོད་ཀྱི་རྩ་བ་ཕྲ་ས་དེའི་བར་དུ་འདུས་པའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་ཏུ་སོང་ནས་སྤྱན་ལ་ཐིམ་པ་འདྲ་བ་ཞིག་བྱུང་། འཆར་སྒོའི་ཡུན་ལ་དཔགས་ན་ཉི་ཕྱེད་ཙམ་སོང་སྙམ་པ་བྱུང་ཡང་། རིའི་ཉི་ཚོད་སྔ་མའི་ཤུལ་ལས་ཆེར་མ་འཕོས་བར་འདུག་གསུང་། དེར་ཞབས་འབྲིང་པ་རྒན་པ་ཆུ་མ་འཕྲོད་པ་དང་། གཞོན་པས་དབེན་པ་མ་ཕེར་བས་ཁོང་གཉིས་ཕྱིར་སློག་ནས་བྱང་ཆུབ་དབང་རྒྱལ་ཕྱག་ཕྱིར་བཟུང་། ཟླ་བ་དགུ་པའི་ཚེས་བརྒྱད་ལ་གོང་ནས་རྒྱལ་དབང་མཆོག་གི་སྐུ་བརྙན་མཆིམས་ཕུར་སྤྱན་འདྲེན་གནང་སྐབས་སྐུ་རིམ་བྱེད་དགོས་འདྲ་དང་བཅས་དཔལ་རི་གྲྭ་གཙང་གནས་དེར་ཕེབས་པ་དང་སྤྱིལ་བུའི་བདག་པོས། ང་རང་སྡོད་སར་དམིགས་པའི་སྤྱིལ་བུ་ཡིན་པས་འཕོ་སྐྱས་མཛད་དགོས་ཞེས་དབྱུང་བར་བརྟེན། སྒོས་གྲོང་ཆོས་འཕེལ་གྱི་སྤྱིལ་བུ་གཡར་ནས་དེར་སྤོ་བར་མཛད། དེ་སྐབས་དཔལ་རི་བ་དཔོན་སློབ་རྣམས་ཀྱི་གྲྭ་གྲངས་མ་ལོངས་པས་ཚོགས་སུ་ཕེབས་དགོས་པའི་ཞུ་བ་བྱུང་བར། ལར་ནས་ཁོང་དཔོན་སློབ་ཚོ་གནས་བདག་ཏུ་སོང་བར་མ་ཟད་སྤྱི་སོས་རྒྱུན་ཇ་ཐབ་ཤིང་སོགས་མཐུན་རྐྱེན་གང་དྲག་ཞུས་གཤིས་ཐུགས་ངོ་འཚེར་བ་ལྟ་བུས་ཚོགས་སུ་ཕེབས། སླར་ཡང་ཟླ་བ་དགུ་པའི་ཚེས་བཅུ་བཞི་ནས་བཟུང་།

དགུང་ལོ་ཉི་ཤུ་པ།

དགུང་ལོ་ཉི་ཤུ་པ་ཤིང་སྦྲུལ་ཤོལ་དང་བཅས་པའི་ཟླ་བ་དྲུག་པའི་ཚེས་བཅུའི་བར་སྐུ་མཚམས་དམ་པར་མཛད། དེ་ལྟར་སྐུ་མཚམས་ཁེར་རྐྱང་ལོ་གཅིག་དང་ཞག་བཅུ་སྐོར་ཙམ་སོང་བའི་རིང་གཏེར་གསར་ཐུགས་ཐིག ཕུར་པ། དྲག་པོ་སོགས་ཀྱི་ལྗགས་བསྙེན་མཛད། དེ་དག་གི་ཚེ་སྐུ་ལུས་ལྷའི་དཀྱིལ་འཁོར་དུ་གཟིགས་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་མང་པོ་གཟིགས་པ། ཡི་དམ་གྱི་ལྷ་དང་ཁྱད་པར་ཨོ་རྒྱན་དང་ཡབ་རྗེའི་སྐུའི་སྣང་བ་ཡང་ནས་ཡང་དུ་གཟིགས། སྐུ་མཚམས་འདིའི་ནང་དུ་ལ་སེའི་གཏེར་སྒྲོམ་གྲུ་བཞི་པ་དེ་ཞལ་དབྱེ་བར་མཛད་པའི་ནང་ནས། རིག་འཛིན་ཐུགས་ཐིག་གི་ཆོས་སྐོར། སྐྱེ་བདུན་དང་རོལ་ཆེན་ཨ་རྒྱ་ཅན། མྱོང་གྲོལ་རིལ་བུ། གུ་རུའི་སྐུ་ཚབ་རྣམ་གཉིས་སོགས་ཆོས་དང་བྱིན་རྟེན་མང་དུ་ཕེབས། དེ་རྗེས་བྲག་དམར་གཡའ་མ་ལུང་དུ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་པ་ཞིག་མཛད་པས་བདུན་ཕྲག་གཅིག་ན་ཚེ་ཆུ་ཁོལ་བ་སོགས་མཚན་མ་མངོན་དུ་གྱུར་ཏོ། །རང་རིག་ཡེ་ཤེས་ལྷུན་གྲུབ་རྒྱལ་བའི་སྐུ། །ཟག་མེད་བདེ་ཆེན་ངང་དུ་རྣམ་རོལ་བ། །པྲ་ཕབ་པ་ཡི་མེ་ལོང་གཟུགས་བརྙན་བཞིན། །དག་པའི་སྣང་བར་ཤར་བ་དངོས་པོའི་གཤིས། །དེ་ལས་ས་བཅུའི་མགོན་པོའི་ས་ནོན་ཀྱང་། །རྡོ་རྗེའི་ལུས་ལ་རྡོ་རྗེའི་ཟབ་ལམ་གྱིས། །གནད་དུ་བསྣུན་པས་གནད་དོན་ཕྱག་ཆེན་སླར། །རྟོགས་ཚུལ་སྟོན་པར་མཛད་པའི་ཚུལ་འདི་མཚར། །དེ་ནས་སླར་ཡང་མཆིམས་ཕུར་ཕེབས་ནས་ཕྱག་རྫོགས་ཟུང་འབྲེལ་ལ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་མཛད་པའི་སྟོན་སྒོམ་ཆེ་མཆོག་ཅེས་རི་པ་བཟང་པོ་ཞིག་ཡོད་པ་ལ། ཕྱག་ཆེན་ལྷན་སྐྱེས། ཕག་མོ་ལྷ་ཁྲིད། བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་མན་ངག་གི་བཀའ་མང་ཞིག་གསན་ཞིང་སྐལ་ལྡན་འགར་རྟ་ནག་གི་དབང་ལུང་སོགས་མཛད། སླར་ཡང་དེ་ཉིད་དུ་སྐུ་མཚམས་གནང་བཞེད་པ་ལ་གཞིས་ནས་སྤྱན་འདྲེན་འབྱོར་བ་བཞིན་ཕྱག་བཏེག་པའི་ཕེབས་ལམ་བསམ་ཡས་མཇལ་དུ་ཐེགས། ཕོ་བྲང་དུ་དཔལ་རི་སྤྲུལ་སྐུ་རིན་པོ་ཆེ་ཕེབས་འདུག་པ་དང་མཇལ། གུ་རུའི་ཞབས་རྗེས་མཇལ་སྐབས་དེར་སྟག་རྩེ་ཞབས་དྲུང་བཞུགས་འདུག་པའང་མཇལ་ནས་རིམ་པར་དར་གླིང་དུ་ཕེབས། དེར་གྲྭ་རིགས་རྣམས་ཀྱིས་མཁའ་འགྲོ་བསུན་བཟློག་གི་བརྟན་བཞུགས་དང་། སྐུ་ཞང་སོགས་ཡོན་བདག་རྣམས་ཀྱིས་ལེགས་སྐྱེས་ཀྱི་བདོག་པས་མཆོད། གཞིས་ནས་ལྕོག་གྲྭ་པ་དཔོན་སློབ་རྣམས་དང་ཕན་ཚུན་ཐུགས་གཅུགས་པར་ཡོད་ཀྱང་། དེ་སྐབས་ལས་བྱེད་པ་རེ་གཉིས་ཀྱི་བྱེད་པས་གསོལ་ཞོ་མཛོ་མོ་ལྔ་ཙམ་ཡོད་པ་རྩྭ་ཡུལ་ནས་བཀུག་སྟེ་ནུབ་གཉིས་ལྟོ་བཅད་ཅིང་གནད་དུ་ཕོག་པའི་བརྡུང་འཚོག་བྱས་པས་གཅིག་ཤི་གཞན་རྣམས་གནད་པ་ན། ཞབས་འབྲིང་པ་དག འདི་འདྲའི་མི་རིགས་པ་ལ་གྲྭ་ཐང་དུ་ཞུས་པ་དྲག་ཞུ་བ་ལ། རྗེ་འདིས། རང་རེ་ཆོས་པ་ལ་རྒྱ་འདྲེའི་ཁག་མེད། ཁྱད་པར་ལས་བྱེད་པ་རེ་གཉིས་ཀྱི་བྱེད་པས་སྡེ་སྤྱི་ལ་ཐུགས་འཚེར་འོང་མཆིས་པས་ཁ་རོག་སྡོད། ཅེས་བསླབ་སྟོན་ལྕི་བ་མཛད་པས་སུས་ཀྱང་ཞུ་མ་སྤོབས། དེ་ནས་སྒོ་མོ་རིན་པོ་ཆེ་ཤཱཀྱ་རིན་ཆེན་པ་སོགས་སྐལ་ལྡན་འགའ་ལ་ཚེ་དབང་མདའ་འཕེལ་མ་སོགས་ཆོས་བཀའ་མང་བ་མཛད། དེ་དུས་སྐུ་ཞང་གཞོན་པའི་ཚེ་མདའ་སོར་དོ་ཙམ་བྲི་བ་ནི་མི་རིང་བར་གཤེགས་པའི་ལྟས་སུ་སྣང་། ཟླ་བ་བདུན་པའི་ཉི་ཤུ་ལྔའི་ནུབ་དར་གླིང་དབང་ཁང་དུ་གཅུང་རྒྱས་སྲས་རིན་པོ་ཆེ། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ། སྐུ་ཞང་དོན་གྲུབ་ཚེ་བརྟན་བཅས་དཔོན་སློབ་ཉུང་བསྡུས་ལ་གསང་ཐབས་ཀྱིས་གཏེར་གསར་ཐུགས་ཐིག་གི་དབང་ལུང་ཚང་མ་མཛད་སྐབས་ཁོ་བོས་ཀྱང་སྐལ་བཟང་གི་བཀའ་དྲིན་ཐོབ། དེའི་ཚེ་ནམ་མཁའ་ལས་ལྷས་མེ་ཏོག་གི་ཆར་ཕབ་པས་ཀུན་ངོ་མཚར་བར་གྱུར་ཅིང་། འཕན་པོ་སྔགས་འཆང་དང་གདན་སའི་གྲྭ་པ་འགའ་ལ། པད་གླིང་གི་ནོར་བུ་རྒྱ་མཚོའི་དབང་སྤྱི་བྱེ་བྲག་ཚང་མ། དྲག་པོའི་དབང་ཆེ་ཆུང་། མུན་སེལ་སྒྲོན་མེའི་དབང་། མགོན་པོ་སྡེ་བརྒྱད་ཀྱི་དབང་། རྟ་ནག་ལྷ་ལྔ། ཚེ་ཁྲིད་རྡོར་ཕྲེང་གི་དབང་ཆེ་ཆུང་རྣམས་ཕལ་ཆེ་བ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྩལ་ཅིང་། རིག་བྱེད་པ་འགའ་ལ་དགོངས་འདུས་ཀྱི་བློ་འཕེལ་ཤེས་རབ་རལ་གྲིའི་རྗེས་གནང་ཡང་མཛད། དེ་ནས་མི་རིང་བར་སྐུ་མེས་ནོར་བུ་དར་རྒྱས་མངའ་རིས་ནས་གཞིས་སུ་འབྱོར་སྐབས་འདུམ་པོར་སྤྱན་དྲངས། དེ་དུས་གུང་ཐང་གི་མཁས་པ་བཤེས་གཉེན་རྣམ་རྒྱལ་བའང་བྱོན་ནས་འདུག་པས་ཆོས་ཀྱི་གསུང་གླེང་འབའ་ཞིག་གིས་དུས་འདས། དེར་སྐུ་ཞང་གཞོན་པ་ཚད་ནད་ཀྱིས་གློ་བུར་དུ་བཏབ་སྟེ་ཟླ་བ་ཕྱི་མའི་ནང་དུ་འདས་པར་ལམ་སྟོན་འཕོ་བ་ནས་བཟུང་ཞེ་དགུ་མ་ཐོན་བར་བཞུགས་ནས་སྒྲིབ་སྦྱོང་བསྲེགས་སྦྱངས་སོགས་མཛད་པས་མི་རིང་བར་གནས་བཟང་ཐོབ་པའི་རྟགས་བྱུང་ཞེས་གསུང་། དེ་སྐབས་རྒྱུན་ཆོག་པར་ཇོ་སྟན་ཚོགས་པའི་དབུ་མཛད་རིན་པོ་ཆེ་དགེ་ཚལ་བ་སོགས་གྲྭ་པ་བཅུ་སྐོར་བཞུགས་པ་རྣམས་ཀྱིས་གུས་འདུད་ཆེ་བར་མཛད་ཅིང་། བླ་མའི་རྣལ་འབྱོར་སོགས་འདོད་ཆོས་ཁ་ཤས་ཀྱང་སྩལ། ལམ་སྟོན་དུ་ལྕོག་གྲྭ་སྤྲུལ་སྐུ་རིན་པོ་ཆེ་ཕེབས་པ་དང་ཡང་མཇལ་ཞིང་། ཁོང་པས་བཞེང་བ་ཙམ་གྱི་བཀུར་ཟོས་མཛད། བདུན་ཚིགས་ཤིག་ལ་ཚོགས་མཁན་པོ་སེ་ར་བ་ཕེབས་པའང་མཇལ་ཞིང་། དེར་མཁན་ཆེན་པ་དང་འབེལ་གཏམ་མཛད་པས་ཁོང་གིས་ཞལ་རམ་མ་ཐེག་པར། ཁྱེད་སྐུ་གཞོན་ནུ་ནས་ཆོས་སྐད་ཚད་མ་བྱུང་། ངོ་མཚར་ཆེ་ཞེས་དག་པ་ཕུལ། སྐུ་ཞང་གི་འདད་རྣམས་གྲུབ་བསྟུན་མཇུག་གཅོད་ཀྱི་རིམ་གྲོ་ཁ་ཡར་མཛད་དེ་དགོན་པར་ཕྱིར་ཕེབས། འཕྱོངས་རྒྱས་དཔལ་རིའི་གྲྭ་པ་འགའ་ཞིག་འདུམ་པོར་བྱོན་ཞོར་དར་གླིང་དུ་མཇལ་དུ་བྱུང་བར་ཁོང་རྣམས་ཀྱིས་ཡང་བཟློག་མེའི་སྤུ་གྲིའི་སྒོ་ནས་བསྲུང་བཟློག་གི་ཕྱག་ལེན་མཛད་ཅིང་། དབུ་མཛད་ལྷུན་གྲུབ་རྣམ་རོལ་ལ་འདོད་ཆོས་ཁ་ཤས་ཀྱང་སྩལ། སྐུ་ཞང་གི་ཁྱིམ་དུ་མི་མ་ཡིན་སྟོབས་ཆེ་བ་ཞིག་གིས་གནས་བཅས་ཏེ་གནོད་འཚེ་དང་འཚུབ་ལྟས་ཤིན་ཏུ་ཆེ་བ་བྱུང་བ་དང་། མོ་མ་མིག་མཐོང་དུ་རློམ་པ་མང་པོས་ཀྱང་འདྲེ་ཁ་ཟུག་འདུག་ཅེས་གླེང་བར་བརྟེན། སྔགས་འཆང་ནུས་ལྡན་མང་པོས་ལས་སྦྱོར་ཇི་སྙེད་ཅིག་བགྱིས་ཀྱང་ཕན་པར་མ་གྱུར་པས་རྗེ་ཉིད་སྤྱན་འདྲེན་བྱུང་བ་བཞིན་ཐེགས་ཏེ། དྲག་དམར་གྱི་སྒྲུབ་པ་སྔོན་འགྲོའི་ཧོ་མའི་ལས་སྦྱོར་གྱིས་བསྡིགས་པར་མཛད་པས་དེ་ཕྱིན་ཆད་འཇམ་ཐིང་གིས་སོང་བས་ཀུན་ངོ་མཚར་བར་གྱུར། དེ་ནས་ཟླ་གཅིག་གི་བར་དར་གླིང་གཟིམས་ཆུང་འཆི་མེད་སྦུག་ཏུ་སྐུ་མཚམས་དམ་པོ་མཛད་པ་ཐོན་ཕྲལ་སྐྱིད་ཤོད་དུ་ཆིབས་བཏེག །

དགུང་ལོ་ཉེར་གཅིག་པ།

དགུང་ལོ་ཉེར་གཅིག་པ་མེ་རྟ་ཧོར་ཟླ་དང་པོའི་ཚེས་གཉིས་ཀྱི་ཉིན་ཕོ་བྲང་རྩེར་ལྷ་མིའི་སྟོན་པ་རྒྱལ་དབང་མཆོག་མཇལ་དུ་ཐེགས། དེའི་བཞུགས་གྲལ་ཐོག་གཏེར་བཞེས་ཡོད་འདུག་ཚུལ་གྱི་དྲི་བ་ཕེབས་པར། སྔར་ཉེ་འཁོར་བཞི་ལྔ་ཙམ་ལས་ཕྱིར་མཆེད་མེད་པས་འགོལ་སེང་ཞིག་ལ་སྙན་འབུལ་ཕུལ་ཆོག་པ་ཞིག་གི་ཞུ་བ་མཛད་པས་བཞུགས་གྲལ་གྱེས་པ་དང་། མགྲོན་གཉེར་གྱིས་སང་ཉིན་བྱོན་ཅིག་པའི་བསླབ་སྟོན་བྱུང་། སང་ནངས་པར་ཤིན་ཏུ་འགོལ་མཇལ་ཐོག་གོང་ནས་དྲི་བ་ཞིབ་རྒྱས་སྩལ་བར་རྒྱུ་མཚན་རྣམས་དྲང་པོར་ཞུ་བར་མཛད་པས་གཏེར་རྫས་རྣམས་ཕྱག་ཚགས་གནང་སྟེ། དགྱེས་བཞིན་པའི་བཀའ་སྩལ་དང་། གསོལ་ཆས་ཀྱི་མཐུན་རྐྱེན་གྱ་ནོམ་པ་བཅས་རེ་ཞིག་ལྷ་སར་བཞུགས་གསུང་བའི་བསླབ་སྟོན་ཕེབས། སླར་ཡང་ཚེས་ལྔའི་ཉིན་སྤྱན་འདྲེན་བྱུང་བ་བཞིན་རྩེར་ཐེགས། རྒྱལ་མཆོག་དམ་པ་རྒྱ་གུར་ཞིག་ཏུ་སྐུ་མཚམས་དམ་པར་བཞུགས་པའི་དྲུང་དུ་མཇལ་ཁ་དང་། ཡུན་རིང་པོར་ཤིན་ཏུ་མཉེས་པའི་བསླབ་སྟོན་ཞིབ་མོ་ལྷུག་པར་སྩལ་ཅིང་། ཁྱད་པར་གཟིགས་སྣང་ནོར་བུའི་རྒྱ་ཅན་ལས། ཨོ་རྒྱན་གསུང་སྲས་སྦས་ཚུལ་མ་ངེས་པ། །བྱུང་དང་རྟེན་འབྲེལ་འགྲིག་ན་བོད་འདི་བདེ། །ལོ་གསུམ་ཚུན་ལ་བརྟག་དཔྱད་ཞིབ་ཏུ་དཔྱོད། །ཅེས་པའི་དུས་འདི་ལྕགས་བྱི་ནས་བརྩིས་པའི་སྟག་ལོར་བསམ་ཡས་སུ་ངེད་དང་མཇལ་བས་ལོ་ངོ་གསུམ་དང་། དེ་རྗེས་ཡོས་ལོར་གཏེར་ཁ་བཞེས་པས་ལོ་གསུམ་གྱི་དུས་འགྲིགས་པ་སོགས་ལུང་བསྟན་རྣམས་དང་ཡང་ཤིན་ཏུ་མཐུན་ཅིང་ངེས་ཤེས་འདྲོངས་པ་དང་། གཏེར་རྫས་རྣམས་ཀྱང་ཡིད་ཆེས་ཤིང་ངོ་མཚར་བ་ཁོ་ནར་འདུག་ཀྱང་རེ་ཞིག་དབང་ལུང་རྣམས་རིན་པོ་ཆེ་ཁྲ་ཚང་པར་ཆུ་བོ་རིར་འབུལ་བ་མཛོད། སླར་གཏེར་ཁ་ཕྱིས་བྱུང་ནས་ངོས་ཀྱིས་ཉན་པའི་རྟེན་འབྲེལ་བྱེད་པས་ད་ལམ་བཀའ་གཏད་ཅིག་དགོས་ཞེས་པའི་བསླབ་སྟོན་ལྟར་གཏད་རྒྱ་དང་། པོད་དབང་ཞིག་འབུལ་བར་མཛད། ཕྱིས་གོང་ནས་བཀའ་སྩལ་དེ་དོན་བཞིན་ཐོག་ཏུ་ཁེལ་བ་ནི་སྐྱེས་ཆེན་དམ་པའི་དགོངས་གཏད་ཀྱི་མཐུ་ཁོ་ནར་གདོན་མི་ཟའོ། །མ་དང་མཁའ་འགྲོའི་ཁ་རླངས་བུན་ནེ་བའི། །ཟབ་ཆོས་སྐལ་ལྡན་ཆོས་ཀྱི་བདག་པོ་ལ། །འཕྲོད་པའི་གྲགས་སྙན་འཆི་མེད་མདུན་ས་དེར། །བསྒྲགས་པའི་སྒྲ་ཡིས་ལྷ་ལམ་རལ་བ་སྙམ། །དེ་ལྟའི་སྐལ་བཟང་ཆུ་འཛིན་འཕང་རུམ་ནས། །སྙན་སྒྲོག་དབྱར་གྱི་རྔ་ཆེན་རབ་བརྡུངས་པས། །བསིལ་ལྡན་བསྟན་འགྲོའི་ཕན་བདེ་མདོངས་མཐའ་ཅན། །འདི་ན་སྒྲོ་གཤོག་ཟླུམ་སྒྱུར་གར་གྱིས་རྩེན། །དེ་ནས་ལྷ་སར་མི་དབང་ཆེན་པོར་ཕྱག་འབུལ་མཛད་ཅིང་། ཐུགས་སྲས་སྤྲུལ་པའི་སྐུ་ཡང་ལྷ་སར་ཕེབས་འདུག་པ་དང་ཡང་མཇལ། བླ་སྨན་འབྲང་རྒྱས་པ་དང་། གཞིས་ཁ་ཤར་ལགས་ཡབ་སྲས་རྣམས་ལ་ཆོས་འབྲེལ་ཁ་ཤས་དང་། ཇོ་ཤཱཀ་ལ་མཆོད་འབུལ་དང་སྨོན་ལམ་མཛད་དེ་ཚེས་དགུ་ལ་ཆིབས་བཏེག་པའི་ཕེབས་ལམ་དུ་འབྲས་སྤུངས་ཀྱི་གནས་གཟིགས་ཀྱང་མཛད། རིམ་པར་ཆུ་ཤུར་དུ་སྐུ་ཞང་བསོད་རབ་པའི་སར་ཞག་ལྔ་ཙམ་སྐུ་ངལ་གསོས་ཏེ་ཆུ་བོ་རིའི་ཟེ་བོར་ཆོས་རྗེ་ཁྲ་ཚང་པ་ཆེན་པོའི་དྲུང་དུ་ཐེགས། དེར་གཏེར་གསར་གྱི་དབང་ལུང་རྣམས་གང་མྱུར་འབུལ་བ་མཛད་ཅིང་། དེ་ན་དཔལ་རི་སྤྲུལ་སྐུ་རིན་པོ་ཆེ་ཕེབས་འདུག་པ་ཡང་མཇལ། ཚེ་ཆུ་སྒྲུབ་སྡེར་ཡང་སྐོར་ཙམ་ཐེགས། དེ་སྐབས་གཞིས་ནས་མགུལ་ཆམ་གྱིས་སྐུ་མི་བདེ་ཙམ་ཡོད་པའི་སྟེང་ཟེ་བོར་སྟན་འཇགས་པའི་ཞག་གསུམ་པོའི་རིང་ཤངས་ཁྲག་མང་དུ་ཟགས་པ་འཚུབ་ལྷོངས་སུ་ཐུགས་དོགས་ནས་མྱུར་ཁྱད་ཀྱིས་ཕྱིར་ཕེབས་པའི་ཚེས་བཅུ་དགུའི་ནུབ་གོང་དཀར་ཆོས་སྡེར་བཞུགས། དེའི་ཉིན་སྐུ་ཅུང་ཟད་བདེ་ཉམས་བྱུང་བས་གནས་གཟིགས་རྣམས་ཀྱང་ཞིབ་མོར་མཛད་ཐུབ། དེ་ནས་དར་གླིང་དུ་ཕེབས་ནས་ཞག་ལྔ་དྲུག་ཙམ་སོང་མཚམས་སྐུ་ཚད་ལྟ་བུའི་བསྙུན་གཞི་རོད་ལྕི་བ་ཞིག་གིས་བསྙུན་པར། ཡུམ་དང་གྲུབ་ཆེན་ཀློང་ཡངས་པས་བསྙུན་གཡོག་འཁོས་སུ་ཕེབས་པ་མཛད་ཅིང་། འཚོ་བྱེད་བཀྲ་ཤིས་སོགས་ཀྱིས་སྨན་བཅོས་དང་། སྐུ་རིམ་སྣ་མ་འགགས་པ་བསྒྲུབས་ཀྱང་ཟླ་བ་གསུམ་དུ་ཉེ་བའི་བར་གཟིམས་མལ་བརྟེན་དགོས་པའི་ཤིན་ཏུ་བསྙུན་བབས་ལྕི་བས། ལྷ་རྗེ་རྣམས་ཀྱིས་ཀྱང་ཞལ་མི་བཞུགས་པར་ཐག་བཅད་དེ་གསོལ་སྨན་ཞུ་འཕྲོའང་བཅད། འོན་ཀྱང་སྐུའི་སྲི་ཞུར་གཏེར་གསར་གྱི་སྲུང་མ་ཚོར་བསྐང་བཤགས་དང་། བསུན་བཟློག་གྲིབ་སེལ་འགའ་ཞིག་བསྒྲུབས། ཁྱད་པར་ཟླ་བ་གསུམ་པའི་ཉེར་དགུའི་ཉིན་གཅུང་རྒྱལ་སྲས་རིན་པོ་ཆེ་དཔལ་རི་ནས་ཕེབས་ཏེ། དེ་འཕྲལ་གཅུང་དང་གྲུབ་ཆེན་ཀློང་ཡངས་པ་གཉིས་ཀྱིས་མཁའ་འགྲོ་གྲིབ་སེལ་ཞིག་ཕུལ་བའི་ནུབ་མོ་སྲོད་ཀྱི་ཆ་ལ། རྗེ་ཉིད་རང་གི་མནལ་ལམ་དུ། བཞུགས་སའི་ནུབ་ངོས་ཀྱི་སྐྱ་ལོགས་དེ་ལ་ཐང་སྐུ་ཞིག་བཀྲམ་འདུག་པའི་ཡུལ་བཀོད་ལ་མཆོད་རྟེན་ཞིག་འདུག་པའི་དྲུང་ན། བུད་མེད་མི་སྡུག་པ་མང་པོ་ངུ་ཞིང་མྱ་ངན་གྱི་རྣམ་པ་བྱེད་པ་དང་། ཡང་དེ་འཕྲལ་བུད་མེད་ཆས་བཟང་མདའ་དར་ཁྱེར་བ་མང་པོ་གླུ་ལེན་པ་དང་འཁྲབ་པ་སོགས་དགའ་བའི་རྣམ་འགྱུར་བྱེད་པ་དང་། ཡང་ཐང་སྐུ་དེའི་སྟེང་གི་ཆ་ལ་སྤྲིན་གྱི་གསེབ་ནས་མི་སེང་གེའི་མགོ་ཅན་འབྲུག་ལ་བཞོན་པ་ཞིག་གིས། སངས་རྒྱས་ཀྱི་བསྟན་པ་བསྲུངས་ཡོད། དཀོན་མཆོག་གི་དབུ་འཕང་བསྟོད་ཡོད། རིག་འཛིན་གྱི་སྒྲུབ་མཆོག་བསྐྱངས་ཡོད། ཅེས་འུར་སྒྲ་དང་བཅས་ཏེ་སོང་བ་དང་མནལ་སད་ནས། ཞམ་རིང་པར་ཆོས་སྐྱོང་ལ་གཏོར་མ་ཤོམས་གསུངས་ཏེ་བསྔོ་བ་ཙམ་མཛད། ཡང་དེ་འཕྲལ་ཅུང་ཟད་མནལ་བ་ན། ཐུགས་ཀ་ནས་གྲི་གུག་རྣོ་དབལ་ཅན་ཞིག་ཕྱིར་ཐོན་ཏེ་ཇེ་ཆེ་ཇེ་ཆེར་སོང་བ་ནམ་མཁའ་གང་བ་ཙམ་དུ་གྱུར་པའི་མཐར་ནམ་མཁའ་དང་ཁྲུག་འདྲེས་པའི་མོད་ལ་བདེ་བའི་ཐུགས་ཉམས་ལྷོད་པོར་འཁྲུངས་པ་དང་མནལ་སད། དེ་ཁའི་སང་ཞོགས་སྐུ་ཁམས་བདེ་ཉམས་ཀྱིས་སྔར་ཕྱེའི་དྲི་ཙམ་ཡང་མི་འགྲོ་བ་ལ། སྔ་ཉིན་གྲིབ་སེལ་ཕུལ་བའི་ཚོགས་འཁོར་དེ་བཞེས་འདོད་པས་གསོལ་བ་ན་དེ་མ་ཐག་ཟླ་བ་གཟས་བཏང་བ་བཞིན་སྐུ་ཁམས་དྭངས་པས་ཐམས་ཅད་དགའ་ཆེས་ཏེ་སྐུ་ཞང་དཔོན་གཡོག་གིས་བསྙེལ་དྭངས་ཀྱི་བསྙེན་བཀུར་སྟོབ་ཅིང་དགྱེས་སྤྲོ་རྒྱ་ཆེན་པོ་མཛད། དེ་ལྟར་གོང་དུ་ཟབ་ཆོས་འབུལ་བར་མཛད་པ་འདི་ལ། ཕྱིས་སུའང་བཀའ་ལས། རྗེ་རྒྱལ་བའི་དབང་པོར་ཟབ་ཆོས་འབུལ་རྒྱུ་ཕོ་ཉའི་བརྒྱུད་སྐོར་མེད་ན་རྟེན་འབྲེལ་གྱི་གཞི་ཆེ་བ་ཞིག་འགྲིག་ཏུ་ཡོད་ཀྱང་། དེ་ལས་ཆ་ཙམ་དམན་པར་གྱུར་མོད། འོན་ཀྱང་རྟེན་འབྲེལ་གྱི་རྩ་བ་ལེགས་པར་འགྲིག་པ་ཡིན་གསུང་། དེ་སྐབས་རྒྱལ་མཆོག་དམ་པའི་ཐུགས་དམ་བརྟག་པར། སྐུ་རྟེན་དཀར་ཆས་སུ་བསྒྱུར་ན་བཟང་བའི་མཚན་མ་བབས་ཏེ། གོང་མའི་ལུང་བཞིན་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ་སོ་གནུབས་གཏེར་ཆེན་གོང་འོག་སོགས་གསང་བདག་ཆེན་པོ་རྣམས་ཀྱི་སྐུའི་ཆ་ལུགས་དང་མཐུན་པར་དཀར་ཆས་སུ་མཛད་པར། གྲྭ་སློབ་ཡོན་བདག་རྣམས་ཀྱིས་ལེགས་འབུལ་གྱི་དངོས་པོ་གྱ་ནོམ་པས་མཆོད་ཅིང་། གཅུང་རྒྱལ་སྲས་རིན་པོ་ཆེས་དབུ་མཛད་བཤེས་གཉེན་དུ་མ་དང་གྲྭ་བཙུན་འདུས་པར་བཅས་པས་རྟེན་འབྱུང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མངའ་བ་སོགས་ཞལ་གསོ་རྒྱ་ཆེན་པོ་མཛད་པའི་ཉིན་ནམ་མཁའ་གཡའ་དག་པ་ལ་འཇའི་གུར་ཁྱིམ་གྱིས་ཁྱུད་པས་ཐམས་ཅད་དད་ཅིང་ངོ་མཚར་བར་གྱུར་ཏོ། །གསང་བདག་མི་ཡི་ཟོལ་གྱིས་རྒྱུ་བ་འདི། །མཚར་མོད་རྟགས་ཙམ་གྱིས་ནི་མིན་ནོ་ཞེས། །གོ་བར་བྱས་ཏེ་ནང་གི་མུན་སེལ་བའི། །ནང་གི་ཉིན་བྱེད་དེ་ལ་གུས་ཐོབ་ནས། །སུམ་རྩེན་ལྷས་ཀྱང་དབང་པོའི་གཞུས་གཡོགས་ཤིང་། །སེམས་མེད་ནམ་མཁའ་དྭངས་པའི་འོད་ཀྱིས་ཀྱང་། །མཆོད་ན་བློ་ལྡན་མི་ཡི་སྐྱེ་བོ་རྣམས། །དེ་ལ་གུས་པར་མི་འཛིན་སུ་ཞིག་དྲང་། །དེའི་ཚེ་སྣ་དཀར་རྩེ་ནས་ཁྲི་དཔོན་སྔགས་འཆང་ཆེན་པོ་དགོན་པར་ཕེབས་ཏེ་ཆེད་དུ་གསོལ་བའི་དགོངས་བཞེད་ལྟར་རཏྣའི་རྟ་ནག་སོགས་དབང་ལུང་མང་ཞིག་འབུལ་བར་མཛད་ཅིང་ཤིན་ཏུ་ཐུགས་མོས་པར་གྱུར་ཏེ་དེ་ནས་རང་ཉིད་སྡེ་དཔོན་གྱི་སྙེམས་པ་བཏང་སྟེ། རྗེ་འདིའི་ཞབས་ཀྱི་པདྨོ་གཙུག་ཏུ་བཀོད་པའི་ཕྱག་འབུལ་བར་མཛད་དོ། །དེ་ནས་ཟླ་བ་བཞི་པའི་འགོར། སྐྱེས་བུ་འདི་ཉིད་ཉེར་གཅིག་ལོན་པའི་ལོར༔ ཞེས་སོགས་གསུངས་པའི་རྟེན་འབྲེལ་གྱི་གནད་ཟབ་མོ་དེ་འགྲིག་ཏུ་ཉེ་བའི་སྤྱན་ལྟས་ཀྱང་ཤར། དེ་དུས་དར་གླིང་དབང་ཁང་དུ་སྨན་སྒྲུབ་ཅིག་དཔོན་སློབ་ཉུང་བསྡུས་ཀྱིས་སྐུ་མཚམས་བདུན་གཅིག་གི་བར་བཅད་དེ་མཛད་པ་གྲོལ་བའི་ཉིན། ལུང་གིས་ཟིན་པ་དེ་ཡང་སྐུ་ཞང་གི་ཁྱིམ་དུ་ཡོད་པ་དེ་ཉིན་དགོན་པར་བྱུང་། དེར་སྨན་ཞལ་ཕྱེ་སྐབས་ཅུང་ཟད་ཁ་བྲི་བ་ནི་ཕྱིས་རྟེན་འབྲེལ་གྱི་གནད་ཟབ་མོ་སྟེ། འོན་ཀྱང་སྐྱེ་རྒུ་བསོད་ནམས་དམན་པའི་མཐུས། ཞེས་པའི་དོན་བཞིན་དམ་སྲིའི་བར་ཆད་ཀྱི་དབང་དུ་འགྲོ་བའི་ལ་ཉེར་བལྟ་བ་འདུག་གསུང་། ཟླ་མཇུག་དེར་སྐུ་ཞང་གི་སྲས་མོ་རྒན་པ་གློ་བུར་དུ་ནད་ཀྱིས་བཏབ་པའི་སྔས་བསྲུངས་སུ་སྤྱན་དྲངས་ཏེ་ཐེགས། མངོན་དགར་བསྲུང་འཁོར་ལ་དམིགས་ཏེ་སྐུ་མཚམས་ལ་བཞུགས་ཤིང་། འཕྲལ་སེལ་གྱི་དབང་རྗེས་གནང་བྱིན་རླབས་མང་དུ་མཛད་པས་འཚོ་བྱེད་རྣམས་ཀྱིས་འགྲོངས་ངེས་པར་ཐག་བཅད་པ་དེ་ལྟ་བུ་འཆི་བདག་གི་འཇིགས་པ་ལས་སྐྱོབ་པར་མཛད། དེའི་ཚེ་སྔར་གྱི་རྟེན་འབྲེལ་སྒྲིག་པའི་དུས་དེ་ཡང་ཅུང་ཟད་འགྱངས་པས་ལུང་ཟིན་དེ་ངོ་མཚར་བའི་ལྟས་མངོན་གྱུར་དང་བཅས་ཏེ་ཞིང་འདིར་མི་སྣང་བར་གྱུར། དེ་རྗེས་འདུམ་པོར་བྱད་བཟློག་དང་སེར་སྲུང་གི་འཁོར་ལོ་མང་པོ་ཡང་སྒྲུབ་པར་མཛད། སྐབས་འདི་ཤེད་ཅིག་དགོན་པའི་གཟིམ་ཆུང་འཆི་མེད་སྦུག་ཏུ་ལུང་བསྟན་གབ་སྦས་ཡེ་ཤེས་སྒྲོན་མེའི་གཏེར་ཤོག་གཅུང་རྒྱལ་སྲས་རིན་པོ་ཆེས་བསྐུལ་མ་དང་ཡི་གེ་པ་མཛད་དེ་བུ་ཡིག་ཏུ་འབེབས་པར་མཛད་དུས་གཟིགས་སྣང་ཡ་མཚན་དུ་མ་བྱུང་བར་སྣང་། ཕྱིས་བདག་གིས་ཇི་ལྟར་བྱུང་ཞུས་པས། དེ་དུས་རྣམ་གཞག་གསལ་པོ་མང་པོ་ཡོད་དེ་ཡིད་ལ་མ་བཟུང་གསུང་། དེ་ཉིན་ཉེ་སྐོར་དུ་ཐོག་སུམ་བསྟུད་དུ་བབས་པ་སོགས་ཕྱི་ཡུལ་དུ་འཚུབ་ཏུ་མངོན་པའང་བྱུང་། དེ་ནས་ཟླ་བ་དྲུག་པའི་ནང་དུ་སྐུ་ཞབས་ཡས་ཕྱིན་གྱི་མཇལ་ཁ་དང་ཞབས་སྐོར་གསོག་པ་སྦྲགས་ཏེ་སྐྱིད་ཤོད་དུ་ཡུམ་དང་ལྷན་དུ་ཐེགས་འབྲས་སྤུངས་སུ་རྒྱལ་མཆོག་དམ་པའི་ཞལ་དཀྱིལ་མཇལ། བཞུགས་གྲལ་དེ་གྲོལ་ནས་རྗེ་ཉིད་སྐུ་རྐྱང་གཟིམ་ཆུང་རབ་གསལ་ཞིག་ཏུ་འགོལ་མཇལ་ངོས་ཟབ་མོའི་བསླབ་སྟོན་དུ་མ་ཞིག་སྩལ་གསུང་། དེ་ནུབ་ཀོང་པོ་སྤྱི་ཁང་དུ་ཆོས་རྗེ་ན་རྫ་གླིང་པས་སྣེ་ལེན་གང་དྲག་ཞུས། ནངས་པར་ཚོགས་ཆེན་གྱི་ཚོགས་གཟིགས་མཛད་ནས་ལྷ་སར་མི་དབང་ཆེན་པོ་མཇལ་ཞིང་། ཞུ་དོན་ཕྲན་བུ་ཞིག་ཡོད་པ་ཡོང་རེའི་གསོལ་དཔོན་དར་དར་དང་། མགྲོན་གཉེར་དྲུང་པ་སོགས་ལ་སྙན་སྐུལ་དང་། ཕལ་ཆེར་ཡུམ་དང་མཉམ་དུ་ཞབས་སྐོར་ལ་ཆིག་སྒྲིལ་མཛད། འོན་ཀྱང་ཞུ་དོན་གྱི་ཐུགས་གཡེང་དེས་ཞབས་སྐོར་གྲངས་ལོངས་སུ་ཉེ་བ་ཙམ་ལས་མ་བྱུང་གསུངས། མཚན་མོ་དང་བར་སེང་ཐམས་ཅད་ལ་གཞིས་ཀ་ཤར་ལགས་ཡབ་སྲས་ལ་བདེ་འདུས་དང་གཉེན་པོ་ལྷ་གསུམ་སོགས་ཀྱི་དབང་ལུང་ཅི་རིགས་སྩལ། སྐབས་ཤིག་ཆར་བབས་ནས་བར་སྐོར་དུ་ཞབས་སྐོར་མཛད་ཚེ། ཞབས་དུབ་པ་ཙམ་བྱུང་བས་མཆོད་ཁང་དུ་ཕེབས་པ་ན་ངོ་མཚར་བའི་གཟིགས་སྣང་མང་པོའང་བྱུང་། དེ་ནས་ཟླ་བ་བརྒྱད་པའི་མཇུག་ཏུ་རེ་ཞིག་ཞུ་དོན་མི་ཡོང་བའི་ཕེབས་གསལ་བྱུང་བ་བཅས་འབྲས་སྤུངས་སུ་གོང་ས་སྐུ་ཞབས་སུ་ཐོན་ཕྱག་འབུལ་དུ་ཕེབས་ནས། པདྨ་གླིང་པའི་གཏེར་བྱོན་གྱི་པདྨ་གུ་རུའི་སྐུ་བརྙན་ཕུལ་བ་དགོངས་འབྱོར་གྱི་དངུལ་བྲེ་ཆེན་སོགས་གནང་སྦྱིན་དང་བཅས་མཉེས་བཞིན་པའི་བསླབ་དོན་ལྷུག་པར་སྩལ་གསུང་། དེ་ནས་སེ་རའི་གནས་གཟིགས་ཀྱང་མཛད་དེ་ལྷ་ས་བྱང་གླིང་དུ་ཞལ་ངོ་རྒྱལ་པོར་འདོད་ཆོས་འགའ་ཞིག་སྩལ། ཛྷི ཀྵིཾ་གྱི་ཕག་མོའི་སྐུ་དང་རྒྱ་སྦུག་སོགས་ནོར་སྣ་མང་པོ་ཕུལ། ཟླ་བ་དགུ་པའི་འགོར་ཆིབས་བཏེག་པའི་ཕེབས་ལམ་ཆུ་ཤུར་ལ་བརྒྱུད་ནས་དགོན་པར་ཕེབས། དགུན་སྟོད་འདི་ཡུམ་དང་སྐུ་ཞང་སོགས་དང་ལྷན་ཅིག་པར་ལྷོ་བྲག་གུ་རུ་ལྷ་ཁང་དུ་ཐེགས། དེར་འདུས་པར་བསྙེན་བཀུར་ནས། ཐུགས་སྲས་སྤྲུལ་པའི་སྐུར་བརྟན་བཞུགས་དང་། ཐུགས་བཞེད་ལྟར་གཏེར་གསར་གྱི་ཆོས་བཀའ་རྣམས་ཀྱང་འབུལ་བར་མཛད་དེ་རྟེན་འབྲེལ་ལེགས་འགྲིག་ཏུ་གྱུར་ནས་སླར་ཡང་གདན་སར་ཕེབས། སྐུ་ཞང་འབྲིང་པོས་ལས་དཔོན་མཛད་དེ་གོས་བཟང་པོ་ལ་ཕོད་ཀ་རྟེན་ཁེབས་སོགས་མཆོད་ཆས་མང་པོ་སྒྲུབ་པར་མཛད། དེ་ནས་ཟླ་བ་བཅུ་གཉིས་པའི་ནང་དུ་པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་སྒྲུབ་ཆེན་གྱིས་ཁོག་ཕུབ་པའི་སྐྱེ་བདུན་སྒྲུབ་པའི་ལས་སྦྱོར། དེ་དང་སྦྲེལ་ནས་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་དབང་དང་བར་དོ་ཐོས་གྲོལ་གྱི་ངོ་སྤྲོད་རྒྱབ་ཆོས་དང་བཅས་པའི་ལས་རིམ་གོང་མའི་ཕྱག་བཞེས་བཞིན་རྒྱས་པར་མཛད་པས་སྐྱེ་བདུན་རིལ་བུ་བཅོ་ལྔ་ཙམ་འཕེལ་ཞིང་། ཕྱིས་སྐྱེ་བདུན་དེས་མཚོན་ཐུབ་པ་ཡང་མང་དུ་བྱུང་། དབང་མོ་ཆེའི་ཉིན་བྱ་རྒོད་གཅིག་གིས་ཁྲོམ་ཁྲོད་ལ་འཛེམ་མེད་ཀྱིས་སྒྲུབ་ཁང་ལ་སྐོར་བ་གཅིག་བྱས་ཏེ་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་འཕུར་དེ་སོང་བ་དང་། ཉི་མའི་འོད་ལ་གནོད་པ་མེད་པའི་དབང་པོའི་གཞུའི་གུར་ཁྱིམ་གྱིས་ཐོ་ནང་ཚུན་ཆད་དུ་ཕུབ་པ་ལས་ལྷའི་མེ་ཏོག་གི་ཆར་ལག་པས་བཟུང་ཐུབ་པ་སྙམ་བྱེད་པ་བབས་པས་ཐམས་ཅད་དད་པ་ལྷག་པར་འཕེལ་ཏེ་ཆོས་ཞུ་བ་རྒྱུན་སྡོད་སྟོང་སྐོར་དང་། ནང་དབང་གྲོལ་དབང་ལ་སུམ་སྟོང་བཞི་བརྒྱར་ཉེ་བ་ཙམ་བྱུང་ཡང་། ཚུལ་ངན་ཀུ་ཅོ་སོགས་ཅི་ཡང་མེད་པར་དད་པས་ཆོས་ཉན་པ་དང་སྐོར་བ་དང་འཛབ་སོགས་ལ་བརྩོན་པར་བྱེད་ཅིང་། སྐྱེ་བོ་མང་པོས་སྲོག་གཅོད་སྤོང་བ་དང་། དགེ་སྦྱོང་གི་དམ་བཅའ་སོགས་རང་གི་སྐལ་བ་དང་འཚམ་པར་འཛིན་དུ་བཅུག་སྟེ། མདོར་ན་ཞལ་མཇལ་བ་དང་གསུང་ཐོས་པ་ཙམ་གྱིས་ཀྱང་ཐར་པའི་ས་བོན་བརྟས་པར་མཛད་དོ། །ཁྱོད་ཞལ་མཐོང་བའི་བྱིན་རླབས་འོད་པོ་ཆེ། །སྒྲིབ་ཚོགས་མུན་པ་སེལ་ལ་ངོ་མཚར་ཅི། །དྲན་ཙམ་གྱིས་ཀྱང་ཐར་ལམ་ཉི་ཟླ་ཡི། །མཐོང་ཁུང་རང་གར་བྱེད་པ་འདི་མཚར་རོ། །དེ་ནས་ཁྲི་དཔོན་སྔགས་འཆང་ཆེན་པོ་ཤེལ་བྲག་ཏུ་ས་གདོན་གྱི་བསྙུན་དྲག་པོས་མནར་བ་ལ་ཐབས་གང་གིས་ཀྱང་ངོ་མ་བལྟས་པས། རྗེ་ཉིད་སྤྱན་འདྲེན་གྱི་ཕོ་ཉ་བསྟུད་མར་བྱུང་བ་བཞིན་ཤེལ་བྲག་ཏུ་ཐེགས། དེར་བསྙེན་རྒྱབ་དང་། གདོན་འགྲོལ། དབང་རྗེས་གནང་སོགས་བྱིན་རླབས་འགའ་ཤས་མཛད་པས་རེ་ཞིག་སྙུན་དྭངས་ཏེ་ཤིན་ཏུ་མཉེས། གྲུབ་ཆེན་དབང་འབྱོར་སོགས་བྱ་བཏང་འགའ་ལ་དབང་ཁྲིད་མང་པོ་དང་གསང་ཕུག་སོགས་ཀྱི་གནས་མཇལ་ཡང་མཛད།

དགུང་ལོ་ཉེར་གཉིས་པ།

དགུང་ལོ་ཉེར་གཉིས་པ་མེ་ལུག་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་དང་འབྲེལ་བར། སྔགས་འཆང་ཉིད་ནས་རྟེན་ལི་མ་གཉིས་སོགས་འབུལ་ནོད་རྒྱ་ཆེན་པོ་བསྟབས་ཏེ་དར་གླིང་དུ་ཕྱིར་ཕེབས་ནས་འབྲི་གུང་ཡིབ་ཕྱིའི་བླ་མ་འོད་གསལ་ཀློང་ཡངས་ལ། གཏེར་གསར་ཐུགས་ཐིག་གི་དབང་ལུང་མན་ངག་དང་བཅས་པ། པད་གླིང་གི་བཀའ་བརྒྱད་དང་། མ་ནིང་། འཇའ་ཚོན་པའི་དཀོན་མཆོག་སྤྱི་འདུས། ཞི་ཁྲོ་ངེས་དོན་སྙིང་པོ་རྣམས་ཀྱི་དབང་ལུང་། པད་གླིང་བླ་མའི་ལས་བྱང་གི་ལུང་བཅས་ཟབ་ཆོས་མང་དུ་སྩལ། དེར་ཐུགས་ཐིག་གི་རྩ་དབང་མཛད་དུས་ཁ་བ་ཤིན་ཏུ་ཆེ་བ་བབས་པའི་གྲང་རེག་ཆེ་སྐབས་ཡིན་ཡང་། རྣམ་བུམ་ལས་མྱུ་གུ་གསར་པ་བུམ་པའི་ཁར་སོར་དོ་ཙམ་ཐོན་པས་ཀུན་ངོ་མཚར་བར་གྱུར་ཅིང་། གཅུང་རྒྱལ་སྲས་རིན་པོ་ཆེ། དར་གླིང་གི་གྲྭ་པ་ཉི་ཤུ་སྐོར། ཡིབ་ཕྱི་བ་གྲྭ་སློབ་སོགས་སྐལ་ལྡན་མང་པོར། ཉི་ཟླ་སངས་རྒྱས་ཀྱི་འཕོ་ཁྲིད་མཛད་པས་ཐམས་ཅད་ལ་འཇག་མ་ཚུགས། དེ་ནས་གཞུང་གི་སྐུ་རིམ་དུ་དཔོན་སློབ་ཉི་ཤུ་རྩ་ལྔ་སྐོར་བཅས་བསམ་ཡས་སུ་ཐེགས་ཏེ་རྟ་མགྲིན་གླིང་དུ་ཁྲོ་རོལ་ཁྱུང་དགུ་མ། དགྲ་མནན། ཀླུ་ཆོག བསྟན་མའི་སྒོས་མདོས་བཅས་མཛད་པའི་བར་སེང་འགར་བསམ་ཡས་ཀྱི་གཉེར་པ་སྒྲོམ་ནས་དང་གནས་སྐོར་བ་འདྲ་ལ་ཆོས་འབྲེལ་ཐན་ཐུན་ཡང་སྩལ། དཀོར་མཛོད་གླིང་དུ་གནོད་སྦྱིན་ཙིཏྟ་དམར་པོ་སྐྱེས་བུའི་ལུས་ལ་བརླམས་པས་ཞབས་བསུ་བཀུར་ཟོས་དང་བཅས་པས་སྤྱན་དྲངས་ཤིང་ཅི་བགྱིའི་ལས་སྒྲུབ་པར་དམ་བཅས། གཙུག་ལག་ཁང་ཐམས་ཅད་དུ་ཕྱག་མཆོད་དང་སྨོན་ལམ་མཛད་ཅིང་། ཨཱཪྱ་པ་ལོའི་རྟ་མ གྲིན་དེའི་ཤངས་རྩེ་ནས་བདུད་རྩི་དམར་སྨུག་ཆེ་ཆུང་སྲན་ཐིགས་ཙམ་པ་ཞིག་ནར་གྱིས་བྱུང་བ་ཤེལ་དམར་པོའི་གོང་བུ་ལྟ་བུ་ཞིག་སྣང་སྟེ་ཕྱིས་ཀྱང་ཕྱག་ན་ཡོད། དེ་ནས་ཕྱིར་ཕེབས་པར་ཕྱོགས་པ་ན་དེ་དང་ཆ་འདྲའི་སྐུ་རིམ་ཞིག་མལ་དྲོ་ཀ་ཚལ་དུའང་གནང་དགོས་པའི་གོང་གི་བཀའ་ཤོག་ཕེབས་པས་རྒྱ་མའི་ལ་བརྒྱུད་ཁ་བ་ཆེས་པས་གྲྭ་པ་རྣམས་མིག་ཕྱིད་དེ་ཁྲི་ཁང་དུ་བཅགས་མལ་མཛད་ནས་ཀ་ཚལ་དུ་སྐུ་རིམ་རྣམས་སྨིན་རྒྱས་མཛད། དེར་འབྲི་གུང་ཆོས་ཀྱི་གྲགས་པའི་ཆོས་སྲས་རིག་འཛིན་དཀོན་མཆོག་ལྷུན་གྲུབ་ལ། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་སོགས་གསན་ཅིང་། ཕར་ཡང་ཐུགས་ཐིག་གི་དབང་ལུང་མཛད། ཉིན་ཞིག་རྩེ་སྐོར་ལ་ཕེབས་པས་སྒྲུབ་སྡེའི་མཚམས་ཁང་དུ་སྤྱན་དྲངས། བླ་མ་ཡར་ཕེབས་པ་མཚམས་ཀྱི་གྲུབ་རྟགས་ཡིན་ཟེར་མཚམས་གྲྭ་ཐམས་ཅད་འུར་འདོན་བྱས་ཏེ་མཇལ་དུ་བྱུང་བར། བླ་མའི་རྣལ་འབྱོར་དང་ཕྱག་ཆེན་ལྔ་ལྡན་གྱི་དམིགས་རིམ་ངོ་བོ་ཙམ་ཞིག་ཆོས་འབྲེལ་དུ་སྩལ། དེ་ནས་ལྷ་སར་གོང་ཞབས་ཡས་ཕྱིན་མཇལ་དུ་ཕེབས་ཏེ། རྗེ་རྒྱལ་བའི་དབང་པོ་ལས་ཞང་ཁྲོམ་གྱི་ཀི་ཀང་དམར་པོའི་ལུང་ཕྱག་ཁྲིད་དང་བཅས་པ། སྨེ་བརྩེགས་དང་གུ་རུའི་གསོལ་འདེབས་བཀའ་རྩོམ་མ་གཉིས་ཀྱི་ལུང་རྣམས་གསན། བྱང་གླིང་དུ་ཞལ་ངོ་རྒྱལ་པོར་འཕྲལ་སེལ་གྱི་རྗེས་གནང་འགའ་ཤས་སྩལ་ཅིང་རྒྱ་སྦུག་ཚགས་སྒ་སོགས་འབུལ་ནོད་རྒྱ་ཆེར་བསྒྲུབས། ཕྱིར་ལམ་སྒྲགས་ལ་ལ་མཛད་དེ་དར་གླིང་དུ་ཕེབས། དེར་ཁྲོ་འབག་གསར་བཟོས་རྣམས་ཀྱི་ཞལ་བསྲོར་གར་འཆམ་གྱི་ཕྱག་ལེན་རྒྱས་པ་ཞིག་དང་། ཁྲི་དཔོན་སྔགས་འཆང་ཆེན་པོ་ཕེབས་པར་ཡང་དབང་ལུང་ཕྲན་ཚེགས་སྩལ། དེ་ནས་གཟིམ་ཆུང་འཆི་མེད་སྦུག་ཏུ་ཟླ་བ་གསུམ་ལ་ཉེ་བར་གསུང་བཅད་དེ་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོར་བཞུགས། དེ་དུས་ནག་ཟླའི་ཚེས་བཅུའི་ཐོ་རངས་ཁར་ཞིང་སྐྱོང་གི་ཌཱ་ཀི་མ་དར་ཁྲའི་སྨད་གཡོགས་ཅན་ཞིག་གིས་ངོ་མཚར་བའི་བརྡའ་སྟབས་དུ་མ་དང་བཅས་ཏེ་གཤིན་རྗེའི་ཁ་བྱང་གི་ཤོག་སེར་ཞལ་དཀར་ནང་དུ་དངོས་སུ་ཕུལ། དབྱར་གྱི་སྐབས་འདི་ཚོར་སྔ་ཕྱི་འགར་དེ་ཁོ་ན་ཉིད་ཀྱི་ངེས་པ་ལ་སྦྱར་རྒྱུ་ཡོད་ཅེས་གསུང་ལས་ཐོས། ཇི་ལྟར་ཡིན་ཁོ་བོས་མ་འཚལ་ལོ། །དེ་ནས་སླར་ཡང་ཟླ་བ་བརྒྱད་པའི་ཚེས་ལྔ་དྲུག་ལ་ཁ་བྱང་གི་དོན་བཞིན་གཏེར་སྲུང་མཁའ་འགྲོས་བསྐུལ་མ་ཞུས་པར་བརྟེན། གཉེར་པ་བསྟན་རྒྱས་དང་ཕྲིན་ལས་མཐར་ཕྱིན་གཉིས་ཞབས་ཕྱིར་ཁྲིད་དེ་དཔོན་སློབ་གསུམ་རས་པའི་ཆས་སུ་མཛད་ནས་གསང་སྟབས་ཀྱིས་ནམ་ལ་ཕྱག་གཏེག དེ་ནུབ་བྱེ་རྫིང་ཚོགས་སུ་བཞུགས། ཚོགས་པ་རྣམས་ཞལ་ཏའི་བསྐང་གསོ་མཛད་པ་དང་འགྲིག་སྟེ་སྒོ་དྲུང་དེར་བཞུགས་པ་ན། ལ་ལ་ཉམས་མཚར་གྱི་བ ལྟ་བ་དང་། ཁ་ཅིག་སློང་མོ་བར་དོགས་ནས་ཟས་སྣ་ལྷག་རོལ་འདྲ་ཞུས། དེར་ཆོས་སྐད་ཐར་ཐོར་མཛད་པས་གྲྭ་པ་ཉམས་ཅན་འགའ་རེས་གང་ནས་བྱོན་སོགས་ཀྱི་དྲི་བ་ཞུས་པར་གུ་རུ་ལྷ་ཁང་གི་གྲྭ་པ་ཡིན་གསུངས། དེ་ནུབ་གྲྭ་ཤག་ཅིག་གི་འགག་ཏུ་བཞུགས་པར་བན་གཞོན་གཅིག་གིས་ཞབས་ཏོག་ལེགས་པོ་བྱས། ནངས་པར་སྔ་བར་ཐེགས་ཀྱང་ཞབས་ཐང་དུ་སོང་བས་གླིང་ཁ་ལས་མ་ཕེབས། དེ་ནས་བྱར་ཕུ་བརྒྱུད་མུན་མཚམས་ལ་ལ་རྩེར་ཕེབས། དེར་ལྷ་འདྲེ་དབང་སྡུད་ཀྱི་སྤྱན་དམིགས་དང་རྐང་གླིང་འབུད་པར་མཛད་པས་གློ་བུར་དུ་སེར་བ་ཆེན་པོ་ཞིག་བབས་པ་ན་ཡ་ང་དང་འཁུ་ཁྲིག་མ་མཛད་པར་ཐག་ཆོད་དཔའ་གདེང་དང་བཅས་དེ་ཕེབས་པས། ཐུར་དེ་ལམ་གཟར་བས་སྐུ་ཟླ་གཉིས་ཀྱིས་ཞབས་ཕྱི་མ་ཟིན་པར་ཤིན་ཏུ་དཀའ་བ་བྱུང་འདུག དགོན་པར་སྲོད་ཙམ་ལ་ཕེབས་ཏེ་བཙུན་མ་ཞིག་ལ་གནས་ ཁངགཡར ་བ་མཛད་པས་མ་བཏང་སྟེ་ལྷ་ཁང་གི་སྒོ་ཁང་ཤར་མ་ཁམས་སྤྲང་སྡོད་ས་དེར་བཞུགས། ནངས་པར་བླ་མའི་གྲྭ་པ་གཉིས་ཆུ་ལེན་པ་དང་སྐྱོ་ཚ་ཞུར་བྱུང་བ་ན་གཅིག་གིས་ངོ་ཤེས་ཏེ་སྟེང་དུ་བཤད་པས་བླ་མས་སྤོས་སྣ་མཇལ་དར་དང་བཅས་ཏེ་གཟིམས་ཆུང་དུ་སྤྱན་དྲངས་པར་ཐུགས་འཚེར་པོ་བྱུང་གསུང་། སང་དེ་གསང་ཕུག་ཏུ་བླ་མས་ཚོགས་འཁོར་བཏེག་སྟེ་ཕེབས། དེར་བྱ་བྲལ་རེ་གཉིས་ཀྱང་འདུས་པས་ཐུན་མོང་དུ་ཚོགས་མཆོད་དང་གསོལ་འདེབས་མཛད། གཏེར་སྲུང་མཆོད་པའི་ར་ཁྲག་སོགས་སྔོན་ནས་བསྣམས་བྱོན་ལ། ཚོགས་ཆས་བསྣམས་མ་བྱོན་འདུག་པ་ནི་བླ་མས་ཞབས་ནས་འདེགས་པ་དུས་ལ་མི་སྒྲིབ་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པར་མངོན། དེ་ནས་དགོང་ཁར་ཐུག་པ་ན་རྗེ་ཉིད་དཔོན་སློབ་གསུམ་པོས་གཏེར་གནས་ཡོད་ས་དེར་ས་དམིགས་གཟིགས་པས་མ་བརྙེད་པའི་མོད་ལ་ཐུགས་ཉམས་ཟི་བུན་ནེ་བའི་དྲན་མེད་ལྟ་བུ་ལ་གསང་ཕུག་གི་བྱང་ངོས་བྲག་གཡང་ཐོག་སོ་བརྒྱས་མི་ཚད་པའི་ངོས་དེ་ལ་ཕེབས་ནས་ཟབ་གཏེར་རྣམས་སྤྱན་འདྲེན་མཛད་ཅིང་། གཏེར་སྣོད་རིན་པོ་ཆེ་དང་འབྲུས་བཀང་བ་ཤུལ་དུ་སྦས་ནས་ཕྱི་ལྟས་གཟིགས་པས་ད་ནི་བྲག་གཡང་དེ་ལ་ཐར་པའི་རེ་མེད་དོ་དགོངས་པའི་ཐུགས་འཇིགས་ཆོམ་པ་ཞིག་ལ་བྲག་རྩར་ཡུད་ཀྱིས་ཕེབས་པ་བྱུང་གསུང་། དེ་ཙམ་ལས་ཞལ་གྱིས་མི་བཞེས་མོད། ད་ལྟ་བྲག་གཡང་ལ་བལྟས་ན་ཞབས་ཕྱི་གཉིས་སྐྲག་དྲགས་པས་ལྟ་མ་བཟོད་པ་མ་གཏོགས་བྱ་ལྟར་གཤེགས་པ་ཁོ་ནའོ་སྙམ་དུ་སེམས་སོ། །བྲག་རྩ་ནས་གཟིགས་པས་གཏེར་ཚབ་སྒྲིལ་ཆས་སོགས་དེར་ལུས་པ་འབེབས་ཐབས་དང་བྲལ་བ་བྱུང་། ཞམ་རིང་པ་གཉིས་ཀྱིས་བསམ་པ་ལྷུན་གྲུབ་མ་འདོན་ཞིང་བསྡད་པ་ན་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ལ་ཚོད་འཛིན་གྱི་བློ་སྐྱེས་ནས་གསོལ་འདེབས་སྦུགས་འཁོར་ལྟ་བུ་ལས་འདི་ཡིན་མ་བྱུང་བར་སྣང་། ཁོང་གཉིས་ཀྱིས་མཐོང་ཙ་ན་བྱ་རྒོད་གཅིག་གཏེར་གནས་དེ་ལ་བསྐོར་བ་གསུམ་བྱས་ནས་སོང་ཟེར་རོ། །ཤེལ་རི་མཐོན་པོར་བརྩེགས་ལྟའི་བྲག་ལོགས་ནས། །འཇམ་དཔལ་དཔའ་བོ་དུས་དགྲའི་དབང་པོ་ཡི། །ཟབ་ཆོས་པདྨའི་ཐུགས་བཅུད་སྤྱན་དྲངས་ཚེ། །བསྟན་གཤེད་སྲོག་སྙིང་འགས་པ་དངོས་པོའི་གཤིས། །དེ་ལས་མཁའ་འགྲོ་མཁའ་ལ་འཕུར་བ་བཞིན། །བགྲོད་དཀའི་མཁའ་ལ་གོམ་པ་བཀོད་ཙམ་ན། །རི་དབང་རྣམས་ཀྱང་འདུད་པས་ཞབས་རྟེན་དུ། །བརླན་བྲལ་པདྨ་ཇི་བཞིན་གྱུར་འདི་མཚར། །ཁྱད་པར་ནང་མུན་གྱིས་ལྡོངས་སྐྱེ་རྒུ་ལ། །མ་དང་མཁའ་འགྲོ་གྲུབ་པའི་ལག་པད་ཀྱིས། །བཟུང་བའི་དམ་ཆོས་སྒྲོན་མེ་འདི་སྦྱིན་པས། །རྨོངས་པའི་མུན་ཆེན་བ་མོར་ཉི་བཞིན་གྱུར། །དེ་ནས་ཕྱིར་ཕེབས་དུས་གྲུབ་ཆེན་དབང་འབྱོར་སོགས་བྱ་བཏང་རེ་གཉིས་གསང་ཕུག་གི་ཟུར་དེ་ན་མཆོད་རྫས་ཐོགས་ནས་ཕྱག་དང་གསོལ་འདེབས་བྱེད་ཀྱིན་འདུག་པས། ཁོང་རྣམས་ན་རེ་ད་ལམ་སྐལ་བ་བཟང་སྐུ་སྐྱོས་ཞུ་ཟེར། དེར་ཆོས་ཀྱི་འབྲེལ་པ་དང་བྱིན་རླབས་ཀྱི་གནང་བྱིན་སྩལ་ཅིང་དེ་ནུབ་ཀྱང་བླ་མས་ཞབས་ཏོག་ཞུས་ནས་སང་ཉིན་ཕྱག་བཏེག་པའི་ལམ་དུ་ཚེ་ཆུ་འབུམ་པ་དང་ཁྲ་འབྲུག་གི་གནས་གཟིགས་མཛད་ནས་བཀྲ་ཤིས་ཆོས་སྡེར་བཞུགས། དེར་གནས་གསར་བུ་ཁུ་དབོན་གསུམ་གྱི་ཉེ་གནས་རྒན་པོ་སྔོན་ནས་ངོ་ཤེས་པ་བྱམས་པ་ལགས་ཀྱིས་ངོ་འཕྲོད་དེ་སང་ཞོགས་བླ་བྲང་དུ་སྤྱན་དྲངས། ཆོས་སྡེའི་དགེ་འདུན་རྣམས་ཀྱིས་སྡེ་ཡངས་སུ་ཞབས་བསུ་དང་ཕྱག་ཕུལ་བས་རྗེ་ཉིད་རས་པའི་ཆས་ཀྱིས་ཐུགས་འཚེར་པོ་བྱུང་གསུང་། ཞབས་དྲུང་དབོན་དྲུང་དང་། མཁྱེན་དྲུང་གཉིས་ལ་གཏེར་གསར་ཚེ་དབང་ཞིག་མཛད། དབོན་དྲུང་དང་ཆོས་བདག་གི་རྟེན་འབྲེལ་ཡང་འགྲིག་ཅེས་གསུང་ལས་ཐོས། གནས་གཟིགས་དུས་མགོན་ཁང་གི་ཐེམ་པར་ཞབས་བཞག་པ་དང་ཁོང་པའི་བསྐང་གསོ་བ་ཚོས་སྲིད་ཞིའི་དཔལ་འབྱོར་མ་བསྐུལ་བ་འགྲིག་པས་རྟེན་འབྲེལ་བཟང་ཞེས་གླེང་། དེ་ནས་རས་ཆུང་ཕུག་མཇལ་དུ་ཐེགས། དེར་གནས་སྐོར་བ་འདྲས་བླ་མ་མཇལ་བ་འཐད་ཞུ་བ་ལྟར་མཇལ་དུ་ཕེབས། དེ་ནུབ་འཕྱོངས་རྒྱས་ཞོལ་དུ་བཞུགས། དེར་སྐུ་མེས་ནོར་བུ་དར་རྒྱས་རྫོང་དཔོན་དུ་ཡོད་པ་ཁོང་པ་རང་མ་བཞུགས་ཀྱང་། ཕྱག་གཡོག་རེ་གཉིས་ཀྱིས་ཤེས་ཏེ་གསོལ་ཆས་དང་ལ་ཐོག་བར་ཆིབས་སྐྱེལ་བཏང་། བོན་བཙན་དུ་ཞག་བཞུགས་གནང་བའི་ནུབ་མོ་འཁྲུང་བཟིའི་མི་མང་པོས་ཐུགས་སུན་པར་བྱུང་། སང་དེ་ཕུ་གུ་ལ་ལ་བྱས་མཁར་སྣ་རི་ཟུར་དུ་མུན་མཚམས་བར་བཞུགས་ནས་དགོན་པར་སྲོད་ཡོལ་ལ་ཕེབས། སང་དེ་འདུམ་པོ་ནས་གཅུང་རྒྱལ་སྲས་རིན་པོ་ཆེ་ཕེབས་པར་གཏེར་རྫས་ཀྱི་བྱིན་རླབས་མཛད། དེའི་ཕྱི་ཉིན་འདུམ་པོར་སྤྱན་དྲངས་ཏེ་ཞབས་ཏོག་རྒྱས་པར་ཞུས། ཞལ་ངོ་རྣམས་ལ་བྱིན་རླབས་མཛད། དེ་ནས་གཟིམས་ཆུང་འཆི་མེད་སྦུག་ཏུ་གསུང་བཅད་དེ་གཏེར་སྒྲུབ་ཀྱི་སྐུ་མཚམས་དམ་པོར་བཞུགས། སྐབས་དེ་ཤེད་ཅིག་པདྨ་འོད་དུ་དངོས་སུ་བྱོན་ཏེ་སློབ་དཔོན་ཆེན་པོས་འཇམ་དཔལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ཞིང་གདམས་པའི་གནད་བཀྲོལ་བའི་ཚེ་རལ་པ་ཚར་དགུས་སྲོག་སྙིང་ཕུལ་ཞེས་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་ཆད་ཐོ་ལ་གནང་སྟེ་ཁོ་བོས་དུས་དང་ལོ་རྒྱུས་ཞིབ་མོ་གསུང་བ་མ་ཐོས་སོ། །དེ་ནས་ཟླ་བ་བཅུ་པའི་སྒང་ཙམ་ལ་དཔལ་དེའུའི་སྡེ་པ་རྗེ་དྲུང་ལ་ཐུགས་ཐིག་གི་དབང་ལུང་སོགས་འདོད་ཆོས་ཁ་ཤས་སྩལ། གུང་ཐང་རབ་འབྱམས་པ་བཤེས་གཉེན་རྣམ་རྒྱལ་ལ་གཅུང་གིས་སྙན་ངག་གསན་པའི་དབུ་ཚུགས། དེ་དུས་རྗེ་ཉིད་ཀྱིས་ཀྱང་ཞར་ལ་གསན་པས་མཁས་པར་མཁྱེན། ཟླ་མཇུག་དེར་བསམ་དར་བས་རིམ་གྲོར་སྤྱན་དྲངས་ཏེ་ཁྲོ་རོལ་ཞིག་མཛད་སྤྱན་ལྟས་ཀྱང་ངན་ཞིང་གཏོར་རྒྱག་ཉིན་ཕྱག་དྲིལ་གྱི་ལྕེ་ལྷུངས་པ་དང་ཟོར་མདའ་ལོག་པ་སོགས་བྱུང་བར་སྦྱིན་བདག་དང་ཁྲོམ་པ་ཐམས་ཅད་ཀྱིས་ཧ་རྒོད་བྱས་འདུག་ཀྱང་མི་རིང་བར་ལྟས་སྣང་མངོན་དུ་གྱུར། འདི་སྐབས་དར་གླིང་དུ་བཙུན་ཆུང་རྣམ་རིག་གཙང་བ་བརྒྱད་ཙམ་ལ་དཔེ་འཛིན་དང་སྔགས་ཀྱི་ལག་ལེན་གྱི་བསླབ་གྲྭ། གཏེར་གསར་ཚེས་བཅུ་མཆོད་པ་སོགས་འཛུགས་པར་མཛད་དེ། འདུས་སྡེ་རྨད་དུ་བྱུང་བ་འདི་ཉིད་ཀྱི་ས་བོན་འགོ་དོད་པ་ཙམ་བྱུང་།

དགུང་ལོ་ཉེར་གསུམ་པ།

དགུང་ལོ་ཉེར་གསུམ་པ་ས་སྤྲེལ་ཤར་མཚམས་སྐྱིད་ཤོད་བདེ་ཆེན་དུ་སྤྱན་དྲངས། དེར་ཕེབས་སྤྲོའི་བཞུགས་གྲལ་ལ་ཁོང་པའི་བླ་སྨན་དེ་དང་སྨན་གྱི་འབེལ་གཏམ་མཛད་པ་ན། ཁོང་པས་ཡོངས་གྲུབ་ཀྱི་ཚེའི་ནད་དེ་གསོ་བྱའི་ནད་མ་ཡིན་པ་དང་། རྒྱུད་བཞི་བཀའ་བསྟན་བཅོས་གཉིས་ཀ་མ་ཡིན་པར་ཁས་ལེན་དགོས་པ་བྱུང་བས་སྤོབས་པ་ཕྲོགས། དེར་ཁྲོ་རོལ་གྱི་གཏོར་བཟློག་ཅིག་མཛད་པའི་གཏོར་རྒྱག་ཉིན་རྗེ་ཉིད་ཀྱིས་ཟོར་འཆམ་མཛད་པ་ན། བུད་མེད་མིག་མཐོང་བདེན་བཙན་དུ་དཔྱོད་ལྡན་ཡོངས་ཀྱིས་འཇོག་པ་ཨ་ལགས་བསོད་ནམས་ཟེར་བ་ཞིག་གིས་སྐུ་ཐ་མལ་པར་མ་མཐོང་བར་དྲག་པོ་དམར་ཆེན་གྱི་སྐུར་མཐོང་ཟེར་བ་ལབ་སྐད། དེ་དུས་བདེ་ཆེན་ཞོལ་དུ་རིམས་ནད་དྲག་པོས་སྐྱེ་བོ་མང་པོ་ལྔ་པའི་ལམ་དུ་བསྟུད་མར་འགྲོ་སྐབས་ཡིན་ཡང་། མིག་མཐོང་མཁན་དེས་གཏོར་རྒྱག་གི་རྐང་གླིང་བུས་པ་ཙམ་གྱིས་ནད་བདག་རྣམས་ཐོན་སོང་ཞེས་སྨྲས་འདུག་པ་བཞིན། དེ་ནས་ནད་རིམས་ཀྱི་རྒྱུན་མེ་ལ་ཆུ་བླུགས་པ་ལྟར་ཆད་པས་ཐམས་ཅད་དད་པར་གྱུར། བདག་མོ་རླངས་ལྷ་གཟིགས་ཀྱི་ལྕམ་ལ། ཐུགས་ཐིག་དང་དྲག་དམར་གྱི་དབང་སོགས་དབང་ལུང་ཁ་ཤས་སྩལ་ཅིང་ཞལ་དཀར་འབྲས་ཤེལ། གསེར་དངུལ་མུ་ཏིག་གི་ཕྲེང་བ་སོགས་བསྙེན་བཀུར་དང་འབུལ་ནོད་རྒྱ་ཆེར་བསྟབ། དེ་ནས་ལྷ་སར་ཕེབས། རྒྱལ་མཆོག་དམ་པའི་སྐུ་ཞབས་སུ་རྗེ་ཉིད་ཀྱི་གཏེར་བྱོན་པདྨ་བདུད་འདུལ་དུ་གྲགས་པ་བཻ་རོའི་ཕྱག་བཟོ་མ་དེ་འབུལ་བར་མཛད་པས་ཤིན་ཏུ་མཉེས་པའི་བསླབ་སྟོན་དང་། གན་གོས་ཡུག་གཉིས་སོགས་གནང་ཆ་སྤམ་མཐོ་བ་སྩལ། ཕར་ལམ་སྒྲགས་ཕུར་བཞུགས་པའི་ནུབ་མོ་སྐུ་ཞབས་རྩེའི་སྐུ་ཆགས་སྐུ་རིམ་གྱིས་མཆོད་ཡོན་གཉིས་ལ་འཕོ་བའི་སྤྱན་ལྟས་ཤིན་ཏུ་གསལ་བར་བྱུང་བ་བཞིན་སྐུ་རིམ་གནང་དགོས་པའི་སྙན་འདེབས་ཀྱང་གསོལ་ནས། ལྷ་སར་དད་ཅན་མང་པོ་ལ་ཆོས་འབྲེལ་མཛད་ཅིང་བྱང་གླིང་ནས་རྟེན་ལི་མ་གཉིས་སོགས་འབུལ་བ་རྒྱ་ཆེར་བསྟབས། དེ་ནས་ཕེབས་ལམ་དུ་བླ་མ་མཐུ་སྟོབས་པ་སྦྱིན་བདག་དང་བཅས་པས་དངོས་གྲུབ་དགོན་པར་སྤྱན་དྲངས། དེར་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་སྐྱེ་བདུན་སྒྲུབ་དབང་ཞིག་མཛད་པ་ན་སྐྱེ་བདུན་རིལ་བུ་བཅུ་ཙམ་འཕེལ། དེ་རྗེས་བླ་མ་སོགས་ཉུང་འདུས་ལ་ཐུགས་ཐིག་གི་རྩ་དབང་དང་ཚེ་དབང་མཛད། དགོན་དེའི་བཙུན་མ་ཞིག་ལ་བསེ་ཁྲབ་པ་ཡིན་ཟེར་བའི་འདྲེ་གདུག་པ་ཅན་ཞིག་ཞུགས་པར་སྔགས་འཆང་གཞན་དག་གིས་བྱིན་རླབས་ཇི་སྙེད་ཅིག་བགྱིས་ཀྱང་ཕན་པར་མ་གྱུར་པ་ལ། རྗེ་ཉིད་ནས་འཕྲལ་དེ་ཁར་བདེན་སྟོབས་བརྗོད་པའི་ཕྱག་ནས་གྲྭ་པ་ཞིག་ལ་བསྐུར་བར་མཛད་པ་ན་ཟེགས་མ་རེག་པ་ཙམ་གྱིས་ཞུམ་གྱིས་གནས་ཏེ་ཕྱིན་ཆད་མི་གནོད་པར་ཁས་བླངས། ཀུན་མཁྱེན་ཆེན་པོའི་སྒྲུབ་གནས་གངས་རི་ཐོད་དཀར་དུ་མཆོད་པ་འབུལ་བ་དང་བསྟུན་གཟིགས་རྟོག་ཕྲིན་བཅོལ་གནང་བཞེད་ཀྱིས་ཀུན་མཁྱེན་ཆེན་པོའི་ཤངས་མཚལ་ལས་གྲུབ་པའི་གཟའ་ཐང་ལེན་མི་རྫོངས་སྟ་མཛད་པ་འབྱོར་ཏེ་གསོལ་མཆོད་ཕྲིན་བཅོལ་གནང་བ་ན་སྐུ་ལས་མེ་འོད་འཕྲོ་བ་དང་། ཞལ་ཕྱེ་སྐབས་ཞབས་རིམ་པ་ཀུན་སྐྱི་བུང་ཞེས་བྱེད་པའི་འཇིགས་དངངས་ཚད་མེད་པ་བྱུང་། དེ་ནས་གདང་བྱུང་རྩིབས་ལར་བྱས་འབྲི་སྣའི་གྲུ་བརྒྱུད་དར་གླིང་དུ་ཕེབས། ཁམས་འབྲི་ཆུ་སོགས་ཕྱོགས་འདུས་ཀྱི་བླ་མ་དང་བྱ་བཏང་མང་པོ་ལ་ཐུགས་ཐིག་གི་དབང་ལུང་མན་ངག་རྣམས་སྩལ། ཧོར་ཟླ་གསུམ་པའི་ཟླ་སྒང་ལ་གནམ་སའི་དབང་ཕྱུག་ཕྲིན་ལས་རྒྱ་མཚོ་གཤེགས་པའི་གདུང་འབུལ་འབུལ་བར་ལྷ་སར་ཐེགས། རྒྱལ་མཆོག་དམ་པས་མཆོད་དཔོན་ཆེན་མོ་སྤྱན་སྔར་ཆེད་དུ་གནང་བའི་སྔར་གྱི་ཐུགས་དམ་བརྟག་པ་རྣམས་ཐོག་ཏུ་ཁེལ་བ་བྱུང་བས། ཕྱིས་ཐུགས་དམ་བརྟག་པའི་འགྱུར་ལྡོག་སོགས་ཇི་ལྟར་བྱུང་ཞེས་ཐུགས་ངེས་འདྲོངས་པའི་བཀའ་མཆིད་ཅི་ཡང་ཞིག་བསྒྱུར་དུ་སྩལ་ཅིང་སྐབས་དེར་བྱང་ཕྱོགས་ཡུ་གུར་གྱི་རྒྱལ་པོ་ཉིད་ཀྱང་གནམ་དུ་ཐེགས། དེ་ནས་དར་གླིང་དུ་ཕེབས་ཏེ་འབྲི་ཆུ་བླ་མ་སོགས་ཀྱི་ཆོས་འཕྲོ་དང་འདུམ་པོའི་ཞལ་ངོ་ཚོར་རྐྱེན་སེལ་གྱི་དབང་རྗེས་གནང་སོགས་ཀྱིས་སོ་སོའི་རེ་བ་བསྐང་། སྐབས་འདིར་མཆོད་ཡོན་གཉིས་ཀའི་དགོངས་རྫོགས་ཀྱི་བསྔོ་རྟེན་སྤམ་མཐོ་བ་དང་མང་འགྱེད་ཀྱང་རིམ་པར་སྩལ་བ་བྱང་ཆེན་དུ་བསྔོ་སྒྱུར་མཛད། དེ་ནས་མི་རིང་བར་ལྷ་སར་གཞུང་གི་སྐུ་རིམ་ལ་ཕེབས་དགོས་པའི་ལུང་སྩལ་བ་བཞིན་སྒྲགས་ལ་བརྒྱུད་ཐེགས་པའི་ཆིབས་ལམ་སྔགས་གྲྭ་བ་རྣམས་ཀྱིས་ཇ་ཞུས་ཐོག སྔགས་རམས་པ་ཀརྨ་ཚོགས་གཉིས་དང་། རྣམ་རྟོག་ཆོས་སྐུ་ལས་འཕྲོས་པའི་འབེལ་གཏམ་མཛད་པ་ན། དྲུང་རམས་པའི་སྤོབས་པ་ཟད་དེ། ཁོ་ན་རེ། ང་ཟབ་མོ་ནང་དོན་དང་། རྒྱུད་བླ་མ་ལ་ལྷག་པར་འདྲིས། གཞན་ཡང་དུས་འཁོར་བདེ་དགྱེས་སོགས་ལ་ལྟ་རྟོག་ལེགས་པོ་བྱས་པས་སུ་དང་ཆོས་སྐད་བྱས་ཀྱང་ངོ་མི་དམའ་བ་ལགས་ཀྱང་། གདུང་བརྒྱུད་དྲུང་པ་ཐུགས་རབ་ཆེན་པོ་འདུག ཁྱེད་ཀྱི་ཡབ་དེ་ཉིད་ཀྱང་བདག་དང་ཐུགས་འདྲིས་ཆེན་པོ་ཡོད། ཁོང་ཡང་ཐུགས་རབ་ཆེན་པོ་ཡིན་ཏེ། ཁྱེད་ཀྱི་ཐུགས་རབ་ལ་མི་དོ་བར་འདུག་ཟེར་བསྔགས་བརྗོད་ཆེ་བར་བྱས། རིམ་པར་ཕོ་བྲང་ཆེན་པོར་རྒྱལ་མཆོག་དམ་པའི་ཞབས་དྲུང་དུ་ཕྱག་འབུལ་དང་། རྣམ་རྒྱལ་འཇོམས་སོགས་ཀྱི་བཀའ་ལུང་ཡང་གསན་ཞིང་འཕྲུལ་སྣང་དཀྱིལ་འཁོར་སྡིངས་སུ་གཏེར་གསར་ཚེ་དཔག་མེད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྐུ་ཚེའི་སྒྲུབ་པ་ཟླ་ཕྱེད་བར་མཛད་རྗེས་ཚེ་རྫས་རྣམས་གོང་གི་བསླབ་དོན་བཞིན་འབྲས་སྤུངས་ཀྱི་གཟིམ་ཆུང་དུ་སྤྱན་དྲངས་ཏེ་ཚེ་གཏའ་སྡོམ་པའི་ཆོ་གས་བཞུགས་སུ་གསོལ། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་བྱང་གླིང་དུ་སྤྱན་དྲངས་ཏེ་ཞབས་ཏོག་རྒྱ་ཆེར་བསྒྲུབས། དེར་ཚེས་བཅུའི་མཆོད་པ་མཛད་ཅིང་ཞལ་ངོར་ཐུགས་ཐིག་གི་རྩ་དབང་མཛད། ཕོ་བྲང་ཞོལ་དུ་བྱང་བདག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུས་སྤྱན་དྲངས་ཤིང་དགོངས་བཞེད་ལྟར་རིག་འཛིན་ཐུགས་ཐིག་གི་དབང་ལུང་རྣམས་འབུལ་བ་གནང་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་དུས་གོང་ས་མཆོག་ནས་གཤིན་རྗེའི་གཏེར་ཤོག་འབེབས་པའི་ཞལ་ཏ་དང་། ཨེ་པ་དྲུང་ཡིག་དགེ་བཤེས་བྱ་བའི་ཡིག་མཁན། གསོལ་ཆས་སོགས་མཐུན་རྐྱེན་གང་དགོས་སྩལ་བ་ལྟར། གཞིས་ཀ་ཤར་དུ་ཤོག་སེར་རྣམས་འབེབས་པར་མཛད་དུས་ངོ་མཚར་བའི་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ནས་ཧོར་ཟླ་ལྔ་པའི་ཉེར་གཅིག་གི་ཉིན་ཕོ་བྲང་ཆེན་པོ་ནས་དཔོན་པོ་གཡུ་རུང་བྱ་བ་ཞིག་ཆིབས་དང་བཅས་འཕྲལ་དུ་སྐུ་ཞབས་སུ་ཕེབས་དགོས་པའི་བཀའ་ལུང་བསྒྱུར་དུ་བྱུང་བ་བཞིན་ལྟག་སྒོ་བརྒྱུད་རྩེར་ཕེབས། དེ་འཕྲལ་མཆོད་ཁང་དམར་པོའི་གཟིམས་ཆུང་ནུབ་ཏུ་ཀུན་མཁྱེན་རྒྱལ་མཆོག་དམ་པའི་ཞབས་དྲུང་དུ་མཇལ་ཞིང་ལྡོག་ཏུ་མེད་པའི་བཀའ་སྩལ་ཕེབས་པ་ལྟར། བཞུགས་གྲལ་དེ་ཉིད་རང་དུ་གཏེར་གསར་གཤིན་རྗེ་དྲེགས་འཇོམས་ཀྱི་ལུང་སྣེ་ཟིན་ཙམ་འབུལ་བ་གནང་སྐབས་མཆོད་ཁང་དམར་པོའི་རྩེར་མེ་ཏོག་གི་ཆར་འདབ་མ་ཆེ་བ་དཀར་ཡོལ་གྱི་རྒྱ་ཙམ་དང་། ཆུང་བ་མཐེ་བོའི་མགོ་ཙམ་འབྲིང་དེའི་བར་སོགས་ཆེ་ཆུང་ངེས་པ་མེད་པ་འགའ་ཞིག་ལག་ཏུ་བཟུང་ཐུབ་པ་དང་། འགའ་ཞིག་ལག་པར་སླེབ་ལ་ཁད་ཞུ་བ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་། རིམ་པར་གཤིན་རྗེའི་དབང་ལུང་མན་ངག་དང་བཅས་པ་ཆོས་བདག་པོའི་ཕྱག་ཏུ་འབུལ་བ་མཛད། གཞན་ཡང་མཁའ་འགྲོ་སྙིང་ཐིག ཐེག་མཆོག་མཛོད། ཚེ་དབང་། མཁའ་འགྲོ་བསུན་བཟློག་གི་བརྟན་བཞུགས་རྣམས་ཀྱང་འབུལ་བར་མཛད་དོ། །ཨེ་མ་ཀུན་མཁྱེན་རྒྱལ་བ་གཉིས་པ་ཡི། །གཙུག་ཏོར་བདུད་རྩིའི་ཆུ་ཀླུང་མཛེས་བྱེད་པའི། །ཡིད་འོང་སྣ་ཚོགས་པདྨའི་ཆུན་པོ་དེ། །ཐུབ་ཆེན་སྟོན་པའི་ཞབས་སྐྱེས་ལས་གཞན་གང་། །དེ་ལྟའི་ལེགས་བྱས་ངོ་མཚར་ལྕགས་ཀྱུ་ཡིས། །ས་བདག་ཀུན་གྱི་ཅོད་པན་ནས་དྲངས་པས། །འགྲོ་བའི་བླ་མར་གྱུར་ལ་དད་པ་ཡི། །བདུད་རྩིས་བདག་གི་སྙིང་ག་མྱོས་པར་གྱུར། །དེའི་ཚེ་དགེ་བཤེས་ངག་དབང་དཀོན་མཆོག་སོགས་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་འགའ་ཤས་ལ་ཆོས་འབྲེལ་ཡང་མཛད། སྐྱེ་བོ་མ་དད་པའི་སྐུར་འདེབས་བྱེད་མི་འགའ་ལ་མི་རུང་བའི་རྣམ་སྨིན་མཐོང་ཆོས་སུ་སྨིན་པས་ལོག་རྟོག་བསལ་ནས་ཕྱིས་ལྷག་པར་དད་པས་ཆོས་ཉན་ཅིང་འདུད་པར་བྱེད་དོ། །སྐབས་དེར་དཔལ་རི་སྤྲུལ་སྐུ་རིན་པོ་ཆེ་ཉེས་སེལ་ཕྱག་འབུལ་འགྲུབ་པའི་ཆད་ཤུལ་གསེར་སྲང་གསུམ་འཆག་པའི་སྐུ་ངོ་དང་། ཆད་འཐུད་ཀྱི་ཕན་འདོགས་མཛད་ཅིང་མཇལ་འཛོམས་ཀྱང་གནང་། བྱང་གླིང་དགོན་གྱི་ཁ་མཆུའི་སྐོར་ལ་དབུ་མཛད་ཆེན་མོའི་བཀའ་གཟུས་ཆོད་ཅིང་། ལོག་སྤྱོད་ཅན་འགའ་ལ་སྔ་སོར་ལས་སྦྱོར་ཕྲན་བུ་མཛད་པ་ཡང་ཐོག་ཏུ་ཁེལ་བ་བྱུང་། གོང་ནས་གོས་ཕྱི་ནང་ཇ་སིག་ཆིབས་སོགས་གནང་ཆ་སྤམ་མཐོ་བ་དང་། བཟང་ཡུལ་བཀྲ་ཤིས་སྟེང་སྐོར་གྱི་ས་ཆ་རྣམས་འཕྲལ་གྱི་ཞུ་བ་ལ་མ་ལྟོས་པར་བརྩེ་བ་ཆེན་པོས་སྦྱོར་འཇགས་སྩལ། དེ་ནས་ལྷ་སར་ཕྱག་མཆོད་དང་ལྕགས་གྲོང་སོགས་ཡུལ་པ་འགར་ཆོས་འབྲེལ་ཡང་མཛད་ཅིང་། གཞུང་ནས་ཞབས་སྐྱེལ་གྱི་ཆིབས་དྲེལ་མི་སྣ་དང་བཅས་སྩལ་ཏེ་རིམ་པར་ཆུ་ཤུར་བརྒྱུད་དར་གླིང་དུ་ཕེབས། དེ་ནས་མི་རིང་བར་གོང་མའི་ལུང་གིས་བསྐུལ་ནས་ཨེ་ཆོས་ལྡན་དུ་ཉང་སྟོན་རཏྣ་ཕྲིན་ལས་བསྟན་འཛིན་པའི་དྲུང་དུ་ཐེགས་ཏེ། རཏྣའི་གུར་དྲག ཐུགས་རྗེ་ཆེན་པོ་གསང་འདུས། མ་ནིང་གི་སྐོར་རྣམས་ཡོངས་རྫོགས་དང་། གཞན་ཡང་ཐོར་བུ་མང་དུ་གསན། ལྷས་སྒང་དུ་མངོན་མཁྱེན་རིན་པོ་ཆེས་སྤྱན་དྲངས། དེར་གཏེར་གསར་གྱི་དབང་ལུང་དང་གྲྭ་རིགས་སྦྱིན་བདག་རྣམས་ལ་ཆོས་འབྲེལ་ཞིག་མཛད། སླར་ཡང་ཆོས་ལྡན་དུ་སྐོར་ཙམ་ཕེབས་ནས། ཤོ་བོ་ལྟག་ལ་བརྒྱུད་གཉལ་དགོན་ཆུང་དུ་ཐེགས་ཏེ། གུང་སྣང་བ་བཅོམ་ལྡན་ལྷོ་མཛེས་ཀྱི་དབོན་བརྒྱུད་ཆོས་རྗེ་མཛེས་པའི་དབང་ཕྱུག་ལ་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་སྙན་བརྒྱུད་རྣམས་གསན། ཆོས་རྗེ་ཡབ་སྲས་ལ་ཕར་ཡང་གཏེར་གསར་གྱི་དབང་ལུང་དང་གྲྭ་རིགས་ཡོན་བདག་དང་བཅས་པར་ཚེ་དབང་ཞིག་སྩལ་ནས་སྒོ་བསྡུས་སོགས་བརྒྱུད་རིམ་པར་དར་གླིང་དུ་ཕེབས། དེར་ཟླ་གཅིག་བར་བླ་བྲང་དུ་སྐུ་མཚམས་མཛད་ནས་གཙོ་བོར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། ཐུན་མཚམས་རྣམས་ལ་ཆོས་སྐྱོང་གི་ལས་བྱང་དངོས་གྲུབ་རོལ་མཚོ་བཀའ་རྩོམ་མཛད། དེ་རྗེས་ཡུམ་དཔོན་གཡོག་ལྷོར་ཕེབས་པ་དང་། གྲོ་མོན་གྱི་དམག་ལངས་པས་སྔར་ས་ཆའི་འཛིན་བདག་གི་ཞལ་ཁོས་གནང་མ་མྱོང་བར་བརྟེན་དམག་འུལ་གྱི་བསྐུལ་བརྡ་ལ་བརྟེན་པའི་ཐུགས་སུན་པ་ཙམ་བྱུང་རུང་གོང་མའི་བཀའ་རྟགས་ཀྱིས་བདེ་བར་ཡངས་པའི་བཀའ་དྲིན་སྩལ། ཟླ་བ་བཅུ་གཉིས་པའི་མཇུག་ཏུ་དུས་རིམ་གྱི་གཤིན་རྗེའི་གཏོར་བཟློག་ཅིག་མཛད་པ་ན། སང་ཉིན་གཏོར་མ་འཕང་རྒྱུའི་ནུབ་དེ་འཕང་གཏོར་ཞིག་པ་སོགས་ལྟས་མཚན་ལེགས་རྒྱུ་མ་བྱུང་། ཕྱིས་དམག་གྱེས་དུས་རྟེན་འབྲེལ་འདི་ཅིས་ཀྱང་བདེན་པར་འདུག་གསུང་།

དགུང་ལོ་ཉེར་བཞི་པ།

དགུང་ལོ་ཉེར་བཞི་པ་ས་བྱ་ཧོར་ཟླ་དང་པོའི་ཚེས་བདུན་ནས་བཟུང་ཞི་ཁྲོ་རིགས་བསྡུས་དོང་སྤྲུགས་ཀྱི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་སྦྱིན་སྲེག་དང་བཅས་པ་ཆོ་འཕྲུལ་གྱི་རིང་རྒྱས་པར་མཛད། དཀྱིལ་འཁོར་དེའི་སྟེང་ནས་གཅུང་རྒྱལ་སྲས་རིན་པོ་ཆེས་དབུས་ཆོག་རོགས་ཀྱི་བན་གཙང་བ་བདག་ཅག་བཅུ་སྐོར་ཙམ་ཡོད་པར་དབང་བཀའ་ཡང་སྩལ། དེ་ནས་ཟླ་ཤས་ཀྱི་བར་གཟིམ་ཆུང་འཆི་མེད་སྦུག་ཏུ་སྐུ་མཚམས་དམ་པར་མཛད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཤིང་སྣ་དཀར་རྩེའི་ཞབས་དྲུང་སྔགས་འཆང་ཆེན་པོ་ཆེད་དུ་ཕེབས་པར་དགོངས་བཞེད་ལྟར། རིག་འཛིན་ཡོངས་འདུས་ཀྱི་དབང་ལུང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལུང་། དམ་པ་དམར་པོའི་བདུད་རྩིའི་དབང་ལུང་། ཕྲེང་པོ་བའི་གྲོལ་ཐིག་གི་དབང་དང་བསྟན་སྐྱོང་མའི་སྲོག་གཏད་རྣམས་སྩལ། ཧོར་ཟླ་བརྒྱད་པའི་ནང་དུ་གོང་ནས་བཟང་ཡུལ་གྲོང་གསར་གྱི་ས་རིགས་སྐོར་སྦྱོར་འཇགས་སྩལ་བ་རྩིས་བཞེས་སུ་ཡུམ་གྱིས་ཕེབས་པ་ན་ཡུམ་དེར་སྐུ་ཤིན་ཏུ་སྙུན་པ་བྱུང་བར་ད་རེས་སྙུན་པ་འདིས་སྐྱོན་པ་མི་ཡོང་བ་འདུག་སྟེ་སྐུའི་རིམ་གྲོར་འགྲོ་གསུངས། སྐད་ཆ་གསན་མ་ཐག་རྗེ་ཉིད་གཅུང་རིན་པོ་ཆེ་དང་བཅས་དར་གླིང་ནས་སྲོད་འཁོར་ལ་ཐེགས་པས་བཟང་ཡུལ་བཀྲ་ཤིས་སྟེང་དུ་ཐོ་རངས་ཁར་ཕེབས། དེར་གྲུབ་ཆེན་རིན་པོ་ཆེ་དང་བཀྲ་ཤིས་ཚེ་འཕེལ་སོགས་ཀྱིས་སྨན་བཅོས་དང་དབང་བྱིན་རླབས་སྤོང་དག་སོགས་སྐུ་རིམ་ལ་ཐུགས་བརྩོན་མཛད་པས་མི་རིང་བར་སྐུ་དྭངས། དེ་ནས་སྡེ་སྲིད་ཁྲི་ཕེབས་ཀྱི་དུས་དང་བཅས་སྤྱན་འདྲེན་བཀའ་ཤོག་བྱུང་བ་བཞིན་སྒྲགས་ལ་བརྒྱུད་སྐྱིད་ཤོད་དུ་ཕེབས། ཞག་འགའ་ཡར་བྱང་གླིང་བཀའ་བརྒྱད་སྨད། ཟུར་ཁང་རྣམས་ནས་སྤྱན་དྲངས་པར་འཕྲལ་སེལ་གྱི་བྱིན་རླབས་འགའ་རེ་མཛད་ཅིང་། གོང་ནས་གསོལ་ཆས་ཀྱི་ཟུར་གསོས་རྒྱ་ཆེ་བ་སྩལ། ཟླ་བ་བརྒྱད་པ་རྟིང་མའི་ཚེས་བཅུ་གཅིག་གི་ཉིན་ཕོ་བྲང་ཆེན་པོར་རྒྱལ་མཆོག་དམ་པའི་ཞལ་དཀྱིལ་མཇལ་དུ་ཕེབས། དེ་ཉིན་ནས་བཟུང་རྒྱལ་བ་མཆོག་གི་སྐུ་ཞབས་སུ། ཕྱག་རྡོར་སྙན་བརྒྱུད། ཀུན་མཁྱེན་ཆེན་པོའི་མཛོད་བདུན། ངལ་གསོ་སྐོར་གསུམ། གསུང་འབུམ་ཐོར་བུ། ཟབ་མོ་ཡང་ཏིག་གི་ལུང་རྣམས་ཞག་བཅུ་གཉིས་ཀྱི་ཁོངས་སུ་རྫོགས་པ་དང་། ཉི་ཤུ་གསུམ་ནས་བཟུང་འཕགས་པ་ལྷ་ཁང་དུ། པད་གླིང་། རྡོར་གླིང་། རཏྣ་གླིང་པ་རྣམས་ཀྱི་གཏེར་ཆོས་དང་། ཕྱག་རྡོར་སྙན་བརྒྱུད་སོགས་གཙོ་བོར་གྱུར་པའི་དབང་བཀའ་ཆེ་བ་ཕྱེད་ཉིས་བརྒྱ་སྐོར་དང་། རྗེས་གནང་བྱིན་རླབས་ཁ་ཤས་བཅས་ཞག་དགུའི་ཁོངས་སུ་རྫོགས་པར་འབུལ་བ་མཛད། རཏྣའི་རྟ་མགྲིན་གསང་འདུས་ཀྱི་དབང་གི་ཉིན་ཆུ་མིག་དགོན་གསར་བའི་ནང་རྟེན་གཏེར་ཁ་དེ་ཁའི་རྟ་མགྲིན་གྱི་ཕུར་པ་ཕུལ་བ་འགྲིག་པས་རྒྱལ་མཆོག་དམ་པ་ཡང་རྟེན་འབྲེལ་གྱི་ལ་ཉེ་ལེགས་པར་འདུག་གསུང་མཉེས། དེ་ནས་མི་དབང་བློ་བཟང་མཐུ་སྟོབས་ཁྲིར་ཕེབས་པའི་ཁྲི་འབུལ་བཞེས་རིང་། ཆོས་རྗེ་དཀོན་མཆོག་ལྷུན་གྲུབ་ལ། ཡང་བཟློག་གི་དབང་ལུང་ཆ་ཚང་དང་རླུང་འཁོར། སྔགས་སྡེབས་སོགས་དྲག་སྔགས་ཀྱི་ཕྱག་ལེན་མང་པོ་གསན་ཅིང་། ཁྲི་འབུལ་དུ་བྱོན་པའི་གྲས་ནས་རྙིང་ལུགས་གཙོར་གྱུར་གྱི་བླ་མ་མང་པོ་ཕེབས་པར་གཞི་ལེན་དང་ཆོས་འབྲེལ་ཡང་མང་དུ་སྩལ། ཁྲི་འབུལ་གྱི་ཐུགས་གཡེང་གྲུབ་ནས། སླར་ཡང་གོང་དུ་རྙིང་མ་རྒྱུད་འབུམ་དང་པད་གླིང་དང་རཏྣ་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཀྱི་ལུང་། གཞན་ཡང་རྡོར་གླིང་། སངས་རྒྱས་གླིང་པ། ལྷོ་ལས་འཕྲོ་གླིང་པ། ཤེས་རབ་མེ་འབར་སོགས་ཀྱི་གཏེར་ཆོས་རགས་རིམ་བཅས་ཁྱོན་བཀའ་གཏེར་གྱི་པོད་ཆེན་བརྒྱ་ལྷག་ཙམ་གྱི་དབང་ལུང་མན་ངག་གི་བཀའ་རྣམས་དང་། གཙོ་བོར་རྫོགས་རིམ་ངེས་དོན་སྙིང་པོ་མྱོང་ཁྲིད་ཀྱི་ཚུལ་དུ་འབུལ་བར་མཛད། རྒྱལ་བ་མཆོག་གི་ཕྱག་ཞབས་སྙུན་ཚུལ་བསྟན་པའི་སྐུ་རིམ་དུ་དྲག་དམར་གྱི་གཏོར་བཟློག་ཅིག་མཛད་པ་ཚུགས་ནས་ཞག་གསུམ་ན་སྤྱན་ལྟས་འགྱུར་ཞིང་སྐུ་བདེ་འགོ་གཏད་པ་དང་། དེ་རྗེས་གདོན་འགྲོལ་ཞིག་འབུལ་བར་མཛད་སྐབས་ལྟས་ངོ་མཚར་བ་ལྟར་སྐུ་གཞི་མེད་དུ་དྭངས།

དགུང་ལོ་ཉེར་ལྔ་པ།

དགུང་ལོ་ཉེར་ལྔ་པ་ལྕགས་ཁྱི་ལོ་གསར་གྱི་དུས་སྟོན་ལ་གོང་ཞབས་ཚོམས་ཆེན་དུ་མ་ཕེབས་པར་གཟིམ་ཆུང་དུ་ནང་སྐོར་གྱི་བཞུགས་གྲལ་གནང་བའི་གྲས་སུ་ཕེབས། དེ་རྗེས་ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་ལས། ཚར་གསུམ་ཁུག་པ་དང་། ཆོས་དབང་གི་ཚེ་སྒྲུབ་བུ་སྟོན་ནས་བརྒྱུད་པ་རྣམས་གསན། ཕར་ཡང་གཏེར་གསར་གྱི་དབང་ལུང་ཡོངས་རྫོགས་མཛད། རྗེ་རྒྱལ་བའི་དབང་པོའི་ཞབས་དྲུང་དུ། རླུང་འཁོར་གྱི་ཕྱག་ལེན་དམར་ཁྲིད། སྒྲོལ་དཀར་དང་གུར་ཞལ་གྱི་རྗེས་གནང་། འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་མན་ངག་དང་བཅས་པ། ཚེ་དབང་བརྒྱ་རྩ་རྣམས་གསན། ཟླ་བ་གསུམ་པའི་འགོར་སྐུ་ཞབས་ཡས་ཕྱིན་ཐུན་མོང་དུ་གུར་དྲག་གི་དབང་དང་ཚེ་དབང་བརྒྱ་རྩ། གོང་དུ་མཁའ་འགྲོ་བསུན་བཟློག་གི་བརྟན་བཞུགས། འཆི་བསླུ། གྲིབ་སེལ། བྱབ་ཁྲུས་སོགས་འབུལ་བར་མཛད་ཅིང་། ལྷ་ལྡན་དུ་ཇོ་ཤཱཀ་ལ་ཕྱག་མཆོད་སྨོན་ལམ་མཛད་དུ་ཐེགས། དེ་ཞོར་ལྷ་སའི་གནས་ཆེན་པ་མང་པོས་སྤྱན་དྲངས་ནས་བསྙེན་བཀུར་ཞིང་དབང་རྗེས་གནང་མང་པོ་སོ་སོའི་རེ་བ་བཞིན་སྩལ་ནས། སླར་ཡང་རྩེར་ཕེབས་ཏེ་གོང་ནས། ལྷ་རྫས་ཡུག་རིང་། བཀའ་བསྟན་གྱི་གླེགས་བམ་ཉི་ཤུ་སྐོར། རྒྱ་དྲིལ་ཁྱད་ཅན། གན་གོས་ཀྱི་བེར་དང་། ཕོད་ཀ གསེར་སྲང་བདུན། དངུལ་གྱི་མཎྜལ། ཐ་ཕགརྒྱ་སྦུག རྒྱ་སིལ། རྒྱ་རྔ། གོས་ཕྱི་ནང་ཡུག་ཉི་ཤུ། ཡོལ་བ། བླ་རེས། རྟེན་ཁེབས། ཇ་སིག །རྟ་སྒ་འཁོར་ཆ་འགྲིག་སོགས་གནང་ཆ་སྤམ་མཐོ་བ་སྩལ། དེ་ནས་ཆིབས་བཏེག་པའི་ལམ་དུ་བླ་མ་མཐུ་སྟོབས་པས་དགོན་གསར་དུ་སྤྱན་དྲངས། འོན་ཅང་རྡོ་ལས་འཁྱར་བའི་ཕག་མོའི་ལི་མ་ཁྱད་ཅན་དེ་ཕྱག་ཏུ་ཕུལ། བྱེ་ལ་བརྒྱུད་དེ་རྡོ་རྗེ་བྲག་ཏུ་སྤྱན་དྲངས་ནས་སྤྲུལ་སྐུ་རིན་པོ་ཆེར་གཏེར་གསར་གྱི་ལུང་འབུལ་བ་གནང་། ཚུར་ཡང་འཆི་མེད་འོད་སྣང་གི་དབང་གསན་ནས་རིམ་པར་དར་གླིང་དུ་ཕེབས། ཧོར་ཟླ་བཞི་པའི་ཚེ་བཅུའི་ཉིན་གོང་ས་མཆོག་ནས་ཆོས་གཞིས་གྲྭ་རྒྱུན་སོགས་མཐུན་རྐྱེན་མ་ཚང་བ་མེད་པ་སྩལ་ཏེ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོ་ཞེས་མཚན་དུ་གསོལ་བའི་འདུས་པའི་སྡེ་འདི་ཉིད་གསར་དུ་ཚུགས་པའི་ཐོ་བཙུན་རྣམས་ཀྱི་གཙུག་ཕུད་བཞེས་ཤིང་སྐྱབས་འགྲོའི་སྡོམ་པ་འབོགས་པར་མཛད་རྗེས། སྡེ་སྲིད་ལྷོ་ཁ་ཕྱོགས་སུ་ཆིབས་སྒྱུར་བའི་ཆིབས་བསུར་བྱ་སར་ཐེགས། དེར་གསོལ་བ་བཞུགས་གྲལ་ཐོག་བྱམས་གླིང་མཁན་པོ་ནུབ་སྒོ་སྟེང་པ་བྱ་བ་རྩེ་ཐང་གི་ལས་ཆེན་པ་དེ་དང་འབེལ་གཏམ་མཛད་པ་ན། མཁན་ཆེན་པས་གླེང་མོའི་འཕྲོས་ཤིག་ལ། ཁྱེད་རྙིང་མ་པའི་རྒྱུད་གསང་བ་སྙིང་པོ་འདིའི་འགོར་རྒྱ་སྐད་མ་བརྗོད་པ་འདིས་བོད་མར་ཤུགས་ཀྱིས་སོང་ཟེར་བ་ལ་རྗེ་ཉིད་ཀྱིས་དེ་ལྟ་ན། འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། དགའ་བོ་མངལ་འཇུག་གི་མདོ་སོགས་མང་པོ་ཞིག་གི་འགོར་རྒྱ་སྐད་མ་སྨོས་པའི་ཕྱིར། དེ་རྣམས་ཀྱང་བོད་མར་ཤུགས་ཀྱིས་སོང་བ་དང་། དེར་མ་ཟད་འདུས་པའི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པ་འདིའང་བོད་མར་འགྱུར་ཏེ། དེར་སྙིང་པོའི་ལུང་མང་པོ་དྲངས་པའི་ཕྱིར་ཞེས་གསུངས་པ་ལ་ལན་མེད་པས་སྐྱེངས་ཏེ། འོ་ན་མདོ་རྒྱུད་གཞན་ཐམས་ཅད་ཀྱི་འགོར་འདི་སྐད་ཐོས་བྱ་བ་ཡོད་པ་ལ་གསང་སྙིང་དུ་བཤད་བྱ་བ་བྱུང་བས་གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་ཟེར་རོ། །དེ་ལ་རྗེས། འོ་ན་བདེ་མཆོག་རྩ་རྒྱུད་ཀྱང་གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་པར་འགྱུར་ཏེ། དེ་ནས་གསང་བ་བཤད་པར་བྱ། ཞེས་གསུངས་ཀྱི་འདི་སྐད་ཐོས་བྱ་བ་མ་བྱུང་བའི་ཕྱིར་རོ། །དེ་ལ་ལན་ཅི་ཡང་མི་གསུང་བར། སྐུ་མདུན་དང་རྒྱབ་མེད་པ་ཞེས་པ་འདི་ལ་སྐྱོན་མི་ཡོང་ངམ་ཟེར་བ་ལ། དེ་འདྲ་སངས་རྒྱས་ཀྱི་རང་བཞིན་འགྲོ་བ་ཐམས་ཅད་ལ་དུས་རྟག་ཏུ་གཟིགས་ཤིང་རྒྱབ་ཀྱིས་མི་ཕྱོགས་པ་མཚོན་པའི་བརྡའ་ལགས། ཞེས་སོགས་དྲི་བ་རྣམས་ལ་མགོ་མཚུངས་དང་རྣལ་མའི་ལན་ལུང་རིགས་དང་མཐུན་པར་སྩལ་བས་མཁན་ཆེན་པའི་ཐུགས་ཀྱི་ཁེངས་པའི་རི་བོ་བསྙིལ་ཏེ། སྐུ་ན་གཞོན་ནུ་ནས་ཐུགས་རབ་ཆེ་ཞིང་ཕྱག་དཔེ་ལེགས་པོ་གཟིགས་འདུག བཀའ་དྲིན་ཆེ། ཞེས་གསུང་དགོས་པ་བྱུང་བས་སྤོབས་པ་ཕྲོགས་སོ་ཞེས་གྲལ་ལ་འཁོད་པ་ཐམས་ཅད་གསུང་། དེ་ནས་ཕྱིར་ཕེབས་ནས། ཟླ་བ་ལྔ་པའི་ཚེས་ལྔ་ལ་གྲྭ་ཚང་གི་ཚོགས་ཀྱི་བཅའ་སྒྲིག་དང་། གྲྭ་ཁང་རྩིས་སྤྲོད། དགེ་རྒན་བསྐོ་བཞག་སོགས་མཛད་དེ། མདོར་ན་གབ་རྒྱ་ཅན་གྱི་ལུང་བྱང་ལས། ཁྱད་པར་གཡོ་རུ་གཙང་མའི་སར༔ འདི་ཉིད་སྒྲུབ་ཅིང་འཆད་པའི་སྡེ༔ ཚོམ་བུ་གཅིག་ཏུ་འདུས་པ་དག༔ བརྩོན་པས་བསྒྲུབས་ན་འགྲུབ་འགྱུར་ཞིང༔ མ་འོངས་བསྟན་པ་ཆེར་འཕེལ་ནས༔ བོད་ཀྱི་བདེ་སྐྱིད་གུང་དུ་འདེགས༔ ཞེས་ལུང་བསྟན་པའི་དོན་བཞིན་སྒྲུབ་པར་མཛད་པས་ས་སྟེང་གི་རྒྱན་གཅིག་པུར་གྱུར་པའི་འདུས་སྡེ་འདི་ཉིད་དེའི་ཚེ་མངོན་དུ་གྱུར་ཏོ། །སྡོམ་བརྩོན་བརྒྱ་ཕྲག་འདུས་པའི་བླ་གོས་འོད། །ཐུན་མཚམས་ལི་ཁྲིའི་སྣང་བ་འཕྲོག་བྱེད་པ། །ལྷ་ལམ་ཡངས་པའི་མཁའ་ལ་རྒྱུ་བ་ན། །ཐུབ་བསྟན་ཉི་མ་གསར་དུ་འབར་བ་བཞིན། །དེར་ནི་གཙུག་ལག་ཀློག་དང་སྤོང་བའི་ལས། །དབྱར་དུས་ལྡུམ་རའི་པད་འདབ་ལྟར་རྒྱས་པས། །སྐལ་བཟང་བུང་བའི་ཚོགས་ཀུན་མ་བསྡུས་པར། །རྒྱ་མཚོ་ཆེན་པོར་ཆུ་ཕྲན་ཇི་བཞིན་གྱུར། །དེ་ནས་སྡེ་སྲིད་རིན་པོ་ཆེ་བྱང་ཁ་བརྒྱུད་གོང་དཀར་དུ་ཕེབས་པ་མཇལ་དུ་ཐེགས། དེར་དྲག་དམར་གྱི་དབང་དང་རྨེ་བརྩེགས་ཀྱི་བྱབ་ཁྲུས་ཤིག་འབུལ་བར་མཛད། ཕྱིར་ལམ་རྫོང་གསར་དུ་གདན་དྲངས། ཁོང་པའི་སྲས་དེ་ལྕགས་ཟམ་སྤྲུལ་སྐུ་ཡིན་མིན་གྱི་ཐུགས་དམ་བརྟག་པ་ཞུས། རིམ་པར་དར་གླིང་དུ་ཕེབས་ནས་གྲྭ་ཚང་གི་གྲྭ་པ་རྣམས་གཅུང་རྒྱལ་སྲས་རིན་པོ་ཆེས་རབ་བྱུང་དུ་སྒྲུབ་པར་མཛད་པའི་རྗེས་སུ་རྗེ་འདིས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐུགས་ཐིག་གི་རྩ་དབང་། ཚེ་དབང་། བཀའ་སྲུང་ཞལ་བཞི་པའི་གཏོར་དབང་དང་བཅས་གནང་སྟེ་སྨིན་པར་མཛད། དེ་ནས་ཟླ་བ་གཉིས་ཙམ་གདན་སར་བཀའ་བསྟན་བཅོས་ཀྱི་གཟིགས་རྟོག་དང་གཙོ་བོར་ཐུགས་དམ་ལ་བརྩོན་པར་བཞུགས། ཟླ་བ་བདུན་པའི་ཚེས་དགུ་ལ་ཆག་བྱང་ཆུབ་གླིང་དུ་ཆོས་དབར་བཏེག དེར་རིག་འཛིན་ལས་བྱང་པདྨའི་དགོངས་རྒྱན་གྱི་བཀའ་རྩོམ་མཛད། སྣ་བོ་ལྕོག་ཏུ་མངའ་བདག་བསྟན་འཛིན་ཆོས་དབང་ལ་མཁའ་འགྲོ་ཆེན་མོ་གསན་དུ་ཐེགས། ཆོས་རྗེ་མངའ་བདག་པའི་གསུང་ནས། ད་ངེད་ལ་བུ་བརྒྱུད་མེད་པས། ཤུལ་འདི་རྗེ་ཉིད་ནས་སྐྱོང་བ་གནང་དགོས་ཞེས་སྤྱན་ཆབ་འཁྲུག་བཞིན་པའི་སྙན་འབུལ་ཡང་མཛད། གནས་རྟེན་ཐམས་ཅད་ཞིབ་མཇལ་དང་། དེ་ནས་ཕྱིར་ཕེབས་འཕྲལ་སྒོ་ཐ་ཀར་ལྷ་རལ་རྣམས་སུ་ཡོན་བདག་སོ་སོས་སྤྱན་དྲངས་སྤྱི་དབང་སྒོས་དབང་སོགས་སྩལ་ནས་ཐར་པའི་ས་བོན་བརྟས་པར་མཛད། ཚ་ལུང་གི་ཆབ་ཚན་བསྟེན་ནས་བྱང་གླིང་དུ་ཕྱིར་ཕེབས། དེར་གཅུང་རྒྱལ་སྲས་རིན་པོ་ཆེ་ཤིན་ཏུ་སྙུན་པར་འདུག་པ་ལ་གྲུབ་ཆེན་རིན་པོ་ཆེ་དང་བཀྲ་ཤིས་ཚེ་འཕེལ་གཉིས་ཀྱིས་སྨན་བཅོས་དྲག་ཏུ་ཞུས་ཀྱང་དྭངས་བསྐྱེད་ལར་མ་བྱུང་བས་ནམ་ཟླའི་སྟབས་གྲྭ་ཚང་དབུས་སུ་སྔོན་ལ་བཏེག དེ་རྗེས་རྒྱང་ཙམ་སྟན་འཇགས་ཀྱང་བདེ་བསྐྱེད་མ་བྱུང་བས་ཟླ་བ་བཅུ་གཉིས་པའི་ནང་དུ་དབུས་སུ་ཆིབས་བཏེག ཕེབས་ལམ་དུ་གཅུང་སྐུ་ལོད་དུ་སོང་པས་དཔོན་སློབ་ཐམས་ཅད་སྐུ་ཤིན་ཏུ་བསྙེལ་བ་བྱུང་། ཁྱད་པར་ཁྲ་བོ་བྱང་ཐང་དུ་བཞུགས་པའི་ནུབ་མོ་དམ་སྲིའི་ཆོ་འཕྲུལ་འཇིགས་པར་བྱུང་བ་ན ། འོད་གསལ་དུ་མཁའ་འགྲོས་ཕུལ་བའི་གདོན་ལ་དམིགས་པའི་གཅོད་ཟབ་མོ་དེ་མཛད་པ་ཙམ་གྱིས་ཞི་བར་གྱུར། རིམ་པར་དར་གླིང་དུ་ཞག་འགའ་ཡར་བཅགས་མལ་མཛད་པས་གཅུང་གི་སྐུའང་ཡར་དྭངས་སུ་སོང་། དེ་ནས་གྲྭ་མདའ་བརྒྱུད་བཟང་ཡུལ་གྲོང་གསར་དུ་འདུས་ཚོགས་ཀྱི་སེར་སྦྲེངས་ཚར་དུ་དངར་བས་མདུན་བསུས་ཏེ་ཕེབས།

དགུང་ལོ་ཉི་ཤུ་རྩ་དྲུག་པ།

དགུང་ལོ་ཉི་ཤུ་རྩ་དྲུག་པ་ལྕགས་ཕག་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་མཛད་རྗེས་བཀྲ་ཤིས་སྟེང་དུ་འབྲུམ་ཡོལ་གྱི་སྐུ་མཚམས་དམ་པར་བཅད། དེ་གྲོལ་ནས་འདུམ་པོར་ཐེགས་ཏེ། གཤིན་རྗེའི་གཏོར་བཟློག་ཅིག་མཛད། ཕྱིར་ཕེབས་ནས་བདེ་ཆེན་ཆོས་འཁོར་དུ་སྤྱན་དྲངས། ཡོངས་འཛིན་སྤྲུལ་སྐུ་རིན་པོ་ཆེ་སྐུ་བསྙུང་བའི་རྐྱེན་སེལ་གྱི་ཚེ་དབང་། དྲག་དམར་ཕྱག་རྡོར། གཟའ་དབང་། གདོན་འགྲོལ་བྱབ་ཁྲུས་སོགས་མཛད། ཕྱིར་ལམ་གནས་གསར་དང་ལྷུན་གྲུབ་རབ་བརྟན་དུ་སྤྱན་དྲངས། ཆོས་སྡེའི་གནས་རྟེན་དག་སྐུ་མཆོད་ཆེན་མོའི་གུར་གར་གཟིགས། འབྲས་སྤུངས་ཀྱི་འདུ་ཁང་ལ་ཞིག་གསོ་མཛད་འདུག་པར་ལྷག་གནས་ཀྱི་མེ་ཏོག་ཀྱང་འཐོར། དེ་ནས་གྲོང་གསར་དུ་ཕེབས་ནས་གྲྭ་ཚང་གི་དགོང་ཐུན་ཉམས་ལེན་དུ་བླ་མ་རིག་འཛིན་ཀུན་འདུས་ཀྱི་ཆོ་ག་འཛུགས་པར་མཛད་ཅིང་། དར་གླིང་ནས་རྗེ་གོང་མའི་མཆོད་དཔོན་བཀུག་སྟེ་ཁྲག་འཐུང་རྩ་འཆམས་གིང་གསུམ་སོགས་ཕུ་ཐག་ཆོད་པ་སྦྱོང་བར་མཛད། ཧོར་ཟླ་བཞི་པའི་མཇུག་ཏུ་གོང་ནས་བཀའ་ཤོག་ཕེབས་ཏེ་སྐྱིད་ཤོད་དུ་ཆིབས་བཏེག ཤར་མར་ཕོ་བྲང་རྩེར་རྗེ་རྒྱལ་བའི་དབང་པོ་མཇལ་དུ་ཐེགས། དེར་གོང་ཞབས་ཅུང་ཟད་ལྟེམས་པའི་སྐུའི་སྲི་ཞུར། བྱད་འགྲོལ། གདོན་འགྲོལ། གྲིབ་སེལ། འཆི་བསླུ། བསུན་བཟློག དྲག་དམར་གྱི་བསྲུང་བཟློག སྐུ་ཚེའི་སྒྲུབ་པ་སོགས་སྐུ་རིམ་དུ་མ་མཛད་པས་མི་རིང་བར་སྐུ་དྭངས། དེ་ནས་གོང་དུ་ཉང་གི་མཁའ་འགྲོ་ཆེན་མོའི་ལུང་འབུལ་བར་མཛད་ཅིང་ཚུར་ཡང་སྒྲ་མི་སྙན་པའི་ཚེ་དབང་། དམག་ཟོར་མ་དང་། དཔལ་ལྷའི་རྗེས་གནང་རྣམས་ད་ལྟའི་སྡེ་སྲིད་རིན་པོ་ཆེ་འདི་དང་ལྷན་དུ་གསན་ཅིང་དོང་སྤྲུགས་ཀྱི་དཀྱིལ་ཆོག་དེ་བཞིན་གཤེགས་པའི་སྙིང་པོ་སོགས་བཀའ་རྩོམ་ཡང་མང་དུ་མཛད། ཕྱིར་ཕེབས་གདོང་གོང་ནས་དར་ཀླུང་དགོན། ལྷོ་ཕུག་ཆུད། གཏམ་ཤུལ་ནས་འབྲུ་ཁལ་བདུན་བརྒྱའི་གཤོར་འདེབས། ཚོགས་ཁྲོ་ཆེན་མོ་སོགས་རྫོང་བའི་གནང་སྦྱིན་རྒྱ་ཆེར་སྩལ་ཅིང་རིམ་པར་ཆུ་ཤུར་བརྒྱུད་གྲོང་གསར་དུ་ཕེབས་ཏེ་ཟླ་ཤས་ཕྱི་མཚམས་མཛད་ནས་བཞུགས། དེའི་ལོ་ཆུ་ཉེན་ཆེ་བས་འདུམ་པོ་པ་དཔོན་གཡོག་གིས་ཆུ་ལོན་རྩིག་པའི་ཞབས་ཏོག་སྒྲུབ་དུས་ཆུ་སྒྱུར་གྱི་འཁོར་ལོ་ཁ་ཡར་དང་། ཤིང་འགའ་ཞིག་གཅོད་པའི་ཨར་ཆོག་ཀྱང་མཛད་ནས་དཔོན་སློབ་ཐམས་ཅད་ཆབས་ཅིག་པར་དར་གླིང་དུ་ཆོས་དབར་བཏེག དེར་རབ་གནས་རྒྱུད་དོན་རབ་གསལ་བཀའ་རྩོམ་མཛད་ཅིང་གཙོ་བོར་ཐུགས་དམ་ལ་བཞུགས། རིག་བྱེད་ཞོ་ར་བ་རྣམས་ཀྱིས་ཆོས་སྐྱོང་གཙོ་བསྡུས་ཀྱི་ཐང་ནག་གྲྭ་ཚར་བཞེངས་བར་མཛད། དེ་དུས་འཕྱོངས་རྒྱས་ཉན་ཆད་དུ་སྤྱན་འདྲེན་བྱུང་བ་བཞིན་ཆིབས་བསྒྱུར་གདོང་གྲོང་རྙིང་འགྱུར་མེད་ཀྱི་མ་འདས་པའི་འདད་ལ་གྲྭ་ཚང་གི་གྲལ་དབུར་སྤྱན་དྲངས་པའི་སྟབས་ཀྱི་ཕེབས་ལམ་གྲྭ་ཕྱི་ལ་མཛད། ཕུན་རབ་སྨོན་གྲུབ་སོགས་སུ་བསྐོར་རེ་ཐེགས་ཏེ་འཁུན་པ་ལ་བརྒྱུད་རིམ་པར་ཉན་ཆད་དུ་ཕེབས། འཕྱོངས་རྒྱས་ཕུ་མདའི་སྐྱེ་བོ་ལྔ་སྟོང་བརྒལ་ཙམ་ལ་ཚེ་དབང་ཞིག་མཛད་དུས་རླུང་ཤིན་ཏུ་ཆེ་བས་རེ་ཞིག་དབང་གནང་ཐུབ་པའི་རེ་མི་འདུག་ཅེས་གླེང་བ་ན་སྐྱོན་མི་ཡོང་གསུངས་ཏེ་ཁྲི་ལ་བྱོན་པ་ཙམ་གྱིས་རླུང་ཆེམ་གྱིས་ཉལ་བས་ཡ་མཚན་ཆེ་བ་བྱུང་། གཞན་ཡང་སྐུ་མེས་ནོར་བུ་དར་རྒྱས་དང་དཔལ་རིའི་གྲྭ་པ་སོགས་མང་པོར་སྒེར་དབང་དང་ཆོས་མཛད་ཨོ་རྒྱན་བཀྲ་ཤིས་ལ་སྨན་རྒྱུད་ཀྱི་ལུང་རྣམས་སྩལ། གཟའ་ཁང་གི་གཏོར་གསོ་ཡང་མཛད་ནས་རིམ་པར་ཕུ་གུ་ལ་བརྒྱུད་ཟར་ཕུ་ཤར་ནུབ་ཀྱི་ཡུལ་མི་རྣམས་ཀྱིས་གསོལ་བ་བཏབ་སྟེ་ཁང་གསར་དུ་ཁྲོམ་དབང་ཞིག་མཛད་ནས་དར་གླིང་དུ་ཕེབས། དེར་གྲྭ་ཚང་གི་དུས་རིམ་ཆེན་མོའི་སློབ་དཔོན་དང་།

དགུང་ལོ་ཉི་ཤུ་རྩ་བདུན་པ།

དགུང་ལོ་ཉི་ཤུ་རྩ་བདུན་པ་ཆུ་ཕོ་བྱི་བའི་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་དང་ཆོ་འཕྲུལ་མཆོད་པ་ཡང་རྒྱས་པར་མཛད་རྗེས་རོང་པ་རྫོགས་ཆེན་སྤྲུལ་སྐུར་ཟངས་ཐལ་དང་གཏེར་གསར་སྐོར་སོགས་ཆོས་བཀའ་མང་དུ་མཛད་པའི་དབུ་ཚུགས་ཙམ་ན་གོང་ནས་གདན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་བྱེ་ལ་བརྒྱུད་ཕོ་བྲང་ཆེན་པོར་ཐེགས། རྒྱལ་མཆོག་དམ་པའི་སྐུ་རིམ་དུ་གཏེར་གསར་ཚེ་སྒྲུབ་དང་། བྱབ་ཁྲུས་སོགས་འབུལ་བ་གནང་བས་གོང་ཞབས་སྐུ་ཅུང་ཟད་ལྟེམས་པ་གཞི་མེད་དུ་དྭངས། གོང་གི་སྤྱན་སྔ་པ་མཆོད་དཔོན་དྲུང་སོགས་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ཉི་ཤུ་སྐོར་ལ་གཏེར་གསར། པད་གླིང་གུར་དྲག རྟ་མགྲིན་གསང་འདུས། ཕྱག་རྡོར་སྙན་བརྒྱུད། ཡང་བཟློག་མེའི་སྤུ་གྲི། ལོཀྟྲིའི་སྐོར་སོགས་ཆོས་བཀའ་དུ་མའི་དབང་ལུང་ཕྱག་ཁྲིད་དང་བཅས་པ་སྩལ། རིག་འཛིན་དཀོན་ཅོག་ལྷུན་གྲུབ་ལས་དྲག་སྔགས་ཀྱི་ཕྱག་ལེན་འགའ་ཞིག་ལ་དྲི་བའི་ཕྲ་གཅོད་དང་། གཙོ་བོར་རྒྱལ་མཆོག་དམ་པའི་ཞབས་དྲུང་དུ་དག་སྣང་རྒྱ་ཅན་སྐོར་གྱི་སྨིན་གྲོལ་རྣམས་རིག་འཛིན་སྤྲུལ་པའི་སྐུ་དང་ལྷན་ཅིག་ཏུ་གསན་ཅིང་། དེ་ཡང་རིག་པ་འཛིན་པའི་དབང་ཕྱུག་རྣམ་པ་གཉིས་པོ་ཟབ་ཆོས་འདི་ཉིད་ཀྱི་བདག་པོར་རྡོ་རྗེའི་ཚིག་གིས་ལུང་དུ་བསྟན་པ་སྟེ། བྷྲཱུྃ་མཚན་རྡོ་རྗེའི་རྭ་གདེངས་ཐོག་མདའི་རྒྱ་ཅན་ལས། དབང་གི་མིང་ཅན་ས་ཁམས་བཻ་རོའི་སྤྲུལ། །རྣལ་འབྱོར་རྡོ་རྗེའི་སྤྲུལ་པ་མེ་ཡི་ཁམས། །ལྷོའམ་ཤར་ལྷོའི་ཕྱོགས་ནས་འབྱུང་བར་ངེས། །ལས་ཅན་སྙིང་གི་བུ་གཉིས་འདི་བསྒྲུབ་ན། །བོད་འཕུང་དམ་སྲིའི་འཚུབ་ལྷོངས་ངེས་པར་འཇོམས། །ཞེས་སོགས་གསལ་བར་བྱུང་བ་བཞིན་གདམས་པའི་བདག་པོར་དབང་བསྐུར་ཞིང་མངའ་གསོལ་བར་མཛད་པ་ཡིན་ནོ། །དེ་སྐབས་ཕོ་བྲང་ཞོལ་དུ། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར་ཚེ་བདག་གི་དབང་དང་། ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེའི་དབང་ལུང་གསན་ཞིང་། ཕར་ཡང་ཕྱག་རྡོར་སྙན་བརྒྱུད་དང་། གཏེར་གསར་གཤིན་རྗེའི་དབང་ལུང་འབུལ་བར་མཛད། དེ་ནས་གོང་ཞབས་སྐུ་འབྲུམ་གྱིས་སྙུན་པའི་སྐུའི་སྲི་ཞུར་དྲག་དམར་གྱི་གཏོར་བཟློག འཆི་བསླུ། གདོན་འགྲོལ། བྱབ་ཁྲུས། ཚེ་དབང་སོགས་འབུལ་བར་མཛད་ཅིང་། ཁྱད་པར་གཤིན་རྗེའི་གཏོར་བཟློག་ཅིག་མཛད་པས་ལྟས་མཚན་ངོ་མཚར་བ་བྱུང་བ་ལྟར་མི་རིང་བར་སྐུ་དྭངས། གོང་ནས་གཏང་རག་ཏུ་བླ་མ་དགོངས་འདུས་ཀྱི་ཐང་ཀ་གྲྭ་ཚར་དང་པུསྟི་ཆ་ཚང་། ཧོར་ཚགས་དང་ཙནྡན་དམར་པོའི་ཁ་ཊྭཱཾཀ བེ་ཅོན་རྒྱ་བཟོ་མ་སོགས་དབང་རྫས་ཁྱད་ཅན་དང་ན་བཟའི་གནང་སྦྱིན་སྤམ་མཐོ་བ་གནང་། ལྷ་སར་བདག་མོའི་དྲུང་ལའང་ཚེ་དབང་ལོཀྟྲི་གུར་དྲག་གི་དབང་སོགས་མཛད། སྐྱེད་ཚལ་གོང་འོག་གི་མཁན་པོ་དང་རྒྱ་མཁར་གདུང་བརྒྱུད། ཡང་རི་མཁན་པོ། ཆུ་མིག་པ། ཐེག་མཆོག་གླིང་དབོན་པོ། ཏ་དབང་བླ་མ་སོགས་ལའང་ཆོས་འབྲེལ་མཛད་ཅིང་། རྒྱ་མཁར་བའི་དབུ་མཛད་རྡོ་རྗེ་ལས་འདའ་ཕྱར་ལུགས་ཀྱི་སེར་བསྲུང་དང་། ཟུར་ངག་དབང་ཕུན་ཚོགས་ལས་དོང་སྤྲུགས་དང་ལེགས་ལྡན་གྱི་དབང་། ཕུར་པ་འབུམ་ནག་གི་ལུང་རྣམས་གསན་ནས་གོང་ཞབས་སུ་འབུལ་བར་མཛད། ཟླ་བ་ལྔ་པ་རྟིང་མའི་ནང་དུ་སྡེ་སྲིད་ནས་སྣེའུ་གདོང་གི་ལྕམ་ཁབ་ཏུ་བསུས་པའི་སྣ་བཅོག་ལ་དགའ་ལྡན་ཁང་གསར་དུ་དྲག་དམར་གྱི་གཏོར་བཟློག་དང་། དེར་བདག་མོ་ཡུམ་སྲས་ལ་དབང་རྗེས་གནང་བྱབ་ཁྲུས་སོགས་མཛད། རྩེར་ཐུགས་སྲས་སྤྲུལ་པའི་སྐུར་ལོཀྟྲིའི་བཀའ་ལུང་། ཆོས་རྗེ་སྒྲོལ་མ་བ་དང་སྙེ་མདོ་པ་སོགས་ལ་གཏེར་གསར། ལོཀྟྲིས། ཀི་ཀང་དམར་པོ། གསང་སྙིང་རྣམས་ཀྱི་དབང་ལུང་སྩལ། སླར་ཡང་གོང་ཞབས་ཀྱི་སྐུ་རིམ་དུ་ཞི་བའི་སྦྱིན་སྲེག་བརྒྱ་རྩ་དང་། དྲག་དམར་གྱི་སྒྲུབ་པ་སྔོན་འགྲོའི་ཧོ་མའི་ལས་སྦྱོར་མཛད་པས་ལུས་མེད་ཀྱི་ཚ་ངར་ཆག་པའི་ལེགས་སོར་ས་སྙིང་སྲང་འཁོར། འཕྲེང་པོ་གཏེར་སྟོན་གྱི་སྐུ་ཕོད་སོགས་གནང་སྦྱིན་བཟང་པོ་སྩལ། ཟླ་བ་དྲུག་པའི་ཚེས་བཅུ་ནས་བརྩམས་ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་ལ་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་དང་ཉམས་ཁྲིད་སློབ་བཤད་ལུགས་ལུང་དང་བཅས་པ། རྣམ་འཇོམས། རྨེ་བརྩེགས། འོད་ཟེར་ཅན་མ། རྣམ་སྲས་རྣམས་ཀྱི་རྗེས་གནང་རྣམས་གསན་ཞིང་། ཕར་ཡང་རཏྣའི་གུར་དྲག་དང་གཏེར་མགོན་ཞལ་བཞི་པའི་དབང་ལུང་མཛད། རྒྱལ་མཆོག་དམ་པའི་སྐུ་ཞབས་སུ་ཞ་ལུ་མཁན་ཆེན་དང་ལྷན་ཅིག་ཏུ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་། འཇིགས་བྱེད་ཀྱི་འཕྲུལ་འཁོར། རྣལ་འབྱོར་མའི་ཆོས་ཚན་འགའི་ལུང་རྣམས་གསན། རིག་འཛིན་སྟོབས་ལྡན་དབང་པོའི་སྐུ་སྐྱེ་སོགས་བླ་མ་འགའ་ལ་གཏེར་གསར་གྱི་ཆོས་འབྲེལ་དང་། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་མང་པོར་སོ་སོའི་འདོད་ཆོས་ཀྱི་རཏྣའི་གུར་དྲག་གི་དབང་རྒྱས་འབྲིང་དང་ལས་བྱང་གསང་སྒྲུབ་སོགས་ཀྱི་ལུང་། རྒྱ་ཅན་གྱི་ལུང་། རྣམ་སྲས་མདུང་དམར་ཅན་གྱི་དབང་ལུང་། འཇམ་དཔལ་རྫོགས་ཆེན་གྱི་ལྷ་ཁྲིད་དང་ལུང་། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་སོགས་མང་དུ་སྩལ། རིག་འཛིན་དཀོན་མཆོག་ལྷུན་གྲུབ་ལས་ལོཀྟྲིའི་ལུང་དང་ཁྲོ་ཆུའི་ཆོས་ཚན་ཁ་ཤས་གསན། ཀླུ་ཕུག་གླིང་ཁར་གོང་ཞབས་ཡས་ཕྱིན་ཆབ་ཞུགས་ལ་ཕེབས་པའི་ཞབས་ཕྱིར་ཡང་ཐེགས། དེ་ནས་རྩེར་སེ་སྟོན་ཐུགས་མཆོག་འོད་འབར་ལས་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ། ལྕགས་སྡོང་མ། མངའ་དབང་རིན་ཆེན་འབར་བ་སོགས་གསན། ཕར་ཡང་དབོན་རིན་པོ་ཆེ་སོགས་དང་ལྷན་དུ་ཐུགས་ཐིག་གི་དབང་ལུང་མཛད། རྡོ་རྗེ་བྲག་ཞབས་དྲུང་རིན་པོ་ཆེར་རིག་འཛིན་གདུང་སྒྲུབ་ཀྱི་དབང་ལུང་ཚང་མ་གསན། ཧོར་ཟླ་བརྒྱད་པའི་ཚེས་བདུན་ནས་བརྩམས་ཏེ་རྒྱལ་མཆོག་དམ་པའི་ཞབས་དྲུང་དུ་རྙིང་མའི་བླ་མ་མང་པོ་དང་སྐུ་ཞབས་གྲྭ་ཚང་འདུས་པར་བཅས་པ་དང་ལྷན་ཅིག་པར། གསང་རྫོགས་སྒྲུབ་ཆེན་གྱི་ཕྱག་ལེན་རྒྱས་པ་དང་འབྲེལ་བར་རྩ་དབང་སྒྲུབ་དབང་། གཞན་ཡང་ཚེ་བདག བྱང་གཏེར་ཕུར་པ་ཆེ་མཆོག ཕུར་པ་སྤུ་གྲི། འཇམ་དཔལ་རྫོགས་ཆེན། ཚེ་སྒྲུབ་བདུད་རྩི་འཁྱིལ་པ། འཇོམས་བྱེད་ཉི་ཟླ་ནག་པོ་སོགས་ཀྱི་དབང་བཀའ་སྨིན་རྒྱས་སུ་གསན། དེ་དག་གི་སྐབས་རྡོ་རྗེ་བྲག་སྤྲུལ་པའི་སྐུ་དང་རྗེ་འདི་ཉིད་གཙོ་བོར་གྱུར་པའི་བླ་མ་སོ་སོས་རྒྱལ་ཐེབས་མཛད་དེ་དབང་རྫས་བྲིམ་པ་སོགས་ཀྱི་ཕྱག་ལེན་རྒྱས་སྤྲོས་དང་། ཚེས་བཅོ་ལྔ་ནས་གོང་ཞབས་སུ་སྔར་གསན་པའི་དབང་བཀའ་དེ་དག་གི་རྒྱབ་ཆོས་སུ་སོ་སོའི་ལུང་རྣམས་དང་། གཞན་ཡང་བསྟན་མའི་སྒོས་མདོས། ལས་བྱང་ལེ་བརྒྱད་མ། གོང་གི་གསུང་འབུམ་འགའ་རེ་བཅས་པའི་ལུང་དང་། ཚེ་བདག་ལྕགས་སྡིག་དང་ལྕགས་འདྲ་གཉིས་ཀའི་བཅས་ཆོག་ལ་སོགས་པའི་ཕྱག་ལེན་ཆེ་ཕྲ་ཚང་མ་གསན་ཞིང་ཐུགས་སུ་ཆུད་པར་མཛད། སླར་ཡང་སེ་སྟོན་ཐུགས་མཆོག་འོད་འབར་ལ་མཁའ་འགྲོ་སྙིང་ཐིག་དང་བྱང་གཏེར་ཐུགས་སྒྲུབ་ཀྱི་ཁྲིད་གསན་ཞིང་། སྐྱེས་ལན་དུ་རིག་འཛིན་ཐུགས་ཐིག་གི་ཁྲིད་བཀའང་སྩལ། ཞབས་དྲུང་དབོན་དྲུང་དང་། བཀྲ་བཟང་ཆོས་རྗེ། དུང་དགོན་ཆོས་རྗེ། ཆོས་འབྱོར་རྒྱལ་མཚན། གནས་གཞི་ཆོས་རྗེ་སོགས་མང་པོར་འཇོམས་བྱེད་ཀྱི་དབང་། བསམ་དགོན་ཆོས་རྗེར་ཤུད་བུ་བའི་ཚེ་དབང་། དོན་གཉིས་གླིང་གི་གྲྭ་པ་འགར་ཐུགས་ཐིག་གི་དབང་ལུང་རྣམས་མཛད། ཟླ་བ་དགུ་པའི་མཇུག་ནས་བརྩམས་གོང་ཞབས་སུ་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་ལུང་རྣམས་འབུལ་བར་མཛད་ཅིང་། ཚུར་ཡང་ཀུན་བཟང་ཐུགས་གཏེར། གཉེན་པོ་ལྷ་གསུམ། ནཱ་ག་རཀྵ། རྟ་མགྲིན་ཡང་གསང་རྣམས་ཀྱི་དབང་ལུང་ཚང་བར་གསན། རྩེར་སྡེ་སྲིད་སྐུ་ཞབས་སུ་ཚེ་དབང་། ལྷ་སར་བདག་མོ་ཡུམ་སྲས་ལ་ཚེ་རྟ་དྲག་དམར་ལོཀྟྲི་རྣམས་ཀྱི་དབང་རྗེས་གནང་བྱབ་བཀྲུ་སོགས་སྔ་ཕྱིར་དང་། དེ་རེས་ཞི་བའི་སྦྱིན་སྲེག་བརྒྱ་ཚར་གཉིས་དང་རྒྱལ་མདོས་སོགས་སྐུ་རིམ་མང་དུ་མཛད། སླར་ཡང་རྩེར་ཕེབས་ཏེ་གོང་ཞབས་སུ་མངའ་དབང་རིན་ཆེན་འབར་བ་འབུལ་བར་མཛད། དགེ་སློང་འཇམ་དབྱངས་གྲགས་པ་དང་། བླ་སྨན་དར་མོ་ནས་ལ་ཞང་བློན་དང་བདུད་རྩི་སྒྲུབ་པའི་སྐོར། ཀན་བུ་བར་ཡང་བཟློག་གི་གཏོར་དབང་། རྫོང་རྒྱབ་དང་ན་ག་ལྕགས་གྲོང་ལྷ་སའི་ཚེས་བཅུ་པ་ཁག་ཅིག་སོགས་ལ་སོ་སོའི་རེ་བ་དང་བསྟུན་པའི་དཀོན་མཆོག་སྤྱི་འདུས། གཏེར་གསར། ལེའུ་བདུན་མ་སོགས་ཀྱི་ཆོས་འབྲེལ་མཛད། ཟླ་བ་བཅུ་གཅིག་པའི་མཇུག་ཏུ་ཕོ་བྲང་རྩེར་བདུན་ཕྲག་གཉིས་ཀྱི་བར་སྐུ་མཚམས་དམ་པར་བཅད་ནས་ཡང་གསང་དྲག་པོའི་བསྙེན་སྒྲུབ་མཛད་པས་མཚན་མ་ངོ་མཚར་བ་བྱུང་གསུང་།

དགུང་ལོ་ཉི་ཤུ་རྩ་བརྒྱད་པ།

དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ཆུ་གླང་གནམ་ལོ་གསར་ཚེས་ཀྱི་བཞུགས་གྲལ་དུ་ཡང་ཕེབས། ཚེས་གསུམ་ནས་བདུན་ཕྲག་གཅིག་གི་བར་ནཱ་ག་རཀྵའི་བསྙེན་པ་ཁ་གསོ་མཛད་ནས་གོང་ཞབས་སུ་གདོན་འགྲོལ་དང་བྱད་འགྲོལ་འབུལ་བར་མཛད་ཅིང་གོང་གི་སྐུ་རིམ་དུ་སྨན་བླ་བདེ་གཤེགས་བརྒྱད་དང་སངས་རྒྱས་རབས་བདུན་གྱི་སྐུ་བརྙན་གསར་བཞེངས་ལ་རབ་གནས་ཀྱང་མཛད་རྗེས་ཚད་ཡམས་ལྟ་བུས་སྐུ་ཅུང་ཟད་སྙུན་པར། བླ་སྨན་དྲང་སྲོང་དར་མོ་ནས་དང་ལྷག་བསམ་གཉིས་གོང་ཞབས་ནས་སྩལ་ཏེ་སྨན་བཅོས་མཛད་པས་མི་རིང་བར་དྭངས། སླར་ཡང་གོང་དུ་གདོན་འགྲོལ་དང་བྱབ་ཁྲུས་སོགས་འབུལ་བར་མཛད་ཅིང་། དེ་ཉིན་གཞིས་ནས་ཡུམ་ཡང་ཕེབས། ཧོར་ཟླ་དང་པོའི་མཇུག་ནས་གཉིས་པའི་ཟླ་སྒང་བར་བཀའ་རྩོམ་མཛད་པ་ལ། གཤིན་རྗེ་དྲེགས་འཇོམས་ཀྱི་ལས་བྱང་བདུད་ལས་རྣམ་རྒྱལ། དཀྱིལ་ཆོག་ཁྲག་འཐུང་རྣམ་རོལ། མནན་པ་བསྟན་དགྲ་ཚར་གཅོད། སྦྱིན་སྲེག་དུས་མཐའི་མེ་ཆེན། ཟོར་གྱི་མན་ངག་རྡོ་རྗེའི་ཐོག་མདའ་རྣམས་དང་། གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ་རྣམས་སོ། །དེ་ནས་དགའ་ལྡན་ཁང་གསར་དུ་བཀའ་བློན་སྟག་རུ་ནས་ལ་དབང་རྗེས་གནང་གདོན་འགྲོལ་སོགས་མཛད་དུ་ཐེགས། སླར་ཡང་རྩེར་མཆོད་དཔོན་ལགས་སོགས་སྐུ་ཞབས་གྲྭ་ཚང་ཆེན་མོའི་གྲྭ་པ་རགས་བསྡུས་སུམ་ཅུ་སྐོར་ལ་གཏེར་གསར་གཤིན་རྗེའི་དབང་བཀའ་མཛད། ཞོལ་དུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར་ཡོལ་མོ་བའི་དག་སྣང་སྐོར་དང་རྣམ་ཐར་གསན་ནས་གོང་ཞབས་སུ་འབུལ་བར་མཛད། དེ་སྐབས་ཉང་བྲན་གྲོང་སྨད་གཞིས་ཀར་སྤྱན་དྲངས་ནས་ཕུན་སུམ་ཚོགས་པའི་རྙེད་བཀུར་གྱིས་བསྟི་སྟང་དུ་མཛད་ཅིང་། མི་དབང་ཆེན་པོ་སྲས་ཡུམ་ལ་འཆི་བསླུ་དང་དྲག་དམར་གྱི་དབང་བཀའ་ཚེ་དབང་བརྒྱ་རྩ་སོགས་འབུལ་བར་མཛད། ལྷ་ས་བྱང་གླིང་དུ་ཞལ་ངོ་རྣམས་ལ་ཚེ་རྟ་ཕྱག་རྡོར་སོགས་འཕྲལ་སེལ་གྱི་བྱིན་རླབས་མང་པོ་མཛད། རྩེར་གོང་ཞབས་སུ་མཁའ་འགྲོ་བསུན་བཟློག་གི་བརྟན་བཞུགས་འབུལ་བ་གནང་སྐབས་གཟིགས་སྣང་ཡ་མཚན་ཅན་དུ་མ་བྱུང་བར་སྣང་། དེའི་ཕྱི་དྲོ་གོང་ཞབས་ནས་གནང་སྦྱིན། ཧོར་དྲིལ། ཕྱག་ཌཱཾ། དངུལ་བྲེ་ཆེན། ས་ལེ་སྦྲམ། རྒྱ་སྦུག ཧོར་སིལ། དངུལ་མདོང་། ཞལ་དཀར། སྐུ་བེར། གོས་དར་ཡུག་དང་ཇ་སིག་མང་པོ། རྟ་ལ་སོགས་ཏེ་སྤམ་མཐོ་བ་སྩལ། སླར་ཡང་གོང་ཞབས་ཡས་ཕྱིན་ནང་འཁོར་གྱི་ཞབས་ཕྱི་དང་བཅས་པར་རྨེ་བརྩེགས་ཀྱི་བྱབ་ཁྲུས་དང་ཚེ་དབང་འབུལ་བར་མཛད་ཅིང་། རྒྱ་རྔ། གསེར་སྲང་། དར་ཡུག་སོགས་གནང་སྦྱིན་བཟང་པོ་སྩལ། འདི་ལོ་ནས་བཟུང་ས་ག་ཟླ་བར་སྨིན་གྲོལ་གླིང་དུ་ཧོར་བདུད་འདུལ་རབ་བརྟན་གྱི་དགོངས་རྫོགས་སུ་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་ཐེབས་སུ་ས་རྐང་བཞིའི་ཁྲལ་ཡོང་རྣམས་སྦྱོར་འཇགས་སྩལ་བ་བཞིན་སྟར་ཆགས་སུ་ཚུགས་པ་འདི་ཉིད་དོ། །ཟླ་བ་གསུམ་པའི་ཚེས་བཅུ་ལ་གོང་ཞབས་སུ་ཕྱག་འབུལ་མཛད་དེ་ཕེབས་ལམ་སྐམ་པ་ལ་དང་ལུམ་པའི་གྲུ་བརྒྱུད་བཟང་ཡུལ་གྲོང་གསར་དུ་ཕྱག་ཕེབས། དེར་སྨིན་གྲོལ་གླིང་འདུས་ཚོགས་སུ་བསྐང་གསོའི་དབྱངས་འགྲིག་རྔ་གྲྭ་དང་བཅས་པའི་སྦྱོང་བརྡར་གྲུབ་སྟེ་ཐོག་མར་ཚུགས་པའི་སློབ་དཔོན་དུ་ཕེབས་ཤིང་། དེ་ཉིན་འདུས་ཚོགས་སུ་གོས་ཆེན་དུར་ཁ་དང་བཟང་ཇའི་གྲལ་འགྱེད་སྩལ། དེ་དུས་གྲྭ་པ་ཉི་ཤུ་སྐོར་གྱིས་རྩ་རྒྱུད་གསང་བ་སྙིང་པོ་བློ་ལ་བཙུད་དེ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན་གྱི་དུས་དྲན་མཆོད་པ་དང་མར་ངོའི་ཚེས་བཅུ་ལ་རྒྱུད་འདོན་ཆག་མེད་ཀྱི་སྲོལ་འཛུགས་པར་མཛད། དེ་ནས་བླ་མ་བསམ་གཏན་འབྲས་ཁུད་པ། ཁམས་པ་བླ་མ། རོང་པ་རྫོགས་ཆེན་སྤྲུལ་སྐུ་སོགས་དཔོན་སློབ་བཅུ་སྐོར་ལ་ཐུགས་ཐིག་གི་དབང་ལུང་ཉམས་ཁྲིད་དང་བཅས་པ་སྨིན་པར་མཛད་པ་གྲོལ་མཚམས་རྒྱལ་མཆོག་དམ་པ་སྐུ་ལྟེམས་པའི་སྐུ་རིམ་དུ་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་ཟླ་བ་བཞི་པའི་ཚེས་དགུར་སྐྱིད་ཤོད་དུ་ཆིབས་བཏེག རིམ་པར་རྡོ་རྗེ་བྲག་ཏུ་སྤྲུལ་སྐུ་རིན་པོ་ཆེར་སྲོག་སྒྲུབ་ཀྱི་དབང་བཀའ་གསན་ནས་བྱེ་ལ་བརྒྱུད་ཕོ་བྲང་ཆེན་པོར་ཕེབས་མ་ཐག་ཏུ་གོང་ཞབས་སུ་ཕྱག་འབུལ་དུ་ཐེགས། དེའི་ཕྱི་ཉིན་གོང་ཞབས་ཀྱི་སྐུ་རིམ་དུ་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་བསྙེན་སོང་རྣམས་ཀྱིས་འབྱུང་པོ་མཐར་བྱེད་ཀྱི་ཆོ་ག་མཛད་པའི་སློབ་དཔོན་དུ་ཕེབས་ཤིང་། དེའི་ཡང་སང་ཉིན་མཆོད་ཁང་རྩེར་བརྒྱགས་བརྔན་དང་རྗེས་འབྲེལ་གུ་རུའི་སྐུའི་ཆས་སུ་ཞུགས་ནས་ལྷ་སྲིན་དམ་ལ་འདོགས་པའང་མཛད། གཞན་ཡང་རྒྱལ་བཙན་གྱི་མདོས་སྐོང་དང་ཁྱད་པར་ཚེས་ཉི་ཤུའི་ཉིན་གདོན་འགྲོལ་འབུལ་བར་མཛད་པས། དེ་ནུབ་དཔོན་སློབ་གཉིས་ཀ་སྤྱན་ལྟས་མཐུན་པར་གདོན་བྱད་གྲོལ་བའི་མཚན་མ་ངོ་མཚར་བ་དང་། པད་གླིང་དྲག་དམར་གྱི་གཏོར་བཟློག་དང་བསྟུན་ཏེ་ཉེར་བརྒྱད་ཀྱི་སྲོད་ལ་ཧོ་མའི་ལས་སྦྱོར་མཛད་པས་འབྱུང་པོ་ཁུགས་རྟགས་སྨྲེ་སྔགས་ཀྱི་འོ་དོད་འབོད་པ་ཀུན་གྱིས་ཐོས་པ་དང་། ཉེར་དགུ་ལ་གཏོར་རྒྱག་མཛད་པས་ཟོར་རྗེས་སུ་མེ་རླུང་དུམ་བུར་ཆད་དེ་འགྲོ་བ་སོགས་མཚན་ལྟས་ལེགས་ཤིང་། གོང་ཞབས་ཀྱི་སྐུ་ཁམས་ཀྱང་གཞི་མེད་དུ་དྭངས། ཟླ་བ་ལྔ་པ་ཤར་མཚམས་ལྷ་སར་བདག་མོ་ཡུམ་སྲས་ཀྱི་སྐུ་རིམ་དུའང་བྱད་གདོན་འགྲོལ་བ། བྱབ་ཁྲུས། ཚེ་དབང་སོགས་མཛད། ཚེས་གསུམ་གྱི་ཉིན་ལྷ་ས་གྲྭ་ཁང་གསར་པར་ཕེབས་དུས་སྐད་ཅིག་ལ་ཐུགས་རིག་ཟི་བུན་ནེ་བ་བྱུང་བ་དང་རྒྱ་གར་གྱི་གྲུབ་ཐོབ་གཟི་མདངས་ཅན་ཞིག་གི་སྐུའི་སྣང་བ་གཟིགས་པའང་བྱུང་གསུང་། དགའ་ལྡན་ཁང་གསར་དུ་སྟག་རུ་ནས་ལ་བྱབ་ཁྲུས་དང་དབང་མཛད་དུས་སྤྱན་ལྟས་ཤིན་ཏུ་འཚུབ་པ་བྱུང་གསུང་བ་ལྟར་མི་རིང་བར་ཁོང་པ་སྐུ་འདས། སླར་ཡང་རྩེར་ཕེབས་ཏེ་བཀའ་འགྱུར་ཁང་དུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་དང་ཨོ་རྒྱན་གྱི་སྐུ་བརྙན་མང་པོར་རབ་གནས་དང་། གོང་ཞབས་སུ་གདོན་འགྲོལ་སོགས་སྐུ་རིམ་མང་པོ་མཛད། མངའ་བདག་བསྟན་འཛིན་ཆོས་དབང་ལ་མཁའ་འགྲོ་ཆེན་མོའི་བྱིན་རླབས་དང་ཨ་ཧཱུྃ་མའི་དབང་གསན། ཁོང་པའི་ཞུ་དོན་དང་བཀའ་ཤོག་ཞུ་བའི་གྲོགས་སོགས་མཛད། དེ་དུས་བཀའ་ལས། མཁའ་འགྲོ་ཆེན་མོ་འདི་ངེད་རང་ལ་བཀའ་བབས་ཡོད་པ་ཡིན་གསུང་། གཅུང་རྒྱལ་སྲས་རིན་པོ་ཆེས་ཇི་ལྟར་ཡོད་ཚུལ་གསུང་བར་ཞུ་ཞུས་པས། སྔ་སོར་སྨྲ་བོ་ལྕོག་པོར་ཕྱིན་དུས་བླ་མ་མངའ་བདག་ཆེན་པོ་སྐུ་དར་རྒན་རལ་པའི་ཐོར་ཚུགས་ཅན་གྱི་སྐུའི་སྣང་བས་མཁའ་འགྲོའི་གདམས་པ་རྣམས་ཚང་བར་སྩལ་བའི་ངེས་པ་ཡོད་གསུང་། དེས་ན་སྔ་སོར་ལུང་དང་ད་རེས་དབང་རྣམས་འབད་པས་གསན་པའང་དོན་དུ་ན་ཁ་ན་མ་ཐོ་བ་སྤང་བའི་ཆེད་ཙམ་དུ་ཟད་དོ། །དེ་ནས་ཧོར་ཟླ་དྲུག་པའི་འགོར་གོང་ཞབས་སུ་མཁའ་འགྲོ་ཆེན་མོའི་བྱིན་རླབས། ཡང་རྫོང་སྙིང་ཐིག་གི་དབང་ལེ་ཚན། མ་གཅིག་གི་གཅོད་ཡུལ་ཉམས་ཁྲིད་དབང་ལུང་དང་བཅས་པ་འབུལ་བར་མཛད་ཅིང་། གཞན་ཡང་སྐུ་ཞབས་གྲྭ་ཚང་གི་ཚོགས་ཆེན་ལ་རིག་འཛིན་སྲོག་སྒྲུབ་ཀྱི་རྩ་དབང་དང་། ཚེ་དབང་དམར་པོ་བཅུད་བསྡུས། དེ་རྗེས་གྲྭ་པ་བརྒྱད་ཅུ་སྐོར་ལ་གཏེར་གསར་གཤིན་རྗེའི་དབང་ལུང་། དགེ་སློང་འཇམ་དབྱངས་གྲགས་པ་ལ་ཐུགས་ཐིག་གི་དབང་བཀའ། རྫོགས་ཆེན་སྙིང་པོ་བསྡུས་པ། རྡོར་སེམས་སྙིང་ཐིག རཏྣའི་ཀློང་གསལ་རྣམས་ཀྱི་དབང་ལུང་དང་། གྲྭ་པ་མང་པོར་འཕོ་བ་འཇག་ཚུགས་མའི་མྱོང་ཁྲིད། ཞལ་སྔ་ནས་ཕ་བོང་ཁ་པ་དང་མཆོད་དཔོན་ཆེན་མོ་སོགས་གྲྭ་ཚང་གི་གྲྭ་པ་སུམ་ཅུ་སྐོར་ལ་ཕྱག་རྡོར་སྙན་བརྒྱུད་ཀྱི་དབང་ལུང་རྣམས་མཛད། ཕ་བོང་ཁ་པས་གཡང་ཏྲེའུའི་རྐྱན་བརྐོས་མ། ས་ལེ་སྦྲམ། ཇ་སིག གོས་དར་ཡུག་མང་པོ་བཅས་ཆོས་ཡོན་རྒྱ་ཆེར་བསྟབ། ལྷ་སར་བདག་མོར་ཚེ་རྟའི་དབང་མཛད་དེ། སླར་ཡང་རྩེར་གོང་ཞབས་ནས། ཕྱག་དྲིལ། སྐུ་བེར། དངུལ་མདོང་གོས་ཕྱི་ནང་ཡུག་མང་པོ། ཇ་སིག་སོགས་གནང་སྦྱིན་རྒྱ་ཆེར་སྩལ། ཕེབས་གདོང་གོང་ཞབས་སུ་ཕྱག་མཛད་དེ། ནོར་བུ་དགེ་འཕེལ་གྱི་གྲུ་བརྒྱུད་ཕེབས་ལམ་གོང་མའི་ལུང་གིས་བསྐུལ་ནས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་རིག་འཛིན་སྤྲུལ་སྐུ་རིན་པོ་ཆེའི་སྤྱན་སྔར་འདུས་པ་མདོ་དབང་ཆེན་མོ། དུག་ཁྲག་བུམ་ལྕགས་མ། བླ་མ་སྐུ་གསུམ་མའི་ཁྲིད་རྣམས་གསན་ཞིང་། ཕར་ཡང་པད་གླིང་དྲག་དམར་ཐེམ་མེད་ཀྱི་ལྷ་དབང་འབུལ་བར་མཛད། དེར་སློབ་དཔོན་དཔལ་འབྱོར་བ་ལས་བྱང་ཆུབ་གླིང་པའི་ཡང་དག་གི་དབང་ཆོས་རྒྱུན་ཁོ་ན་ལ་དམིགས་ཏེ་གོང་མའི་བཀའ་བཞིན་གསན། དེ་ནས་སྒྲགས་ཡང་རྫོང་དུ་ཕེབས་པའི་ལམ་དུ་སྔགས་གྲྭའི་གནས་གཟིགས་མཛད་དེ། ཉེར་ལྔའི་ནུབ་ཡང་རྫོང་དུ་ཚོགས་བརྒྱ་མཛད། དེ་དུས་འོད་གསལ་གྱི་གཟིགས་སྣང་ལ། སྔགས་པ་རལ་པ་སྐྱ་ལོང་ངེ་བ་བྱས་པ་ཞིག་དང་། བུད་མེད་མོན་མོའི་ཆས་ཅན་བོང་རིང་བ་གཅིག ཨ་ཙ་ར་བཙུན་ཆས་ཅན་གཅིག་རྣམས་ཀྱིས། ཕྱི་གཏེར་ཐོན་པའི་ཟབ་གནད་ཀྱི་རྟེན་འབྲེལ་བདུན་དང་། གཅུང་རྒྱལ་སྲས་རིན་པོ་ཆེའི་སྒོས་ལུང་སོགས་ལུང་བསྟན་མང་པོ་ཞུས། ནངས་པར་ཡང་གའི་ཚུགས་བརྒྱུད་བཟང་ཡུལ་གྲོང་གསར་དུ་ཕེབས། དེར་ཟླ་གཅིག་བར་བཞུགས་ཏེ། ཡང་རི་དགེ་སློང་ལྷག་བསམ་དང་ཁམས་པ་འབྲུག་རིག་འཛིན་གཉིས་ལ་ཐུགས་ཐིག་གི་ཁྲིད། བྷ་ག་གསང་སྔགས་ཆོས་གླིང་པ་སོགས་ཁམས་པ་མང་པོར་ཐུགས་ཐིག་གི་དབང་ལུང་། མོན་ནས་ཆོས་རྗེ་སྐུ་སྐྱེའི་འབུལ་སྐྱེལ་བ་སོགས་མོན་པ་མང་པོར་ཆོས་འབྲེལ་མཛད། ཟླ་བ་བརྒྱད་པ་ཤར་མཚམས་གྲྭ་མདའ་བརྒྱུད་དར་གླིང་དུ་ཆོས་དབར་བཏེག གུང་ཐང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་ཕྱག་འབུལ་དུ་བྱུང་བར་ཆོས་ཀྱི་གསུང་གླེང་མང་དུ་མཛད། དར་གླིང་གཞི་བ། ཆག་བྱང་ཆུབ་གླིང་པ། དཔལ་འབྱོར་ཆོས་སྡིངས་པ་རྣམས་ཀྱིས་ཞབས་བརྟན་དང་། སྨིན་གྲོལ་གླིང་འདུས་སྡེས་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་བརྟན་བཞུགས་རྒྱས་པར་ཕུལ། དེ་ནས་མོན་པ་དང་ལ་སྟོད་ཕྱོགས་ཀྱི་ཆོས་ཞུ་བ་ཉི་ཤུ་སྐོར་ལ་ཐུགས་ཐིག་གི་དབང་ལུང་། གཅུང་རྒྱལ་སྲས་རིན་པོ་ཆེས་དབུས་སྨིན་གྲོལ་གླིང་འདུས་ཚོགས་ལ་འཁོར་བ་དབྱིངས་སྒྲོལ་དང་ཆོས་སྐྱོང་སྐོར་གྱི་དབང་རྗེས་གནང་། མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོའི་རྗེས་གནང་། གཏེར་གསར་གཤིན་རྗེ་འཇོམས་བྱེད་ཀྱི་དབང་རྣམས་མཛད། གཟིམས་ཁང་གོང་དུ་སྐུ་མཚམས་བཅད་ནས། གཅུང་རྒྱལ་སྲས་རིན་པོ་ཆེ། འཁྲུལ་ཞིག་ཀློང་ཡངས་པ། དགེ་སློང་མཐར་ཕྱིན་རྣམས་ལ་ཐུགས་ཐིག་གི་ཉམས་ཁྲིད་ཤིན་ཏུ་སྨིན་པ། གཅུང་དང་། གྲུབ་ཆེན་རིན་པོ་ཆེར་མ་གཅིག་གི་གཅོད་ཁྲིད་དབང་ལུང་དང་བཅས་པ་གནང་། དེ་རྗེས་སྐུ་ཞང་གི་གཞིས་སུ་སྤྱན་དྲངས་ཏེ་ཞལ་ངོ་ཚོར་ཚེ་དབང་དང་རིམ་གྲོར་མནན་པ་ཞིག་མཛད། སོག་ཕུལ་མ་ལྐོག་པ་སྔ་སོར་ཡབ་རྗེའི་དུས་ནས་དགོན་པ་དང་འགྲས་པ་ལ་ཆེད་དུ་དམིགས་པའི་ལས་སྦྱོར་མ་མཛད་ཀྱང་མི་རུང་བའི་ལྟས་སྣ་དགུ་བྱུང་བས་འགྱོད་ཆེས་ཏེ་རིང་མོ་ནས་གསོལ་བ་བཏབ་པ་བཞིན་ཞུ་བཤགས་དང་དུ་བཞེས། ཟླ་མཇུག་དེར་ཁམས་པ་བྱ་རྒོད་སྤྲུལ་སྐུ་དང་། མངའ་རིས་དོལ་པོ་བླ་མ་ཚེ་རིང་དཔལ་བཟང་སོགས་མང་པོར་ཐུགས་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་སྩལ། སྐབས་དེ་དག་ཏུ་ཕུར་པ་ལྷ་ཁྲའི་ལས་བྱང་ཀུན་བཟང་རོལ་མཚོ། སྒྲུབ་ཁོག་དངོས་གྲུབ་དགའ་སྟོན། གདབ་ཁ་རྡོ་རྗེའི་མེ་ཆར་རྣམས་ཀྱི་བཀའ་རྩོམ་དང་། མེས་པོ་མཁས་དབང་དོན་གྲུབ་དབང་རྒྱལ་དང་། ཨོ་རྒྱན་ཕུན་ཚོགས་ལ་ཐུགས་ཐིག་གི་ཁྲིད་བཀའ་མཛད། གོང་ཞབས་ནས། བ་སོའི་ཌཱ་མ་རུ་ཁྱད་ཅན། གོས་ཕྱི་ནང་གི་སྐྱེས་དང་བཅས་སྤྱན་འདྲེན་གྱི་བཀའ་ཤོག་འབྱོར་བ་ལྟར་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ལ་ཆིབས་བཏེག་སྟེ་རིམ་པར་སྒྲགས་ལ་བརྒྱུད་ཕོ་བྲང་རྩེར་གོང་ཞབས་སུ་མཁའ་འགྲོ་གྲིབ་སེལ་སོགས་སྐུ་རིམ་འགའ་ཞིག་སྒྲུབ་པར་མཛད། སྣེ་གདོང་རྩེ་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་ཕུལ་བའི་ཕུར་ཆ་ཁྱད་པར་ཅན་དེ་སོགས་གནང་སྦྱིན་རྒྱ་ཆེར་སྩལ། ལྷ་སར་བདག་མོ་ཡུམ་སྲས་དང་བྱང་གླིང་དུ་རྐྱེན་སེལ་གྱི་རྗེས་གནང་སོགས་མཛད་ནས་ཕྱིར་ལམ་བྱེ་ལ་བརྒྱུད་དེ་དར་གླིང་དུ་ཕེབས་ནས་ཟླ་ཕྱེད་ཙམ་སོང་མཚམས་སྡེ་སྲིད་རིན་པོ་ཆེ་བསྙུང་བའི་སྐུ་རིམ་དུ་འཕྲལ་ཕེབས་དགོས་པའི་གོང་ཞབས་ཡས་ཕྱིན་གཉིས་ཀའི་བཀའ་ཤོག་ཕེབས་པ་ལྟར་ཟླ་བ་བཅུ་གཅིག་པའི་ཟླ་སྒང་ལ་སྒྲགས་ལ་བརྒྱུད་ཕོ་བྲང་རྩེར་ཕེབས། དེ་ནུབ་གོང་ཞབས་སུ་ཕྱག་འབུལ་མཛད་དེ། ནངས་པར་ལྷ་སར་ཐེགས། དེར་སྡེ་སྲིད་སྐུ་ཤིན་ཏུ་ལྟེམས་པར་འདུག་པ་ལ། འཆི་བསླུ། གདོན་འགྲོལ། དབང་རྗེས་གནང་སོགས་སྐུ་རིམ་ཕན་ཐབས་རྣམ་གྲངས་མང་བར་མཛད་པ་ན་ཤིན་ཏུ་གཉེན་གཤིན་པའི་གསུང་གིས་བྱས་པ་བཟོ་ཚུལ་གྱི་ཞལ་གཅམ་མང་པོའང་གནང་ཞིང་། དེ་ནས་མི་རིང་བར་སྐུ་དྭངས་རྗེས་སྡེ་སྲིད་ནས་སྐུ་ཕོད། བུམ་པ། རྟེན་ཁེབས་སོགས་གཏང་རག་གི་གནང་སྦྱིན་ཡང་སྩལ། རྩེར་གོང་ཞབས་སུ་གྲིབ་སེལ། གདོན་འགྲོལ་འཆི་བསླུ་སོགས་དང་གྲྭ་ཁང་དུའང་མཁའ་འགྲོ་གྲིབ་སེལ་ཞིག་མཛད། དཔལ་གྲོར་ཞ་ལུ་མཁན་རིན་པོ་ཆེས་སྤྱན་དྲངས་ཤིང་ལོཀྟྲིའི་རིག་གཏད་དང་འཆི་བསླུ་སོགས་སྐུ་རིམ་ཁ་ཤས་མཛད། སླར་ཡང་ཕོ་བྲང་རྩེར་གཤིན་རྗེའི་གཏོར་བཟློག་ཅིག་མཛད་ཅིང་། གོང་ཞབས་སུ་རྡོ་རྗེའི་བྲག་སྤྲུལ་སྐུ་རིན་པོ་ཆེ་དང་ལྷན་དུ་རྒྱ་ཅན་གྱི་དབང་ལུང་འཕྲོ་རྣམས་གསན། ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་གོང་དུ་གཏེར་གསར་གཤིན་རྗེའི་དབང་དང་ཚེ་དབང་འབུལ་བར་མཛད། དེ་སྐབས་རྒྱལ་མཆོག་དམ་པའི་གཟིགས་སྣང་ལ། གཤིན་རྗེའི་བུམ་དབང་གི་དུས་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་གཟིགས་པ་དང་། ཚེ་དབང་དུས་རྗེ་འདི་ཉིད་ད་ལྟའི་སྐུའི་སྣང་བ་ཇི་ལྟ་བ་ལ་དྭངས་ཤེལ་ལྟར་གསལ་བའི་ནང་དུ་སློབ་དཔོན་ཆེན་པོ་ཡུམ་གཉིས་བཻ་རོ་དང་བཅས་པ་གསལ་བར་གཟིགས་ཤིང་། ཚེ་ཆང་གི་དབང་གི་དུས་མཚོ་རྒྱལ་གྱི་ཕྱག་གི་ཐོད་པ་ལས་བདུད་རྩི་བབས་ཏེ་ཚེ་ཆང་ལ་འདྲེས་པ་དང་། ཚེ་མདའི་རྒྱས་གདབ་ཀྱི་དུས། གོང་ཞབས་རང་གི་ཐུགས་ཀར་རྟ་མགྲིན་གྱི་སྐུ་གསལ་བར་གཟིགས་པ་སོགས་གཟིགས་སྣང་ཡ་མཚན་པ་བྱུང་བར་སྣང་། རྒྱལ་བའི་ཆོ་འཕྲུལ་བཀོད་པ་ཇི་བཞིན་དུ། །རྒྱལ་བའི་གཟིགས་ངོར་འཆར་བ་དངོས་པོའི་གཤིས། །སྤྲིན་མེད་མཁའ་ལ་རྒྱུ་བའི་ཟླ་དཀྱིལ་ཡང་། །རྙོག་བྲལ་དྭངས་པའི་རྫིང་བུར་མི་འཆར་རམ། །ཉེར་གཅིག་གི་ཉིན་གོང་ནས་གནང་སྦྱིན་སྤམ་མཐོ་བ་སྩལ། དེ་ནས་ཕྱག་བཏེག་སྟེ་ལྷ་སར་བདག་མོ་ཡུམ་སྲས་ལའང་དབང་མཛད་ནས་རིམ་པར་དར་རྒྱས་ཆོས་གླིང་དུ་ཕྱག་ཕེབས། དེར་གྲྭ་ཚང་གི་ལོ་མཇུག་དུས་རིམ་གྱི་སློབ་དཔོན་དུ་ཕེབས་ཤིང་།

དགུང་ལོ་ཉི་ཤུ་རྩ་དགུ་པ།

དགུང་ལོ་ཉི་ཤུ་རྩ་དགུ་པ་ཤིང་སྟག་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ཀྱང་རྒྱས་པར་མཛད། དེ་ནས་དགོན་སར་ཆོས་རྗེ། བྱ་རྒོད་སྐུ་སྐྱེ་སོགས་ལ་གཤིན་རྗེ་འཇོམས་བྱེད་ཀྱི་དབང་ལུང་དང་། གཅུང་རྒྱལ་སྲས་རིན་པོ་ཆེས་དབུས་སྨིན་གྲོལ་གླིང་འདུས་ཚོགས་ལ་ཕུར་པ་སྤུ་གྲིའི་དབང་བཀའ་མཛད། ཟླ་མཇུག་དེར་ཐུགས་སྲས་སྤྲུལ་པའི་སྐུ་དར་གླིང་དུ་ཕེབས། དགོངས་བཞེད་ལྟར་ཐུགས་ཐིག་གི་སྤོམས་ཁྲིད་སྒྲ་མི་སྙན་པ་དང་གཏེར་གསར་གྱི་ཚེ་དབང་རྣམས་མཛད། དེ་ནུབ་ཐུགས་སྲས་སྤྲུལ་པའི་སྐུར་ཨ་རུ་རའི་ཆར་བབས་པའི་མནལ་ལྟས་བྱུང་བས། ཚེ་འཕེལ་བའི་རྟགས་སུ་འདུག་གསུང་མཉེས་མཉེས་མཛད། དེ་ནས་ཟླ་གཅིག་ལྷག་ཙམ་ཕྱི་མཚམས་མཛད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། ཟླ་བ་གསུམ་པ་ཤར་ནས་སྙེན་མདོའི་ཆོས་རྗེ་སྐུ་མཆེད། སྨིན་གྲོལ་གླིང་འདུས་ཚོགས་བཅས་པར་དོང་སྤྲུགས་ཀྱི་དབང་བཀའ། རོང་པ་རྫོགས་ཆེན་སྤྲུལ་སྐུར་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་དབང་ལུང་། ཞོང་སྟེང་བླ་མ་རིག་འཛིན་དབང་གྲགས་དཔོན་སློབ་ལ་གོང་གི་དབང་དང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་སོགས་མཛད། ཟླ་མཇུག་གོང་ནས་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་འབྲིའུ་སྣའི་གྲུ་བརྒྱུད་སྐྱིད་ཤོད་དུ་ཐེགས། དེར་གོང་ཞབས་ཀྱི་སྐུ་རིམ་དུ། བྱད་འགྲོལ། གདོན་འགྲོལ། བྱབ་ཁྲུས། འཆི་བསླུ་རྣམས་དང་། བར་ཆད་ལམ་སེལ་རྩ་འགྲེལ་གྱི་ལུང་འབུལ་བར་མཛད། གདོན་འགྲོལ་གྱི་ཉིན་གོང་ནས་དགང་བླུགས་ཁྱད་ཅན་ཞིག་སྩལ། གཞན་ཡང་སྐུ་རིམ་དུ་མ་མདོས། རྒྱལ་མདོས། དྲག་དམར་གྱི་སྒྲུབ་པ་སྔོན་འགྲོའི་སྲེག་འཕང་གི་ལས་སྦྱོར། གཤིན་རྗེའི་གཏོར་བཟློག ཀླུ་ཕུག་ན་ཁར་དྲེགས་འདུལ་གྱི་ཀླུ་ཆོག་སོགས་མང་དུ་མཛད། གསང་སྔགས་གླིང་ཆོས་རྗེ། ཞབས་དྲུང་དཔོན་དྲུང་། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ཁ་ཤས་བཅས་པར་རྒྱ་ཅན་དང་། ཞང་བློན་གྱི་སྐོར། གཏེར་གསར་ཐུགས་ཐིག་དང་གཤིན་རྗེ། གཏེར་རྙིང་གི་ཚེ་གུར་སོགས་དབང་ལུང་མང་པོ་མཛད། ཡིབ་ཕྱི་བླ་མ་འོད་གསལ་ཀློང་ཡངས་ཀྱིས་བདོག་པ་ཐམས་ཅད་དྲིལ་བའི་འཁོར་གསུམ་ཡོངས་དག་གི་འབུལ་བ་ཆེན་པོ་བྱས། ལྷ་སར་བདག་མོར་ཚེ་རྟ་དྲག་དམར་གྱི་དབང་དང་འཆི་བསླུ། ཕུག་ནས་དང་བྱང་གླིང་སོགས་སུ་རྐྱེན་སེལ་གྱི་དབང་བཀའ་སྩལ། སླར་ཡང་རྩེར་གོང་ཞབས་སུ་བྱབ་ཁྲུས་དང་གདོན་འགྲོལ། གཏེར་གསར་གཤིན་རྗེའི་དབང་སོགས་འབུལ་བར་མཛད། གོང་ནས་ཕྱག་འཕྲེང་ཕྱག་དྲེག་མ་གསེར་གྱི་གྲངས་འཛིན་ཅན་དང་། གསེར་སྲང་། དངུལ་གྱི་མཎྜལ། ན་བཟའ་ཆ་ཚང་སོགས་སྩལ། ཟུར་ཡང་དབེན་གྱི་བླ་མ་དང་། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་འགའ་ལ། རཏྣའི་གུར་དྲག གཉེན་པོ་ལྷ་གསུམ། ནཱ་ག་རཀྵ་རྣམས་དང་། འཚོ་བྱེད་མང་པོར་གཡུ་ཐོག་སྙིང་ཐིག་གི་དབང་ལུང་རྣམས་མཛད། སླར་ཡང་གོང་ཞབས་སུ་མཁའ་འགྲོ་གྲིབ་སེལ། མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་ཞབས་བརྟན། འཆི་བསླུ་རྣམས་འབུལ་བར་མཛད། ལྷ་སར་བདག་མོ་ཡུམ་སྲས་ལའང་དབང་བྱིན་རླབས་བྱབ་ཁྲུས་སོགས་གནང་། ཉེར་བཞིའི་ཉིན་སྡེ་སྲིད་སྐུ་ཞབས་ནས་མཚན་བརྒྱད་ཀྱི་ཐང་སྐུ་གྲྭ་ཚར་སོགས་བདོག་པ་རྒྱ་ཆེན་པོ་བསྟར་ནས་ཞབས་པད་རིང་འཚོའི་རྟེན་འབྲེལ་སྒྲིག་པར་མཛད། རྩེར་རྒྱལ་མཆོག་དམ་པའི་སྐུ་ཞབས་སུ་རྒྱ་ཅན་གྱི་ཁ་སྐོང་སོགས་ལུང་འགའ་རེ་གསན། གོང་ནས་ཕེབས་གདོང་གནང་ཆ་སྤམ་མཐོ་བ་སྩལ་ཅིང་། དེ་ནས་ཆིབས་བཏེགས་པའི་ཕེབས་ལམ་རྣམ་རྒྱལ་སྒང་དུ་འབྲུག་པ་མཆོག་གི་སྤྲུལ་སྐུས་སྤྱན་དྲངས་ཤིང་བཞུགས་སྒར་ནས་ཐག་རིང་པོའི་སར་ཞབས་བསུ་དང་། སྤོས་སྣ་མཉམ་ཕྱག་གཟིམས་གུར་དུ་གུང་ཁྲི་བཤམས་པ་སོགས་བཀུར་ཟོས་ཆེན་པོ་ཕུལ། དེར་ཚེ་རྟའི་དབང་བསྐུར་མཛད་ཅིང་ཧོར་ཆོལ་སོགས་ཀྱི་འབུལ་བའང་བསྟབས། དེ་ནས་ལུམ་པའི་གྲུ་བརྒྱུད་དར་རྒྱས་ཆོས་གླིང་དུ་ཕེབས། ཧོར་ཟླ་ལྔ་པའི་འགོར་འཆམས་དབྱངས་སོགས་ཀྱི་བཅའ་སྒྲིག་རྣམས་ལེགས་པར་གྲུབ་སྟེ་སྨིན་གྲོལ་གླིང་འདུས་པའི་གཙོ་བོར་རྗེ་ཉིད་བཞུགས་པས་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་སྒོ་ནས་ཚེས་བཅུར་ས་ཆོག་དང་བཅུ་གཅིག་ལ་ཕྱི་ནང་གི་མཚམས་གཅོད་སོགས་ནས་བཟུང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་ཆེན་ཤིན་ཏུ་རྒྱས་པའི་ལས་རིམ་དང་འབྲེལ་བ། ཚེས་ཉི་ཤུར་རྡུལ་ཚོན་ཆུ་བོར་གཤེགས་པའི་བར་མཐའ་རྒྱས་སུ་མཛད། དེ་གྲོལ་ནས་རོང་པ་རྫོགས་ཆེན་པ་དང་གཉལ་ར་རྡོ་བ་སོགས་ལ་ཕག་མོ་ཟབ་རྒྱའི་དབང་ལུང་རྣམས་སྩལ། ཟླ་བ་དེའི་ཉེར་གཉིས་ནས་བཟུང་ཟླ་བ་ངོ་རེ་བཞིན་གྱི་ཉི་ཤུ་གཉིས་ལ་ཡབ་རྗེའི་དུས་དྲན་གྱི་མཆོད་པར་སྨིན་གྲོལ་གླིང་འདུས་ཚོགས་སུ་དོང་སྤྲུགས་ཀྱི་སྒྲུབ་མཆོད་ཀྱང་འཛུགས་པར་མཛད། ཧོར་ཟླ་དྲུག་པའི་འགོར་གཅུང་རྒྱལ་སྲས་རིན་པོ་ཆེ་སྙུན་པ་ཇེ་ལོད་དུ་སོང་བར་གསོལ་སྨན་དང་སྐུ་རིམ་རྒྱ་ཆེ་བར་མཛད་ཅིང་ཉིན་ཞིག་གཟིམ་ཆུང་འཆི་མེད་སྦུག་ཏུ་རྗེ་ཉིད་ནས་སྐུ་རིམ་དུ་བསྐང་གསོ་མཛད་དུས་བསྐྱོད་སྟབས་སོགས་མེད་པར་གཏོར་མ་ལྷུངས་པ་དང་། སྔ་སོར་ཆུ་གླང་ཟླ་བ་བཅུ་གཉིས་པའི་ནང་དུ་སྟག་ལོ་ལ་སྙིང་ལ་ཚེར་མ་བཏབ་པ་ལྟ་བུ་ཞིག་འོང་བར་ཡོད་ཅེས་པའི་ལུང་བསྟན་དང་། ནུབ་གཅིག་རྗེ་རང་གི་སྤྱན་འབྲས་དོན་པའི་མནལ་ལྟས་སོགས་མཚན་རྟགས་ངན་པར་བྱུང་གསུང་། དེ་དུས་གྲྭ་ཚང་ལྷོ་བྲག་ཏུ་ཆོས་དབར་འདེགས་མ་ཁད་པ་ལ་མ་བཏེག་པ་འཐད་པའི་ཞལ་ཏ་སྩལ། ཚེས་བཅུ་བཞིའི་ནུབ་ལྕང་ལོ་ཅན་གྱི་ཞིང་བཀོད་རྣམས་ཀྱང་གསལ་བར་གཟིགས། དེ་ནས་ཉིན་ཞག་བཅུ་བདུན་པའི་ཐོ་རངས་ཁ་ཚེས་ཞག་བཅོ་བརྒྱད་པ་ཀུན་མཁྱེན་ཆེན་པོའི་དུས་དྲན་གྱི་མཆོད་པའི་ཐོག་རྒྱལ་སྲས་རིན་པོ་ཆེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་སྐུ་གཤེགས། དེ་ཡང་འདི་ཉིད་རྗེ་རིན་པོ་ཆེ་འདི་པའི་རིགས་ཀྱི་གཅུང་དུ་འཁྲུངས་ཤིང་མི་ཕྱེད་པའི་དད་པ་བརྟན་པོས་ཞབས་ཏོག་ཚུལ་བཞིན་དུ་མཛད་པ། མཁྱེན་པས་རིག་པའི་གནས་ལྔ་ལ་ཐོགས་པ་མེད་ཅིང་། བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཕྲ་མོས་ཀྱང་མ་གོས་པས་སྐུ་བཙུན་པ། འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་རྗེས་སུ་འཛིན་པས་བཟང་པོའི་རྣམ་ཐར་ཏེ་དགེ་བའི་བཤེས་གཉེན་ལ་དགོས་པའི་ཡོན་ཏན་ཐམས་ཅད་མ་ཚང་བ་མེད་པར་མངའ་བ་ཞིག་ལགས་ནའང་གཏེར་གསར་ཆོས་བདག་གི་རྟེན་འབྲེལ་སྒྲིག་ཚུལ་ཅུང་ཟད་འཆུགས་པས་སྐུ་ན་ཕྲ་མོ་ལ་སྐུ་ཚེའི་བར་ཆད་དུ་གྱུར་ཅིང་། དེའི་ཚེ་སྐུ་གདུང་གི་དྲུང་དུ་རྗེ་ཉིད་དཔོན་སློབ་ཉུང་བསྡུས་དང་། སྨིན་གྲོལ་གླིང་འདུས་ཚོགས་རྣམས་ཀྱིས་འདུ་ཁང་དུ་མཆོད་འབུལ་བཙུགས། ཚེས་ཉི་ཤུའི་ནུབ་གཅུང་ཉིད་གང་དུ་གཤེགས་པའི་དག་པའི་ཞིང་དང་ཡང་སྲིད་གང་དུ་འཁྲུངས་པར་འགྱུར་བ་སོགས་གསལ་བ་གཟིགས་ཤིང་། འོད་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བླ་མ་རིག་འཛིན་ཀུན་འདུས་ཀྱི་དབང་སྩལ་ཏེ་རྗེས་སུ་འཛིན་པར་མཛད། ཟླ་བ་བདུན་པའི་ཚེས་བཅུའི་ནུབ་རྗེ་ཉིད་ཀྱི་ཞབས་ཕྱིར་གྲྭ་ཚང་གི་གྲྭ་པ་བགྲེས་པ་དུ་མ་དང་བཅས་པས་སྐུ་གདུང་ཞི་བའི་སྲེག་བླུགས་དང་བཅས་ཏེ་ཞུགས་ཀྱིས་སྦྱངས་ཤིང་། གོང་མ་རྒྱལ་བའི་དབང་པོ་གཙོ་བོར་གྱུར་པའི་ཕྱོགས་མཐའི་སྐྱེས་ཆེན་དུ་མ་ལ་བསྔོ་རྟེན་དང་། དགེ་འདུན་གྱི་སྡེ་རྣམས་སུ་མང་ཇ་གྲལ་འགྱེད། སྐུ་ཚིགས་སོ་སོའི་ཐོག་གྲྭ་ནང་གི་དགེ་འདུན་གྱི་སྡེ་སོ་སོ་ནས་སྤྱན་དྲངས་ཏེ་དཀྱིལ་འཁོར་མི་འདྲ་བ་མང་པོ་ཞལ་འབྱེད་པར་མཛད་ཅིང་། གཞུང་ས་ཆེན་པོ་ནས་དངུལ་བྲེ་ཆེན་གོས་དར་ཇ་མར་ཤ་འབྲུ་ཆ་སོགས་གནང་ཆ་སྤམ་མཐོ་བ་དང་ཐུགས་འབྲེལ་ཅན་ཆེ་ཕྲ་ཚང་མས་ཀྱང་གདུང་འབུལ་མཉེལ་ཇ་སོགས་རྒྱས་པར་བསྟར། སྐུ་འདད་དངོས་གཞིའི་གྲལ་དབུར་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་མཆོག་སྤྱན་དྲངས་ནས། བསྙེན་བཀུར་ཞབས་འདེགས་དང་བསྔོ་རྟེན་འབུལ་ནོད་སྤངས་བསྟོད་ཅིང་། ཚོགས་ཆེན་དགེ་འདུན་སྒང་པ་སོགས་གྲྭ་ནང་གི་དགོན་ཆེ་ཕྲའི་སེར་ཚོགས་སྐྱེ་བོ་ངན་སློང་དང་བཅས་པའི་འདུས་པ་གཏོས་ཆེ་བ་ལ་འབུལ་བ་ཚ་གྲ་གྲལ་འགྱེད་བཟང་པོའང་མཛད། སྤྲུལ་སྐུ་རིན་པོ་ཆེར། དྲག་པོ་དབུ་དགུ་པ་དང། ལྕགས་སྡོང་མའི་ཚེ་དབང་གསན་ཞིང་སྐྱེས་ལན་དུ་དམག་ཟོར་མའི་རྗེས་གནང་སོགས་འབུལ་བ་མཛད་ནས་ཕེབས་རྫོངས་ཞབས་སྐྱེལ་དང་བཅས་ཏེ་ཕྱིར་ཐེགས། ནང་རྟེན་དུ་མཚན་བརྒྱད་ཀྱི་ཐང་སྐུ། པདྨ་བཀའ་ཐང་ཚར་བདུན། གཏེར་གསར་གྱི་གླེགས་བམ་རྣམས་དགུང་ཞག་གི་ཁོངས་སུ་གྲུབ་པར་མཛད་ནས། རྗེ་ཉིད་ཀྱིས་དབུས་སྨིན་གྲོལ་གླིང་འདུས་པར་བཅས་པས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད་ཅིང་། དེ་ནས་བསམ་གྲུབ་དགོན་གྱི་དཔོན་སློབ་སྐུ་འབྲིང་གཤེགས་ཏེ་ལྷོ་བྲག་བན་པར་སྤྱན་འདྲེན་བྱུང་བ་ལྟར་གཏམ་ཤུལ་བརྒྱུད་དར་མའི་སྐམ་པ་ལ་ཐོག་ནས་མཁར་ཆུའི་གནས་ཆེན་གཟིགས་པས་ལྷ་མོར་གཏོར་འབུལ་མཛད་དེ་བསམ་དགོན་དུ་ཕེབས། དོང་སྤྲུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲིབ་སྦྱོང་གསལ་འདེབས་ཀྱི་ཆོ་ག་དང་། གདུང་བཞུ་བའི་ཕྱག་ལེན་གཤེགས་རྫོང་གི་གྲལ་དབུ་རྣམས་མཛད་ཅིང་ཞབས་ཏོག་དང་འབུལ་ནོད་རྒྱ་ཆེ་བ་བསྟབས། དེར་དཔོན་སློབ་སྐུ་མཆེད། བླ་མ་ལྷ་བྲོ་བ། རྗེ་ཉིད་ཀྱི་ལྕམ་སྲིང་མ་རྣམས་ལ་ཚེ་རྟ་དྲག་དམར་སོགས་ཀྱི་དབང་བཀའ་མཛད། ཕྱིར་ལམ་སྒྲོ་བ་དགོན ། དྲུག་རལ ། ཐིག་ཕྱི་སོགས་ཀྱི་གནས་གཟིགས་དང་སྨྲ་བོ་དང་བན་པའི་དགོན་ཆེ་བ་རྣམས་ལ་གྲྭ་ཇ་བསྔོ་རྟེན་དང་བཅས་ཟབ་པར་སྩལ། དེ་ནས་སྡེ་པ་གདངས་པས་སྤྱན་དྲངས་ནས་བསྙེན་བཀུར་ཞིང་དཔོན་གཡོག་རྣམས་ལ་དྲག་དམར་དང་ཚེའི་དབང་བཀའ་སོགས་སྩལ། དར་མའི་ཀླུ་སྡིངས་སུ་རྫོང་གཉེར་དཔོན་གསུམ་པས་མཆོད། གནས་གཞིར་ཡང་སྤྱན་དྲངས་ཤིང་། བླ་མ་ཡབ་སྲས་སོགས་ལ་དབང་བཀའ་བྱིན་རླབས་སོགས་ཀྱིས་རེ་བ་བསྐང་ནས་རིམ་པར་བྱང་ཆུབ་གླིང་དུ་ཕེབས། དེར་རྫོང་དཔོན་དང་ཡོང་བཞེས་པར་ཕྱག་རྡོར་དང་ཚེའི་དབང་བཀའ། མགོན་ཁང་དུ་ལྷ་མོའི་བསྐང་བ་རྣམས་མཛད་ནས་སྨྲ་བོ་ལྕོག་ཏུ་སྤྱན་དྲངས་པ་ལྟར་ཐེགས་ཏེ། མངའ་བདག་བསྟན་འཛིན་ཆོས་དབང་ལ་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེའི་དབང་ལུང་གསན་ཞིང་། ཕར་ཡང་དཔོན་སློབ་རྣམས་ལ་ཚེ་དབང་ཞིག་མཛད། སྨྲ་བོའི་གཉྫི་ར་དང་ཕྱིར་ལམ་མགྲོན་བུ་ལྷ་ཁང་ལ་རབ་གནས་མཛད་ནས་བྱང་གླིང་དུ་ཕེབས། དེ་ནས་ལྕམ་ཕྲག་ལ་བརྒྱུད་ཚ་ལུང་དུ་ཕེབས་ཏེ་ཆབ་ཚན་བསྟེན། མདོ་མཁར་ནས་སྤྱན་འདྲེན་འབྱོར་བ་བཞིན་ཕེབས། ཞབས་ཏོག་འབུལ་ནོད་རྒྱ་ཆེར་བསྟབས་ཤིང་སྡེ་པ་དཔོན་གཡོག་ལ་ཚེ་རྟ་དྲག་དམར་ཕྱག་རྡོར་རྣམས་ཀྱི་དབང་མཛད་ནས། ལྕོག་པོ་དགོན། སེང་གེ་རྫོང་། རོང་དེ་བཞིན་བཟང་ཡུལ་སོགས་སུའང་སྤྱན་འདྲེན་དང་བསྟུན་ཏེ་ཐེགས། སྤྱི་དབང་སྒོས་དབང་གཤིན་གསོན་གྱི་བསྔོ་བ་མང་པོ་མཛད། རོང་སུམ་མདོ་བྲག་དམར་རི་མོ་ཅན་གྱི་གནས་རྟེན་རྣམས་ཞིབ་མཇལ་གནང་ཞིང་ཁྱད་པར་དུར་ཁྲོད་མི་ལྤགས་རང་བྱོན་ཡོད་པ་དེར་གཅོད་མཛད་པས་ཞབས་ཕྱིར་འབྲང་བ་རྣམས་སྐྱི་བུང་ཞེས་བྱེད་ཅིང་། མིག་སྡུད་མི་ཤེས་པ་དང་། གོམ་པ་གྱ་ཚོམས་སུ་འདོར་བ་སོགས་འཇིགས་ཟིལ་ཚད་མེད་པ་བྱུང་། གནས་འཛིན་དཔོན་སློབ་རྣམས་ཀྱིས་སློབ་དཔོན་ཆེན་པོའི་བཞུགས་ཁྲིའི་སྟེང་དུ་སྤྱན་དྲངས་ཏེ་འབུལ་ནོད་རྒྱ་ཆེར་བསྟབས། བཞུགས་ཁྲིའི་སྟེང་དུ་ཕེབས་པ་དང་བློས་དཔག་དཀའ་བའི་སྐུ་གསུང་ཐུགས་ཀྱི་འགྱུར་བ་མང་པོ་མཛད་འདུག་ཀྱང་གཟིགས་སྣང་གང་བྱུང་ཞབས་ཕྱི་སུས་ཀྱང་ཞུ་མ་སྤོབས་པར་འདུག དེ་ནས་གྲུ་ཤུལ་སྒོར་དུའང་ཁྲོམ་དབང་དང་ཆོས་འབྲེལ་མང་དུ་མཛད་དེ་སླར་ཡང་མདོ་མཁར་དུ་བསྐོར་ཙམ་ཐེགས་ནས། ཁེང་ལ་བརྒྱུད་མཚོ་སྣ་ཐང་གྲོང་དུ་རྫོང་དཔོན་ཡུལ་མི་སོགས་ཀྱིས་ཞབས་ནས་བཏེག དེར་རྫོང་ཡན་ཚོ་གཅིག་ཏུ་སྒྲིལ་བ་ལ་ཁྲོམ་དབང་ཞིག་མཛད་དེ་སྐྱེར་ཆེན་ལ་བརྒྱུད། དོམ་ཚང་གི་གནས་གཟིགས་གནང་བཞེད་ཀྱི་ཕྱག་ཆེན་པ་རྩད་བཅད་པས་མཁའ་འགྲོ་ཟེར་བ་དེ་རྒྱུས་ཆེ་ཟེར། དེ་མིང་བཀྲ་ཡང་ལེགས་གསུངས་ནས་ཁོ་ཁྲིད་དེ་ཕེབས་པར། རོང་ལམ་ཤིན་ཏུ་གཟར་བ་ཞིག་ལ་ཐུགས་ཉམས་བཞེངས་ཏེ་མགྱོགས་པོ་མགྱོགས་པོར་ཐེགས་པ་ན་ཞབས་རིམ་པ་དང་གནས་བསྐོར་བ་ཀུན་གྱིས་ཕྱག་ཕྱི་ཟིན་པ་ལྟ་ཅི་སྨོས། མིག་ཐག་ཆད་པ་ཙམ་དུ་གྱུར། ཡང་རིའི་གནས་འཛིན་པ་རྣམས་ཀྱིས་ཚོགས་འཁོར་དང་ཞབས་ཏོག་འཁོས་སུ་ཕེབས་པ་ཞུས། ད་ལམ་ནམ་ཟླའི་སྤོར་ཤོང་། གནས་ཀྱི་གཟི་བྱིན། སྒྲུབ་ཆུ་དང་ཚེ་ཆུ་འབབ་ལུགས་སོགས་ཡ་མཚན་ཆེ་བར་བྱུང་བ་སྐྱེས་ཆེན་དམ་པ་འབྱོན་པའི་རྟགས་སུ་འདུག་ཟེར། གནས་རྟེན་རྣམས་ཞིབ་གཟིགས་དང་ཕྱག་ཆེན་པས་གནས་གསར་གྱི་ལོ་རྒྱུས་ཀྱང་ཞིབ་པར་ཞུས། དེ་ནས་དཀར་པོ་ཟངས་སུ་ཐེགས། མཚོ་གུ་རུའི་ཕྱག་རྗེས་ཅན་གྱི་འགྲམ་དུ་ཚོགས་མཆོད་དུས་ཐུགས་ཉམས་བཞེངས་ཏེ་སྐུ་ལུས་ཀྱི་འགྱུར་བ་མང་པོ་མཛད། དེར་ཁྭ་ཏ་ཞིག་དར་མོ་ཆེའི་རྩེར་བབས་བྱུང་བར། གནས་འཛིན་གྱི་གྲུབ་ཆེན་དེ་ན་རེ། ངས་འདིར་བསྡད་ནས་ལོ་མང་པོ་སོང་སྟེ་འདི་རུ་བྱ་ཁྭ་ཏ་ད་ལམ་མ་གཏོགས་མ་མཐོང་ཅི་ཡིན་ཟེར་བ་ལ། རྗེའི་ཞལ་ནས་དོམ་ཚང་གི་སྲུང་མས་བརྫུས་ཏེ་འོང་བར་འདུག་གསུང་། དེ་ནས་དཔལ་ཆེན་ཡབ་ཡུམ་རང་བྱོན་གྱི་བྲག་རྩར་ཕེབས། དེ་དུས་གྲུབ་ཆེན་དང་གནས་སྐོར་བ་རྒྱུས་ཅན་རྣམས་ན་རེ། མཚོ་འདི་རྣམ་པ་ཀུན་ཏུ་འཁྲུག་པ་ཡིན་པ་ལ་ད་ལམ་འཇམ་པར་བྱུང་ཟེར། དམར་ནག་རཀྟ་དང་གཟིམས་ཕུག་སོགས་ཀྱང་ཞིབ་མཇལ་མཛད་ཅིང་། དེ་ནུབ་ཤ་འུག་གི་ཡུལ་མི་རྣམས་ལ་ཚེ་དབང་དང་། མོན་བྲབ་ཏུའང་ཁྲོམ་དབང་ཞིག་མཛད། དེ་ནས་ལབ་ལ་བརྒྱུད་མཚོ་སྣ་ཐང་གྲོང་དུ་ཟུར་རི་དྲུང་པ་སོགས་ལ་ཐུགས་ཐིག་གི་ལུང་། ཨ་ནི་ནང་ཚང་བཅས་པར་ཚེ་རྟ་དྲག་དམར་གྱི་དབང་། སྨད་ཚོར་མི་ཁྲི་ཚོར་ཉེ་བ་འདུས་པ་ལ་ཚེ་དབང་རྣམས་མཛད། བཤད་སྒྲུབ་ཆོས་འཁོར་དུ་སྤྱན་དྲངས་ཏེ་ཐེགས། དེ་དང་དགོན་པ་རྩེ་བ་རྣམས་ལ་མང་ཇ་བསྔོ་རྟེན་དང་བཅས་པའང་སྩལ། དགོན་གསར་དུ་མོན་ལ་འོག་ཡུལ་གསུམ་ནས་རང་རེའི་བརྒྱུད་འཛིན་བུ་ཆེན་སངས་གླིང་བླ་མ་རྣམ་རྒྱལ་དང་། ཨོ་རྒྱན་གླིང་པ་བཀྲ་ཤིས་མཆེད། བླ་མ་ཆོས་ཉིད་རང་གྲོལ། བླ་མ་རྡོ་རྗེ་རྣམས་ཉེ་འཁོར་གྲྭ་རིགས་དང་བཅས་པས་འབུལ་བ་སྤམ་མཐོ་བ་བཏེག་སྟེ་མཇལ་དུ་བྱུང་བར་ཆོས་འབྲེལ་དང་། ཁྲོམ་པ་ལྔ་སྟོང་ཙམ་ལ་ཚེ་དབང་ཡང་མཛད། དེ་ནས་ཕྱིར་ལམ་མདོ་མཁར་དུ་སྤྱན་དྲངས་སྡེ་པ་ཡུམ་སྲས་རྣམས་ལ་ཚེ་རྟ་སྒྲོལ་དཀར་གྱི་རྗེས་གནང་ཐུགས་ཐིག་གི་དབང་ལུང་རྣམས་སྩལ། ཡུལ་མི་སྟོང་ཚོ་བརྒལ་ཙམ་ལ་ཁྲོམ་དབང་མཛད་དུས་མེ་ཏོག་གི་ཆར་བབས་པས་ཀུན་དད་པར་གྱུར། སྐུ་རྟེན་མང་པོ་ལ་རབ་གནས་ཀྱང་མཛད་དེ་ཆིབས་བཏེག་པའི་ཕེབས་ལམ། གྲོ་ཤུལ་ཁ་སྟོད། ལྷ་རལ། ཚ་ལུང་རྣམས་ཚོ་གཅིག་ཏུ་འདུས་པ་དང་། སྒོ་སྟོད་རྣམས་སུ་ཁྲོམ་དབང་རེ་མཛད། དེ་ལྟར་ཡུལ་སོ་སོར་སྤྱི་དབང་སྒོས་དབང་གསོན་གཤིན་གྱི་བསྔོ་བ་དཔག་ཏུ་མེད་པ་མཛད་ནས་སེམས་ཅན་མཐའ་ཡས་པ་ལ་ཐར་པའི་ས་བོན་བཞག་སྟེ་ཆག་བྱང་ཆུབ་གླིང་དུ་ཕེབས། དེར་གཅུང་གི་དུས་མཆོད་ཐོག་ཏུ་སྒར་པ་རྣམས་ཀྱིས་དོང་སྤྲུགས་ཀྱི་ཆོ་ག་དང་། བླ་བོ་མཁན་ཆེན་པས་གྲལ་དབུ་མཛད་དེ་ཆག་ཕུ་མདའི་སེར་ཚོགས་སྐྱེ་བོ་ངན་སློང་སོགས་འདུས་པ་གཏོས་ཆེ་བ་ལ་འབུལ་བ་ཚ་གྲ་གྲལ་འགྱེད་བཟང་པོ་མཛད། བྱང་གླིང་པ་རྣམས་ལའང་ཚ་གྲ་སྤྱི་འགྱེད་བཅས་གྱ་ནོམ་པ་སྩལ་ཞིང་། ཆག་ཕུ་མདའི་ཡུལ་མི་རྣམས་ལ་ཁྲོམ་དབང་དང་། ཆོས་རྗེ་པདྨ་གར་དབང་ལ་ཆོས་འབྲེལ་མཛད། དེ་ནས་བཙན་གྲོར་སྤྱན་དྲངས་ཏེ་བཙན་གྲོ་སྟོད་སྨད་དུ་ཁྲོམ་དབང་རེ་མཛད། བླ་བོ་མཁན་ཆེན་པ་དང་འབེལ་གཏམ་མཛད་པ་ན། ཁོང་པས་སྐྱེས་བུ་གསུམ་གྱི་ལམ་རིམ་གང་ཟག་དབང་པོའི་ཁྱད་པར་གྱིས་གསུངས་པ་མ་ཡིན་པར་ཁས་བླངས་དགོས་པ་བྱུང་། སླར་ཡང་བྱང་གླིང་དུ་བསྐོར་ཙམ་ཕེབས་ནས་ལ་སྐྱ་ལ་བྱས་གྲི་གུར་ཕེབས། རྫོང་དཔོན་ཡོང་བཞེས་གྲི་གུ་ཕྱག་མཛོད་པ་སོགས་ལ་ཚེ་རྟའི་དབང་དང་། གཤིན་གསོན་གྱི་བསྔོ་བ་ཡང་མང་དུ་མཛད། དེ་དུས་མངའ་བདག་བསྟན་འཛིན་ཆོས་དབང་སྐུ་གཤེགས་ཏེ་སྨྲ་བོ་ལྕོག་ཏུ་སྤྱན་དྲངས་པ་བཞིན་སླར་ཡང་ཕྱིར་ཕེབས་ནས། དོང་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་ཏེ་ཐུགས་དམ་གསལ་འདེབས་ཀྱི་ཆོ་ག་མཛད། ཉང་རིན་པོ་ཆེས་མཁོ་ལྡིང་ནས་སྤྱན་དྲངས་པའི་ཤཱཀྱ་སེང་གེའི་སྐུ་མཐོང་བ་དོན་ལྡན་དུ་གྲགས་པས་གཙོས་འབུལ་ནོད་རྒྱ་ཆེར་བསྒྲུབས། སླར་ཡང་གྲི་གུ་བརྒྱུད་ལམ་དུ་བོད་འབྲོག་གི་སྦྱིན་བདག་སོ་སོའི་འདོད་སྦྱར་གྱི་དབང་དང་བསྔོ་བ་མང་དུ་མཛད་དེ་དར་གླིང་དུ་ཕེབས་མ་ཐག་ས་སྐྱའི་བདག་ཆེན་ཡབ་སྲས་གྲྭ་ཐང་དུ་ཕེབས་པ་མཇལ་བར་ཐེགས། དྲུང་འཁོར་རྣམས་ཀྱིས་ཞབས་བསུ་མཇལ་དར་དང་དྲུང་དུ་བཞུགས་སྟན་སོགས་བཀུར་བཟོས་ཆེ་བར་ཕུལ། དེར་བདག་ཆེན་བསོད་ནམས་དབང་ཕྱུག་ལ། ས་ལོའི་ཕུར་ཆུང་། ཀྱེ་རྡོར་གྱི་རྒྱུད་དབང་། ཀུན་རིག་གི་དབང་རྣམས་དང་། གདུང་བརྒྱུད་ཀུན་དགའ་བཀྲ་ཤིས་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་ཡང་གསན། ཡབ་སྲས་གཉིས་ཀས་སྔ་འགྱུར་གྱི་ཆོས་རྒྱ་ཆེ་ཙམ་ཞུ་འདོད་པས་སླར་གདན་སར་ཕེབས་དགོས་གསུང་བའི་བཀའ་ལུང་དང་བྱམས་གླིང་སྒྲུབ་སྡེ་བ་འཐོར་ལ་ཁད་ཀྱི་ཚེ་རྒྱལ་བ་མཆོག་གི་ཐུགས་རྗེ་བསྐུལ་ཏེ་སྲོག་རྩ་ནས་འཛིན་པར་མཛད་པ་སོགས་འདི་ཕྱོགས་ཀྱི་ས་ལུགས་རྣམས་ལ་བཀའ་དྲིན་ཆེ་འདུག་པས་ད་དུང་སྔར་ལས་མ་གཡོས་པ་མཁྱེན་གསུང་དགྱེས་བཞིན་པའི་བསླབ་སྟོན་སྩལ། དེ་ནས་དར་གླིང་དུ་ཕྱིར་ཕེབས་ཏེ་ལོ་མཇུག་དུས་རིམ་གྱི་སློབ་དཔོན་མཛད་ཅིང་འདི་སྐབས་གནས་གསར་དབོན་རིན་པོ་ཆེ་ཆེད་གཏད་ཕེབས་པར་རྒྱ་ཅན་གྱི་རྡོ་རྗེ་གྲོ་ལོད། ཡང་གསང་དྲག་པོ། དྭངས་མ་བཅུད་འདྲེན་རྣམས་ཀྱི་དབང་ལུང་གནང་ནས་ཕྱིར་ཐེགས།

དགུང་ལོ་སུམ་ཅུ་པ།

དགུང་ལོ་སུམ་ཅུ་པ་ཤིང་ཡོས་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་མཛད་རྗེས་ཡང་གའི་གྲུ་བརྒྱུད་བསམ་ཡས་མཆིམས་ཕུར་ཐེགས། སྤྲུལ་སྐུ་རིན་པོ་ཆེས་བླ་བྲང་དུ་སྤྱན་དྲངས་ཏེ་སྣེ་ལེན་ཞབས་ནས་བཏེག སང་ཉིན་བྲག་དམར་ཀེའུ་ཚང་དུ་སྟག་རྩེ་ཐལ་ཇི་བཞུགས་འདུག་པ་དང་ཡང་མཇལ་འཕྲད་མཛད་ནས་ཚེས་བརྒྱད་ཀྱི་ནུབ་ནས་དེ་ཉིད་དུ་སྐུ་མཚམས་ཀྱི་བཅད་རྒྱ་དམ་པར་མཛད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། ཞབས་རིམ་པ་བཞིས་ཀྱང་བླ་མ་ཕྱི་སྒྲུབ་དང་ཕུར་པ་སོགས་ཀྱི་བསྙེན་པ་སོ་སོའི་བློ་དང་བསྟུན་ཏེ་བྱས། མི་རིང་བར་གོང་ཞབས་ནས་སྡེ་སྲིད་བློ་བཟང་མཐུ་སྟོབས་ཀྱི་ལུང་ལས་བཞེས་ཏེ་རེ་ཞིག་ཤུན་དུ་བཞུགས་སུ་འཇུག་དགོས་བྱུང་བའི་གནས་ཚུལ་ཞིབ་འཁོད་ཀྱི་བཀའ་ཤོག་ཕེབས་མ་ཐག་སྐུ་མཚམས་གྲོལ་ཏེ་ཕྱག་བཏེག་པའི་དོལ་ཐང་དུ་རཏྣའི་ཕུར་པ་ཡང་གསང་གི་གླེགས་བམ་ཞིག་ཞམ་རིང་པ་དག་གི་ལག་ཏུ་ཡོད་པ་རླུང་གིས་གཅིག་ཀྱང་མ་ལུས་པར་ཁྱེར་རུང་མ་ཚང་བ་མེད་པར་དེ་ཁའི་ཉེ་འཁོར་ནས་རྙེད་པ་བྱུང་ཞིང་། རིམ་པར་བསམ་ཡས་ཀྱི་གནས་གཟིགས་མཛད་དེ་དར་རྒྱས་ཆོས་གླིང་དུ་བསྐོར་ཙམ་ཕེབས་ནས་འབྲི་ནང་གི་གྲུ་བརྒྱུད་ཕོ་བྲང་ཆེན་པོར་ཐེགས་པ་ཕེབས་མ་ཐག་གོང་ཞབས་སུ་ཕྱག་འབུལ་དུ་ཐེགས། དེ་ནས་ཤུན་དུ་ཐེགས་ཏེ་སྡེ་སྲིད་རིན་པོ་ཆེའི་དྲུང་དུ་གསོལ་ཆས་ཀྱི་མཐུན་རྐྱེན་དང་བཅས་ཐུགས་དབུགས་དབྱུང་བའི་ཞུ་བ་མཛད། སླར་ཡང་རྩེར་ཕེབས་ནས་གོང་ཞབས་སུ་སྡེ་སྲིད་རིན་པོ་ཆེས་སྙན་འབུལ་ཞུ་རྒྱུའི་ཞལ་ཏ་མཛད་པ་རྣམས་གསོལ་ཞིང་སྐུ་ངོའི་སྙན་སྐུལ་དངོས་བརྒྱུད་དུ་མ་ནས་ཞུ་བར་མཛད་པས་བཀའ་བཞེས་བཟང་པོ་བྱུང་བ་ལྟར། མི་རིང་བར་དགོངས་པ་འགྲུབ་པའི་ཁག་ཐེག་ཐེའུ་འབུལ་སྐུ་ཚབ་ཏུ་ཕྱག་མཛོད་དགེ་སློང་འབྲས་སྤུངས་སུ་རྫོངས་བདའ་མཛད། དེ་ནས་གོང་ཞབས་ཀྱི་སྐུ་རིམ་དུ་སྐུ་མཚམས་བཅད་དེ་གུར་དྲག་གི་གཏོར་བཟློག་དང་། གཤིན་རྗེ་དྲེགས་འཇོམས་ཀྱི་གཏོར་བཟློག་མནན་པ་དང་བཅས་པ། གོང་དུ་བྱབ་ཁྲུས་དང་། གནས་ཆུང་ལྕོག་ཏུ་གྲིབ་སེལ་རྣམས་མཛད། དགེ་སློང་འཇམ་དབྱངས་གྲགས་པ་ལ་གཡུང་འགྲེལ་གྱི་ལུང་དང་ཐུགས་ཐིག་གི་ཉམས་ཁྲིད། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་འགའ་དང་། ཆུ་ཤུར་ཐར་པ་གླིང་གི་བླ་མ། སྐུ་ཞང་མཆེད། སྡེ་པ་ཕུན་མདོ་བ་སོགས་ལ་སོ་སོའི་དགོངས་བཞེད་དང་བསྟུན། གཏེར་གསར་ཚེ་དབང་། དྭངས་མ་བཅུད་འདྲེན། འཇོམས་བྱེད་ཀྱི་ཆོག་བསྒྲིགས། རྨེ་བརྩེགས། ངག་འགྲོལ་གྱི་མན་ངག་སོགས་དབང་ལུང་མང་པོ་དང་། སྐུ་ཞབས་གྲྭ་ཚང་གི་ཆོག་གྲྭའི་གྲྭ་པ་མང་པོར། ཀརྨ་གུ་རུ། ཡང་གསང་དྲག་པོ། གཏེར་གསར་གཤིན་རྗེ་འཇོམས་བྱེད་ཀྱི་ལུང་རྣམས་སྩལ། སླར་ཡང་གོང་ཞབས་ཀྱི་སྐུ་རིམ་དུ་དྲག་དམར་གྱི་སྒྲུབ་པ་སྔོན་འགྲོའི་སྲེག་པའི་ལས་སྦྱོར་དང་། འཆི་བསླུ་གདོན་འགྲོལ་རྣམས་འབུལ་བར་མཛད། དེ་དུས་གཟིགས་སྣང་ལ། གཤིན་རྗེ་འཇོམས་བྱེད་ཀྱི་སྐུ་ཆོས་འཁོར་གོང་འོག་ཏུ་བཞུགས་ན་མཐའི་འཁྲུག་རྩོད་ཞི་བ་དང་། ཡུལ་འཁོར་སྲུང་གི་སྐུ་ལ་བརྟེན་ནས་མཐའི་རྒོལ་བ་ཟིལ་གྱིས་མནན་ན་དགེ་བའི་མཚན་ལྟས་བྱུང་བ་ལྟར། གོང་གི་བཀས་ཁྱབ་པའི་གསར་བཞེངས་ཀྱི་ལྗགས་བཀོད་གཟུངས་འབུལ་དང་སྐུ་མཚམས་བདུན་ཕྲག་གཅིག་གི་བར་སྒྲུབ་པ་དང་རབ་གནས་མཛད། དེའི་ཚེ་གཟིགས་སྣང་ལ་འཆི་བདག་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་དགའ་བའི་ཉམས་འགྱུར་དཔག་ཏུ་མེད་པ་སྟོན་པའི་སྒོ་ནས་ལས་རབ་འབྱམས་སྒྲུབ་པར་ཁས་བླངས་ཤིང་། ལྐོག་གྱུར་གྱི་ལུང་བསྟན་མང་པོ་ཡང་ཕུལ། སྐབས་དེར་བླ་སྨན་དར་མོ་ནས་ལ་དམ་པའི་མཁྱུད་སྤྱད་སོགས་དང་། ཆོས་རྗེ་གུང་རུ་བ་སོགས་ལ་ཚེ་བདག་གི་ལུང་། དགེ་སློང་བློ་གྲོས་རྒྱལ་བ་སོགས་ལ་བྱང་ཆུབ་གླིང་པའི་ཕྱག་རྡོར་དང་རྨེ་བརྩེགས་ཀྱི་རྗེས་གནང་། སྒྲ་མི་སྙན་པའི་ཚེ་དབང་སོགས་དང་ཆུ་བཟློག་གི་ཕྱག་ལེན། རྟ་མགྲིན་གསང་སྒྲུབ་དང་རྒྱལ་བཙན་གྱི་ལུང་སྲོག་གཏད། ཆོས་མཛད་སྐལ་ལྡན་ཡེ་ཤེས་དང་དར་མོ་ནས་ཀྱི་སྐུ་ཚ་སོགས་སྨན་པ་སུམ་ཅུ་སྐོར་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་སུམ་ཅུ་སྐོར་ལ་རྒྱ་ཅན་གྱི་རྡོ་རྗེ་གྲོ་ལོད། ཡང་གསང་དྲག་པོ། དྭངས་མ་བཅུད་འདྲེན་རྣམས་ཀྱི་དབང་ལུང་། གྲྭ་པ་བཞི་བཅུ་སྐོར་ལ་གཤིན་རྗེ་འཇོམས་བྱེད་ཀྱི་དབང་ལུང་། ཚོགས་ཆེན་ལ་ཡང་བཟློག་མེའི་སྤུ་གྲི་དང་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་ལུང་། གཞན་ཡང་གསར་རྙིང་ངེས་མེད་ཀྱི་གདུང་བརྒྱུད་སྐུ་སྐྱེ་མཁན་སློབ་སོགས་མང་པོར་སོ་སོའི་འདོད་ཆོས་ཀྱི་དབང་རྗེས་གནང་ལུང་སོགས་མང་དུ་མཛད། གོང་ཞབས་ནས་དགེ་ཡེའི་དགོན་མ་ལག་དང་། གྲྭ་ཕྱི་ཐར་པ་གླིང་སྐོར་གྱི་བདག་ཐོབ་དབང་རིགས་ཚང་མ་ལྷ་འབངས་སུ་སྦྱོར་འཇགས་བཀའ་དྲིན་བསྐྱངས། དེ་ནས་ལྷ་སར་སྟག་ལུང་ཕྱག་མཛོད། ཆུ་མིག་ཁ་སོགས་གནས་ཆེན་པ་མང་པོས་སྤྱན་དྲངས་ཏེ་ཚེ་རྟ་ཕྱག་རྡོར་སོགས་དབང་རྗེས་གནང་དང་། བྱབ་ཁྲུས། འཆི་བསླུ། གདོན་འགྲོལ། རབ་གནས་སོགས་ཀྱིས་སོ་སོའི་རེ་འདོད་སྐོང་བར་མཛད། སླར་ཡང་རྩེར་ཕེབས་ནས་བཀྲ་བཟང་ཆོས་རྗེ་ལ། ཚེ་བརྟན་རྒྱལ་མཚན་གྱི་བླ་མ་ཞི་དྲག་དང་། བྱང་གཏེར་ཐུགས་རྗེ་ཆེན་པོའི་སྐོར་སོགས་ཆོས་བཀའ་མང་དུ་གསན་ཞིང་། ཕར་ཡང་རྒྱ་ཅན་གྱི་ལུང་དང་། རྡོ་རྗེ་གྲོ་ལོད། ཡང་གསང་དྲག་པོ། ཀརྨ་གུ་རུ་རྣམས་ཀྱི་དབང་རྣམས་སྩལ། རབ་གནས་རྣམ་བཤད་ལེགས་བཤད་རོལ་མཚོ་དང་། ཞི་རྒྱས་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་གཉིས་ཀྱི་བཀའ་རྩོམ་ཡང་མཛད། དེའི་ཚེ་རབ་གནས་རྣམ་བཤད་མཛད་དུས་འབྲུག་པ་མཆོག་གི་སྤྲུལ་སྐུས་སྤྱན་དབྱེ་སོགས་ཀྱི་ཆ་བྱད་རྒྱ་བཟོ་མ་དང་སྦྱིན་སྲེག་མཛད་དུས་སྨྲ་བོ་ལྕོག་ནས་བདེ་འདུས་སྦྱིན་སྲེག་གི་བླ་དཔེ་ཕུལ་བ་དུས་འགྲིག་པས་རྟེན་འབྲེལ་གྱི་ལ་ཉེ་ལེགས་གསུང་། གླིང་སྟོད་མཁན་ཆེན་དང་ཕྲེང་པོ་གཞི་པའི་སློབ་དཔོན་ཟུར་པ་སོགས་མཇལ་མི་མང་དུ་བྱུང་། གཞི་པའི་སློབ་དཔོན་པ་དང་རབ་དབྱེའི་གནས་འགྱུར་ལ་གསུང་གླེང་མཛད་པ་ན། ཁོང་པས་ས་པཎ་གྱི་ཐུགས་རྒྱུད་ལ་སོ་སོར་ཐར་པའི་སྡོམ་པ་མེད་པར་ཁས་བླང་དགོས་པ་བྱུང་བས་ཁས་བླང་ཕམ་པའི་ཚད་དུ་གྱུར། ཟླ་བ་དྲུག་པའི་ཚེས་བཅུ་ནས་བཟུང་ཕུར་པའི་ལྗགས་བསྙེན་ཁ་གསོ་མཛད་དེ་དོལ་རྒྱལ་དུ་གྲགས་པའི་དམ་སྲི་གདུག་པ་ཅན་དེ་སྲེག་པའི་ལས་སྦྱོར་གྱི་སྒོ་ནས་མིང་གི་ལྷག་མ་ཙམ་དུ་མཛད། དེ་དུས་དགུག་གཞུག་གི་ཚེ་འབྱུང་པོའི་ཁུ་སྒྲ་དང་ཧོཾ་མཆོད་ཀྱི་དུས་རོ་སྲེག་པ་ལྟ་བུའི་དྲི་ཀུན་གྱིས་ཚོར་བ་བྱུང་བ་སོགས་ཀྱི་ལྟས་མངོན་དུ་གྱུར། རབ་འབར་ཡེ་ཤེས་ཞུགས་ཀྱིས་ལུས་མེད་ལུས། །སྦྱངས་ཚེ་འབྱུང་པོ་སྐྲག་པའི་ངུ་སྒྲ་དང་། །ལྷན་ཅིག་འདྲེན་བྱེད་ནས་བབས་ཆར་རྒྱུན་གྱིས། །རང་གི་གདུག་སེམས་མེ་དཔུང་བཅིལ་བ་བཞིན། །དེ་ནས་ལྷ་ས་ཆུ་མིག་ཁར་སྤྱན་དྲངས་ཏེ་མི་དབང་ཆེན་པོའི་ཡུམ་དང་ཆུ་མིག་ཁའི་དབོན་མོའི་དྲུང་ལ་ཚེ་རྟ་དྲག་དམར་སོགས་རྐྱེན་སེལ་གྱི་དབང་འགའ་ཞིག་སྩལ། སྡེ་པ་རྩེ་ཆེན་པ་བསྙུན་པའི་སར་ལྕང་གསེབ་ཏུ་སྤྱན་དྲངས་དུས་བཀའ་ལས། ད་ལམ་ཕྱིན་ཡང་ཕན་པ་མེད། མདང་སྤྲེའུ་ཆེན་པོ་ཞིག་གིས། མིའི་རླིད་བུ་བཤུས་སོང་བའི་རྨི་ལམ་བྱུང་གསུང་བ་ལྟར་ཁོང་པ་མི་རིང་བར་འདས། སླར་ཡང་རྩེར་སྐུ་མཚམས་མཛད་དེ་གཤིན་རྗེ་དྲེགས་འཇོམས་ཀྱི་སྒོ་ནས་མནན་པ་སོགས་སྐུ་རིམ་མང་དུ་མཛད། ཡུམ་དཔོན་གཡོག་ཀྱང་ཞོལ་དུ་ཕེབས། དེ་དུས་གནས་ཚང་གི་ཐོག་ཆོམས་དིབ་ཏུ་སོང་བར་རྗེའི་དབུ་ཞྭ་བཀལ་བའི་ཀ་བ་དེ་སྟེང་རྩར་འོག་རྩར་དུ་བསྡད་པ་ཐམས་ཅད་ཡ་མཚན་པར་གྱུར། ཟླ་བ་བདུན་པའི་མཇུག་ཏུ་ཀླུ་ཕུག་ཏུ་ཆབ་ཞུགས་ལ་ཐེགས། སྐབས་དེ་དུས་འབྲུག་པ་སྤྲུལ་པའི་སྐུས་རྟེན་ལི་མ་སོགས་འབུལ་བ་རྒྱ་ཆེན་པོ་དང་བཅས་མཇལ་འཛོམ་དང་དམ་ཅན་སྐོར་གྱི་ལུང་གནང་། དེ་ནས་ས་སྐྱོང་བློ་བཟང་སྦྱིན་པ་ཁྲིར་ཕེབས་པའི་ཉིན་བླ་མ་ལྷ་ཁང་དུ་རྒྱལ་མཆོག་དམ་པའི་སྐུ་བརྙན་གསུམ་ལ་རབ་གནས་མཛད་པའི་ཡོན་ལ་ཧོར་སིལ་ཁྱད་ཅན་ཞིག་ཀྱང་སྩལ། ལྷ་སར་ཐུགས་སྲས་སྤྲུལ་པའི་སྐུ། སྒམ་པོ་མཆོག་སྤྲུལ། སྣ་དཀར་རྩེ་ཞབས་དྲུང་། བསམ་སྡིངས་ཞབས་དྲུང་། སྡིངས་པོ་ཆེ་སྤྲུལ་པའི་སྐུ་སོགས་ཀྱིས་སོ་སོའི་བཞུགས་འཚེར་དུ་སྤྱན་དྲངས། ཐུགས་སྲས་སྤྲུལ་པའི་སྐུར་འཁོར་བ་དབྱིངས་སྒྲོལ་དང་། སྒམ་པོ་སྤྲུལ་པའི་སྐུར་ཚེ་དབང་ཞིག་མཛད། ཕོ་བྲང་རྩར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར་དོང་སྤྲུགས་ཀྱི་དབང་བཀའ་མཛད་ཅིང་ཚུར་ཡང་གཟའ་རྒོད་དུག་གི་སྤུ་གྲིའི་དབང་གསན། མཆོད་དཔོན་ཆེན་མོས་དབུས་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་མང་པོར་གཏེར་མགོན་ཕྱག་བཞི་པའི་དབང་མཛད། དེ་ཉིན་ཆོས་རྗེ་ཤཱཀྱ་དཔལ་འབར་བས་རྡོ་ནག་གི་ཕྱག་བཞི་པའི་སྐུ་ཁྱད་ཅན་ཞིག་ཕུལ་རྩེ་ལེ་གདུང་བརྒྱུད་པདྨ་མཐུ་སྟོབས་རྣམ་རྒྱལ་གྱིས་དྭགས་པོ་རྩེ་ལེ་དགོན་མ་ལག་དང་བཅས་འབུལ་སྦྱོར་ཞུས་པའི་གྲས་སོ་སོའི་དབུ་ཆོས་སོགས་ལ་ཕྱག་དབང་དང་བསླབ་སྟོན་སྩལ། སྐུ་ཞབས་གྲྭ་ཚང་ཚོགས་ཆེན་ལ་གཏེར་མགོན་ཕྱག་བཞི་པ། ཚེ་དཔག་མེད་ལོངས་སྐུ། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་རྣམས་ཀྱི་དབང་ལུང་། དགེ་སློང་འཇམ་དབྱངས་གྲགས་པ་སོགས་ལ་དོང་སྤྲུགས་ཀྱི་དབང་། འོད་མཆོག་སྤྲུལ་སྐུ། རྟ་ནག་སྒྲོལ་མ་བ་སོགས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་རྣམས་མཛད་ཅིང་། ཚུར་འོད་མཆོག་སྤྲུལ་སྐུ་ལ་སྤྱི་མདོའི་ལུང་དང་། བླ་མ་བྱམས་པ་རིན་ཆེན་ལ་གཟའ་བཅོས་རིན་ཆེན་འཕྲེང་བའི་ལུང་དང་ཕྱག་ཁྲིད་གསན། དེ་ནས་བདུན་ཕྲག་གཅིག་སྐུ་མཚམས་བཅད་དེ་བུམ་སྒྲུབ་མཛད་ནས་གོང་ཞབས་སུ་སྨེ་བརྩེགས་ཀྱི་བྱབ་ཁྲུས་དང་། གཞན་ཡང་མཁའ་འགྲོ་གྲིབ་སེལ། འཆི་བསླུ། མཁའ་འགྲོ་བསུན་བཟློག་སོགས་སྐུ་རིམ་ཁ་ཡར་དང་། མདོ་དགོངས་འདུས། མགོན་པོ་གཡུལ་བཟློག གཟའ་བཅོས། རཏྣའི་དྲག་དམར། ཚེ་དཔག་མེད་འཆི་མེད་འོད་སྣང་། གཏེར་གསར་ཚེ་དཔག་མེད་རྣམས་ཀྱི་དབང་ལུང་རྣམས་འབུལ་བར་མཛད། གཞན་ཡང་བླ་མ་དགེ་བའི་བཤེས་གཉེན། སྐུ་ཞབས་གྲྭ་ཚང་གི་གྲྭ་པ། དྲུང་འཁོར་དང་ལྷ་ས་གནས་ཆེན་པ་སོགས་མང་པོར་ཚེ་རྟ་དྲག་དམར་གཟའ་དབང་འཇམ་དཀར་གྱི་རྗེས་གནང་སོགས་ཀྱིས་སོ་སོའི་རེ་བ་སྐོང་བར་མཛད་ཅིང་། ཧོར་ཟླ་བཅུ་པའི་འགོར་གོང་དུ་མཁའ་འགྲོ་བསུན་བཟློག་གི་སྒོ་ནས་བརྟན་བཞུགས་འབུལ་བར་མཛད། གོང་ཞབས་ནས་སྦུག་སིལ་གོས་ཕྱི་ནང་། ཇ་སིག་སོགས་གནང་སྦྱིན་སྤམ་མཐོ་བ་སྩལ། དེ་ནས་ཆིབས་བཏེག་པའི་ལམ་དུ་འབྲུག་པ་མཆོག་གི་སྤྲུལ་པའི་སྐུས་འགག་གྲོང་དུ་སྤྱན་དྲངས། དེར་མཆོག་སྤྲུལ་ཉིད་ལ་གཏེར་གསར་གཤིན་རྗེའི་དབང་ལུང་དང་བྱད་འགྲོལ། ལྷ་ཁང་གི་ཞལ་ངོ་ཡུམ་སྲས་ལྔ་དང་བཅས་པར་ཐུགས་ཐིག་གི་དབང་ལུང་སྩལ། དེ་ནས་ལྗང་དང་ལུམ་པའི་གྲུ་བརྒྱུད་དར་རྒྱས་ཆོས་གླིང་དུ་ཕེབས་ཏེ་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན་གྱི་བཀའ་རྩོམ་མཛད། འདུམ་པོར་མེས་པོ་དོན་གྲུབ་དབང་རྒྱལ་སྐུ་གཤེགས་པའི་འཕོ་བའི་མཚམས་སྦྱོར་དང་གསལ་འདེབས་སུ་ཡང་ཕེབས། དེ་ཉིད་རྗེ་ཉིད་ཀྱི་གཟིགས་སྣང་ལ་མེས་པོ་དེ་ཉིད་བྱད་དབྱིབས་གཞི་སྔོན་དང་འདྲ་བ་ལ་ལང་ཚོའི་གཟི་བྱིན་མཆོག་ཏུ་རྒྱས་པ་རས་དཀར་དམར་དྲི་མ་མེད་པའི་ན་བཟའ་ཅན། རྗེ་ཉིད་ལ་དགྱེས་ཤིང་གུས་པའི་རྣམ་པས་ཞལ་ནས་ཚིག་འགའ་རེ་གསུང་བའི་ཕྱག་གཉིས་ནས་བུད་མེད་དམར་མོ་དཔྲལ་བར་སིནྡྷུ་ར་བྱུགས་པ་རས་ཀྱི་ཨང་རག་ཅན་མེ་ཏོག་དམར་པོའི་འཕྲེང་བ་དང་རུས་པའི་རྒྱན་གྱིས་བརྒྱན་པ་གཉིས་ཀྱིས་བསྟེན། རྒྱབ་ནས་མི་ནག་པོ་འཛུམ་མདངས་ཅན་བྱ་རོག་གི་སྤྲུལ་པ་འགྱེད་པ་ཞིག་གིས་སྐྱོར། མདུན་ནས་བུད་མེད་མཆོད་ཆ་ཐོགས་པ་མང་པོས་བསུས་ནས་ནུབ་ཕྱོགས་ཀྱི་ནམ་མཁའི་དབྱིངས་མི་མངོན་པར་གཤེགས་པ་ཞིག་བྱུང་། དེ་ནི་ཁོང་པ་ནཱ་རོ་མཁའ་སྤྱོད་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པ་ཞིག་པས་བུད་མེད་དེ་མཁའ་སྤྱོད་མའི་སྤྲུལ་པ་དང་། མི་ནག་པོ་དེ་ཨ་གྷོ་ར་ཡིན་པ་འདྲ་གསུང་། ཧོར་ཟླ་བཅུ་གཅིག་པ་ཤར་མཚམས་འདུམ་པོར་མེས་པོའི་ནང་རྟེན་རབ་གནས་ལ་སྤྱན་དྲངས། དེ་ནས་ཚེས་ལྔ་ལ་འདུས་པའི་ཚོགས་དང་ཐབས་ཅིག་ཏུ་འདུམ་པོ་ནས་ཕྱག་བཏེག་པའི་དེ་ནུབ་ཆིབས་རགས་རྣམས་སྡིངས་པོ་ཆེར་སྤྱན་དྲངས་ཏེ་བསྙེན་བཀུར་འཁོས་སུ་ཕེབས་པ་བསྟབས་ཤིང་སྤྲུལ་སྐུ་རིན་པོ་ཆེ་དང་མཉེས་གཤིན་པའི་གསུང་གླེང་བརྟན་བཞུགས་དང་འབྲེལ་བའི་སྐྱེས་འབུལ་རེས་སོགས་མཛད་ནས་ནངས་པར་ཐར་གླིང་སྦྱིན་བདག་དང་བཅས་པ་རྣམས་ཀྱིས་བསུ་བའི་བཀོད་པ་དུ་མས་སྔུན་བསུས་ཏེ་གྲྭ་ཕྱི་ཐར་པ་གླིང་དུ་ཕེབས། ཞག་འགའ་ཡར་དྲུང་འཁོར་ཡན་མན་སོགས་སྦྱིན་བདག་མང་པོས་ཞལ་སྲོའི་བསྙེན་བཀུར་རྒྱ་ཆེ་བ་བསྟབས། ལྕོག་བུ་རྒྱལ་སྲས་པ་སོགས་དང་འདུས་པ་འགའ་ལ་དབང་ལུང་ཡང་ཁ་ཤས་སྩལ། གྲྭ་ཐང་མཁན་པོ་འགའ་ཡར་ཁྲི་ཐོག་ཏུ་གཤེགས་པའི་སྲི་ངན་ཡོད་པར་བརྟེན་གླིང་སྟོད་མཁན་ཆེན་ཁྲིར་ཕེབས་དུས་གོང་ཞབས་སུ་ཐུགས་དམ་བརྟག་པ་ཞུས་པར་རྗེ་འདིས་སྐུ་རིམ་གནང་ན་མི་སྐྱོན་པའི་བཀའ་ལུང་བྱུང་བར་བརྟེན་གྲྭ་ཐང་དུ་སྤྱན་དྲངས། དེར་མནན་པ་དང་རྒྱལ་མདོས་སོགས་མཛད་པས་རྟགས་ཀྱང་ལེགས་པར་བྱུང་ཞིང་། ཕྱིས་མཁན་རིན་པོ་ཆེ་ཁྲི་འཇོག་དུས། གྲྭ་ཐང་པ་རྣམས་ལ། ང་ཁྱེད་ཚོ་ལ་དྲིན་ཆེ། ཁྲི་འདི་ཐོག་ནས་ཟུར་པ་བྱེད་རྒྱུ་བྱུང་བ་ང་མིན་པ་མེད། ངའི་དགོངས་རྫོགས་ཀྱི་རྣམ་གཡེང་ཁྱེད་ཚོ་ལ་མི་འགེལ་ཞེས་ཞལ་རྦད་ཀྱང་མཛད་འདུག དེ་ནས་སྣེ་གདོང་རྩེར་སྤྱན་འདྲེན་གྱི་ཕོ་ཉ་འབྱོར་བ་ལྟར་ཆིབས་བཏེག་པའི་ལམ་དུ་ཇི་རྫིང་ཚོགས་སུ་སྤྱན་དྲངས་ཏེ། བཞུགས་གྲལ་ལ་གླིང་སྨད་ཁྲི་རིན་པོ་ཆེ་དང་འབེལ་གཏམ་མཛད་པ་ན་ཁོང་པས་ཞལ་རམ་མ་ཐེག་པར་དྲུང་རམས་པ་དཀོན་ཅོག་བྱ་བ་རོགས་སུ་སྦྲན། དེ་མ་ཐག་དྲུང་རམས་པས་ཀྱང་དག་པ་ཕུལ། ཚོགས་ཀྱི་གནས་རྟེན་རྣམས་ཀྱང་ཞིབ་མཇལ་མཛད། དེ་དུས་མཁས་གྲུབ་ཁྱུང་པོའི་ཐུགས་ལས་རིང་བསྲེལ་འབྲེལ་མའི་ཕུང་པོ་ཞིག་རང་བཞིན་གྱིས་ཕྱག་ཏུ་ལྷུངས། དེ་ནུབ་རྣམ་སྲས་གླིང་དུ་སྤྱན་དྲངས་ཏེ། ཞལ་ངོ་རྣམས་ལ་ཚེའི་དབང་བཀའ་མཛད། དེ་ནས་སྐྱིད་བདེ་སྦུག་ཏུ་སྣེ་གདོང་གི་དྲུང་འཁོར་བན་གཙང་གི་ལས་སྣེ་སོགས་ཀྱིས་ཆིབས་བསུ་དང་། རྫོང་དུ་དྲུང་འཁོར་བན་གཙང་པ་དང་བཅས་པས་ཞབས་བསུས་ཏེ་གཟིམས་ཆུང་དགའ་ལྡན་རྩེར་སྤྱན་དྲངས། མགྲོན་གཉེར་གྱི་ངག་བརྒྱུད་པའི་ངེད་སྣེ་གདོང་པའི་སྲོལ་ལ་སྔར་ཏཱའི་སི་ཏུ་ནས་བཟུང་དབུ་བླར་སྤྱན་དྲངས་པའི་བླ་མ་ལ་ཐོག་མར་མཇལ་དུས་ཞབས་དྲུང་ནས་བཞེང་བ་མཇལ་དར་གཏོང་བ་ཙམ་དང་། དབང་ཆོས་ཞུས་ནས་ཕྱག་རྩེ་སྤྲོད་ཇ་སྔོན་གཏོད་བཞུགས་གདན་མཉམ་རྒྱག་མཛད་སྲོལ་ཡོད་ཅེས་བསླབ་སྟོན་སྒྱུར་དུ་སྩལ། དེ་ཁོ་ནའི་རིམ་པ་ལྟར་མཇལ་འཛོམ་མཛད་ཅིང་། ཆོས་སྒོར་རྟེན་འབྲེལ་གྱི་ཁྱད་ནས་ཞབས་དྲུང་ཡབ་སྲས་དང་། བདག་མོ་ཡུམ་སྲས་རྣམས་ལ་ཚེ་དབང་ཞིག་འབུལ་བར་མཛད། དེ་ནས་ཞབས་དྲུང་མ་ཆེན་དང་བདག་མོ་ཡུམ་སྲས་རྣམས་ཀྱི་ཞབས་ཕྱིར་དྲུང་འཁོར་འགའ་དང་། ལྕོག་བུ་བླ་མ་རྒྱལ་སྲས། མདོ་ཁམས་བླ་མ་ཡེ་ཤེས་སོགས་ལ་ཐུགས་ཐིག་གི་དབང་ལུང་མྱོང་ཁྲིད་དང་བཅས་པ་དང་། གཤིན་རྗེ་འཇོམས་བྱེད་ཀྱི་དབང་ལུང་རྣམས་སྩལ། ཉིན་གཅིག་ཞབས་དྲུང་མ་ཆེན་གྱིས་སྐུ་ཆས་བཞེས་པའི་བྲུབ་འཆམས་ཀྱི་གཟིགས་འབུལ་ཡང་མཛད། གཞན་ཡང་སྣེ་གདོང་ཚེས་བཅུ་བ་ཁག་དང་། ཡར་ཀླུངས་ནང་གི་ཆོས་སྡེ་དྲུང་འཁོར་སོགས་མཇལ་མི་མང་པོ་བྱུང་ཞིང་། ཆོས་འབྲེལ་ཡང་ཅི་རིགས་པ་སྩལ། དེ་ནས་ཐར་པ་གླིང་དུ་ཕྱིར་ཕེབས་མཚམས་གོང་ནས་སྤྱན་འདྲེན་གྱི་བཀའ་ཤོག་འབྱོར་བ་ལྟར་འབྲིའུ་སྣའི་གྲུ་བརྒྱུད་ཕོ་བྲང་ཆེན་པོར་ཐེགས་ཏེ། གོང་ཞབས་ཀྱི་སྐུ་རིམ་དུ། གདོན་འགྲོལ། བྱད་འགྲོལ། འཆི་བསླུ། མཁའ་འགྲོ་དང་སྡེ་བརྒྱད་གྲིབ་སེལ། དྲག་དམར་གྱི་གཏོར་བཟློག་རྣམས་མཛད་པས་གོང་ཞབས་སྐུ་ཅུང་ཟད་ལྟེམས་པའང་མི་རིང་བར་དྭངས། ཟངས་རི་སྡེ་སྲིད་ཀྱང་ལྷ་ལྡན་དུ་ཕེབས་པ་དང་འགྲིག དེར་ཡང་རྐྱེན་སེལ་གྱི་དབང་དང་གྲིབ་སེལ་སོགས་འགའ་ཞིག་མཛད།

དགུང་ལོ་སུམ་ཅུ་སོ་གཅིག་པ།

དགུང་ལོ་སུམ་ཅུ་སོ་གཅིག་པ་མེ་འབྲུག་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ལ་གོང་ཞབས་ཚོམས་ཆེན་དུ་བཞུགས་གྲལ་ལ་མ་ཕེབས་པར་གཟིམས་ཆུང་དུ་ཟངས་རི་སྡེ་སྲིད་སོགས་ནང་སྐོར་གྱི་བཞུགས་གྲལ་གནང་བའི་གྲས་སུ་ཐེགས། དེ་སྐབས་སྨིན་གྲོལ་གླིང་གི་གཙུག་ལག་ཁང་གི་ཨར་པོ་ལོ་སྔ་རྟིང་གང་ལ་ལེགས་ཀྱི་ཐུགས་དམ་བརྟག་པ་མཛད་པ་ན་ཚེས་གསུམ་གྱི་ནུབ་འོད་གསལ་གྱི་གཟིགས་སྣང་ལ། བུད་མེད་ཤ་མདོག་སྨུག་གེ་བ་སྐྲ་རྒྱབ་ཏུ་གསེར་སྐུད་ཀྱིས་བཅིངས་པ་རིན་པོ་ཆེའི་རྒྱན་དང་དར་ལྗང་ཁྲའི་གོས་ཅན་ཞིག་ན་རེ། གཙུག་ལག་ཁང་གི་ཨར་ལས་ད་ལོ་རང་བྱས་ན་བར་ཆད་ཉུང་ཞིང་འགྲུབ་སླ། བོད་སྤྱི་ལ་ཕན་པའི་རྟེན་འབྲེལ་གྱི་ཐབས་དང་ཅ་ག་བྱ། དེ་ལྟར་བྱས་ན་བོད་འདིར་ཕས་རྒོལ་གྱིས་མི་ཚུགས་ཤིང་བདེ་སྐྱིད་ཀྱི་དཔལ་གོང་འཕེལ་དུ་འགྲོ་བའི་རྟེན་འབྲེལ་ཡོད་ཟེར། ཡང་མི་ནག་ངམ་བོང་ཆེ་བ་ཞིག་གིས་གཙུག་ལག་ཁང་འདིར་ཚེ་དཔག་མེད་དང་མགོན་པོ་ལྕམ་དྲལ་གྱི་རྟེན་བཞེངས་ནས་རྒྱུན་དུ་བསྙེན་སྒྲུབ་དང་བསྐང་བཤགས་ཐུན་མ་ཆག་པར་བྱས་ན་བོད་ཀྱི་རྒྱལ་པོ་རྣམས་སྐུ་ཚེ་རིང་བ་དང་བར་ཆད་ཉུང་ཞིང་ཆབ་སྲིད་རྒྱས་པའི་ཐབས་སུ་འགྱུར། དེས་བོད་འབངས་སྤྱིའི་བདེ་སྐྱིད་ཀྱང་གོང་འཕེལ་དུ་འགྲོ་བ་འདུག་ཟེར་བ་སོགས་མཚན་ལྟས་བཟང་པོ་བྱུང་བར་བརྟེན་ཨར་ལས་འཕྲལ་དུ་གནང་བའི་ཐུགས་ཐག་བཅད་དེ་གོང་ཞབས་ཡས་ཕྱིན་དུ་ཤིང་ཉོ་ཚོང་དང་བཟོ་བོ་སོགས་ལ་སྙད་གཙེར་མི་ཡོང་བའི་བཀའ་ཤོག་ལེ་ཚན་གང་ཅིར་བསླབ་སྟོན་ཞིབ་རྒྱས་ཞུ་བར་མཛད་དེ་རིམ་པར་ཆིབས་བཏེག་ནས་ཐར་པ་གླིང་དུ་ཕེབས། ཨར་ལས་གེགས་མེད་པར་འགྲུབ་པའི་ཆེད་དུ་སྐུ་རིམ་ཇི་སྙེད་པ་དང་ཁྱད་པར་ཟླ་བ་དང་པོའི་མཇུག་ཏུ་རྗེ་ཉིད་རིག་འཛིན་འདུས་པར་བཅས་པས་གཤིན་རྗེ་འཇོམས་བྱེད་ཀྱི་གཏོར་བཟློག་ལོ་མཇུག་དུས་རིམ་ཇི་ལྟ་བ་ཞིག་མཛད་དེ་ཉེར་བརྒྱད་ལ་གཏོར་རྒྱག་མཛད་པས་སྤྱན་ལྟས་དང་རླུང་གི་རྒྱུ་བ་ཤིན་ཏུ་ལེགས་པ་བྱུང་། དེ་ནས་ཉེར་དགུའི་ཉིན། གཟའ་པ་སངས། སྐར་མ་མོན་གྲུ། འཕྲོད་གཞོན། སྦྱོར་བ་གྲུབ། ཏཏྐཱལ་བུམ་པའི་དུས་སྦྱོར་ལ་རྡོ་རྗེ་ཕུར་པ་ཕྲིན་ལས་དྲག་པོའི་དཀྱིལ་འཁོར་གྱི་ལས་རིམ་དང་འབྲེལ་བའི་སྒོ་ནས་སའི་ཆོ་ག་མཛད་པའི་ས་བཟུང་བའི་ཚེ་ལྷའི་གསལ་སྣང་དང་ང་རྒྱལ་རྩོལ་མེད་དུ་སྐྱེ་བ་བྱུང་གསུང་། དེ་དུས་ཆིབས་གློ་བུར་དུ་ན་བ་ལ་བསྲུང་མདུད་ཞུས་པས་ཅུང་ཟད་སྤྱན་དམིགས་ལ་གནོད་པ་དམ་སྲིའི་བར་ཆད་དུ་དོགས་ནས་ཕུར་བརྡུངས་སོགས་ཀྱི་སྐབས་དེ་ཉིད་ལ་ཆེད་དུ་དམིགས་ཏེ་གཟིར་བར་མཛད་པས་སའི་ཕྱོགས་བཀྲ་ཤིས་པར་གྱུར། འོན་ཀྱང་རྐྱེན་དེས་ནང་གི་ཆགས་སྡང་ལ་བརྟེན་པའི་སེལ་ཅུང་ཟད་འོང་བར་འདུག་སྙམ་པ་ཐུགས་ལ་ཤར་གསུང་། དེ་ནས་ས་ཐོག་མར་འདྲ་བར་ཕེབས་སྐབས་སྐས་མཇུག་ཏུ་སྤྲུལ་སྐུ་འགྱུར་མེད་ཆང་བུམ་གང་བ་རྒྱབ་ཏུ་ཁུར་བ་དང་མཇལ་བས་ཁོ་པ་དད་པ་ཆེ་ཞིང་མིང་བཀྲ་དང་སྣོད་གང་བ་བཅས་ལ་ཉེ་བཟང་། སྐབས་འདི་ཚོར་བུད་མེད་ལོ་ཉི་ཤུ་སྐོར་འགྲོ་བ་སྨིན་མཚམས་ན་དགའ་བ་འཁྱིལ་བའི་རི་མོ་ཡོད་པ་ཞིག་གཟིགས་པ་རྣལ་འབྱོར་མའི་རིགས་ཅན་ཞིག་ཡིན་པར་འདུག་གཟུགས་ཅན་གཟུགས་མེད་གང་ཡིན་མ་ངེས་གསུང་། དེ་ནས་ཧོར་ཟླ་གཉིས་པའི་ཚེས་གསུམ་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་ལ་རྩིག་རྨང་གི་གཞིར་བུམ་གཏེར་གཞུག་པ་དང་ཤིས་པ་བརྗོད་པ་ཕྱོགས་བཞིའི་འགྲམ་རྡོ་གཞུག་པ་སོགས་མཛད། དེ་ནས་བཟུང་ཤིང་བཟོ་བ་དབུ་མཛད་དགོས་དགོས་སོགས་བཅུ་དགུ། རྡོ་བཟོ་བ་རྒྱ་མོན་དར་རྒྱས་སོགས་བཅུ་གཅིག རྐོས་པ་དབུ་མཛད་ཕུན་ཚོགས་སོགས་བཅུ་གཅིག མགར་བ་གཉིས་བཅས་ཁྱོན་བཟོ་བོ་བཞི་བཅུ་ཞེ་གསུམ་གྱི་ལས་དཔོན་སྐུ་ཞང་འབྲིང་པོས་མཛད་དེ་ཨར་ལས་ཀྱི་དབུ་ཚུགས་ཙམ་ན། སྡེ་སྲིད་རིན་པོ་ཆེའི་སྤྱན་འདྲེན་གྱི་བཀའ་ཤོག་སྔ་ཕྱིར་འབྱོར་བ་ལྟར་ཟངས་རིར་ཐེགས། ཕེབས་ལམ་ཀླུ་ཁང་གི་གྲུར་ཕེབས་སྐབས་རླུང་ཤིན་ཏུ་ཆེ་བས་ཐམས་ཅད་སྐྲག་པ་ན་གྲུའི་ཐད་དུ་རླུང་ཕན་ཚུན་བྱོལ་ནས་འཇམ་གྱིས་སོང་། དེ་དུས་གཟིགས་སྣང་ལ་ལས་མགོན་གྱིས་བསྐྱབས་པའི་ཉམས་བྱུང་གསུང་། དེར་སྡེ་སྲིད་རིན་པོ་ཆེར་ཚེ་དབང་སོགས་འཕྲལ་སེལ་གྱི་དབང་རྗེས་གནང་དང་འཆར་ཁ། མ་མོ་གླིང་བཞིའི་མདོས། རྒྱལ་བཙན་གྱི་གསོལ་མཆོད་སོགས་སྐུ་རིམ་མང་དུ་མཛད། ཚེས་བཅུའི་ནུབ་མོ་དཔོན་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་འདེབས་ལེའུ་བདུན་མ་ཞལ་འདོན་དུ་མཛད་སྐབས། སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་འཁྲིལ་སྦྱོར་གྱི་སྐུའི་སྣང་བ་མངོན་སུམ་དུ་གཟིགས་ཤིང་། དེ་ནས་ཞག་འགའི་བར་རྩོལ་མེད་ཀྱི་དགེ་སྦྱོར་སྐྱེ་བ་བྱུང་གསུང་། དེ་ནས་ཟངས་རི་ཁང་དམར་གྱི་གནས་མཇལ་མཛད་ནས་ཕྱིར་ཕེབས་ཀྱི་ལམ་དུ། མངོན་མཁྱེན་རིན་པོ་ཆེ་དང་། ལྕོག་བུ་རྒྱལ་སྲས་པ་སོགས་བླ་མ་དང་སྐྱ་སེར་མང་པོ་མཇལ་དུ་བྱུང་། སྡེ་སྲིད་ཀྱི་བཀའ་ལུང་ལྟར་ཡར་ལམ་རྩེ་ཐང་དུ་ཁྲོ་རོལ་གྱི་གཏོར་བཟློག་དང་། རྩེ་ཐང་གི་གཙུག་ལག་ཁང་རྣམས་ཀྱང་མཇལ་བར་མཛད། བསམ་གཏན་གླིང་དུ་སྣེ་གདོང་ཞབས་དྲུང་རིན་པོ་ཆེ་དང་མཇལ་འཛོམ་མཛད་ནས་དེའི་ནང་རྟེན་རྣམས་ཀྱང་ཞིབ་མཇལ་གནང་། ཕྱིར་ལམ་རྣམ་སྲས་གླིང་དུ་སྤྱན་དྲངས་ཤིང་ཞལ་ངོ་རྣམས་ལ་ཚེ་དབང་སོགས་སྩལ་ནས་ནངས་པར་མོན་མཁར་མདོར་བསམ་ཡས་ལ་ཕྱག་མཆོད་དང་གསོལ་འདེབས་མཛད་པ་ན། བསམ་ཡས་ཀྱི་ཞིང་བཀོད་རྗེ་འབངས་རྣམས་ཀྱི་སོ་སོའི་འཕྲིན་ལས་མཛད་ཚུལ་སོགས་སྔོན་བྱུང་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཐུགས་ཉམས་ཤར་གསུང་། དེ་ནས་ཐར་པ་གླིང་དུ་ཕེབས་ཏེ། ཉིན་རེ་བཞིན་གཞི་བདག་གཏོར་མ་དང་། རྩིག་རྨང་རྣམས་ལ་མེ་ཏོག་འཐོར་བ། གཞན་ཡང་བུམ་གཏེར་དང་ས་གནད་གསོ་བའི་རྟེན་འབྲེལ་མང་དུ་མཛད། ཟླ་བ་གསུམ་པའི་འགོ་ནས་བཟུང་མཁར་ལས་ཀྱི་རིང་ཟླ་བ་བརྒྱད་དུ་ཉེ་བའི་བར་གྲྭ་ཚང་གི་ཞབས་ཏོག་ལྷ་ས་བྱང་གླིང་ནས་སྒྲུབ་པའི་:གནམས་༼སྐབས་༽སུ་ཆོས་དབང་འདེགས་གདོང་ལོཀྟྲིའི་རྗེས་གནང་མཛད། དེ་ནུབ་ཨ་ཙ་ར་མི་ལྤགས་ཕྲག་བཀལ་ཁྱི་ནག་ཁྲིད་པ་ཞིག་གིས་མགོན་ཁང་ཞལ་ལྷོར་གཟིགས་ན་ལས་མྱུར་ཟེར་ཡོ་འབོག་དེར་ཁྱི་དེ་བཏགས་སོང་བའི་མནལ་ལྟས་བྱུང་བས་སྔ་མའི་ཆར་གཞལ་ཡས་ཁང་གི་ས་དམིགས་འདིར་གནང་བཞེད་ལ་སླར་བཀོད་པ་སྒྱུར་བར་མཛད། དེ་ནས་བཀྲ་ཤིས་རབ་བརྟན་གྱི་སྟེང་དུ་འཕྱིང་གུར་ཕུབ་ནས་ཟླ་གཅིག་བར་སྐུ་མཚམས་ཀྱི་བཅད་རྒྱ་མཛད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། སྐུ་མཚམས་དེའི་མཇུག་ཏུ་བདེ་འདུས་ཀྱི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་བཀའ་རྩོམ་མཛད་བཞེད་ཀྱི་གསོལ་འདེབས་གཏོར་འབུལ་སོགས་མཛད་པས་དེ་ནུབ་བླ་མ་མངའ་བདག་པ་ཉིད་ཀྱིས་ངའི་གདུང་རབས་བཅུ་གསུམ་བཅུ་བཞི་ན་བསྟན་པའི་མེ་རོ་གསོ་བའི་སྐྱེས་བུར་ལུང་བསྟན་པ་དེ་ཁྱོད་ཡིན། བོད་ཀྱི་སྔགས་པ་གཞན་ལ་སྐལ་བ་མེད་པས་ཁྱོད་ལ་གཏོད་པ་ཡིན་གསུངས་ནས་བླ་དཔེ་རྣམས་བཀའ་གཏད་མཛད་པའི་མནལ་ལམ་བྱུང་། མནལ་སད་དུས་བདེ་འདུས་ཀྱི་ཚིག་དོན་རྣམས་ཐུགས་ལ་རམ་རམ་ཡོད་པ་བྱུང་གསུང་། སྐབས་འདིར་ཡོངས་འཛིན་སྤྲུལ་སྐུ་གཤེགས་པའི་བསྔོ་རྟེན་དུ་རྟེན་ལི་མ་དང་རྒྱ་སིལ་སོགས་འབྱོར། སྐུ་མཚམས་གྲོལ་ནས་ཐང་འབྲོག་སྤྲུལ་སྐུའི་གསོལ་དཔོན་ལོང་པོ་བདེ་ཆེན་དགོན་གྱི་བླ་མ་སོགས་ལ་ཆོས་འབྲེལ་དང་། ཨར་པོའི་འུ་ལག་དང་བླང་དང་ཨར་སྟོན་གཏོང་མི་སོགས་མཇལ་མི་མང་དུ་བྱུང་བར་སོ་སོའི་རེ་འདོད་སྐོང་བར་མཛད། གོང་དཀར་དཀོན་གཉེར་བའི་དཔོན་སློབ་རྣམས་ལ་དྲག་དམར་དང་གཤིན་རྗེའི་དབང་ལུང་། དབུ་མཛད་དགོན་ཆུང་པ། སྐུ་མདུན་མདོ་མཁར་བ། དགེ་སློང་ཆོས་རྒྱལ་རྣམས་ལ་ཐུགས་ཐིག་གི་ཉམས་ཁྲིད། ཁ་རག་སྐམ་བུ་བའི་ཆོས་རྗེ་ལ་ལོཀྟྲིའི་དབང་ལུང་། ཆོས་རྗེ་སྙེ་མདོ་བར་འཆར་ཁའི་ཕྱག་ལེན་དམར་ཁྲིད་རྣམས་མཛད། དེ་དུས་གོང་ཞབས་ནས་སྔར་དོལ་རྒྱལ་ལ་ལས་སྦྱོར་མཛད་པའི་གཏང་རག་ཏུ་དངུལ་བྲེ་ཆེན་གཉིས་དང་ཆིབས་ཀྱི་གསར་ཆས་ཆ་འགྲིག་སོགས་བདོག་པ་རྒྱ་ཆེར་སྩལ། འདི་དུས་འབྲས་ཁལ་བདུན་གྱིས་ཨར་པོ་གྲུབ་པར་ཉེ་བའི་བར་བཟོ་བོ་རྣམས་ཀྱི་འབྲས་ཐུག་རྒྱུན་གཏོང་ལྡངས་པ་བྱུང་། དེ་དུས་ཡུམ་གྱི་ཐུགས་བསམ་ལ། ཕྱག་མཛོད་དགེ་སློང་གིས་བླུག་པ་ཡིན་ནམ་སྙམ་དུ་དགོངས་པ་ལས། དུས་གཞན་ཞིག་གི་ཚེ། འདི་ཉུང་དུ་ཅི་ཡང་མ་སོང་འདུག་པ་ཁྱེད་ཀྱིས་བླུག་པ་མིན་ནམ་གསུང་བ་ལ། ཁོང་གིས་ཅི་ཡང་མ་བླུག་ཞུས་པས། འོ་ན་ཡ་མཚན་གསུངས་ཏེ་མྱུར་དུ་གཟིགས་པ་ན་ལྷག་མ་ཕྲན་བུ་ཞིག་ལས་མི་འདུག དེ་དུས་ཐུགས་དོགས་མ་སྐྱེས་ན་མི་འཛད་པའི་གཏེར་ལྟ་བུ་འོང་རྒྱུར་འདུག་པ་ལ་ཞེས་དེར་འཁོད་ཐམས་ཅད་གླེང་ངོ་། །ཡང་ཉིན་ཞིག་ས་དགྲ་ལ་ཐུགས་ཞིབ་མཛད་པ་དང་བཅས་དགོན་པའི་ཕར་ཚུར་གྱི་རི་རྣམས་ལ་ཕེབས་ནས་གཏོར་མ་རེ་མཛད་ཅིང་སྤང་ཆུང་ཤར་གྱི་ལྡེབས་སུ་ཕེབས་དུས་ས་དགྲ་བཅོས་དགོས་པ་རང་ཆེར་མི་འདུག་སྟེ་འོན་ཀྱང་གྲོག་བུ་འདི་ལ་གསོ་ཐབས་ཅུང་ཟད་བྱས་ན་ལེགས་གསུང་། དེ་དུས་བཀའ་འཕྲོས་ཤིག་ལ་ལྷ་མོའི་གནས་རྟེན་འདིར་འཆའ་འདོད་པར་འདུག་གསུང་བ་ལྟར་ཕྱིས་འདིར་ལྷ་རྟེན་མཛད་པའང་དེ་ལ་དགོངས་པར་མངོན། ཟླ་བ་དྲུག་པའི་ཚེས་བཅུ་གསུམ་གྱི་ཉིན་ངེད་གྲྭ་པ་ཁ་ཤས་འཕྱོངས་རྒྱས་སུ་སྐུ་རིམ་ལ་ཐོན་གདོང་། ཁྱེད་རྣམས་ལ་དེ་རིང་ཐོག་གི་འཇིགས་པ་འབྱུང་ཉེན་ཡོད་གསུང་ཐོག་སྔགས་འདྲེན་རྒྱུའང་སྩལ། དེ་ཁོ་ན་ལྟར་ངེད་རྣམས་ཡུར་མགོ་ན་ཁར་གུང་ཚིགས་བྱེད་སྐབས་ཤིན་ཏུ་ཉེ་བའི་སར་ཐོག་བབས་ཀྱང་སྐྱོན་པར་མ་བྱུང་། སྐུ་རིམ་དེ་འཁོར་ནས་བདག་ཚད་ཡམས་ལྟ་བུས་བྲོ་འཚལ་བར་ཐུགས་དམ་བརྟག་པ་ཞུས་པས། གཏོར་མ་ལ་འབགས་བཙོག་ཤོར་བའི་བཀའ་ཆད་དུ་འདུག་གསུང་ཞིང་། ཕ་གིར་ཞལ་བཞི་པའི་གཏོར་མ་དེ་ལན་གཉིས་ཙམ་བུག་པ་སོགས་བྱུང་བའང་ཇི་ལྟ་བ་བཞིན་དུ་གསུངས། དེ་ནས་ཟླ་བ་བདུན་པའི་ཚེས་བརྒྱད་ནས་བཟུང་སྐུ་མཚམས་བདུན་ཕྲག་གསུམ་མཛད་རྗེས། གོང་ནས་རྫོང་མགོ་སོ་སོ་ནས་གསོལ་ཆས་གཟན་ཤིང་སོགས་མཐུན་རྐྱེན་རྣམས་སྩལ་ཏེ་ཟླ་བ་བརྒྱད་པའི་ཚེས་ལྔ་ལ་ཙ་རིར་ཆིབས་བཏེག རིམ་པར་བྱ་ས་ལྷ་ཁང་དང་། ཡུམ་བུ་བླ་མཁར་ལ་ཕྱག་མཆོད་མཛད་དེ་ཕོ་བྲང་གི་མདུན་གྱི་ན་ཐང་དེར་བཞུགས་པའི་ནུབ་མོ་སྐྱེས་པ་བཞིན་བཟང་ཆས་གོས་དཀར་པོ་གྱོན་པ་ཞིག་ཤ་ཁོག་མང་པོ་ཕུལ་ཏེ་དབང་ཞུས་ནས། ད་ལམ་ཕྱིར་མ་ཕེབས་ཀྱི་བར་གྱི་འགལ་རྐྱེན་ངས་སེལ་བར་བྱེད་པས་གཏོར་མ་རེ་དགོས་ཟེར་བ་ཞིག་རྨིས་གསུངས། དེ་ནས་རིམ་པར་ལྷ་ཁོངས་བརྒྱུད་དྭགས་པོ་རྩེ་ལེར་ཆིབས་བསུ་སེར་སྦྲེངས་དང་བཅས་པས་སྤྱན་དྲངས་ཤིང་གསུམ་ཞག་གི་སྐུ་ངལ་བརྟེན་ངོས་གོང་མོ་ལ་ནས་ཙ་རི་ཆོས་ཟམ་དུ་ཕེབས། དེ་ནུབ་གནས་བདག་ཀོང་གཟུགས་རྟ་ནག་ཁྲིད་པ་ཞིག་ཏུ་བརྫུས་ནས་མཐུན་རྐྱེན་གང་དགོས་ངས་སྦྱོར་ཟེར་བ་དང་ཞིང་དེའི་ལྷན་ཅིག་སྐྱེས་མ་བུད་མེད་ཀོང་ཆས་ཅན་དུ་བྱས་ནས་སྐོར་མི་འདི་ལས་ཉུང་ཙམ་གནང་ན་དངོས་གྲུབ་ཆེ་བ་ལ་ཟེར་ཞིང་ཕོ་ཉའི་ལམ་གྱི་རྟེན་འབྲེལ་བསྒྲིགས་པའི་གཟིགས་སྣང་དང་། སང་ཉིན་དེ་ཕེབས་ལམ་དུ་འཇས་ལུང་པ་ཁེངས་པ་དང་། འཇའི་སྣེ་མོ་རྗེ་ཉིད་ཀྱི་སྐུ་ལ་མདུང་ཚུགས་སུ་ཟུག་པ་ཀུན་གྱིས་མཐོང་བ་སོགས་ངོ་མཚར་བ་བྱུང་། ཆོས་ཟམ་ནས་ཆིབས་པ་རྣམས་ཀྱང་བཞག་སྟེ་རིམ་པར་ལམ་གྱི་གནས་རྟེན་རྣམས་གཟིགས་ནས་ཅིག་ཅར་དུ་ཕེབས། དེར་ཀོང་པོའི་སྐོར་མི་བཅུ་གཅིག་ཁ་བས་མ་ཐར་བར་ལོག་བྱུང་བ་དང་། མི་ཕལ་ཆེར་ཡང་ནམ་ཟླ་ཕྱིས་པས་ད་མི་ཐར་ཟེར་བ་ལ་དེ་ནུབ་མནལ་ལམ་དུ། མི་དམར་སྨུག་རྔམས་བརྗིད་ཅན་ཞིག་གིས་ལ་ལ་མི་ཐར་པའི་ཉེན་མེད་ཕེབས་ཆོག་ངས་ཁག་ཐེག་ཟེར་བ་བྱུང་། དེ་ཁ་ལྟར་སང་ཉིན་ནས་ནམ་མཁའ་དྭངས་ཤིང་ཕེབས་ལམ་དབྱར་གུང་ལས་ཀྱང་བདེ་བ་བྱུང་། དེ་ནས་ཕག་མོ་ལྷ་ཁང་སོགས་ཞིབ་མཇལ་མཛད་ནས་ནངས་པར་སྒྲོལ་མ་ལར་མཚོ་ལ་ཕྱག་ནས་འཐོར་བས་མཚོ་སོར་སྒྲ་དང་བཅས་ཏེ་ཁོལ། ཕྱག་ཆེན་པས་རེ་མ་ཏི་རང་བྱོན་གཟིགས་ཕུལ་བས། རྗེ་ཉིད་ཀྱིས་ལྷ་མོ་དེའི་གཡས་གཡོན་དུ་གདོང་ཅན་གཉིས་ཀྱང་གསལ་བར་གཟིགས་གསུང་། མགོན་པོ་རོང་དུ་གསོལ་ཚིགས་མཛད་དུས་མགོན་པོའི་སྐུ་རང་བྱོན་ལས་འཇའ་མདུང་ཚུགས་སུ་ནར་གྱིས་བྱུང་སྟེ་རྗེའི་སྐུ་ལ་ཟུག་པ་དང་བྱ་རོག་གཉིས་གློ་བུར་དུ་དེར་བྱུང་། དེ་ནུབ་མི་ལྤགས་ཐང་དུ་ཤུགས་པ་དང་ཀི་སྒྲ་ཉེ་སྐོར་ན་ཡོད་པ་ལྟ་བུ་དང་འཇིགས་ཟིལ་ཤིན་ཏུ་ཆེ་བ་བྱུང་། རིམ་པར་ཤ་སྐམ་ལ་དང་སྟག་མ་ལ། བྱམས་པ་རོང་སོགས་སུ་འཇའ་འོད་ཀྱིས་ལུང་པ་ཁེངས་པས་དེར་འཁོད་ཐམས་ཅད་འཇའི་གུར་ཕུབ་ཟེར་བ་རྣ་བས་ཐོས་ཏེ་མིག་གིས་མཐོང་བ་ད་ལན་ཙམ་ཡིན་ཟེར་ངོ་མཚར་བར་གྱུར། སྟག་མ་ལའི་གནས་འཛིན་གྱི་གྲུབ་ཆེན་པ་ན་རེ། ཁ་སང་ནས་ཙ་རིའི་རྩྭ་རྣམས་བསྐམས་ཤིང་ལོ་མ་རྣམས་ཀྱང་བོ། ཞག་གསུམ་གྱི་བར་ཉིན་མཚན་མེད་པར་ཁ་བ་འབབ་པ་སོགས་ནམ་ཟླ་བསྡུས་སོང་ཡང་ཁ་བ་རྣམས་ཞུ་ནས་སླར་ཆར་བབས་ཏེ་རྩྭ་རྣམས་ཀྱང་གསོས། ཤིང་རྩི་རྒྱས་ཤིང་མེ་ཏོག་ཤར་ནས་ཞག་གསུམ་ཙམ་སོང་བ་འདི་འདྲ་ཅི་ཡིན་སྙམ་པ་ལ་ད་བལྟས་ན་ཁྱེད་དཔོན་སློབ་འབྱོན་པའི་རྟགས་སུ་འདུག་ཟེར། འོད་འབར་བླ་མཚོར་རྨུགས་གདང་གིས་མཚོ་མཇལ་མི་ཡོང་བ་འདྲ་ཞེས་གླེང་བ་ན་གཏོར་མ་མཛད་པས་སྐད་ཅིག་དེ་ལ་མཚོའི་ལྟག་སློབ་དཔོན་གྱི་སྒྲུབ་ཕུག་ཡིན་སྐད་པ་དེ་ནས་འཇའ་ཞིག་ཟུག་པས་མཚོའི་སྟེང་ཁེབས་པ་དང་རྨུགས་གདང་སངས། ཕོ་བྲང་ཆེན་མོར་ཚོགས་མཆོད་གནང་སྐབས་འཇའ་འོད་ཀྱི་གུར་འཁྱིལ་དང་མེ་ཏོག་གི་ཆར་འབབ་པ་གཏོར་མ་མཚོ་ནང་དུ་ཕུལ་བ་དབུ་ཞབས་མ་ལོག་ཅིང་རྒྱན་སོགས་ལ་སྐྱོན་མེད་པ་མཚོ་རྫས་རིན་པོ་ཆེས་གང་བའི་དཀར་ཡོལ་མགོ་མཇུག་མ་ལོག་པར་ཚུགས་པ་སོགས་ངོ་མཚར་བ་མང་དུ་བྱུང་། དེར་མཚོ་ཆས་ཤིན་ཏུ་བཟང་བ་དང་དར་པོ་ཆེ་འཛུགས་པར་མཛད། དེ་ནུབ་མནལ་ལམ་ལ། ཁང་བཟང་ཡིད་དུ་འོང་བ་ཞིག་གི་ནང་དུ་ཐེགས་པ་དང་། དེ་ནས་ཨ་ཙ་ར་རལ་པ་ཅན་ཞིག་དང་པཎ་ཞྭ་ལུ་ཧང་གྱོན་པ་ཞིག་བུད་མེད་མང་པོའི་འཁོར་དང་བཅས་འདུག་པ་ལ། གནས་ནང་འདིར་འདི་འདྲ་ཡོང་བ་ངོ་མཚར་ཅན་ཞིག་ཡིན་ནམ་དགོངས་ཏེ་གུས་འདུད་དང་ལུང་བསྟན་ཞུ་བར་མཛད་པས། རལ་ལྕོག་ཅན་དེ་ན་རེ། སྔར་ལུང་ནས་བཤད་པའི་སྤང་བླང་རྣམས་ཇི་བཞིན་པ་མ་བྱུང་བས་ཟབ་གཏེར་རྣམས་ཀྱང་རིམ་པར་འགྱངས་ཤིང་རྐྱེན་ངན་སྣ་ཚོགས་བྱུང་བ་དེ་ཡིན། ད་ལམ་ཚོགས་མཆོད་འདིས་རྟེན་འབྲེལ་ཉམས་པ་མང་པོ་གསོས་ཤིང་། ཕྱིས་ལོ་བཅུ་ཚུན་གྱི་རྟེན་འབྲེལ་རྣམས་འགྲིག་པ་ལ་ཕན། ཁྱད་པར་ཟླ་བ་བཅུ་གཅིག་པའི་ཉ་སྟོང་གང་རིགས་ལ་གནམ་ལྕགས་བྲག་ནས་སྔོན་ཁ་བྱང་བྱུང་བའི་གཏེར་རྣམས་སྲུང་མ་རྣམས་ལ་མཆོད་གཏོར་ཕུལ་ནས་ཐོན་གསུང་། ཡང་པཎ་ཞྭ་ཅན་དེ་ན་རེ། གཏེར་དེ་བཏོན་ན་བོད་སྤྱི་ལ་གནོད་པའི་འབྱུང་པོ་མང་པོ་ཡང་ཐུལ་བ་ཡོད་གསུང་། ཡང་རྒྱལ་བ་མཆོག་གི་ཞབས་པད་བརྟན་ཐབས་སོགས་ཅི་འདྲ་དགོས་ཞུས་པ་ལ། གྲིབ་ཀྱི་ཕྱོགས་ལ་བག་ཡོད་བྱས་ན་སྐུ་ཚེ་མཐར་ཕྱིན། རྐྱེན་ངན་སེལ་ཕྱིར་དཀོན་མཆོག་མཆོད་པ་དང་སྨོན་ལམ་གསོལ་གདབ་བྱ། ཕས་རྒོལ་འཇོམས་ཕྱིར་དགྲ་མནན་དང་ཟོར་སྒྲུབ་སོགས་བྱས་ན་བཟང་། སྔོན་རིམ་པར་ལུང་བསྟན་པའི་དོན་རྣམས་ལ་སྤང་བླང་བྱུང་ན་དེས་ཆོག་པར་ཡོད་གསུང་། ཡང་བུད་མེད་ཅིག་གིས་རིམ་པར་ལུང་བསྟན་པའི་དོན་རྣམས་ལ་འགོང་པོ་སྙིང་ལ་ཞུགས་པ་དག་གིས་བཤོལ་འདེབས་སོགས་མི་མཐུན་པའི་གེགས་ཅི་ཡང་བསྐྱེད་སྲིད་པས། དེའི་གཉེན་པོར་གསང་སྒྲུབ་དྲག་པོའི་སྒྲུབ་པར་འབད་ན་ཐུབ་པར་གདའོ་ཟེར་བ་བྱུང་། ཕྱི་ལྟར་སྤྲུལ་པ་ཡུལ་གྱི་ཙ་རི་ཏྲ། །ནང་ལྟར་མི་ཤིགས་ལུས་ཀྱི་ཙ་རི་ཏྲ། །གཞན་དུ་ཟབ་གསལ་ཏིང་འཛིན་ཙ་རི་ཏྲ། །གསུམ་འདུས་རྟེན་ཅིང་འབྲེལ་འབྱུང་ལྷ་ལམ་ངོས། །ངོ་མཚར་ཐུགས་རྗེའི་སྤྲིན་སྔོན་རོལ་པ་ལས། །དབུགས་དབྱུང་རྡོ་རྗེའི་ཚིག་གིས་ལུང་སྟོན་པའི། །ཕན་བདེའི་གྲུ་ཆར་བབས་ཚེ་གངས་ལྗོངས་འདིར། །དགེ་ལེགས་མྱུ་གུ་གསར་དུ་བཞད་པར་གྱུར། །དེ་ནས་ཕོ་བྲང་སྐྱོག་མོ་སོགས་མཇལ་ཏེ་དེ་ནུབ་སྟག་ཚང་དུ་ཚོགས་མཆོད་བརྒྱ་ཚར་མཛད། དེ་དུས་འོད་གསལ་གྱི་གཟིགས་སྣང་དཔག་དཀའ་བ་དག་བྱུང་འདུག་སྟེ་བཀའ་རྒྱ་ཡོད་པས་འདིར་མ་བྲིས། དེ་ནས་དོམ་ཚང་དུ་ཞག་བཞུགས་མཛད་ནས་ཞིང་སྐྱོང་ལ་ལ་ཕྱག་ཕྱི་རྣམས་ཀྱིས་ཞབས་རྗེས་མི་ཟིན་པ་ཙམ་དུ་སྔོན་ལ་ཕེབས། དེར་ཞིང་སྐྱོང་ལ་མཆོད་གཏོར་སྙན་ཤལ་དར་ལྕོག་རྣམས་ཕུལ་ཏེ་ནེ་རིངས་ཀྱི་མཁའ་འགྲོའི་མཚོ་རྣམས་ལས་ཁྲུས་མཚོ་ཡིན་ཟེར་བ་དེ་མི་གང་ཙམ་ཁོལ་བ་བྱུང་། རིམ་པར་སྨན་གྱི་ཆུ་མིག རང་བྱུང་རྫའི་མཆོད་རྟེན། མཁའ་འགྲོ་འབུམ་དེའུ། ཀེའུ་ཚང་རྣམས་གཟིགས་ཤིང་། དག་པ་ཤེལ་རི་ལ་ཕྱག་མཛད། རིག་ལའི་ཨོ་རྒྱན་གྱི་ཞབས་རྗེས་ཐང་དུ་འཇའ་གུར་སོགས་ངོ་མཚར་བ་བྱུང་། ནངས་པར་གོང་མོ་ལ་ཐོགས་ནས་སྒམ་པོའི་རི་ལ་ཕྱག་མཛད་དེ་གོང་ལ་མཆོད་ཁར་ཡང་མཇལ་དུ་ཕེབས། དེ་ནས་རྩེ་ལེར་ཕེབས་པའི་ཚེ་དགོན་པའི་མདུན་དུ་ནམ་མཁའ་ལ་སྤྲིན་དམར་སེར་མེ་རི་ལྟ་བུ་ཀུན་གྱིས་མཐོང་ཞིང་། རྗེ་ཉིད་ནས་སྡེ་བརྒྱད་ཀྱི་གཟུགས་གསལ་བར་གཟིགས་གསུང་། དེར་ཞག་བདུན་ཙམ་བཞུགས་ནས་རྩེ་ལེ་སྤྲུལ་སྐུ་ཡབ་སྲས་གསུང་སྙན་སྤྲུལ་སྐུ་སོགས་ལ་ཐུགས་ཐིག་གི་དབང་ལུང་དང་མནན་པ། གནས་རྟེན་ལ་རབ་གནས། བུམ་གཏེར་བཅའ་བ་རྣམས་མཛད་ཅིང་། གྲུ་ལུང་གི་ཡུལ་མི་རྣམས་ལ་ཁྲོམ་དབང་དང་གྲྭ་པ་རྣམས་ལ་ཆོས་འབྲེལ་ཡང་མཛད། ཞབས་ཏོག་འབུལ་ནོད་རྒྱ་ཆེ་བ་བསྟབས། དེ་ནས་སྒམ་པོར་སྤྱན་དྲངས་པའི་ཕེབས་ལམ་དུ་དགའ་ལྡན་རབ་བརྟན་དུ་སྤྱན་དྲངས། མཁན་པོའི་གདུང་འབུམ་ལ་རབ་གནས་མཛད་ཅིང་མང་འགྱེད་ཀྱང་སྩལ་ནས། རིམ་པར་ཟོ་མཁར་གྱི་ཚུགས་བརྒལ་བའི་ཕ་རིར་སྒམ་པོའི་ཕྱག་མཛོད་དང་གཟིམ་དཔོན་སོགས་ཀྱིས་ཐབ་བསུ་དང་། དགོན་གཤམ་དུ་བུ་ཆེན་དྲུང་འཁོར་བཅས་པའི་ཆིབས་བསུ་བླ་བྲང་སོ་སོའི་སྟེང་ནས་བཀྲ་ཤིས་ཁྲ་རིང་། གདུགས། འཕན། རྒྱལ་མཚན་སོགས་དར་འཕྱར་དང་འབུད་དཀྲོལ་གྱི་རོལ་མོ་སོགས་བཀུར་སྟི་ཆེན་པོས་ཐོག་མར་ཤིང་མང་གསེར་གྱི་མཎྜལ་གྱི་ཆོས་ཁྲིའི་སྟེང་དུ་སྤྱན་དྲངས། དེ་ནས་སྒོམ་སྡེར་མཆོག་སྤྲུལ་ཉིད་ཀྱིས་ཕྱག་སྣེ་མཇལ་དར་རྩེ་སྤྲོད་དང་ཁྲི་ཆེས་མཐོ་བའི་བཀུར་སྟི་དང་ཕུ་དུད་ཆེན་པོ་མཛད་ཅིང་ཞག་ལྔའི་བར་བཞུགས། ཉིན་གཅིག་གསང་སྔགས་ཕོ་བྲང་དུ་གྲྭ་ཚང་གི་ཚོགས་དབུར་ཡང་སྤྱན་དྲངས་ཏེ་ཚེས་བཅུའི་འཆམས་ཀྱི་གཟིགས་འབུལ་དང་། མཆོག་སྤྲུལ་ཉིད་ཕྱག་ཆེན་པར་ཕེབས་ཏེ་གནས་རྟེན་རྣམས་ཀྱང་ཞིབ་མཇལ་གནང་ཞིང་། སྤྲུལ་པའི་སྐུར་ཐུགས་ཐིག་དང་གཤིན་རྗེའི་དབང་ལུང་། སྒྲུབ་སྡེ་གྲྭ་ཚང་ཡུལ་མི་བཅས་པའི་ཁྲོམ་ལ་ཚེ་དབང་ཡང་མཛད། དེ་ནས་བཟང་ལུང་དུའང་དཔོན་སློབ་ལྷན་དུ་ཕེབས་ཏེ་གནས་རྟེན་ཞིབ་མཇལ་དང་། དྭགས་པོ་རིན་པོ་ཆེའི་ཞབས་བསྐོར་འབུམ་པ་དངུལ་གྱིས་བསྟུམས་པར་མཛད་འདུག་པ་ལ་རབ་གནས་ཀྱང་མཛད། དངུལ་གར་ལུགས་ཀྱི་སྟོན་པའི་སྐུ་དང་རྒྱ་དྲིལ་ཁྱད་ཅན་སོགས་དངོས་པོ་སྤམ་མཐོ་བ་དང་བཅས་ཏེ་ཞབས་བརྟན་དང་། གསེར་སྲང་འཁོར། སིལ་སྙན། དུང་དཀར་གསེར་ཤོག་མ་ཆ་སོགས་འབུལ་ནོད་རྒྱ་ཆེར་བསྟབས། དེ་ནས་ཆིབས་བཏེག་ཆོས་འཁོར་རྒྱལ་དུ་ཕེབས་ནས་གནས་རྟེན་རྣམས་ཞིབ་མཇལ་མཛད། དེར་ཞག་གཉིས་བཞུགས་པའི་ནུབ་རྟིང་མའི་མནལ་ལམ་དུ། རྒྱལ་གྱི་བྱང་ཤར་གྱི་རི་བརྒྱུད་དེར་གངས་དང་རྫའི་རྣམ་པས་བསྐོར་བའི་ཁུགས་སུ་ལྷ་མོའི་བླ་མཚོ་ཡིན་སྙམ་པའི་མཚོ་སྔོ་ནག་མི་ལྤགས་བཀྲམ་པ་ལྟ་བུ་ཞིག་གི་ནང་དུ་མཁར་དམར་སྨུག་རྩེ་མོ་ནམ་མཁའི་མཐོངས་སུ་སླེབ་པ་བར་གྱི་སྒོ་དང་དཀར་ཁུང་རྣམས་ནས་ཁྲག་ཞག་འབབ་ཅིང་། སྒོ་རྣམས་ལ་ཐེམ་སྐས་གསུམ་བཞི་ཙམ་རེ་ཡོད་པ། དེའི་ཕྱིར་འདོད་སྣམ་ལྟ་བུའི་སྟེགས་བུ་གྲུ་བཞིའི་མཐའ་མུ་རན་གྱིས་བསྐོར་བ་ལ་ཤ་ཁྲག་དོན་སྙིང་ནང་རོལ་སོགས་གདལ་བ། དེ་ནས་མཚོ་འགྲམ་གྱི་བར་ལ་ཟམ་པ་ཏལ་ལེར་ཡོད་པའི་མཚོའི་མཐའ་ཀུན་ཏུ་སྐྱེ་རྒ་ན་འཆི་ཚོང་བཟོ་རིགས་སོགས་འཇིག་རྟེན་གྱི་བྱ་བྱེད་སྣ་ཚོགས་པས་བསྐོར་བའི་མཁར་གྱི་བར་ནས་མེ་སྟག་དང་ན་བུན་དང་སྤྲིན་རླུང་འཚུབ་སོགས་གཟིགས་པའི་མོད་ལ་མནལ་སད་པ་ཞིག་བྱུང་གསུང་། དེར་གོང་མའི་ལུང་བཞིན་རྒྱལ་བླ་བྲང་དང་གྲྭ་ཚང་གཉེར་ཚང་ནས་གསོལ་ཆས་སོགས་རྒྱ་ཆེར་བསྟབས་ཤིང་འདུས་པར་མང་འགྱེད་ཀྱང་མཛད། དེ་ནས་རིམ་པར་ཆིབས་བཏེག་སྟེ་ལྕགས་ཟམ་བརྒྱུད་བཤད་སྒྲུབ་གླིང་གི་གནས་མཇལ་མཛད་ཅིང་། གྲྭ་པ་འགའ་ལ་ནཱ་ག་རཀྵའི་རྗེས་གནང་སོགས་ཆོས་འབྲེལ་ཡང་སྩལ། རིམ་པར་སྤུ་ཐང་ལ་བརྒྱུད་རྒྱ་རི་གཞུང་ནས་སྤྱན་དྲངས་ཏེ་དགའ་ལྡན་ལྷ་རྩེར་སྐོར་ཙམ་ཐེགས་ནས་ཨེའི་ཆབ་ཚན་ཞག་ལྔའི་བར་བསྟེན། ཚུར་ལམ་གཟིམ་ཤག་ལྷོ་པས་བཀྲ་ཤིས་མཐོང་སྨོན་དུ་སྤྱན་དྲངས་ནས་ཞག་གསུམ་དུ་བསྙེན་བཀུར་ཞིང་བཀའ་འགྱུར་སོགས་རྟེན་མང་པོར་རབ་གནས་ཀྱང་གནང་། སླར་ཡང་རྒྱ་རི་གཞུང་ནས་སྤྱན་དྲངས་ཤིང་དེར་ཡང་ཞག་གསུམ་གྱི་བར་བཞུགས་ནས་ཞབས་དྲུང་མ་ཆེན་ལ་ཐུགས་ཐིག་གི་དབང་ལུང་མཛད་ནས་རིམ་པར་བྲག་སྣ། འཆད་དཀར་རྫོང་ཟངས་རི་རྫོང་སོགས་སུ་ཡང་སྤྱན་འདྲེན་བྱུང་བ་ལྟར་ཐེགས། འཆད་དཀར་དུ་རྒྱ་རི་ཞབས་དྲུང་སྙིང་སྙིང་ལ་ཐུགས་ཐིག་གི་ཚེ་སྒྲུབ་སོགས་ཆོས་འབྲེལ་དང་། ཟངས་རིར་རྟེན་གསར་བཞེངས་མང་པོར་རབ་གནས་མཛད། དེ་ནས་ཡར་ཀླུངས་ཁེ་གསུམ་དུ་ཞལ་ངོ་རྣམས་ལ་ཚེ་དབང་མཛད་དེ་མར་ལམ་ཁྲ་འབྲུག་གི་ལྷ་ཁང་ལ་ཕྱག་མཆོད་སྨོན་ལམ་མཛད་དུ་ཕེབས། ཨོ་རྒྱན་ང་འདྲ་མའི་སྐུས་ཞལ་འཛུམ་མུལ་བ་ལྟ་བུའི་འགྱུར་མདངས་ཞམ་རིང་པ་འགས་ཀྱང་མཐོང་། སྣེ་གདོང་རྩེར་ཡང་སྤྱན་དྲངས་ཏེ་ཞབས་དྲུང་ཡབ་སྲས་ཀྱིས་ཚེའི་དབང་བཀའ་ཞུས། དེ་ནས་རིམ་པར་སྨིན་གྲོལ་གླིང་དུ་ཕྱག་ཕེབས། གཙུག་ལག་ཁང་གི་ཨར་ལས་རྣམས་ལས་མི་གཅིག་ཙམ་ལའང་བར་གཅོད་ཀྱི་ཉེར་འཚེ་ཕྲ་མོས་ཀྱང་མ་གོས་པར་ཧོར་ཟླ་བ ཅུ་པའི་ཚེས་བཅུ་བདུན་གྱི་ཉིན་རྩེ་ལ་འཁྱོལ་ཏེ། རྗེ་ཉིད་རིག་འཛིན་འདུས་པར་བཅས་པས་སྟེང་དུ་བསང་མཆོད་བརྒྱགས་བརྔན་དང་། འདུ་ཁང་དུ་ཚོགས་འདུ་ཐོག་མར་མཛད་པ་དེ་སྐབས་ལ་དགེ་སློང་འགྱུར་མེད་ལ་དགེ་བསྐོས་ཀྱི་ལས་ཚན་བསྐོ་བཞག་བབས་པས་མིང་བཀྲའི་ལ་ཉེ་བཟང་བར་མངོན། དེ་ལྟ་བུའི་གཙུག་ལག་ཁང་དེ་ཡང་དྲི་གཙང་ཁང་ཀ་ཆེན་བཞི་ཐོག་རིམ་འཕར་མ་ཁྱམས་ཀ་རིང་བཞི་དང་བཅས་པས་ཀ་བ་ཉི་ཤུ་སྒོ་ཁང་ཀ་བ་དྲུག གཞལ་ཡས་ཁང་དང་དཔལ་ཆེན་ལྷ་ཁང་ཀ་བ་བཞི་རེ། ནམ་མཁའ་མཛོད་ཀ་བ་དྲུག རྒྱན་ཁང་ཀ་བ་ལྔ། གཞན་ཡང་མིག་རྩེ་ཅི་རིགས་དང་བཅས་པས་ཁྱོན་ཀ་ཆེན་བརྒྱད་ཅུ་རྩ་བཞིའི་ས་ཤིང་བརྩེགས་ཕུན་སུམ་ཚོགས་པ་ཐོག་རིམ་གསུམ་པ་ལྷ་ཁང་དང་གཟིམ་ཆུང་གན་མཛོད་སོགས་ཉེ་བར་མཁོ་ཞིང་བཀོད་པས་མཛེས་པ། སྒོ་ཁང་ཕྱི་མ་ཀ་བ་བཅུ་དྲུག་གིས་ཉིས་ཐོག་དང་བཅས་པ་དང་། དགེ་འདུན་གྱི་བྲང་ཁང་བརྒྱ་ཕྲག་ཏུ་ཉེ་བ་ཀུན་ནས་གྲུ་བཞི་པས་ཡོངས་སུ་བསྐོར་བ་རྣམས་ལན་ཀན་བར་གྱི་ཕྱི་རྒྱ་ཐམས་ཅད་ཟླ་བ་བརྒྱད་ཀྱི་ཁོངས་སུ་ལེགས་པར་གྲུབ་བོ། །འཛམ་གླིང་ས་གཞིར་མཐོ་རིས་ཀྱི། །ལེགས་སྤྱད་འབྲས་བུའི་ཁང་བརྩེགས་ཀྱང་། །ཁེངས་པ་འཕྲོག་བྱེད་སྲིད་པའི་རྒྱན། །སྔོན་མེད་གཙུག་ལག་ཁང་ཆེན་གྲུབ། །དེ་རྗེས་ལྷོ་དམག་ཇུས་རིམ་གྱི་གཤིན་རྗེ་འཇོམས་བྱེད་ཀྱི་བསྲུང་བཟློག་འཕང་བའི་ལས་སྦྱོར་དང་བཅས་པའང་མཛད། དེ་སྐབས་གོང་གི་སྤྱན་སྔ་བ་དགེ་སློང་འཇམ་དབྱངས་གྲགས་པ། གསུང་རབ་གླིང་མཁན་པོ་གུང་ཐང་པཎ་ཆེན། ཆོས་རྗེ་སྙེ་མདོ་པ་སོགས་མཇལ་མི་མང་པོའི་རེ་བ་སྐོང་བར་མཛད་ཅིང་། གཙོ་བོར་ཐུགས་དམ་ལ་རྩེ་གཅིག་དང་བདུད་རྩི་ཆབ་ཚན་གྱི་འཕྲོད་བཞེས་ཀྱང་མཛད། སྔར་ཤིང་སྟག་ལྷོར་ཕེབས་སྐབས་མནལ་ལམ་དུ་བུད་མེད་མོན་མོའི་ཆས་ཅན་གྱིས་སྤང་བླང་གི་ལུང་བསྟན་དང་བདེ་ཆེན་ཡེ་ཤེས་ཐུགས་རྒྱུད་ལ་སྦྱོར་བའི་བརྡའ་ཐབས་བསྟན་པའི་སང་ཉིན་ཁ་བྱང་གི་ཤོག་དྲིལ་ཕྱག་ཏུ་སོན་ནས་མི་རིང་བར་དབུས་སུ་ཕེབས་པའི་སྐབས་དེ་དག་གི་ཚེ་མནལ་ལམ་གྱི་ངེས་པ་འགའ་ཡོས་ལོ་ལ་བསམ་ཡས་སྟེང་ཁང་ནས་གཏེར་བཞེས་རྒྱུའི་མཚན་ལྟས་དང་རྟེན་འབྲེལ་སྒྲིག་ཐབས་འགའ་རེ་བྱུང་བ་རྣམས་ཐུགས་གཡེང་གི་དབང་གིས་མ་འཛོམ་པས་དུས་ལས་ཡོལ། དེ་རྗེས་མནལ་ལྟས་སུ་མཁའ་འགྲོ་ཆོས་སྐྱོང་རྣམས་འཁངས་པའི་ལྟས་དང་འཚུབ་ཕྱི་ནང་དུ་མངོན་པ་ཙམ་བྱུང་བར་བརྟེན། གོང་ས་མཆོག་གི་ཐུགས་དམ་བརྟག་པར་བསྐང་བཤགས་ཚོགས་བརྒྱ་སོགས་བབས་པ་རྣམས་མཛད་པ་དང་། ཇེ་ཞིག་ན་ཙ་རིའི་ཚོགས་མཆོད་སོགས་བླ་མ་མཁའ་འགྲོའི་ལུང་བསྟན་རྣམས་བྱུང་། དེ་དག་ཐུགས་བརྩོན་ཆེན་པོས་སྒྲུབ་པར་མཛད་པས་ངེས་སྦྱར་གྱི་དུས་གནད་འཛོམ་པ་ལྟར། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་ནས་ཕྱིར་སྐུ་མཚམས་ཀྱི་ཚུལ་མཛད་ཅིང་། ནང་དུ་ཚེས་བཅུ་བཞིའི་སྲོད་ལ་ཞབས་ཕྱིར་གཟིམ་དཔོན་བསྟན་འཛིན་དཔལ་བཟང་དང་། དགེ་སློང་ངག་དབང་ཀུན་དགའ། ཆིབས་ཆུང་དུ་ཨ་བཀྲ་དང་ཀུན་དགའ་བཅས་དཔོན་སློབ་ལྔས་གསང་ཐབས་ཀྱིས་ཕེབས་ནས། རྫོང་ཞོལ་གྱི་མས་མགོན་པོ་གདོང་དུ་སྐར་ཆེན་མ་ཤར་བར་བཞུགས་ནས་ཅུང་ཟད་མནལ་བའི་ཚེ། སྐྱེས་པ་ཆས་བཟང་རྟ་དམར་ལ་བཞོན་པ་དང་། བུད་མེད་རྟ་དཀར་ལ་བཞོན་པ་གཉིས་གཡོག་དང་བཅས་སྐུ་དྲུང་དུ་བྱུང་བ་རྟ་ལས་བབས་ཏེ་ཕྱག་ཕུལ་ནས། དེ་རིང་མི་འགྱུར་བའི་དུས་ཚེས་སྔ་མ་ཡིན་པས་གང་སྔ་འབྱོན་དགོས། གཏེར་སྲུང་རྣམས་མ་འཛོམ་ན་ཐོན་དཀའ་བས་ངས་ཀྱང་འབོད་གྲོགས་བྱེད། ཁྱེད་རང་ཡང་མཆོད་གཏོར་བཤམས་ཏེ་གསོལ་མཆོད་མཛོད་ཟེར་ནས་སྔོན་ལ་སོང་སྙམ་བྱེད་པ་དང་བྲག་གསེབ་དེ་ནས་ཧི་ཧི་ཞེས་པའི་སྒྲ་རིང་པོ་ཞིག་བྱུང་བ་དང་མནལ་སད་པ་དུས་མཉམ་དུ་བྱུང་། དེ་ནས་ཕེབས་པས་གནམ་ལྕགས་བྲག་གཟིགས་པ་དང་ཉི་མ་ཤར་བ་དུས་མཚུངས་པར་བྱུང་ཞིང་ཐང་སྒབ་ནས་ཆིབས་དང་ཨ་དྲུང་གཉིས་བཞག་སྟེ་ཞབས་ཐང་མཛད་ནས་གནས་རི་ཉིད་དུ་ཕེབས་པ་ན། ནམ་མཁའ་དྭངས་ཤིང་འཇའ་སྤྲིན་གྱིས་ཁྱབ་པ་བྱུང་། དེ་ནས་ཕུག་པ་གནམ་སྒོ་ཅན་དུ་ཕེབས་དུས་ས་གཡོས་པ་ལྟ་བུའི་རི་གཡོ་འགུལ་བྱེད་པ་དང་འཇིགས་ཟིལ་ཤིན་ཏུ་ཆེ་བ་བྱུང་། དེར་མཆོད་གཏོར་དང་གསོལ་འདེབས་མཛད་ནས་ས་དམིགས་འཚོལ་བར་མཛད་པས་རིའི་དབྱིབས་ལ་ཐུགས་ངེས་འདྲོངས་ཀྱང་ཕུག་པ་གང་ཡིན་དགོངས་པའི་ཐུགས་སོམ་ཉིའི་ཚེ། ཟིལ་ཆེན་པོ་ལྡང་བ་དང་། རྡུལ་རླུང་སྤོས་ཀྱི་དུད་པ་འཁྱིལ་བ་ལྟ་བུ་ལ་རེག་བྱ་ཉི་མ་ལྟར་འབར་ཞིང་ཚ་བ་ཞིག་གློ་བུར་དུ་བྱུང་བ་ན་ཐུགས་ཉམས་ལ་དུད་འཁྱིལ་དེའི་དབུས་ནས་བུད་མེད་དམར་ངམ་རལ་གུ་སྨུག་ཁྲ་གྱོན་པ་སྐྲ་ལ་མགྲོན་རྒྱན་བཏགས་པ་དཔྲལ་བར་མིག་ཁྲ་གཟིར་གྱི་ཡོད་པ་ཞིག་ན་རེ། ཕུག་པ་འདི་མིན། འདི་ན་ཡོད་ཅེས་སྟོན་པའི་ཐུགས་ཉམས་བྱུང་བ་དང་། དཔོན་སློབ་གསུམ་གྱིས་ཕུག་པ་གོང་མ་དེར་ཕེབས་པས་ས་གནད་ཁ་བྱང་དང་མཐུན་པའི་ཐུགས་ངེས་འདྲོངས། དེར་གསེར་སྐྱེམས་དང་གཏོར་བསྔོ་མཛད་དེ་གཏེར་སྒོ་འཚོལ་བར་མཛད་པས་ཕུག་པའི་སྒོའི་གཡོན་ལོགས་ན་རྡོ་ཆོལ་དཀྱུས་མཛུབ་གང་ཞེང་སོར་བཞི་ལྔ་ཙམ་པ་བར་རྣམས་རྡོ་ཆོལ་དང་འབྱར་རྫས་ཀྱིས་བྱུགས་པ་ཞིག་འདུག་པ་དེ་ཐོ་བས་བསྡིགས་པས་མཚམས་རྣམས་ཁྱག་པ་གས་པ་བཞིན་གྲུམས། དེ་གཟོང་གིས་འགོགས་པར་མཛད་པ་ན་རྡོ་ཆོལ་དེ་ལྷུངས་པ་དང་ག་པུར་ལྟ་བུའི་དྲི་བསུང་གིས་ཕུག་པའི་ནང་ཐམས་ཅད་ཁེངས། དེའི་ནང་ནས་བྱེ་མ་ནག་པོ་དང་སོལ་བ་བྲེ་དོ་ཙམ་ཐོན་པའི་ཁྲོད་ནས་གཏེར་སྒྲོམ་ལ་སེའི་སྒྲོམ་བུ་དེ་ཕྱག་ཏུ་སོན། དེ་དུས་ཐུགས་ཀྱི་ཉམས་སྣང་ལ། གཏེར་སྒོ་ཚད་དེ་ཁ་ལ་སྦུག་རྒྱ་ཁྱོན་ཤིན་ཏུ་ཆེ་བའི་ནང་ནས་སྔར་གྱི་བུད་མེད་དེས་རྫོགས་ཆེན་སྐོར་ཕྱག་ཏུ་འབུལ་བ་དང་། ས་མ་ཡ་དྷ་ཐིམ་ཞེས་བརྗོད་ནས་ནང་དུ་ལོག་སོང་བའི་ཐུགས་ཉམས་ཤར་གསུང་། དེ་མ་ཐག་ཞམ་རིང་པ་གཉིས་ལ་བྱིན་རླབས་མཛད་ནས་གཏེར་ཚབ་ཏུ་རིན་པོ་ཆེ་དང་འབྲུ་སྨན་བོད་འབངས་བདེ་བའི་སྨོན་ལམ་སོགས་གཞུག་པར་མཛད་ཅིང་། རྡོ་ཆོལ་རྣམས་ཟན་དང་འདམ་གྱིས་སྦྱར་ཏེ་མི་མངོན་པར་མཛད་ནས་ཕུག་པའི་ཕྱིར་ཕེབས་དུས་ཉི་མ་དམར་ཐག་ཆོད་པ་ཙམ་དུ་སླེབ་འདུག་གསུང་། དེ་ནུབ་ཕུག་པ་གནམ་སྒོ་ཅན་དུ་བཞུགས་པའི་མཚན་ལམ་ལ་སློབ་དཔོན་ཆེན་པོས་གདམས་པའི་གནད་བཀྲོལ་ཏེ་བྱིན་གྱིས་བརླབས་པའི་ཚུལ་ནི་བྲིར་མ་འཚལ་ལོ། །གཅིག་ཏུ་རྒྱལ་བའི་དགོངས་ཟབ་ཀུན་འདུས་པའི། །གཉིས་མེད་ཟབ་དོན་མཐར་ཐུག་དམ་ཆོས་སྐོར། །གསུམ་ལྡན་ཟབ་མོའི་གཏེར་དུ་རྒྱས་བཏབ་པ། །བཞིར་སྣང་ངོ་བོ་ཟབ་པ་ཆོས་ཀྱི་སྐུའི། །རང་ཞལ་འགྲོ་བ་ཀུན་གྱིས་མངོན་སུམ་དུ། །མཐོང་སླད་མ་དང་མཁའ་འགྲོའི་གན་མཛོད་ནས། །ཚིག་བརྒྱུད་སྤྱན་དྲངས་དོན་བརྒྱུད་པདྨ་ཡིས། །རྣམ་མེད་རྣམ་པར་སྣང་བའི་སྐུར་བསྟན་ནས། །བརྗོད་མེད་བརྗོད་པའི་གསུང་གིས་གདམས་པའི་གནད། །འདོམས་པར་མཛད་པའི་སྣང་བ་དེ་ཤར་ཚེ། །སྤྲོས་བྲལ་རང་རིག་རྗེན་པར་གཟིགས་པ་དང་། །ལྷན་ཅིག་ཐུབ་བསྟན་གཉིས་པ་ཤར་བ་སྙམ། །དེ་ནས་མོན་མཁར་གྱི་ལ་ལ་བྱས་འབྲས་ཐང་གི་བར་ཞབས་ཐང་གིས་ཐེགས། དེ་ནས་ཆིབས་མཛད་དེ་དགོན་པར་སྲོད་ཡོལ་ཙམ་ལ་ཕེབས་ཤིང་ནང་སྐོར་རྣམས་ལ་བྱིན་རླབས་ཀྱང་གནང་། མི་རིང་བར་གོང་དུ་གནས་ཚུལ་འབུལ་བར་གཟིམ་དཔོན་བསྟན་འཛིན་དཔལ་བཟང་མངགས་པར་དགྱེས་པའི་བཀའ་ཤོག་ཁ་བཏགས་ཚོན་ཚོགས་དང་གསེར་གྱི་རྟེན་ལྡན་དུ་སྩལ། ཟླ་བ་དེའི་མཇུག་ལ་དར་གླིང་དུ་དུས་ཀྱི་གཟན་དབང་ལ་ཐེགས། འདུམ་པོར་ཡང་སྤྱན་དྲངས་ཏེ་ཞལ་ངོ་རྣམས་ལ་གཏེར་རྫས་ཀྱི་བྱིན་རླབས་སོགས་མཛད་ནས་གདན་སར་ཕྱིར་ཕེབས། མི་རིང་བར་གོང་ཞབས་ནས་སྤྱན་འདྲེན་གྱི་བཀའ་ཤོག་འབྱོར་བ་ལྟར་འབྲིའུ་སྣའི་གྲུ་བརྒྱུད་རྡོ་རྗེ་བྲག་ཏུ་སྤྲུལ་སྐུ་རིན་པོ་ཆེ་དང་མཇལ་འཕྲད་མཛད་དེ་རིམ་པར་ཕོ་བྲང་ཆེན་པོར་ཕེབས་པའི་ཤར་མར་རྩེར་ཕྱག་འབུལ་གནང་ཞིང་། དེའི་སང་ཉིན་ནས་བཟུང་རིམ་པར་གོང་ཞབས་ཡས་ཕྱིན་ལྷན་དུ་གཏེར་གསར་ཚེ་དཔག་མེད་དང་། པད་གླིང་གུར་དྲག་གི་དབང་། འཆི་བསླུ། བྱད་གདོན་འགྲོལ་བ། མཁའ་འགྲོ་གྲིབ་སེལ། བྱབ་ཁྲུས་ལ་སོགས་པ་འབུལ་བར་མཛད། གོང་མའི་བཀས་སྐུལ་ནས་གནམ་ལྕགས་བྲག་གི་གཏེར་ཤོག་རྣམས་གནས་གསར་དྲུང་ཡིག་འཇམ་དབྱངས་བསྟན་འཛིན་གྱིས་ཡིག་མཁན་མཛད་ནས་སྐུ་མཚམས་ཁོངས་སུ་འབེབས་པར་མཛད་རྗེས། དེའི་དབང་ལུང་རྣམས་འབུལ་བ་གནང་སྐབས་ཉང་རིན་པོ་ཆེའི་ཕྱག་སྦུག་ཏུ་གྲགས་པའི་ཧོར་སྦུག་ཁྱད་ཅན། དངུལ་གྱི་མཎྜལ། ས་ལེ་སྦྲམ། གོས་ཕྱི་ནང་། ན་བཟའ་སོགས་དངོས་སྤྱད་གྱ་ནོམ་པ་སྩལ། གཞན་ཡང་གོང་དུ་དབང་ལུང་དང་རྐྱེན་སེལ་གྱི་སྐུ་རིམ་ཞབས་ཕྱི། ཕྱོགས་མཐའི་བླ་མ་དང་གྲྭ་ཚང་གི་གྲྭ་པ་སོགས་ལ་འདོད་ཆོས་ཀྱང་ཁ་ཤས་སྩལ།

དགུང་ལོ་སུམ་ཅུ་རྩ་གཉིས་པ།

དགུང་ལོ་སུམ་ཅུ་རྩ་གཉིས་པ་མེ་སྦྲུལ་གནམ་ལོ་གསར་དུ་ཚེས་པའི་དགྱེས་སྟོན་ཆེན་མོའི་བཞུགས་གྲལ་དུའང་ཕེབས། ལྷ་སར་བྱང་གླིང་པ་དང་སྟག་ལུང་ཕྱག་མཛོད་པ་སོགས་ཀྱིས་སྤྱན་དྲངས་ཏེ་སོ་སོར་ཚེ་རྟ་དྲག་དམར་ལོཀྟྲི་རྣམས་ཀྱི་དབང་མཛད། གཞན་ཡང་ཆུ་མིག་ཁ། འབྲང་རྒྱས་ཤག བཀའ་བརྒྱད་སྨད། ཟུར་ཁང་པ་སོགས་གནས་ཆེན་པ་སོ་སོས་ཀྱང་བསྙེན་བཀུར་ཞིང་དབང་བྱིན་རླབས་སོགས་རེ་བ་བཞིན་སྩལ། གྲོང་སྨད་གཞིས་ཀ་ནས་མི་དབང་ཆེན་པོས་ཀྱང་ཇ་སིག གོས་ཕྱི་ནང་སོགས་འབུལ་ནོད་རྒྱ་ཆེར་སྩལ། འདི་དུས་དགེ་སློང་འཕྲིན་ལས་མཐར་ཕྱིན་གྱིས་གཙུག་ལག་ཁང་གསར་བཞེངས་ཀྱི་ཞབས་འདེགས་སུ་དམིགས་བྱང་དུ་འབུལ་སྡུད་དུ་ཕྱིན་པ་ལམ་དུ་ནད་དྲག་པོས་བཏབ་པས་ནོར་རྣམས་འབུལ་མི་མངགས་ནས་ཁོང་རང་ཟླ་བ་དང་པོའི་ཚེས་བརྒྱད་ལ་དུས་ཀྱི་ཆོས་ཉིད་དུ་གྱུར་པ་ན་གདུང་རྣམས་ཀྱིས་ལྕགས་ཆོད་པ་དང་མཐོན་པོའི་རིགས་སུ་སྐྱེ་བ་གསལ་བར་བླངས་པ་དག་བྱུང་བ་ནི་བླ་མར་མོས་གུས་ཀྱི་མཐུ་ཁོ་ནའོ་སྙམ་མོ། །དེ་ནས་ཧོར་ཟླ་གཉིས་པ་ཤར་མཚམས་གོང་ཞབས་ནས་རྒྱ་སྦུག་ཁྱད་ཅན། གསེར་དངུལ་གོས་དར་སོགས་རྫོངས་བའི་གནང་སྦྱིན་བཟང་པོ་དང་དགྱེས་བཞིན་པའི་བསླབ་སྟོན་ཞིབ་མོར་སྩལ་བས་ཐུགས་ཀྱི་ཟ་མ་ཏོག་བསྐང་སྟེ་ཆིབས་བཏེག་རིམ་པར་ལུམ་པའི་གྲུ་བརྒྱུད་སྨིན་གྲོལ་གླིང་དུ་ཕེབས། དེར་གཙུག་ལག་ཁང་གི་བཟོ་གྲྭ་རྣམས་ཚུགས་པས་ཟླ་བ་གསུམ་པའི་ནང་དུ་གཉེར་པ་ཀུན་རྒྱམ་པའི་ཁྱིམ་དུ་བཞུགས་གནས་སྤོ་བར་མཛད་དེ། ཨེ་པ་དབུ་མཛད་བག་གྲོ་སོགས་འབུར་བཟོ་བ་བདུན་ལ། བཀའ་བརྒྱད་ཀྱི་རྣལ་འབྱོར་རྒྱུན་དབང་དང་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་མཛད་དེ་དཔལ་ཆེན་ལྷ་ཁང་དུ་ཆེ་མཆོག་དབུ་དགུ་པ་དང་མ་མགོན་སོགས་སྔགས་སྐུ་ཆེ་བ་བདུན་སོགས་བཟོ་གནས་ཤིན་ཏུ་རྒྱས་ཤིང་ཞིབ་པ་ཟླ་ཕྱེད་སྐོར་ལ་གྲུབ་པའི་ཆོ་འཕྲུལ་ལྟ་བུ་དང་། སོ་སོར་བླ་རྡོ་སྲོག་འཁོར་སོགས་ཀྱང་ཕྱག་ལས་བསྟར་ཏེ་མན་ངག་གི་གནད་དང་ལྡན་པའི་གཟུངས་འབུལ་མཛད་ཅིང་། མ་མོའི་སྐུ་ལ་ཚོན་རྩི་མ་སྒྲོན་གོང་ནས་རང་མདོག་ཏུ་འགྱུར་བ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། ཟླ་བ་བཞི་པའི་ནང་གོང་ནས་བཀའ་ཤོག་ཕེབས་པ་ལྟར་ཁྲ་འབྲུག་ཏུ་ཐེགས་ཏེ། སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེས་བདུན་ལ་རབ་གནས་སྟ་གོན་དང་བརྒྱད་ལ་དངོས་གཞིའི་ཆོ་ག་སྨིན་རྒྱས་སུ་མཛད། དེ་དུས་ཐན་པ་ཤིན་ཏུ་ཆེ་ཡང་དེའི་ཉིན་ནས་ཆར་བབས་པས་ཐམས་ཅད་མོས་པར་གྱུར། ཇོ་སྟན་ཚོགས་པའི་གྲྭ་བགྲེས་འགའ་ལ་ཚེ་དབང་སོགས་སྩལ་ཅིང་ཕོ་བྲང་སྣེའུ་གདོང་རྩེར་སྤྱན་དྲངས་ནས། ཞབས་དྲུང་གདུང་བརྒྱུད་ཡིད་བཞིན་ནོར་བུར་པད་གླིང་དྲག་དམར། ཚེ་དཔག་མེད། རྟ་མགྲིན་རྣམས་ཀྱི་དབང་བཀའ་དང་གདོན་འགྲོལ་རྣམས་ཐུགས་བཞེད་བཞིན་སྩལ། ཟངས་རིར་ཡང་སྤྱན་འདྲེན་གནང་ནས་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད་ཅིང་། དེར་སྡེ་སྲིད་རིན་པོ་ཆེ་དང་། མི་དབང་ཆེན་པོའི་ཡུམ་བཅས་པར་ཚེ་དབང་བརྒྱ་རྩ་དང་། བྱབ་ཁྲུས། འཆི་བསླུ། གདོན་འགྲོལ་སོགས་འཕྲལ་སེལ་གྱི་སྐུ་རིམ་མང་པོ་དང་། རྟེན་གསར་བཞེངས་རྣམས་ལ་རབ་གནས་ཀྱང་མཛད་ནས་ཕྱིར་ལམ་རྣམ་སྲས་གླིང་དུ་ཞལ་ངོ་རྣམས་ལ་ཚེ་དབང་སོགས་སྩལ་ནས་གདན་སར་ཕེབས། དེར་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་སླེ་སྦུས་ཆོས་མཛད་ལ་ནཱ་ཀ་རཀྴ་དང་། རཏྣའི་རྟ་ནག་གི་དབང་ལུང་རྣམས་སྩལ་ཅིང་། གོང་ཞབས་ནས་དངུལ་དཀར་གྱི་བདེ་གཤེགས་མཆོད་རྟེན་བརྒྱད་ཐོག་ཚད་མ་སོ་སོའི་སྙན་དར་དང་བཅས་གནང་བའི་དོ་དམ་པ་ལྷུན་གྲུབ་གླིང་པ་ཅན་འབྱོར། ཟླ་བ་ལྔ་པའི་ཚེས་གསུམ་ནས་བཟུང་ཞག་བདུན་གྱི་བར་གཟུངས་སྒྲུབ་མཛད་དེ་དྲི་གཙང་ཁང་གི་ཐུབ་ཆེན་གཙོ་འཁོར་བཅུ་གསུམ་གྱི་གཟུངས་འབུལ་དང་སྤེན་སྡོམས་རྣམས་ལ་རབ་གནས་མེ་ཏོག་འཐོར་ཞིང་། ཐང་འབྲོག་སྤྲུལ་སྐུ་རིན་པོ་ཆེ་ཞི་བར་གཤེགས་པའི་བསྔོ་རྟེན་དང་། གཞན་ཡང་དབུ་མ་ཕྱག་མཛོད། ཞལ་ངོ་རྒྱལ་པོ། བཀའ་བརྒྱད་སྨད་པ། སྡེ་པ་སྒེམ་བུ་བ་སོགས་འདས་པའི་བསྔོ་རྟེན་དང་བྱང་ཆོག་ཞུ་མི་མང་པོ་རེ་བ་བཞིན་བྱང་གྲོལ་ལ་བཀོད། ཁམས་སྡེར་གེ་ལྷ་ཀླུས་གསེར་དངུལ་རྟ་དྲེལ་ཇ་སིག་སོགས་ཕུལ་ཞིང་རེ་བ་ཆོས་བཞིན་དུ་སྐོང་བར་མཛད། སྨིན་གྲོལ་གླིང་འདུས་ཚོགས་ལྷ་ས་བྱང་གླིང་དུ་དད་ནོར་ཅན་ཞལ་ངོ་རྒྱལ་པོའི་འདྲེན་སྟོན་དུ་སྤྱན་དྲངས་པའི་ཐེགས་ཁར་གཏེར་གསར་དྲག་དམར་གྱི་གཏོར་དབང་མཛད། མདོ་མཁར་སྡེ་པ་དགོས་དགོས་ལྷོའི་དཔུང་ཐོག་ཏུ་གཤེགས་པའི་སྐུ་འདད་གྲལ་དབུར་གོང་ནས་བཀའ་ལུང་དང་མདོ་མཁར་རང་གི་སྤྱན་འདྲེན་པ་འབྱོར་བ་ལྟར་གྲི་གུ་བརྒྱུད་ལྷོ་མདོ་མཁར་དུ་ཐེགས་ཏེ། དོང་སྤྲུགས་ཀྱི་སྒོ་ནས་སྒྲིབ་པ་སྦྱོང་བའི་ཆོ་ག་དང་སེར་ཚོགས་ཀྱི་གྲལ་དབུ་མཛད། བསྙེན་བཀུར་དང་འབུལ་བ་ཚད་མེད་པས་ཞབས་ནས་བཏེག སྨྲ་བོ་དང་ལྕོག་པོ་བ་སོགས་བླ་མ་མང་པོ་དང་བསམ་དགོན་ནས་ལྕམ་སྲིང་མ་བསོད་ནམས་དཔལ་འཛོམ་ཡུམ་སྲས་སོགས་མཇལ་མི་མང་པོ་བྱུང་། མདོ་མཁར་གྱི་ཞལ་ངོ་རྣམས་དང་ལྕམ་སྲིང་མ་སོགས་ལ་རྐྱེན་སེལ་གྱི་དབང་བཀའ་ཡང་འགའ་ཞིག་མཛད་ནས་ཕྱིར་ལམ་དགེ་ཡེར་སྐོར་ཙམ་ཐེགས་ཏེ་རིམ་པར་སྨིན་གྲོལ་གླིང་དུ་ཕེབས། ཟླ་བ་བདུན་པའི་ནང་ཕལ་ཆེར་སྐུ་མཚམས་མཛད་པ་གྲོལ་རྗེས་གྲྭ་ཐང་གི་གྲྭ་པ་གཉིས་ལ་ཞང་བློན་གྱི་རྗེས་གནང་ཡང་སྩལ། ཟླ་བ་བརྒྱད་པའི་འགོར་འཕྱོངས་རྒྱས་སུ་སྐུ་མེས་ནོར་བུ་དར་རྒྱས་གཤེགས་པའི་པུར་སྲེག་སྦྱང་ལ་ཤེལ་བྲག་ཏུ་སྤྱན་དྲངས། དེའི་དུར་ཁྲོད་དུ་དོང་སྤྲུགས་ལ་བརྟེན་ཏེ་པུར་བཞུ་བ་མཛད་ནས་དེ་ནུབ་བླ་བྲང་འོག་ཏུ་བླ་མས་སྤྱན་དྲངས། ནངས་པར་རྩེའི་གནས་གཟིགས་རྣམས་མཛད། བླ་བྲང་གོང་དུ་སྣེ་གདོང་བདག་མོ་ཡུམ་སྲས་དང་བྲག་ཉག་ཏུ་དགེ་སློང་ཡེ་ཤེས་ཕུན་ཚོགས་ཀྱིས་སྤྱན་དྲངས། དེར་བྱ་བཏང་མང་པོ་ཚོགས་པ་ལ་གནམ་ལྕགས་བྲག་གི་གཏེར་རྫས་ཀྱི་མཇལ་ཁ་མཛད། དེའི་འཚུབ་ཀྱི་རྣམ་པས་དེ་ཉིན་ཕྱིར་ལམ་བྱ་སར་མ་ཕེབས་བར་སེར་ཆོལ་ཆེན་པོ་བབས། དེ་ནས་གདན་སར་ཕེབས་པ་དང་སྐུ་ཞང་འབྲིང་པོ་བསྙུན་གཞི་ཐུ་བོས་བཏབ་སྟེ་ཞལ་མི་འཚོ་བར་ཤེས་ནས་རྗེ་ཉིད་འདུམ་པོར་སྤྱན་དྲངས་པ་ལྟར་ཐེགས། སྐབས་དེར་འཕྲོད་པའི་གདམས་པ་དང་འཕོ་བའི་མཚམས་སྦྱོར་མཛད་དེ་རྗེས་སུ་བཟུང་། ཕྱིར་ཕེབས་ནས་སྒོ་ཁང་སྟེང་གི་གཉྫི་ར་གཉིས་དང་གཞལ་ཡས་ཁང་གི་རྡོ་རྗེ་སེམས་དཔའི་སྐུའི་གཟུངས་འབུལ་མཛད། སྐབས་འདིར་གོང་མའི་སྐུ་རིམ་དུ་འཕྱོངས་རྒྱས་རྫོང་དུ་ཚེ་ཆོག་བཞི་སྡེ་བརྗེ་ལེན་སྟར་ཆགས་སུ་དགོས་པའི་རྒྱུན་ཐོག་མར་ཚུགས། ཟླ་བ་དགུ་པའི་མཇུག་ཏུ་ཉིད་ཀྱི་ཡུམ་དང་། གཅུང་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་ཚད་རིམས་ཀྱི་རྣམ་པས་སྐུ་ཤིན་ཏུ་སྙུང་བ་ལ་སྨན་དཔྱད་དང་སྐུ་རིམ་དྲག་པོ་མཛད་པས་སྙུང་གཞི་ལས་གྲོལ། གཟིམ་དཔོན་བསྟན་འཛིན་དཔལ་བཟང་ཡང་ནད་དེས་བཏབ་པ་ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ཀྱི་ཐོ་རེངས་ཁར་འདས་པར་འཕོ་བའི་མཚམས་སྦྱོར་དང་སྒྲིབ་སྦྱོང་གི་ཆོ་ག་མང་དུ་མཛད་པས་སྐྱེ་གནས་བཟང་པོར་ཉིང་མཚམས་སྦྱོར་བའི་མཚན་མ་མངོན་དུ་གཟིགས། འདི་ནི་རྗེ་འདིའི་ཞབས་བརྟན་ཡུན་ལོ་ལྔའི་ངོ་མཐོང་ཙམ་ལས་མ་བྱུང་ཡང་། འདོད་པ་ཆུང་བས་ཟུར་ཁང་དང་དངོས་པོ་ཟུར་གསོག་མེད་པ་དང་། དུངས་པ་ཆེ་བས་སྐུ་ཉེ་གྲྭ་སློབ་སོགས་རྗེས་བདག་གིར་མཛད་པ་རྣམས་ལ་སྙིང་ཉེ་བ་དང་། དད་གུས་ཆེ་བས་མི་མཉེས་པ་སྐད་ཅིག་ཙམ་ཡང་མེད་པའི་སྒོ་ནས་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས་པའི་མཐུས་རབ་བླ་མའི་མོས་གུས་ཀྱིས་གྲོལ་བ་ཞེས་བྱ་བའི་ཚུལ་དང་མཐུན་པ་ཡིན་ནོ། །དེ་དུས་སྨིན་གྲོལ་གླིང་འདུས་ཚོགས་ཀྱིས་དོང་སྤྲུགས་དང་བྱམས་གླིང་སྒྲུབ་སྡེ་བ་རྣམས་ཀྱིས་ཀུན་རིག་གི་སྒྲུབ་མཆོད་ཞག་སྦྲེལ། ཕྱོགས་མཐའི་སྐྱེས་ཆེན་རྣམས་ལ་བསྔོ་རྟེན་གྲྭ་ཕྱི་ནང་འཕྱོངས་རྒྱས་ཀྱི་དགོན་སྡེ་རྣམས་ལ་མང་ཇ་སོགས་རྗེས་སུ་འགྲོ་བའི་དགེ་བའི་སྟོངས་རྒྱ་ཆེན་པོ་མཛད། དེ་ནས་ཕྱི་ལོ་སྐུ་ཚེའི་འཕྲང་གི་གཉན་ཆ་ཡོད་པར་བརྟེན་གཟིམ་ཆུང་བདེ་བ་ཅན་དུ་སྐུ་མཚམས་མཛད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། བདག་ཅག་གྲྭ་པ་བདུན་གྱིས་སྐུ་ཚེ་སྒྲུབ་པའི་བཅད་རྒྱ་བདུན་ཕྲག་གཅིག་བགྱིས་ནས་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཀྱི་ཉིན་འདུས་ཚོགས་ཀྱིས་ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་བརྟན་བཞུགས་རྒྱས་པར་ཕུལ། སྐབས་དེར་གོང་མ་རྒྱལ་བའི་དབང་པོའི་སྐུ་ཞབས་ནས་བཞུགས་གདན་རྡོ་རྗེའི་རེ་ཁཱ་ཅན་དང་། སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང་། ཇ་སིག་གོས་དར་སོགས་འབུལ་བ་སྤམ་མཐོ་བ་དང་། འདུས་ཚོགས་སུ་གྲྭ་ཇ་བཀྲ་ཤིས་ཁ་བཏགས་ཀྱི་འགྱེད་དང་བརྟན་བཞུགས་བཀའ་རྩོམ་རབ་དཀར་ལྷག་བསམ་མ་དང་བཅས་ཞབས་པད་རིང་འཚོའི་རྟེན་འབྲེལ་སྒྲིག་པའི་མི་སྣར་ཕུ་ལུང་དགེ་སློང་བློ་བཟང་ཡོན་ཏན་ཆེད་དུ་གནང་བ་རུང་ཁང་གསར་པའི་ཐབ་ཞལ་བསྲོའི་མང་ཇ་འདེབས་མ་རག་དང་འགྲིག་པས་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་པ་ནི་དུས་ལ་མི་སྒྲིབ་པའི་གཟིགས་པས་སྩལ་བར་ངེས་སོ། །དེ་ནས་གཟིམ་ཆུང་མགོན་ཁང་དང་དཔལ་ཆེན་ལྷ་ཁང་གི་རྟེན་དང་གཏོར་གཞི་སོགས་ལེགས་པར་གྲུབ་སྟེ་སྟེང་ཤོད་གཉིས་ཀར་རབ་ཏུ་གནས་པའི་ཆོ་ག་མཛད། གཟིམ་ཆུང་མགོན་ཁང་གི་རབ་གནས་མཚན་ལ་མཛད་པའི་སྲོད་ཀྱི་དུས་ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ་སྟེང་ནས་རྐང་གླིང་བུས་པ་ན། དེར་གློ་བུར་དུ་བྱ་རོག་ལྷགས་ཏེ་ལྡིང་བ་དང་། ཀི་སྒྲ་ཆེན་པོ་བྱུང་བ་ཀུན་གྱིས་ཐོས། འདུམ་པོར་སྐུ་མེས་དང་སྐུ་ཞང་གི་སྐུ་འདད་དངོས་གཞིར་སྨིན་གྲོལ་གླིང་འདུས་ཚོགས་ཀྱི་གྲལ་དབུར་སྤྱན་དྲངས་ཏེ་ཞབས་ཏོག་དང་འབུལ་ནོད་རྒྱ་ཆེ་བ་བསྟབས། དེ་དུས་རྒྱལ་མཆོག་དམ་པའི་སྐུ་ཞབས་ནས། མངའ་རིས་པཎ་ཆེན་སོགས་ཚངས་སྤྱོད་ལ་ཐུགས་ཞེན་པས་གཏེར་ཚང་མ་མ་ཐོན་པ་དང་། མཆོག་ལྡན་མགོན་པོ་དང་ལས་འབྲེལ་རྩལ་སོགས་རིག་མ་ནོར་བས་སྐུ་ཚེ་དང་འཕྲིན་ལས་ལ་བར་ཆད་བྱུང་བ་སོགས་མང་བས་རང་གཏེར་གྱི་ལུང་བྱང་དང་མཐུན་པའི་རིག་མ་ཞིག་བཞེས་དགོས་པའི་བཀའ་ལུང་གི་བཀའ་ཤོག་དང་། ངེད་སྤུན་ལའང་དེའི་ཞབས་འཐུད་ཀྱི་ཞུ་བ་དང་རིག་མ་འཚོལ་བ་སོགས་ལ་འབད་དགོས་ཚུལ་དང་། དོགས་གཞི་བྱུང་ན་འཕྲོས་གྱིས་ཤིག་པའི་བཀའ་ཤོག་ཀྱང་ཕེབས། དེ་ནས་སྨོན་གྲུབ་ཏུ་སྐུ་ཞང་གི་སྲས་མོ་འདས་པའི་འདད་ཀྱི་གྲལ་དབུར་ཐེགས་ཤིང་། ལོ་མཇུག་དུས་རིམ་ཆེན་མོའི་རྡོ་རྗེ་སློབ་དཔོན་དང་།

དགུང་ལོ་སུམ་ཅུ་སོ་གསུམ་པ།

དགུང་ལོ་སུམ་ཅུ་སོ་གསུམ་པ་ས་རྟ་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་ཡང་རྒྱས་པར་མཛད་རྗེས། གོང་མའི་ལུང་གིས་བསྐུལ་ཏེ་རྡོ་རྗེ་བྲག་ཏུ་ཐེགས་ནས་སྤྲུལ་སྐུ་རིན་པོ་ཆེ་ལ་འཆར་ཁ་གནུབས་ལུགས་ཀྱི་དབང་ལུང་གསན་ཞིང་ཕར་ཡང་གནམ་ལྕགས་བྲག་གི་གཏེར་རྫས་ཀྱི་མཇལ་ཁ་བྱིན་རླབས་དང་གཏེར་གསར་གྱི་ཚེ་དབང་མཛད། དེ་ནས་གདན་སར་ཕྱིར་ཕེབས་ནས་ཟླ་བ་གཉིས་ཙམ་ཕྱི་མཚམས་ལ་བཞུགས་ཏེ། ཐུགས་དམ་གྱི་བར་བསེང་ལ་ལྡེབས་རིས་ཀྱི་བཀོད་པའི་ཤོག་ཁྲ་སོགས་མཛད་ནས། རི་མོ་བ་འོ་རློན་ནས་ཕོ་བྲང་ཕུན་ཚོགས། ལྷ་ཁང་སྐུ་སྐྱེ། ཞོ་ར་སྦུས་ཁྱིམ་པ་རྣམས་སོ་སོའི་སློབ་མར་བཅས་པས་འདུ་ཁང་། སྒོ་འཕྱོར་ཕྱི་ནང་། མགོན་ཁང་། སེང་གཡབས་ཡས་མས་རྣམས་ཀྱི་ལྡེབས་རིས་བྲི་བའི་དབུ་ཚུགས། ཟླ་བ་བཞི་པའི་འགོར་གོང་ནས་བཀའ་ཤོག་ཕེབས་པ་ལྟར་སྐྱིད་ཤོད་དུ་ཆིབས་བཏེག་ནས་ཕོ་བྲང་ཆེན་པོར་ཕེབས་མ་ཐག་གོང་དུ་ཕྱག་འབུལ་དུ་ཐེགས། དེར་གོང་ཞབས་ཀྱི་སྐུ་རིམ་དུ་གདོན་འགྲོལ། བྱད་འགྲོལ། འཆི་བསླུ། མཁའ་འགྲོ་གྲིབ་སེལ། སྡེ་བརྒྱད་གྲིབ་སེལ། ཚེ་དབང་དང་གུར་དྲག་གི་དབང་འཆར་ཀ་གནུབས་ལུགས་ཀྱི་དབང་ལུང་རྣམས་འབུལ་བར་མཛད། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། གུང་ཐང་སྤྲུལ་པའི་སྐུ། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་འགའ་རེ་བཅས་པར་གཏེར་གསར་དྲག་དམར་དང་། སྙེ་མདོ་ཆོས་རྗེར་ཕུར་སྒྲུབ་ཀྱི་ཕྱག་ལེན་དམར་ཁྲིད་དུ་སྩལ། དེ་ནས་ལྷ་སར་ཕེབས་ཏེ་རྨེ་རུ་རྙིང་པར་གཞུང་གི་སྐུ་རིམ་ལ་ཞབས་ཕྱིར་གྲྭ་པ་སུམ་ཅུ་སྐོར་དང་བཅས་ཏེ་ཁྲོ་རོལ་ཁྱུང་དགུ་མའི་གཏོར་བཟློག་མཛད། དེ་དུས་སྐུ་གྲིབ་དང་འཚུབ་ལྷོངས་ཀྱི་རྣམ་པས་སྐུ་ཤིན་ཏུ་བསྙུན་པ་ན་གོང་ཞབས་ནས་ཐུགས་དམ་བརྟག་པའི་བཀའ་ཤོག་བྱིན་རླབས་རྟེན་དང་གསོལ་ཇ་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་བསྙུན་གསོལ་ཡང་ཡང་སྩལ། བླ་སྨན་དར་མོ་ནས་དང་འཚོ་བྱེད་གཞན་ཕན་གྱིས་གསོལ་སྨན་ཕུལ་ཞིང་། འབྲས་སྤུངས་ཚོགས་ཆེན་དུ་མང་ཇ་དང་། བློ་གསལ་གླིང་དུ་གྲྭ་ཇ་སྤོང་ཐག་སོགས་སྐུ་རིམ་ཡང་མང་དུ་བསྒྲུབས། དགེ་སློང་ངག་དབང་དཀོན་མཆོག་གིས་ཉིད་ཀྱི་ཞབས་ཕྱིའི་གྲྭ་པ་རྣམས་ལ་ཇ་སྐོལ་འགྱེད་སྤོང་ཐག་དང་བཅས་ཏེ་ཞབས་བརྟན་ཕུལ། གོང་གི་བསླབ་སྟོན་ལྟར་དེ་བར་ངེད་གྲྭ་པ་རྣམས་ཀྱིས་བརྟན་མའི་སྒོས་མདོས་ཤིག་བཙུགས། སྐུ་དྭངས་རྗེས་དཀྱིལ་འཁོར་སྡིངས་སུ་བཀའ་བརྒྱད་ལ་བརྟེན་ཏེ་རབ་གནས་དང་། ཚོགས་བརྒྱ། ཞི་བའི་སྲེག་བླུགས་བརྒྱ་རྩ་རྣམས་མཛད། གོང་ནས་གནང་སྦྱིན་བཟང་པོའི་རྫོངས་བ་སྩལ་ཏེ་རྩེར་ཞག་འགའ་ཡར་བཞུགས་ནས་ཆུ་ཤུར་བརྒྱུད་སྨིན་གྲོལ་གླིང་དུ་ཕེབས། དེ་ནས་མི་རིང་བར་གཞུང་གི་སྐུ་རིམ་ལ་ཁྲ་འབྲུག་ཏུ་ཐེགས། དེར་ཡང་ཁྲོ་རོལ། ཕུར་སྒྲུབ། ཞི་བའི་སྦྱིན་སྲེག རབ་གནས་རྣམས་མཛད། དེ་དུས་ཐན་པ་ཤིན་ཏུ་ཆེ་བ་ལ་རབ་གནས་ཀྱི་ཆོ་གའི་བརྟན་བཞུགས་ཚུགས་པ་དང་ཆར་ཆེན་པོ་བབས་ཏེ་སྐྱེ་བོ་ཀུན་མོས་ཤིང་དགའ་བར་གྱུར། ཞབས་དྲུང་ནོར་བུ་ཁྲ་སྒོར་ལ་དྲག་དམར་དང་ཚེ་དབང་། ཇོ་སྟན་ཚོགས་པའི་གྲྭ་པ་མང་པོར་དབང་རྗེས་གནང་འཕོ་བའི་མྱོང་ཁྲིད་སོགས་འདོད་ཆོས་མང་དུ་མཛད། སྣེ་གདོང་རྩེར་གདན་དྲངས་བའི་ཕེབས་ལམ་ཚོགས་ཀྱི་འདུ་ཁང་དུ་སྤྱན་དྲངས་ཏེ་ཞབས་ཏོག་རྒྱ་ཆེར་བསྟབས། ཚོགས་ཀྱི་ནང་རྟེན་རྣམས་ཞིབ་མཇལ་མཛད་ནས་རྩེར་ཕེབས། ཞབས་དྲུང་ཡབ་སྲས་ལ་ཚེ་དབང་བརྒྱ་རྩ་སོགས་ཀྱིས་ཐུགས་བཞེད་སྐོང་བར་མཛད། ཟངས་རི་ནས་སྤྱན་འདྲེན་བྱུང་བ་ལྟར་ཆིབས་རགས་རྣམས་དེར་ཕེབས། སྐུ་རྟེན་མང་པོ་དང་རྫོང་ལ་ཞིག་གསོས་མཛད་འདུག་པར་རབ་གནས་དང་སྡེ་སྲིད་ཉིད་ལ་ཚེ་དཔག་མེད་དང་དྲག་དམར་གྱི་དབང་བཀའ་རྣམས་མཛད། སྣེ་གདོང་ཞབས་དྲུང་མ་ཆེན་གྱིས་གདན་ས་ཐེལ་དུ་སྤྱན་དྲངས། དེར་གནས་དང་རྟེན་བརྟེན་པར་བཅས་པ་རྣམས་ཞིབ་མཇལ་མཛད་ནས་ཕྱིར་ལམ་ཟངས་རི་སྡེ་སྲིད་ཐོག་མར་ཕེབས་འདུག་པ་ལྟར་དེ་ནུབ་བཞུགས་ནས་རིམ་པར་ཉ་མགོ་གྲུ་བརྒྱུད་མོན་མཁར་རྣམ་སྲས་གླིང་དུ་ཞལ་ངོ་རྣམས་ལ་ཚེ་དབང་མཛད་དེ་གདན་སར་ཕེབས་ནས་མངོན་པར་མཁྱེན་པ་མངའ་བ་ལྷས་སྒང་པ་ཀུན་བཟང་ཆོས་རྒྱལ་སྤྱན་དྲངས་ཏེ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་དབང་ལུང་མན་ངག་གི་བཀའ་རྣམས་དང་། དགོན་གསར་ཆོས་རྗེ་འབྲོམ་སྟོན་གཞན་ཕན་རྣམ་རོལ་ལ་རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས། བླ་མ་གསང་འདུས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་རྣམས་ཀྱི་དབང་ལུང་གསན། ཕར་ཡང་མངོན་མཁྱེན་རིན་པོ་ཆེར་གུར་དྲག་དང་། ཚེའི་དབང་བཀའ། དགོན་གསར་ཆོས་རྗེར་གནམ་ལྕགས་བྲག་གི་གཏེར་བྱོན་གྱི་དབང་ལུང་རྣམས་མཛད། དེ་ནས་མཚན་ལྡན་འགའ་ལ་གོང་ཞབས་ནས་ཐུགས་དམ་བརྟག་པ་མཛད་པས་ལྷ་ལྕམ་ཁྲོམ་པ་རྒྱན་གྱི་ཡང་སྲིད་དུ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་ཡར་འབྲོག་ཁྲི་དཔོན་ཧྱེནྟུ་ཤྲཱི་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་ལྕམ་མོ་དངོས་གྲུབ་དཔལ་འཛོམ་ཞེས་བྱ་བ་ཁབ་ཏུ་བཞེས་ཤིག་པའི་བཀའ་ལུང་ཕེབས་པ་བཞིན། ཉིད་ཀྱི་ཡུམ་དང་གྲྭ་བུ་སློབ་རྣམས་ཀྱིས་ཀྱང་ནན་ཏར་གསོལ་བ་བཏབ་སྟེ། ཧོར་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ལ་ཕུན་སུམ་ཚོགས་པའི་དཔལ་གྱི་འབྱོར་པ་རྒྱ་ཆེན་པོའི་སྒོ་ནས་ཁབ་ཏུ་བསུས། དེ་དུས་གོང་ཞབས་ནས་ལེགས་སོར། རྗེ་ཉིད་ལ་སྙན་ངག་གི་ལམ་ནས་དྲངས་པའི་བཀའ་ཤོག་བི་ཝརྟ་དང་གསེར་སྲང་འཁོར། གོས་ཕྱི་ནང་ཡུག ཇ་སིག དཀར་ལྟང་། རྟ་སོགས་སྤམ་མཐོ་བ་དང་། ཞབས་དྲུང་ཁྲི་ལྕམ་ཉིད་ལའང་། རྒྱ་མུ་ཏིག་གི་མཐོན་འཛི་བྱི་རུ་དང་སྤུར་ལེན་གྱི་དོ་ཤལ་སོགས་གནང་སྐྱེས་བཟང་པོ་སྩལ་བའི་མི་སྣར་སྡེ་པ་ཕུ་ལུང་པ་ཆེད་དུ་གནང་། གཞན་ཡང་གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་ཀྱང་ལེགས་སོའི་བསྙེན་བཀུར་དང་འབུལ་ནོད་རྒྱ་ཆེར་བསྟབས། དེ་ནས་ཟླ་བ་བཅུ་པ་ཙམ་ནས་བཟུང་དགུན་འདི་ལོ་མཇུག་དུས་རིམ་ལའང་མ་ཕེབས་པར་གཟིམ་ཆུང་བདེ་བ་ཅན་དུ་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོར་བཞུགས་ཏེ་གཏེར་གསར་གུར་དྲག་ལ་སོགས་པའི་ལྗགས་བསྙེན་མཛད་ཅིང་། དེ་དུས་ཐུན་མཚམས་ལ་འཁྲུལ་ཞིག་ཀློང་ཡངས་འོད་གསལ་ལ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་བཀའ་མཛད། ཚུར་ཡང་ལྗགས་བསྙེན་གྱི་མཚམས་ཤིག་ལ་རོག་ལུགས་ཀྱི་སྒྱུ་འཕྲུལ་ཚེ་དབང་གསན་ཞིང་དེ་དུས་ཅུང་ཟད་སྐུ་མི་བདེ་ཙམ་ཡོད་པར་ཡང་བདུད་རྩིའི་དྭངས་མ་བཅུད་དུ་ལེན་པ་དང་གཙོ་བོར་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་རྟགས་མངོན་དུ་གྱུར་པས་སྒྲ་གཅན་ལས་གྲོལ་བའི་ཟླ་བ་བཞིན་གྱུར་ཏོ། །

དགུང་ལོ་སོ་བཞི་པ།

དགུང་ལོ་སོ་བཞི་པ་ས་མོ་ལུག་གི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྒྱ་ཆེར་མཛད། དེ་ནས་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་རྗེ་ཉིད་འདུས་པར་བཅས་པས་འདུ་ཁང་དུ་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་དཀྱིལ་འཁོར་ལ་བརྟེན་ནས་དེ་ཡན་ཆད་དུ་གྲུབ་པའི་བྲིས་འབུར་གྱི་རྟེན་རྣམས་ལ་རབ་ཏུ་གནས་པའི་ཆོ་ག་ཉིན་གཉིས་མའི་ལུགས་ལྟར་རྒྱས་པར་མཛད་ཅིང་། གོང་ཞབས་ནས་སྡེ་སྲིད་ཁྲི་འདོན་གྱི་སྒོ་དོད་པར་སུ་ལ་འོས་སོགས་བཀའ་བགྲོས་ཀྱི་བཀའ་ཤོག་ཕེབས་པར་བོད་ཀྱི་རྗེར་འོས་པ་རྒྱ་ཅན་དང་གཏེར་ལུང་ནས་བཤད་ཚུལ་སོགས་ཀྱི་ཞུ་བ་ཞིབ་རྒྱས་འབུལ་བར་མཛད། འདི་སྐབས་ཕ་རོལ་པོ་གྲགས་ཅན་ངོས་ཟིན་པ་ཞིག་གིས་རྡོ་རྗེ་ནང་དམེ་བྱས་པའི་མཚན་ལྟས་གསལ་བར་གཟིགས་པ་དྲག་སྔགས་ཀྱི་ཕྱིར་བཟློག་སོགས་མ་མཛད་ཀྱང་སྟོང་པ་ཉིད་དང་སྙིང་རྗེས་ཟིལ་གྱིས་མནན་པས་མི་རིང་བར་རྟགས་མངོན་དུ་གྱུར་པ་ནི་ཀུན་གྱིས་མཐོང་བ་ཉིད་དོ། །དེ་ནས་ཟླ་བ་གསུམ་ལ་ཉེ་བའི་བར་སྐུ་ཕྱི་མཚམས་བཅད་པའི་ཁོངས་ནས་ཕྱོགས་འདུས་འགའ་ལ་འདོད་ཆོས་ཅི་རིགས་པ་དང་གཙོ་བོར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། ཟླ་བ་ལྔ་པའི་འགོར་སྐྱིད་ཤོད་དུ་ཆིབས་བཏེག་པའི་ཕེབས་ལམ་ལ་གྲྭ་ནང་ཕུག་པ་བས་རབ་གནས་ལ་སྤྱན་དྲངས་པ་ལྟར་ཐེགས། རིམ་པར་ལུམ་པའི་གྲུ་བརྒྱུད་སྟོད་ལུང་དུ་གཞོང་པ་ལྷ་ཆུ་མཇལ་དུ་ཕེབས་ཤིང་། ཚེས་བཅུ་བ་མང་པོར་ལེའུ་བདུན་མ་དང་ཐུགས་ཐིག་ལས་བྱང་གི་ལུང་ཡང་སྩལ། དར་ཆེན་འཛུགས་པ་དང་གཏོར་མ་བསྔོ་བ་སོགས་མཛད་དེ་རིམ་པར་ཕོ་བྲང་རྩེར་ཕེབས་མ་ཐག་རྒྱལ་མཆོག་དམ་པའི་ཞབས་དྲུང་དུ་ཕྱག་འབུལ་མཛད་ཅིང་། སེ་བཀྲ་བཟང་པ། ཟུར་ཆུ་མིག་པ། སྒྲོལ་མ་བ། དཀར་པོ་ལྕོག་སྤྲུལ་པའི་སྐུ་སོགས་བླ་མ་མང་པོ་མཇལ་དུ་བྱོན་པ་རྣམས་ཀྱི་རེ་འདོད་སྐོང་བར་མཛད། དེར་གོང་ཞབས་མཆོག་གི་བཀའ་ལས། རེ་ཞིག་གཡེང་བ་ཆེས་པ་བཅས་ལྷོད་ཆགས་པ་ཞིག་མི་འོང་འདུག་པར་མ་ཟད། འབྲི་གུང་ནས་སྤྱན་འདྲེན་གྱི་སྙན་འབུལ་ཡང་ཕུལ་ཡོད་འདུག་ཅིང་འདིར་ཡང་སྤྱན་དྲངས་ཆོག་པ་དགོས་ཚུལ་སྔ་ཕྱིར་བྱུང་བས། ད་ལམ་སྔོན་ལ་འབྲི་གུང་ལ་ཐེགས་ན་འཐད་པའི་བཀའ་ལུང་ཕེབས་པ་ལྟར། རྩེར་ཞག་གསུམ་བཞུགས་ཏེ་ལྷ་གདོང་གྲུ་བརྒྱུད་ཆིབས་བཏེག་པའི་ལམ་དུ་ལ་མོ་ཆོས་སྐྱོང་གིས་སྤྱན་དྲངས་ཏེ་ཞབས་ནས་བཏེག དེར་འབྲི་གུང་ནས་ཞབས་བསུར་སྤྲིན་ཆེན་པ་དཔོན་གཡོག་འབྱོར། ཀ་ཚལ་དུ་རིག་འཛིན་དཀོན་ཅོག་ལྷུན་གྲུབ་དང་། ཀ་ཚལ་ཁྲི་པས་དབུས་སྐྱ་སེར་སུམ་བརྒྱ་སྐོར་ལ་ཚེ་དབང་དང་། ཀ་ཚལ་ལྷ་ཁང་མཇལ་བར་མཛད་ནས་རིམ་པར་ཞྭ་ལྷ་ཁང་མཇལ་དུ་ཐེགས། དེ་སྐབས་ལྷ་ཁང་དུ་ཕེབས་པ་དང་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་སྤྲིན་འཁྲིགས་ཤིང་ཁྱད་པར་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་འཇའ་ཁ་དོག་ལྔ་ལྡན་ཞིག་ཏལ་གྱིས་བྱུང་། དེ་ནུབ་དེར་བཞུགས་ནས་ཕྱག་མཆོད་དང་ཁྱབ་མཇུག་གི་བསྐང་གསོ་མཛད། ནངས་པར་ཕེབས་ལམ་དུ་འགའ་ཞིག་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྩལ་ནས་རིམ་པར་བུ་ཆེན་དྲུང་འཁོར་དང་བཅས་པའི་ཆིབས་བསུ་སོགས་བཀུར་སྟི་ཆེན་པོས་སྤྲོ་ལུང་དུ་གདན་དྲངས། དེར་ཕེབས་སྤྲོའི་སྟོན་མོ་བཟང་པོ་བསྟབས་ནས་སྐུ་དྲུང་དུ་ཕྱག་མཛོད་ཕྱག་འབུལ་དུ་བྱུང་། དེ་རྗེས་དབུ་ཆེ་དྲུང་འཁོར་སོགས་ཀྱིས་ཞབས་བསུས་ནས་མཆོག་སྤྲུལ་ཉིད་ཀྱི་ཞབས་དྲུང་དུ་སྤྱན་དྲངས་ཏེ་ཁྲི་མཉམ་རྒྱག་དང་བཞེངས་པ་སོགས་བཀུར་ཟོས་ཆེན་པོ་ཕུལ། ཐོག་མར་མཇལ་སྐབས་ཆར་ཆེན་པོ་བབས་པས་རྟེན་འབྲེལ་བཟང་ཞེས་གླེང་། ནངས་པར་སྒར་གྲྭ་ཚང་གི་གྲྭ་སློབ་རྣམས་ལ་གཤིན་རྗེའི་ལུང་དང་ཤོག་སེར་གྱི་བྱིན་རླབས་མཛད། དེ་ནས་མཆོག་སྤྲུལ་ཉིད་སྔོན་ལ་ཕེབས། རྗེ་དཔོན་སློབ་རྣམས་ཀྱིས་རྟིང་ལ་བཏེག་སྟེ་རིམ་པར་མངའ་རིས་རྒྱལ་སྲས་པ་སོགས་དབུ་ཆེ་དྲུང་འཁོར་གྱི་ཆིབས་བསུ་མང་པོ་དང་། དུང་རྒྱ་གླིང་བསང་རྒྱག་སོགས་བཀུར་སྟི་ཆེན་པོས་མདུན་བསྟར་ཏེ་རྩེ་པ་སྲ་བསྟན་རྡོ་རྗེའི་ཕོ་བྲང་དུ་ཕེབས་ནས་མཆོག་སྤྲུལ་ཉིད་ལ་ཐོག་མར་སྐུ་ཚེའི་རྟེན་འབྲེལ་སྒྲིག་པའི་བརྟན་བཞུགས་མཛད་རྗེས་ཐུགས་ཐིག གཤིན་རྗེ་འཇོམས་བྱེད། གནམ་ལྕགས་བྲག་གི་གཏེར་གསར་རྣམས་ཀྱི་དབང་ལུང་དང་། རྒྱལ་མཆོག་དམ་པའི་གཟིགས་སྣང་རྒྱ་ཅན་སྐོར་གྱི་རྩ་བ་ཆོག་བསྒྲིགས་དང་བཅས་པའི་ལུང་དང་དབང་བཀའ་བཅུ་བདུན་ཙམ་འབུལ་བར་མཛད། ཞབས་ཏོག་དང་འབུལ་ནོད་ཕུན་སུམ་ཚོགས་པ་བྱུང་ཞིང་། སྐུ་གསུང་ཐུགས་རྟེན་འགན་འབྱར་བཞུགས་གདན་སོགས་དངོས་པོ་སྤམ་མཐོ་བ་བཏེག་སྟེ་ཞབས་པད་རིང་འཚོའི་རྟེན་འབྲེལ་ཡང་བ སྒྲིགས། ཟུར་ཆུ་མིག་པ་དང་ཡིབ་ཕྱི་བླ་མ་ལ་རྡོར་སེམས་ཀྱི་དབང་ལུང་ཡང་གནང་། ཟླ་བ་དྲུག་པའི་ཚེས་གཅིག་ལ་ཆིབས་སྐྱེལ་བ་སུམ་ཅུ་སྐོར་དང་བཅས་ཏེ་ཆིབས་བཏེག་དུས་གཞིས་ཀའི་སྟེང་ནས་མཆོག་སྤྲུལ་ཉིད་ཀྱིས་དར་དཀར་གྱི་གཡབ་མོའང་མཛད། དེ་ནས་ཡིབ་ཕྱི་དགོན་དུ་བླ་མ་འོད་གསལ་ཀློང་ཡངས་པས་སྤྱན་དྲངས། དེར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་འདུས་པ་ཁྲི་ཕྲག་ཙམ་དང་མར་ལམ་ང་རུ་བའི་གཞིས་རྣམས་སུ་ཚེ་དབང་མཛད། རིམ་པར་ཡེར་པ་མཇལ་དུ་ཐེགས། དེ་དུས་ནམ་མཁའ་ཤིན་ཏུ་དྭངས་པར་ཡོད་ཀྱང་ཡེར་པ་གཟིགས་པ་དང་སྐད་ཅིག་ལ་ཡུལ་དེ་ཁོ་ནར་སྒེར་དུ་ཆར་བབས་པ་ན་བཀའ་ལས། མ་དང་མཁའ་འགྲོའི་བསུ་བར་འདུག་གསུང་། དེ་ནུབ་ཟླ་བ་ཕུག་ཏུ་ཚོགས་ཀྱི་མཆོད་པ་བརྒྱ་ཚར་མཛད། དེའི་གྲལ་དུ་ཐུགས་ཉམས་བཞེངས་པའི་སྐུའི་རྣམ་འགྱུར་དང་ཞལ་ནས་ཀྱང་། ད་རེས་འདིར་ཚོགས་གྲལ་དུ་འཁོད་པ་ཐམས་ཅད་ཕྱི་མ་ང་དང་མཉམ་དུ་རྔ་ཡབ་གླིང་དུ་འགྲོ་བའི་རྟེན་འབྲེལ་ཡོད་གསུང་པ་སོགས་ངེས་པ་ཅན་གྱི་བཀའ་ལུང་མང་དུ་ཕེབས། ནངས་པར་གནས་རྣམས་ཞིབ་མཇལ་དང་། ཡེར་པའི་གྲྭ་པ་འགར་རྟ་མགྲིན་སྐྱེར་སྒང་ལུགས་དང་བསམ་པ་ལྷུན་གྲུབ་མའི་ཆོས་འབྲེལ་མཛད། དེ་ལྟར་དབུར་སྟོད་ཀྱི་ཡུལ་སོ་སོར་ཡང་དད་ཅན་མང་དུ་འདུས་ཏེ་གཤིན་གསོན་གྱི་བསྔོ་བ་དང་ཆོས་འབྲེལ་དཔག་ཏུ་མེད་པ་མཛད་ནས་སེམས་ཅན་མཐའ་ཡས་པ་མཐོ་རིས་དང་ཐར་པའི་ཐེམ་སྐས་ལ་བཀོད་དེ་ཚེས་བཞི་ལ་ཕོ་བྲང་ཆེན་པོར་ཕེབས། དེ་ཉིན་ལྷ་སྲས་མུ་ཁྲི་བཙན་པོ་སླར་ཡང་གངས་ཅན་པ་རྣམས་ཀྱི་རྗེ་བོར་བྱོན་པ་ད་ལྟའི་སྡེ་སྲིད་རིན་པོ་ཆེ་འདི་ལ་རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་གི་བཀའི་ལུང་གི་ཅོད་པན་བཅིངས་ཏེ་ཕུན་སུམ་ཚོགས་པའི་རྒྱལ་ཐབས་ལ་དབང་བསྐུར་བའི་དགྱེས་སྟོན་ཐོག་མའི་དུས་དང་འགྲིག ཕེབས་མ་ཐག་གོང་ཞབས་ཡས་ཕྱིན་དུ་ཕྱག་འབུལ་དུ་ཐེགས། སྐབས་དེར་སྡེ་སྲིད་སྐུ་ཞབས་སུ་མངའ་དབང་རིན་ཆེན་འབར་བ་འབུལ་བར་མཛད་ཅིང་། དེའི་ཚུལ་ཡང་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་དུ་གོང་ཞབས་མཆོག་ཀྱང་བཞུགས་ཁྲིར་ཕེབས། རྗེ་ཉིད་ལའང་ཁྲི་རྒྱུན་ལས་ཆེས་མཐོ་བ་ཞིག་བཤམས་པ་ལ་བཞུགས་སུ་གསོལ་ཞིང་། དེ་ནས་ཐོག་མར་སྡེ་སྲིད་རིན་པོ་ཆེ་སྟན་དམའ་བ་ལ་བཞུགས་པར་བགེགས་སྐྲོད་ཁྲུས་གསོལ་སོགས་མཛད་རྗེས་བཞུགས་ཁྲིའི་སྟེང་དུ་ཕེབས། དེ་ལ་མངའ་དབང་རིན་ཆེན་འབར་བ་ཞེས་བྱ་བ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཆོ་ག་བྲམ་ཟེ་སོགས་ལ་གྲགས་པ་ལས་ཁྱད་པར་དུ་གྱུར་པའི་དབང་བཀའ་དང་གདེངས་ཅན་གྱི་གཙུག་གི་ནོར་བུ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེས་ཅུང་ཟད་ཀྱང་འབུལ་བར་མཛད་ཅིང་། སྲས་དང་བཅས་པའི་རྒྱལ་བ་ཐམས་ཅད་དང་ཕྱོགས་གཅིག་པར་གོང་མ་རྒྱལ་བའི་དབང་པོས་ཀྱང་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་འབེབས་པ་སོགས་བཀྲ་ཤིས་པའི་ཚོགས་མངའ་གསོལ་བར་མཛད་དོ། །དེའང་སློབ་དཔོན་ཆེན་པོས། མུ་ཁྲིའི་སྤྲུལ་པ་བློ་ཆེན་རྒྱལ་པོའི་ཚུལ༔ བུདྡྷའི་མིང་ཅན་ཁྲིམས་ཀྱི་ཁ་ལོ་འཛིན༔ ཞེས་གསལ་བར་བསྟན་པའི་དོན་གཏན་ལ་ཕེབས་པ་འདིའོ། །ཆུ་གཏེར་བཞིས་སྤྲས་ནོར་འཛིན་ཡངས་པའི་ལྟོར། །མངའ་དབང་སྒྱུར་པའི་རིན་ཆེན་མུ་ཀུ་ཊ། །བཅིངས་ཚེ་ང་ལས་ནུ་ཡི་གྲགས་དཀར་འོད། །ཉིན་བྱེད་འབར་བས་ཟླ་བ་ཇི་བཞིན་གྱུར། །དེ་ནས་ཁྲི་འབུལ་བཞེས་རིང་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དང་གུང་ཐང་སྤྲུལ་པའི་སྐུར་དོང་སྤྲུགས་ཀྱི་དབང་། ཏྲེ་བོ་སྤྲུལ་པའི་སྐུར་འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་། ཐུགས་སྲས་སྤྲུལ་པའི་སྐུར་གནམ་ལྕགས་བྲག་གཏེར་གསར་གྱི་དབང་ལུང་། ཡར་འབྲོག་ཁྲི་དཔོན་གླིང་པ་ལ་ཚེ་དབང་སོགས་ཁྲི་འབུལ་དུ་བྱོན་པའི་བླ་མ་སློབ་དཔོན་སྡེ་དཔོན་དྲུང་འཁོར་སོགས་མང་པོར་སོ་སོའི་རེ་བ་སྐོང་བའི་ཆོས་འབྲེལ་དང་གཞི་ལེན་འཁོས་སུ་ཕེབས་པ་སྩལ། ཆོས་རྗེ་བཀྲ་བཟང་པ་སྙུན་དྲག་པོས་ཐེབས་པའི་དྲུང་དུ་སྤྱན་དྲངས་ཤིང་། དེར་བྱང་ཆུབ་གླིང་པའི་ཕྱག་རྡོར་གྱི་དབང་དང་བྱད་འགྲོལ་སོགས་མཛད་པས་མི་རིང་བར་དྭངས། དེ་ནས་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ལྔ་བཅུ་སྐོར་ལ་ཞག་སྦྲེལ་ནས་དབང་བཀའ་མཛད་པ་ལ། འཇམ་དཔལ་ཚེ་བདག་གི་དབང་། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་། འཆར་ཀའི་ཟོར་དབང་། བཀའ་བརྒྱད་གསང་རྫོགས་དང་། ཐུགས་སྒྲུབ་ཀྱི་རྩ་དབང་སྒྲུབ་པ་སྡེ་བརྒྱད། སྡེ་དྲུག་བྱིན་རླབས་ཐུགས་དབང་དང་བཅས་པ། བྱང་གཏེར་སྔགས་བསྲུངས་མ་དང་གནུབས་ལུགས་སྟག་བཞོན་གྱི་རྗེས་གནང་། བྱང་གཏེར་ཕུར་པ་སྤུ་གྲི། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་དང་། འཁོར་བ་དབྱིངས་སྒྲོལ། འཇམ་དཔལ་རྫོགས་ཆེན། གཤིན་རྗེ་དྲེགས་འཇོམས། ཚེ་དཔག་མེད་འཆི་མེད་འོད་སྣང་དང་། དྭངས་མ་བཅུད་འདྲེན། དྲང་སྲོང་ལོཀྟྲི། རྡོ་རྗེ་གྲོ་ལོད། ཡང་གསང་དྲག་པོ་རྣམས་ཀྱི་དབང་། ཞིང་སྐྱོང་། བེ་ཧཱ་ར། རྡོར་ལེགས། ཐང་ལྷ་རྣམས་ཀྱི་སྲོག་གཏད་སྨིན་རྒྱས་སུ་སྩལ། དེ་རྗེས་སླར་ཡང་མཆོད་ཁང་དམར་པོའི་བཀའ་འགྱུར་ཁང་དུ་སྐུ་ཞབས་གྲྭ་ཚང་གི་ཚོགས་ཆེན་ཡོངས་སུ་རྫོགས་པའི་སྟེང་སྔགས་འཆང་གཞིས་ཀ་ཤར་པ་མེས་ཚན་སོགས་དབང་ཞུ་ཉིས་བརྒྱ་སྐོར་ལ་རྒྱ་ཅན་གྱི་དབང་བཀའ་བྱིན་རླབས་བརྒྱ་ཕྲག་ཏུ་ཉེ་བ་ལུང་དང་བཅས་པ་ཞག་བཅུ་སྐོར་དུ་སྦྲེལ་ནས་གནང་ཞིང་ཛབ་དབྱངས་རོལ་མོ་སོགས་ཀྱི་སྤྲོས་པའང་རྒྱས་པར་མཛད། དེ་དུས་ཚུར་གསན་པ་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུར་བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ལུང་དང་གཏད་རྒྱ་གསང་མཚན་མ། རྒྱ་སྟོན་འོད་གསལ་རང་གྲོལ་ལ་སྒྱུ་འཕྲུལ་ཞི་ཁྲོ་དང་ཚེ་དབང་། གོང་གི་ལུང་གིས་བསྐུལ་ཏེ་ཆོས་རྗེ་གནས་གཞི་བར་བླ་མ་གསང་འདུས་ཀྱི་དབང་། ཟུར་ཀུན་དགའ་རིག་འཛིན་ལ་སྒྱུ་འཕྲུལ་ཚེ་དབང་། སེ་བཀྲ་བཟང་པ་ལ་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་དབང་ལུང་། མདོ་བོ་ཆེ་པ་དཀོན་ཅོག་ལྷུན་གྲུབ་ལ་སྒྱུ་འཕྲུལ་ཕྲ་མོའི་སྐོར་གྱི་ལུང་འགའ་རེ་བཅས་གསན། ཟླ་བ་བདུན་པའི་ཚེས་གཅིག་ལ་སྡེ་སྲིད་རིན་པོ་ཆེ་ཁྲིར་ཕེབས་པའི་ཐོག་མའི་གནང་སྦྱིན་ལེགས་སྐྱེས་སུ། ཁ་བཏགས་ཀུན་བཟང་མ། གན་གོས་བཟང་པོའི་སྐུ་ཕྱར་སོགས་ན་བཟའ་ཆ་ཚང་། གསེར་སྲང་ལྔ། རྩེ་ཇ་འཁོར་དྲུག་མ། ཁ་ཐི་རྙིང་པ་ཡུག་བཅས་སྤམ་མཐོ་བ་སྩལ། དེ་ནས་གོང་གི་སྐུ་རིམ་དུ་འཇོམས་བྱེད་ཀྱི་གཏོར་བཟློག་བདུན་ཕྲག་གཅིག་མཛད་པ་གྲོལ་རྗེས། ཏྲེ་བོ་སྤྲུལ་པའི་སྐུར་ཕྱག་བཞི་པ། བྱང་གཏེར་དང་གཏེར་གསར་གྱི་སྔགས་བསྲུང་མ། ཞིང་སྐྱོང་རྣམས་ཀྱི་དབང་དང་། གཏེར་གསར་དྲག་དམར་དང་། རྫོགས་ཆེན་གྱི་ལུང་རྣམས་མཛད། ཚུར་ཡང་ཁྲིད་བརྒྱའི་ལུང་གསན། གཞན་ཡང་སྟག་ལུང་ཕྱག་མཛོད་དང་ལྷ་སའི་གནས་ཆེན་པ་སོགས་སྐྱེ་བོ་མང་པོ་ལ་ཚེ་རྟ་གུར་དྲག་ལ་སོགས་པའི་དབང་བྱིན་རླབས་དང་གཤིན་གསོན་གྱི་བསྔོ་བ་དཔག་ཏུ་མེད་པ་གནང་། ཞག་བཞིའི་བར་སྐུ་མཚམས་བཅད་དེ་བུམ་སྒྲུབ་མཛད་རྗེས་གོང་ཞབས་ཡས་ཕྱིན་དུ་བྱད་འགྲོལ་དང་། དེའི་ཕྱི་ཉིན་མི་དབང་ཆེན་པོའི་སྲས་ལ་གོང་གི་གཟིམ་ཆུང་དུ་བྱད་འགྲོལ་མཛད། དེ་ནས་ནོར་བུ་གླིང་དུ་ཆབ་ཞུགས་ལ་ཐེགས་ཤིང་། ཏྲེ་བོ་སྤྲུལ་པའི་སྐུ་དང་གང་སྟེང་གཟིམ་དཔོན་སོགས་མང་པོར་དབང་ལུང་མཛད། སླར་ཡང་རྩེར་གོང་ཞབས་སུ་རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས་དང་། གསང་འདུས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་ངན་སོང་ཀུན་སྐྱོབ་རྣམས་ཀྱི་དབང་ལུང་འབུལ་བར་མཛད་ཅིང་རྒྱལ་བ་རྒྱ་མཚོ་སོགས་དབང་འགའ་ཞིག་ལ་གནས་གསར་དབོན་རིན་པོ་ཆེ་ཡང་ཞབས་ཕྱིར་ཕེབས། དེ་ནས་གོང་གི་སྐུ་རིམ་དུ་ཞབས་ཕྱིར་གྲྭ་པ་བཅོ་ལྔ་ཙམ་གྱིས་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་དང་གོང་ཞབས་ཡས་ཕྱིན་དུ་ཚེ་དཔག་མེད་དང་གུར་དྲག་གི་དབང་བཀའ། འཆི་བསླུ་བྱད་གདོན་འགྲོལ་བ། ཀླུའི་གདོན་འགྲོལ་སོགས་སྐུ་རིམ་མང་པོ་དང་། གཞིས་ཀའི་ཞལ་ངོ་རྣམས་ཀྱི་སྐུ་རིམ་དུའང་འཆི་བསླུ་གདོན་འགྲོལ་སོགས་མཛད། ལྷ་སར་བྱང་གླིང་། གཞིས་ཀ་ཤར། ཀླུ་ཁང་པ་སོགས་གནས་ཆེན་པ་མང་པོས་སྤྱན་དྲངས་ཏེ་ཚེ་རྟ་གུར་དྲག་གི་དབང་ལ་སོགས་པས་སོ་སོའི་རེ་འདོད་སྐོང་བར་མཛད། ཟླ་བ་དགུ་པའི་མཇུག་ཏུ་གོང་ནས་ཕེབས་རྫོངས་ཀྱི་གནང་སྦྱིན་གསེར་དངུལ། གོས་ཕྱི་ནང་། རྟ་ཇ་སིག་སྤམ་མཐོ་བ་དང་། ཞབས་སྐྱེལ་དུ་ཆིབས་དྲེལ་དོ་དམ་པ་དང་བཅས་གནང་སྟེ་སྒྲགས་ལ་བརྒྱུད་གདན་སར་ཕེབས། མི་རིང་བར་གོང་ནས་གསོལ་ཆས་ཀྱི་མཐུན་རྐྱེན་སོགས་སྩལ་ཏེ་འོལ་ཀའི་ཆབ་ཚན་ལ་ཆིབས་བཏེག་པའི་ལམ་དུ་སྣེ་གདོང་རྩེ་དང་ཟངས་རི་སོགས་སུ་སྤྱན་འདྲེན་ཞུས་ཤིང་ཞབས་ཏོག་རྒྱ་ཆེར་བསྟབས། རིམ་པར་འོལ་ཁར་ཐེགས་ཏེ་ཞག་བདུན་གྱི་བར་ཆབ་ཚན་གྱི་འཕྲོད་བཞེས་མཛད། དེར་རྫོང་ནས་གསོལ་ཆས་དང་རྫོང་དཔོན་ནས་ཀྱང་ཇ་ཞུ་འབུལ་ནོད་རྒྱ་ཆེར་བསྒྲུབས། དེའི་དཀོན་གཉེར་བ་རྣམས་ཀྱིས་ཚེས་བཅུ་མཆོད་པའི་ཐེབས་ཤོར་བ་གཞུང་དུ་ཞུ་གྲོགས་དགོས་ཚུལ་བྱུང་བ་ལྟར་ཕྱིས་གོང་གི་ཐུགས་རྗེ་བསྐུལ་ཏེ་རེ་འདོད་གང་བར་མཛད། ཕྱིར་ལམ་ཡང་ཟངས་རིར་སྤྱན་དྲངས་ཏེ་རྟེན་མང་པོར་རབ་གནས་དང་སྡེ་སྲིད་རིན་པོ་ཆེར་ཚེ་དཔག་མེད། བླ་མ་དྲག་པོ། ལོཀྟྲི་སོགས་ཀྱི་དབང་རྗེས་གནང་མང་དུ་སྩལ་ཅིང་ཟངས་རི་ཁང་དམར་གྱི་གནས་མཇལ་ཡང་མཛད། སྙིང་ཕུ་དགོན་དུ་ནང་ཞིག་གི་སྐྱོན་ལས་སྤྲུལ་སྐུར་བཀའ་ཁྲིམས་ཀྱི་ནན་ཏུར་བབས་ལྕི་བ་བྱུང་བར་བརྟེན། སྐྱབས་ཞུ་མིའི་བང་ཕྱིན་འབྱོར་བར། གོང་དུ་དགོངས་ཁྲེལ་བསང་བའི་ཞུ་བ་རིམ་པར་མཛད་པས། རེ་ཞིག་ཆུ་ཤུར་དུ་དམ་རྩིར་བཞུགས་པ་ཙམ་ལས་སྐུ་སྲོག་ལ་འཇིགས་པ་མེད་པའི་བཀའ་དྲིན་སྩལ། གདན་ས་ཐེལ་དང་སྣེའུ་གདོང་རྩེ་རྣམས་སུ་སྤྱན་དྲངས་པ་ལྟར་ཐེགས། སྣེ་གདོང་དུ་སྡེ་སྲིད་རིན་པོ་ཆེར་ཚེ་དཔག་མེད་དང་། ཕྱག་བཞི་པའི་དབང་བཀའ་མཛད་དེ་རིམ་པར་གདན་སར་ཕེབས་ནས། འབྲོམ་སྟོན་གཞན་ཕན་རྣམ་རོལ་སྤྱན་འདྲེན་མཛད་དེ་རྡོ་རྗེ་གླིང་པའི་གཏེར་ཆོས་ཀྱི་འཕྲོ་རྣམས་ཚང་མར་གསན་ནས་དར་ལྡིངས་སུ་གཟན་དབང་དང་བསྟུན་འདུམ་པོར་ཡང་སྐོར་ཙམ་ཐེགས། ཟླ་བ་བཅུ་གཉིས་པའི་འགོར་རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་ཚོམ་བུ་ཚོགས་སྒྲུབ་དང་དཀྱིལ་འཁོར་དེའི་སྟེང་ནས་གྲྭ་ཚང་ལ་དབང་བཀའ་མཛད་ཅིང་ཟླ་མཇུག་ལ་དུས་རིམ་ཆེན་མོའི་རྡོ་རྗེ་སློབ་དཔོན་དུའང་ཕེབས། དེ་དུས་ཨུ་ར་གདུང་ཆེད་དུ་བྱིན་རླབས་ཞུ་བར་བྱུང་བ་ལ་ཚེ་དཔག་མེད། གུ་རུ་དྲག་པོ། ལོཀྟྲི་རྣམས་ཀྱི་དབང་དང་བྱད་འགྲོལ་མཛད། སྐབས་འདིར་ནཻ་པཱ་ལའི་བཟོ་རིག་མཁས་པ་གསུམ་གྱིས་རྒྱུ་གསེར་དངུལ་ལ་རིན་པོ་ཆེ་དུ་མའི་ཕྲས་སྤུད་པའི་སྐུ་རྒྱན་འདི་ཉིད་སྒྲུབ་པའི་ཞལ་བཀོད་ཀྱང་གནང་།

དགུང་ལོ་སུམ་ཅུ་སོ་ལྔ་པ།

དགུང་ལོ་སུམ་ཅུ་སོ་ལྔ་པ་ལྕགས་སྤྲེ་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་ཡང་རྒྱས་པར་མཛད་རྗེས། ཟླ་བ་དང་པོའི་ཚེས་གསུམ་ནས་སྨིན་གྲོལ་གླིང་འདུས་ཚོགས་ཀྱི་ཁ་ལོངས་སུ་དར་རྒྱས་ཆོས་སྡིངས་པ་དང་སྙེ་མདོ་གྲྭ་ཚང་རྣམས་གདན་དྲངས་ཏེ་ཟབ་གཏེར་གྱི་བར་ཆད་ཞི་ཕྱིར་སྐུ་རིམ་དུ་བཛྲ་གུ་རུ་དུང་ཕྱུར་གཅིག ཡུམ་རྒྱས་པ་ཚར་གཅིག ཐང་ཡིག་བརྒྱ་ཚར། བསམ་པ་ལྷུན་གྲུབ་མ་ཁྲི་ཕྲག་གཅིག་རྣམས་བསགས་ཤིང་། འདུས་པ་རྣམས་ལ་མང་ཇ་གདན་ནོན་སོགས་ནར་མའི་བསྙེན་བཀུར་དང་། གོས་དར་བཟང་ཇའི་ཕྱག་འགྱེད་སྤྱི་འབུལ་སོགས་ཡོན་གྱི་དངོས་པོ་རྒྱ་ཆེར་སྩལ། གཞན་ཡང་ཡེར་པ། མཆིམས་ཕུ། གཡའ་མ་ལུང་། ཡང་རྫོང་། ཤེལ་བྲག་ཨོ་དཀར་བྲག་རྣམས་སུ་ཚོགས་མཆོད་བརྒྱ་ཚར། བསམ་ཡས་ཁྲ་འབྲུག་སོགས་སུ་མཆོད་འབུལ། དགེ་འདུན་གྱི་སྡེ་མང་པོར་གྲྭ་ཇ་གྲལ་འགྱེད་སོགས་སྐུ་རིམ་རྒྱ་ཆེན་པོ་མཛད། ཟླ་བ་གསུམ་པའི་ནང་དུ་གོང་ནས་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་ཆིབས་བསྒྱུར་གདོང་། སྡིངས་པོ་ཆེ་ནས་སྤྲུལ་སྐུ་རིན་པོ་ཆེ་སྐུ་སྙུང་བའི་ཐུགས་དམ་བརྟག་པ་ཞུ་བའི་སམྦུ་ཊ་འབྱོར་དུས་བཀའ་ལས་མདང་རྨི་ལམ་ཤིན་ཏུ་འཚུབ་པ་བྱུང་བས་ད་ལམ་ཅིས་ཀྱང་ཕན་པ་མེད་གསུང་བ་ལྟར་མི་རིང་བར་སྐུ་གཤེགས་འདུག་ཅིང་ཕྱིས་ཧོར་དྲིལ་ཤང་ཤང་མ་སོགས་ཀྱི་བསྔོ་རྟེན་ཡང་འབྱོར། རིམ་པར་ཆིབས་བཏེག་སྟེ་བྱེ་ལ་བརྒྱུད་ཕོ་བྲང་རྩེར་ཕེབས་ནས་གོང་ཞབས་ཡས་ཕྱིན་ལ་ཕྱག་འབུལ་མཛད། དེ་ནས་ཡས་ཕྱིན་གདན་འཛོམ་པར། ཚེ་དབང་། གུ་རུ་དྲག་པོའི་དབང་། གཟའ་དབང་། སྐྱེར་སྒང་བའི་རྟ་མགྲིན་གྱི་དབང་རྣམས་དང་། འཆི་བསླུ། བྱད་འགྲོལ། གདོན་འགྲོལ་སོགས་སྐུ་རིམ་མང་དུ་མཛད། དབང་བཀའ་སོ་སོར་གསེར་སྲང་རེ། དངུལ་གྱི་མཎྜལ། ཁ་བཏགས་ཉི་བདེ་མ། གོས་ཡུག་རེ་སྟེ་ཡོན་གྱ་ནོམ་པར་སྩལ། དེ་རྗེས་གོང་ཞབས་སུ་རྡོ་རྗེ་གླིང་པའི་གཏེར་ཆོས་ཀྱི་དབང་ལུང་འཕྲོ་རྣམས་ཡོངས་རྫོགས་འབུལ་བར་མཛད་ཅིང་དབང་བཀའ་ཕལ་ཆེར་ལ་གུང་ཐང་སྤྲུལ་པའི་སྐུ་ཡང་ཞབས་ཕྱིར་ཆུག སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་མཆོད་པ་ལ་ཚོམས་ཆེན་དུ་གཏེར་སྐུ་མང་པོ་གདན་དྲངས་པའི་སྤྱན་སྔར་མཆོད་པ་རྒྱས་པར་སྟར་ནས་སྐུ་ཞབས་གྲྭ་ཚང་ཆེན་མོའི་འདུས་ཚོགས་ཀྱི་ཚོགས་དབུར་གོང་ཞབས་ཕེབས་ཏེ་ཚེས་བཅུའི་གསུང་ཆོག་གནང་དུས་རྗེ་ཉིད་ལའང་ཕེབས་ཤིག་པའི་བཀའ་ལུང་བྱུང་བ་ལྟར་ཚོགས་གྲལ་དུ་ཕེབས་ནས་གསུང་ཆོག་ལྷན་ཅིག་ཏུ་མཛད་ཅིང་བཞུགས་གདན་སོགས་བཀུར་ཟོས་ཆེན་པོའང་སྩལ། དེའི་སྔ་དྲོ་གོང་གི་ཐུགས་དམ་རྟེན་མང་པོ་ལ་གཟིམ་ཆུང་ནུབ་ཏུ་རབ་གནས་ཀྱི་ཆོ་གའང་མཛད། སྔ་སོར་བདུད་རྩི་སྒྲུབ་པའི་ཁོག་དབུབས་ལག་ལེན་དམར་ཁྲིད་དུ་བསྡེབས་པ་ཞིག་དགོས་ཚུལ་གྱི་བྲི་གཞི་དང་གསེར་སྲང་གསུམ། གན་གོས་བཟང་པོའི་སྐུ་བེར་དང་བཅས་ཏེ་བཀས་བསྐུལ་བ། བྲི་གཞིའི་ཤོག་བུ་གཅིག་ཡིག་མཁན་གྱིས་ནོར་བ་སྐྱུར་རྗེས་བསྟན་བཅོས་ཇི་ལྟར་བྱུང་བ་དང་རང་འགྲིག་ཏུ་གྱུར་པ་དཔོན་སློབ་གཉིས་གས་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངོན་སུམ་པའི་ངོ་མཚར་བསྟན་ཅིང་། དེ་ཉིད་ལུང་དང་བཅས་པའང་འབུལ་བ་གནང་། གཞིས་ཀ་ནས་མི་དབང་ཆེན་པོའི་ཡུམ་དང་། སྲས་དམག་ཟོར་ཚངས་དབང་ལྕམ་སྲིང་། ཆུ་མིག་ཁ་དཔོན་སའི་དྲུང་རྣམས་ལ་རྩེར་ཚེ་དབང་། གུར་དྲག ལོཀྟྲི་སོགས་རྐྱེན་སེལ་གྱི་རྗེས་གནང་མང་དུ་མཛད། ལྷ་སར་བྱང་གླིང་གཞིས་ཀ་ཤར་སོགས་གནས་ཆེན་པ་མང་པོས་རང་རང་གི་སྡུམ་པར་སྤྱན་དྲངས་ཏེ་བསྙེན་བཀུར་བཟང་པོ་བསྟབས། རྩེར་གོང་ཞབས་ཡས་ཕྱིན་ནས་གསེར་དངུལ་གོས་ཕྱི་ནང་། ཇ་སིག རྟ་སོགས་ཕེབས་རྫོངས་ཀྱི་གནང་ཆ་རྒྱ་ཆེ་བ་དང་། ཕེབས་གདོང་ཕྱི་ཕྱག་གི་སྐབས་འཇའ་ཤེལ་ཁྱད་པར་ཅན་དང་། ཕྱག་ཕྲེང་ཕྱག་དྲེག་མ་ཕྱག་ལས་བསྟར་ཏེ་གནང་གསུང་། ཞབས་སྐྱེལ་དུ་ཆིབས་དྲེལ་སོགས་འཁོས་སུ་ཕེབས་པ་བསྟབས་ཏེ་ཆིབས་བཏེག་པའི་ཕེབས་ལམ་དུ་ཡར་འབྲོག་དཔལ་དེའུའི་སྡེ་པ་འདས་པའི་འདད་ལ་སྤྱན་དྲངས་ཤིང་། བྱང་བུ་བཞུ་བའི་ཆོ་ག་དང་བསྔོ་སྨོན་མཛད། རིམ་པར་གོང་དཀར་བརྒྱུད་དེ་གདན་སར་ཕེབས། དེར་ཞབས་དྲུང་ཁྲི་ལྕམ་རིན་པོ་ཆེ་ཞབས་འབམ་གྱི་སྙུང་གཞི་ཐུ་མོས་བཏབ་པར་སྨན་དཔྱད་དང་སྐུ་རིམ་དྲག་པོ་མཛད་པས་མི་རིང་བར་དྭངས། ཟླ་བ་དྲུག་པའི་འགོར་ཟངས་མཚོ་ཚེས་བཅུའི་དུས་མཆོད་ལ་ཐེགས་ནས་ཁྲོམ་ཁྲི་ཕྲག་བརྒལ་ཙམ་ལ་ཚེ་དབང་དང་། གྲྭ་པ་འགས་ཚོགས་གསོག་བགྱིས་པའི་གྲལ་དབུར་ཡང་ཕེབས། སྒྲུབ་སྡེའི་གྲྭ་པ་དང་གྲྭ་ཕྱི་ནང་འཕྱོངས་རྒྱས་མོན་མཁར་དོལ་འབྲོག་སོགས་ནས་ལྷགས་པའི་སྐྱེ་བོ་མང་པོ་ཡང་མཇལ་དུ་བྱུང་། གསོན་གཤིན་གྱི་བསྔོ་བའང་མཐའ་ཡས་པ་དང་། གཟིམས་ཕུག་ཟེར་བསྐོར་སོགས་གནས་རྣམས་ཀྱང་ཞིབ་མཇལ་མཛད་དེ་གདན་སར་ཕེབས། དེ་ནས་ཟབ་གཏེར་གྱི་རྟེན་འབྲེལ་གེགས་མེད་དུ་བསྒྲིག་པའི་ཕྱིར་གཟིམ་ཆུང་ཀུན་བཟང་ཡང་རྩེར་སྐུ་མཚམས་དམ་པར་བཅད་དེ་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་ལས་མི་གཡོ་བར་བཞུགས་ཤིང་ཞི་བའི་སྦྱིན་སྲེག་ཀྱང་བརྒྱ་ཚར་མཛད་པས་གཏེར་གྱི་བར་ཆད་སེལ་ཞིང་འདོད་དོན་འགྲུབ་པའི་མཚན་ལྟས་གསལ་བར་གཟིགས། དེ་སྐབས་རྒྱལ་མཆོག་དམ་པས་སེར་འབྲས་སུ་ཕེབས་པའི་དངོས་སྣང་འཚུབ་ཅིང་མཚར་བའི་བརྡ་ཅན་མཚན་ལམ་དུ་ཤར་བ་གོང་དུ་སྐུ་རིམ་ཞབས་བསྐུལ་ཞབས་བརྟན་དང་བཅས་ཞུ་ཡིག་སྙན་འབུལ་མཛད་པས་མངོན་སུམ་ལྟར་འཕྱུགས་མེད་ཐིག་བབས་པ་བཞིན་འགྲིག་ཅེས་ཐུགས་ཡིད་ཆེས་པའི་བཀའ་ཤོག རྟེན་གོས་དམར་ཁྱད་ཅན། རྩེ་ཇ་བམ་བོ། ཁ་བཏགས་ཉིན་བདེ་མ། གཏེར་ཚབ་ཏུ་གཞུག་རྒྱུའི་རིན་པོ་ཆེའི་བུམ་གཏེར་དང་བཅས་ཕེབས། གཞན་ཡང་སྐུ་རིམ་དུ་གྲྭ་ཚང་འདུས་ཚོགས་ཀྱིས་བསམ་པ་ལྷུན་གྲུབ་མ་ཁྲི་ཚོ་དང་། ཡེ་ཤེས་སྐུ་མཆོག་ལྔ་སྟོང་ཙམ། གྲྭ་པ་བཞིས་བརྒྱད་སྟོང་པ། དྲི་མེད་བཤགས་རྒྱུད། ཐང་ཡིག་རྣམས་ཚར་མང་པོ་དང་། འབུམ་ཚར་གཅིག བདག་ཅག་གཉིས་ཀྱིས་གཞོན་ནུ་མའི་མཆོད་པ་སོགས་བསྒྲུབས། དེ་ནས་སྐུ་མཚམས་གྲོལ་ཏེ་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་སྔ་དྲོ་ཁྲི་ལྕམ་རིན་པོ་ཆེས་འདུས་ཚོགས་སུ་མང་འགྱེད་སྩལ་བའི་ཚོགས་དབུར་གདན་དྲངས་ནས་འབུལ་བ་གྱ་ནོམ་པ་དང་བཅས་ཏེ་ཞབས་བརྟན་འབུལ་བར་མཛད་ནས་ཕྱི་དྲོ་གཟའ་ཚེས་རྒྱུ་སྐར་ཡུད་ཙམ་བཟང་པོ་ལ། གོང་ས་མཆོག་ནས་གསོལ་ཆས་ལམ་ཡིག་སོགས་མཐུན་རྐྱེན་ཐམས་ཅད་ཚོགས་པར་སྩལ་ཏེ་ལྷོ་བྲག་ཕྱོགས་སུ་ཆིབས་བཏེག རིམ་པར་ཡར་འབྲོག་སྔོ་ལུང་དུ་བཞུགས་པའི་ནུབ་མོ་ཆིབས་དྲེལ་རྣམས་ཡན་ནས་མ་རྙེད་པར་ཞག་གསུམ་བཅག་མལ་མཛད་དེ། གཏོར་མ་རུ་མཚོན་གཟུངས་འཛུགས་རྣམས་ཀྱི་མན་ངག་ཉུང་གསལ་གོ་བདེའི་བཀའ་རྩོམ་ཡང་མཛད། དེ་ནས་གྲི་གུ་བརྒྱུད་མཚོ་སྣར་རྫོང་ནས་སྟོན་མོ་རྒྱས་པ་དང་། ཐང་གྲོང་དུ་ཞག་གསུམ་ཙམ་བཞུགས་པར་མོན་བོད་ཀྱི་སྐྱེ་བོ་མང་པོ་མཇལ་དུ་བྱུང་ཞིང་གཤིན་གསོན་གྱི་བསྔོ་བའང་མཐའ་ཡས་པ་མཛད། དེ་ནས་ཤ་འུག་ཚུགས་ཁང་དུ་ཞག་ས་མཛད་ནས། གྲལ་ཚེས་ཉེར་བརྒྱད་པ་རེས་གཟའ་ཕུར་བུ་དང་རྒྱུ་སྐར་རྒྱལ་འཛོམ་པའི་དུས་དགེ་བར་དཀར་པོ་ཟངས་ཞེས་པ་གནས་ཀྱི་སྙིང་པོ་དེར་ཕེབས་ཤིང་སའི་ལྟེ་བ་པདྨའི་ཟེའུ་འབྲུ་ལྟ་བུའི་ཐད་དུ་གཞི་བདག་ལ་གཏོར་འབུལ་དང་འཕྲིན་བཅོལ་གནང་། དེ་ནུབ་མནལ་ལྟས་ངོ་མཚར་བ་མང་པོ་བྱུང་གསུང་ཡང་བཀའ་རྒྱས་བཏབ་པས་བྲི་བར་མ་ནུས་སོ། །ནངས་པར་ཉེ་བའི་འདུ་བ་འབྱུང་པོའི་ཉི་མ་ལ་བསང་དང་གསོལ་མཆོད་རྒྱས་པར་གནང་ཞིང་། རྗེ་ཉིད་དཔོན་སློབ་རྣམས་ཀྱིས་གནས་ཀྱི་ལྟེ་བ་དབང་ཆེན་ཡབ་ཡུམ་གྱི་སྐུ་རང་བྱོན་གྱི་མདུན་དུ་ཕེབས་ཏེ། ཉེ་འཁོར་དུ་མོན་བོད་ཀྱི་སྐལ་ལྡན་བརྒྱ་ཕྲག་ཙམ་གྱིས་བསྐོར་བ་དང་བཅས། དབང་ཆེན་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཟབ་གཏེར་གྱི་སྒྲོམ་བུ་སྐལ་ལྡན་ཀུན་གྱི་མངོན་གྱུར་དུ་སྤྱན་འདྲེན་པར་མཛད་ཅིང་། གཏེར་སྲུང་ལ་གསེར་སྐྱེམས་གཏོར་འབུལ། གཏེར་ཚབ་ཏུ་རིན་པོ་ཆེའི་བུམ་གཏེར་གཉིས་བཅུག་སྟེ་བཀྲ་ཤིས་དང་སྨོན་ལམ་རྒྱས་པ་དང་གཏེར་སྒོ་སྔར་བཞིན་བསྒྲིགས་ཏེ་མི་མངོན་པར་མཛད་ནས་ཞབས་རིང་པ་དང་ཁྲོམ་པ་ཀུན་ལ་གཏེར་སྒྲོམ་གྱི་བྱིན་རླབས་གནང་། དེ་དུས་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་ཚོན་གྱི་གུར་ཕུབ་ཅིང་པདྨ་འདབ་མ་བརྒྱད་དང་དྲུག་གི་རྣམ་པའི་མེ་ཏོག་གི་ཆར་བབས་པས་ཀུན་ངོ་མཚར་བར་གྱུར་ཏོ། །རྒྱུད་ལུང་མན་ངག་ཀུན་གྱི་སྙིང་པོའི་བཅུད། །ཟབ་དང་རྒྱ་ཆེའི་གནད་རྣམས་གཅིག་བསྡུས་པ། །ཐབས་ཤེས་དབྱེར་མེད་མ་ནིང་གཏེར་བཅུའི་གཙོ། །ཟབ་ལམ་བདེ་གཤེགས་འདུས་པའི་སྒྲུབ་སྐོར་དང་། །སྐུ་རྟེན་རྣམ་གཉིས་མྱོང་གྲོལ་རིལ་བུར་བཅས། །རོང་བཞི་འདུས་པ་ཤ་འུག་སྟག་སྒོ་ཡི། །རང་བྱུང་བདེ་ཆེན་འཁོར་ལོར་རྒྱས་བཏབ་པ། །ཕ་ནོར་བུ་བཞིན་ཕྱག་ཏུ་སོན་པར་གྱུར། །དེ་ཚེ་ཆུ་འཛིན་རིང་དུ་སྤངས་པའི་མཁའ་འགྲོའི་ལམ། །ཡིད་འོང་མཚར་སྡུག་དབང་པོའི་གཞུས་གཡོགས་དྲྭ་མིག་ནས། །མཆོག་ཏུ་རྒྱས་པ་ལྷ་ཡི་མེ་ཏོག་མནྡ་རའི། །ཆར་གདུགས་མཛེས་པ་ས་གཞིའི་རྒྱན་དུ་ལྷུང་བ་བཞིན། །དེའི་སང་ཉིན་གཏང་རག་གི་བསང་དང་གཏོར་འབུལ་ཚོགས་ཀྱི་མཆོད་པ་རྣམས་རྒྱས་པར་གནང་ཞིང་། དེ་ཉིན་མཚོའི་ཕྱག་རྗེས་ཀྱང་ཤིན་ཏུ་གསལ་བར་གཟིགས། ལ་འོག་ཡུལ་གསུམ་དུ་གདན་འདྲེན་གྱི་ཕོ་ཉ་བར་བླ་མ་ཨོ་རྒྱན་གླིང་པ། སངས་རྒྱས་གླིང་པ། ཤ་ཕུར་པ་རྣམས་སླེབ་སྟེ་སྤྱན་འདྲེན་གྱི་ཞུ་བ་ནན་ཆགས་བྱུང་བར་ཕྱིས་སླེབ་པ་བྱེད། ད་རེས་གོང་དུ་དགོངས་པ་མ་ཞུས་པ་བཅས་ཡོང་བ་མི་འགབ་གསུངས་ནས་ཞལ་བཞེས་མ་མཛད་པས་སླར་ཡང་སྤྱན་འདྲེན་དུ་ཡབ་རྗེའི་ཞལ་སློབ་བླ་མ་སྐུ་སྐྱེ་བྱ་བ་ལོ་བརྒྱད་ཅུ་བརྒལ་བ་འདག་འབྱར་ལ་བསྡད་ནས་ལོ་ལྔ་དྲུག་ཙམ་སོང་བ་དེ་མཚམས་ནས་ཐོན་ཏེ་སླེབ་པ་དང་། དེའི་རྗེས་སུའང་སྤྱན་འདྲེན་མིའི་བང་ཕྱིན་བསྐྱར་མ་འབྱོར་ཏེ་གསུམ་ག་ལ་ཞལ་བཞེས་མ་གནང་། བླ་མ་སྐུ་སྐྱེ་དང་། གནས་འཛིན་གྱི་དགེ་སློང་ཁམས་མོ་བྱ་བ་ལ་གསོལ་འདེབས་ལེའུ་བདུན་མ་དང་གཏེར་གསར་རྡོར་སེམས་ཀྱི་ལུང་གནང་། གནས་ཀྱི་མདའ་གཙུག་ལག་ཁང་དུ་གྲགས་པར་ཞག་བདུན་སྟན་འཇགས་ནས་མོན་བོད་ཀྱི་འདུས་པ་ཁྲི་ཕྲག་ཙམ་ལ་ཚེ་དབང་དང་། བླ་མ་སྐུ་སྐྱེ་སོགས་ལ་ཐུགས་ཐིག་གི་དབང་ལུང་རྣམས་སྩལ་ཅིང་། མོན་ནས་པད་གླིང་གི་ཆོས་བརྒྱུད་འཛིན་པ། སངས་རྒྱས་གླིང་པ། བླ་མ་རྣམ་རྒྱལ། ཨོ་རྒྱན་གླིང་པ། བླ་མ་བསྟན་འཛིན་གྲགས་པ། བཀྲ་ཤིས། ངག་དབང་། རྡོ་རྗེ། ཤ་ཕུར་བླ་མ། བླ་མ་གྲགས་པ། བླ་མ་ཀརྨ། གཙོར་བོ། དར་རྒྱས། ཀརྨ་རབ་དགའ། ཆོས་རྗེ་ཕོ་ལྷ་རྣམས་སོ་སོའི་ཕ་བུ་མིང་སྲིང་གྲྭ་སློབ་ཡོན་བདག་དང་བཅས་པ། གཞན་ཡང་ཇོ་བོ་ཕུན་ཚོགས་དང་སང་ནོར་བུ། ཡུལ་ཕུ་ཇོ་བོ་ཚེ་རིང་འཛོམ་སོགས་ལ་འོག་ཡུལ་གསུམ་ནས་སྐལ་ལྡན་ཁྲི་ཕྲག་བརྒལ་ཙམ་མོན་ཟོག་གི་འབུལ་བ་རྒྱ་ཆེར་བཏེག་སྟེ་མཇལ་དུ་བྱུང་བར་སོ་སོའི་རེ་འདོད་སྐོང་བའི་ཆོས་འབྲེལ་དང་བསྔོ་བ་གཏེར་སྒྲོམ་གྱི་བྱིན་རླབས། སྤྱིར་ཁྲོམ་དབང་ཞིག་མཛད། དེ་དུས་འཇའི་འོད་ཁྱིམ་ཁྲོམ་གྱི་མཐའ་བསྐོར་ཏེ་སྣེ་གཉིས་ཁྲིའི་གཡས་གཡོན་དུ་ཟུག་པས་ཀུན་ཡ་མཚན་པར་གྱུར། མོན་པ་གཙུག་ཕུད་འབུལ་མི་ཡང་བཞི་བཅུ་ཙམ་བྱུང་། དེ་ནས་ཆིབས་བསྐྱོད་དེ་མཚོ་སྣར་ཨ་ནེ་ནང་ཚང་དང་བཅས་པ་དང་། རྫོང་དཔོན་དར་མོ་ནས་སོགས་ལ་གུར་དྲག་དང་ཚེའི་དབང་བཀའ། གཏེར་སྒྲོམ་གྱི་བྱིན་རླབས་རྣམས་མཛད། རྫོང་གི་ཀླུ་སྡིངས་དང་དགོང་པ་རྩེ་རྣམས་སུ་སྤྱན་དྲངས་ཏེ་ཞབས་ནས་བཏེག བཤད་སྒྲུབ་ཆོས་འཁོར་དུའང་སེར་སྦྲེངས་ཀྱི་བཀོད་པ་ཚར་དུ་དངར་བ་དང་སྦྱོ་ར་ཞབས་དྲུང་ཡབ་སྲས་ཀྱི་ཞབས་བསུ་གུང་ཁྲི་བཤམས་པ་ཕྱག་སྣེ་གཏོད་པ་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ཤིང་། ཡབ་སྲས་ལ་ཚེའི་དབང་བཀའ་དང་སེང་གདོང་མའི་རྗེས་གནང་སོགས་མཛད། ཚུར་ཡང་དབྱངས་ཅན་མའི་རྗེས་གནང་གསན། ཁེང་ལ་བརྒྱུད་མདོ་མཁར་དུ་སྤྱན་འདྲེན་ཞུས། མངོན་མཁྱེན་རིན་པོ་ཆེ་དང་མདོ་མཁར་གྱི་ཞལ་ངོ་རྣམས་ལ་ཚེ་དབང་མཛད། དགེ་ཡེར་སྤྱན་དྲངས། དེར་རྗེའི་ལྕམ་སྲིང་མ་བསོད་ནམས་དཔལ་འཛོམ་ཡང་མཇལ་དུ་ཕེབས། རིམ་པར་གྲི་གུ་བརྒྱུད་ལམ་དུ་བོད་འབྲོག་གི་སྐྱ་སེར་མང་པོས་བསྙེན་བཀུར་དང་འབུལ་ནོད་རྒྱ་ཆེར་བསྟབས་ཏེ་སོ་སོའི་རེ་འདོད་སྐོང་བའི་ཆོས་འབྲེལ་དང་གཤིན་གསོན་གྱི་བསྔོ་བའང་བསམ་གྱིས་མི་ཁྱབ་པ་མཛད་དེ་གྲྭའི་སུམ་མདོ་གླིང་དུ་བཞུགས། དེ་དུས་གཞུང་ས་མཆོག་ནས་སྐྱིད་རུ་དང་དར་རྒྱས་ཁང་གསར་སྐོར་རྣམས་ལྷ་འབངས་སུ་སྦྱོར་འཇགས་གནང་བའི་རྩིས་བཞེས་སུ་ཡུམ་ཕེབས་འདུག་པ་དང་མཇལ། དར་རྒྱས་ཆོས་སྡིངས་པ་དང་འདུམ་པོ་སོགས་སྐྱ་སེར་གྱི་མཇལ་མི་ཡང་མཐའ་ཡས་པ་བྱུང་། ནངས་པར་ཆིབས་བསུ་རིང་ཐུང་དང་སེར་སྦྲེངས་ཀྱི་བཀོད་པ་ཚར་དུ་དངར་བས་མདུན་བསུས་ཏེ་གདན་སར་ཕེབས། དེ་ནས་ཟླ་བ་བརྒྱད་པའི་ཉི་ཤུ་ལྔའི་ཉིན་འདུས་ཚོགས་ཀྱིས་ཆོས་སྐྱོང་སྤྱིའི་བསྐང་གསོ་དང་རྗེ་ཉིད་ནས་གཟིམས་ཆུང་ཀུན་བཟང་ཡང་རྩེར་གཏེར་སྲུང་མཆོད་པ་དང་ཚོགས་འཁོར་རྒྱས་པར་གནང་སྟེ་གཏེར་སྒྲོམ་ཞལ་དབྱེ་བར་མཛད་ནས་གྲྭ་སློབ་ཐམས་ཅད་ལ་བྱིན་རླབས་གནང་། ནམ་མཁའ་དྭངས་ཤིང་འབྲུག་གི་སྒྲ་ལྟ་བུའི་སྒྲ་ཆེན་པོ་གྲགས་པ་དེར་འདུས་ཀུན་གྱིས་ཐོས། གོང་ཞབས་ཡས་ཕྱིན་དུ་ཟབ་གཏེར་གྱི་གནས་ཚུལ་འབུལ་བར་གཟིམས་དཔོན་ཆོས་མཛད་རྫོང་སྟ་མཛད་པས་ཤིན་ཏུ་མཉེས་པའི་བཀའ་ཤོག་དང་ལེགས་བྱའི་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་སྩལ། དེ་ནས་གཟིམས་ཆུང་བསམ་གཏན་སྦུག་ཏུ་བདུན་ཕྲག་གཉིས་སྐུ་མཚམས་དམ་པར་མཛད་རྗེས་གྲྭ་ནང་གི་ལྷ་འབངས་གསར་གནང་ལ་གོང་དུ་ལེགས་ཇ་འབུལ་མི་རྫོང་སྟ་གནང་ཞིང་། དེ་རྗེས་བདག་གིས་ཡི་གེའི་ཞབས་ཕྱི་ཞུས་ཏེ་རྟགས་མེད་ཀྱི་ཤོག་དྲིལ་གསུམ་འབེབས་པར་མཛད། ཟླ་བ་བཅུ་པའི་འགོར་ཡར་འབྲོག་དཔོན་ཆེན་རི་བོ་བྲག་པའི་སྤྱན་འདྲེན་འབྱོར་པ་ལྟར། གྲྭ་ནང་བརྒྱུད་ཆིབས་བཏེག ཐབ་བསུ་རྫོང་སྟེང་ནས་བསང་དུང་དར་འཕྱར། བོ་དོང་གྲྭ་ཚང་པའི་སེར་སྦྲེངས། དཔོན་བློན་རྣམས་ཀྱིས་ཞབས་བསུ་སོགས་བཀུར་སྟི་ཆེན་པོས་རི་བོ་བྲག་ཕོ་བྲང་དུ་ཕེབས། དེར་གཏིང་སྐྱེས་ཁྲི་ལྕམ་བསྙུན་གྱིས་བཏབ་པའི་སྐུ་རིམ་དུ། འཆི་བསླུ། བྱད་གདོན་འགྲོལ་བ། ཚེ་དབང་བརྒྱ་ཚར། བླ་མ་དྲག་པོའི་དབང་རྣམས་མཛད་པས་མི་རིང་བར་དྭངས། ཞབས་དྲུང་ཡབ་སྲས་ཡུམ་དང་རྗེ་བཙུན་མ་རྣམས་ལ། ཚེ་རྟ་དྲག་དམར། ཡང་བཟློག སྒྲོལ་དཀར། དམག་ཟོར་མ་རྣམས་ཀྱི་རྗེས་གནང་། དུག་དབང་རྡོ་རྗེ་ཕ་ལམ། འཆི་བསླུ་སོགས་རྐྱེན་སེལ་མང་པོ་དང་། ཞབས་དྲུང་ཡབ་སྲས་དང་ལྕམ་རྣམས་ལ་ཐུགས་ཐིག གཤིན་རྗེ། གནམ་ལྕགས་བྲག་གཏེར་གསར་རྣམས་ཀྱི་དབང་ལུང་། ཨ་ཏི་ཟབ་དོན་སྙིང་པོའི་སྤོམ་ཁྲིད་དང་། བོ་དོང་གྲྭ་ཚང་ལ་དམག་ཟོར་མའི་རྗེས་གནང་རྣམས་སྩལ་ཅིང་། གཤིན་རྗེ་འཇོམས་བྱེད་ཀྱི་སྒོ་ནས་གཏོར་བཟློག་དང་མནན་པའང་མཛད། མཆོད་ཡོན་གཉིས་ཀས་ནན་གྱིས་གསོལ་བ་ལྟར་ཕྱིས་གཞུང་གི་དགོངས་པ་བསྐངས་ཏེ་བོ་དོང་གྲྭ་ཚང་དུ་བླ་མ་བསྐོ་བ་སོགས་ཞལ་འཛིན་བདག་རྐྱེན་གནང་། སྡེ་བདག་གཞུང་དང་གྲྭ་ཚང་སོ་སོ་ནས་བརྟན་བཞུགས་ཀྱང་རྒྱས་པར་ཕུལ་ཞིང་སྟོན་མོ་དང་ཡུན་གྱི་བསྙེན་བཀུར་འབུལ་བ་སོགས་མཐའ་ཡས་པས་ཞབས་ནས་བཏེག སྤ་ལུང་སྤྲུལ་སྐུ། ཆོས་རྗེ་པདྨ་གར་དབང་། བླ་མ་རྒྱལ་བ་སོགས་མཇལ་མི་ཆེ་ཕྲ་མང་པོ་དང་། སྡེ་པ་ནང་སོ་སོགས་བསྔོ་རྟེན་འབུལ་མི་ཡང་མཐའ་ཡས་པ་བྱུང་། སྟག་ལུང་དུ་ཡང་སྤྱན་འདྲེན་བྱུང་བ་ལྟར་ཐེགས། རིམ་པར་ཆིབས་བསུ་རྫོང་དང་ཆོས་སྡེ་ནས་བསང་དུང་དར་འཕྱར། གྲྭ་ཚང་ནས་སེར་སྦྲེངས་དང་སྡེ་ཡངས་སུ་ཞབས་དྲུང་ལྕམ་སྲིང་གིས་ཞབས་བསུ་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ་ཞབས་ཏོག་དང་འབུལ་བ་གྱ་ནོམ་པ་བསྟབས། དེར་དཔོན་སློ བ་རྣམས་ལ་ཚེ་དཔག་མེད། གུ་རུ་དྲག་པོའི་དབང་བཀའ་སོགས་རྐྱེན་སེལ་གྱི་དབང་བྱིན་རླབས་མང་པོ་དང་གསང་སྔགས་ཆོས་འཁོར་འདུས་ཚོགས་ལ་བཛྲ་གུ་རུའི་བཟླས་ལུང་དང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་རྣམས་མཛད། བསམ་སྡིངས་ནས་སྤྱན་འདྲེན་པ་བྱུང་ཡང་ཐེགས་མ་ཐུབ་པས་ཇ་ཞུ་འབུལ་སྐྱེས་སྟོབ་པར་ཆོས་རྗེ་བདུད་འཇོམས་མངགས་པ་སོགས་སྐུ་དྲུང་དུ་མཇལ་ཁ་ཞུ་བ་ཡང་མང་དུ་བྱུང་། སླར་ཡང་རི་བོ་བྲག་ཏུ་ཕྱིར་ཕེབས་ནས་དཔོན་བློན་རྣམས་ལ་ཤ་འུག་གཏེར་སྒྲོམ་སོགས་གཏེར་རྫས་ཀྱི་མཇལ་ཁ་དང་བྱིན་རླབས་མཛད་ཅིང་། ཕེབས་རྫོངས་ཀྱི་སྟོན་མོ་འབུལ་ནོད་སོགས་རྒྱ་ཆེར་བསྒྲུབས་པ་དང་དུ་བཞེས་ནས་ཆིབས་བཏེག་པའི་ལམ་དུ་སྡེ་བ་རོང་པོ་བ་དང་ཞོལ་དབོན་པོ་གཉིས་ཀྱིས་སོ་སོའི་གཞིས་སུ་བསྙེན་བཀུར་ལ་སྤྱན་དྲངས་པ་སོགས་ཡར་འབྲོག་གི་ཆེ་ཕྲ་ཚང་མས་ཞབས་ནས་བཏེག་ཅིང་། སོ་སོར་གནང་སྦྱིན། གྲྭ་ཚང་རྣམས་སུ་མང་ཇ། དབང་བྱིན་རླབས་གཤིན་གསོན་གྱི་བསྔོ་བ་སོགས་རྣམ་པར་དཀར་བའི་ཕྲིན་ལས་ཀྱིས་གདུལ་བྱ་མཐའ་ཡས་པའི་རེ་འདོད་ཚིམ་པར་མཛད་དེ་རིམ་པར་དར་རྒྱས་ཆོས་གླིང་དུ་ཕེབས་ནས་བཟན་དབང་མཛད། དར་གླིང་པ་རྣམས་ཀྱིས་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་ཞབས་བརྟན་དང་འཆམས་ཕུད། ཡུལ་པ་རྣམས་ཀྱིས་བྲོ་གཞས་ཀྱི་རྩེད་སྣའི་གཟིགས་མོ་ཕུལ། ཕྱིར་ལམ་རྒྱལ་གླིང་དུ་ཚོགས་ཆེན་དགེ་འདུན་སྒང་པའི་ཀུན་རར་སྤྱན་དྲངས་ནས་བསྙེན་བཀུར་ཞིང་ནང་རྟེན་དང་རོལ་མོ་སོགས་མཆོད་རྫས་མཚར་བ་ཐམས་ཅད་སྤྱན་ལམ་དུ་ཕབ། དེ་ནས་གདན་སར་ཕེབས་ཏེ་ཟླ་བ་བཅུ་གཅིག་པའི་མཇུག་ཏུ་གཏེར་སྒྲུབ་ཀྱི་སྐུ་མཚམས་དམ་པར་ཡོད་དུས་གཙང་རོང་ནས་ཏྲེ་བོ་སྤྲུལ་པའི་སྐུ་དཔོན་སློབ་རྣམས་ཆེད་གཏད་མཇལ་དུ་ཕེབས་བྱུང་བ་སྐུ་མཚམས་ཀྱི་སེང་དང་མ་འགྲིག་པས་བསྒུགས་ཞུགས་དང་། བདུན་ཕྲག་གི་མཚམས་སུ་སྤྲུལ་པའི་སྐུ་ཉིད་སྐུ་རྐྱང་ལ་མཇལ་ཁ་གནང་། སླར་ཡང་སྐུ་མཚམས་གྲོལ་བསྟུན་དཔོན་སློབ་ཐམས་ཅད་ལ་གཏེར་གསར་རྣམས་ཀྱི་དབང་ལུང་དང་ཁྱད་པར་ཐུགས་ཐིག་གི་མྱོང་ཁྲིད་སྨིན་པར་སྩལ་ཅིང་། སྤྲེལ་ལོ་དུས་རིམ་ཆེན་མོའི་རྡོ་རྗེ་སློབ་དཔོན་དུའང་ཕེབས།

དགུང་ལོ་སུམ་ཅུ་སོ་དྲུག་པ།

དགུང་ལོ་སུམ་ཅུ་སོ་དྲུག་པ་ལྕགས་བྱ་གནམ་ལོ་གསར་དུ་ཚེས་པའི་དགྱེས་སྟོན་གྱི་བཞུགས་གྲལ་ཡང་དཔོན་སློབ་རྣམས་དང་ལྷན་ཅིག་ཏུ་རྒྱས་པར་གནང་ཞིང་། དེ་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་ཏྲེ་བོ་སྤྲུལ་པའི་སྐུ་དཔོན་སློབ་རྣམས་དང་སྨིན་གྲོལ་གླིང་འདུས་པར་བཅས་པ་ལ་ཁྲོ་བོའི་དབང་བཀའ་མཛད་ཅིང་། རིན་པོ་ཆེའི་སྐུ་རྒྱན་གསར་བཟོ་གནང་བ་ཡང་དེ་དུས་ཐོག་མར་བཞེས། དེ་རྗེས་སྤྲུལ་པའི་སྐུ་དཔོན་སློབ་རྣམས་ལ་རྣལ་འབྱོར་རྒྱུན་དབང་། གསང་རྫོགས་ལུགས་གསུམ། རང་བྱུང་རང་ཤར། མཁའ་འགྲོ་སྙིང་ཐིག་གི་དབང་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ་དང་། མ་མགོན་འཁོར་ལྔའི་རྗེས་གནང་། གྲྭ་པའི་ཛམ་དམར། རང་བྱུང་རང་ཤར་གྱི་ལུང་། མཁའ་འགྲོ་སྙིང་ཐིག་གི་ཁྲིད་བཀའ་དང་། ཆོས་བཀའ་ཉེར་མཁོའི་རིགས་གཞན་ཡང་མང་དུ་མཛད། བཀའ་བརྒྱད་དང་མཁའ་འགྲོ་སྙིང་ཐིག་གི་དཀྱིལ་འཁོར་གཉིས་པོའི་སྟེང་ནས་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་ལ་རབ་ཏུ་གནས་པའང་སོ་སོའི་ལུགས་བཞིན་མཛད། འདི་སྐབས་གཞུང་དུ་སྟོད་ཀྱི་ལེགས་འབུལ་ཞུ་བར་གཅུང་ཀུན་དགའ་ཚུལ་ཁྲིམས་རྫོང་སྟ་གནང་ཞིང་། མི་རིང་བར་ཏྲེ་བོ་སྤྲུལ་པའི་སྐུ་དཔོན་སློབ་རྣམས་ལ་ཕེབས་རྫོངས་ཀྱི་འབུལ་བ་དང་ཆིབས་སྐྱེལ་སོགས་བཀུར་ཟོས་ཆེན་པོ་མཛད་ནས་ཕྱིར་ཐེགས། ཟླ་བ་གསུམ་གྱི་བར་གཟིམས་ཆུང་བསམ་གཏན་སྦུག་ཏུ་གཏེར་སྒྲུབ་ཀྱི་སྐུ་མཚམས་དམ་པར་བཅད་དེ་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་བར་བཞུགས། དེ་དུས་འོད་གསལ་གྱི་གཟིགས་སྣང་ངོ་མཚར་བ་མང་དུ་བྱུང་བ་རྣམས་ནི་ལོགས་ན་ཡོད་དེ་འདིར་བཀའ་རྒྱ་ཡོད་པས་བྲིར་མ་ནུས་སོ། །དེ་རྗེས་རོང་པ་བླ་མ་འོད་གསལ་རང་གྲོལ་ལ་གཤིན་རྗེ་རུ་མཚོན་དམར་པོའི་དབང་ལུང་གསན་ཏེ་ཧོར་ཟླ་དྲུག་པའི་འགོར་གོང་ནས་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་ཆུ་ཤུར་བརྒྱུད་ཕོ་བྲང་ཆེན་པོར་ཐེགས། ཕེབས་འཕྲལ་དུ་ཤར་མར་གོང་ཞབས་སུ་ཕྱག་འབུལ་དང་། དེ་རྗེས་མི་དབང་ཆེན་པོ་མཇལ་དུ་ཐེགས། ཚེས་བཅུ་གསུམ་གྱི་ཉིན་རྩེར་གོང་ཞབས་ཡས་ཕྱིན་ལྷན་ཅིག་ཏུ་ཤ་འུག་གཏེར་གསར་གྱི་དབང་བཀའ་འབུལ་བར་མཛད་ཅིང་ཤིན་ཏུ་མཉེས་པའི་བཀའ་ལུང་དང་དབང་ཡོན་ཡང་རྒྱ་ཆེར་སྩལ། དེ་རྗེས་གོང་ནས་དྲུང་ཡིག་ངག་དབང་བཀྲ་ཤིས་བྱ་བ་སྩལ་ཏེ་རྟགས་ཅན་གྱི་ཤོག་དྲིལ་བྱིངས་དང་། གཅུང་ཀུན་དགའ་ཚུལ་ཁྲིམས་དང་། དགེ་སློང་བློ་གསལ་གཉིས་ཀྱིས་ཀྱང་ཤོག་དྲིལ་རེ་རེ་རིམ་པར་བུ་ཡིག་ཏུ་འབེབས་པར་མཛད། མི་དབང་ཆེན་པོ་དང་རྗེ་འདིས་ལྷན་ཅིག་གོང་ཞབས་སུ་ཞབས་པད་བརྟན་པའི་གསོལ་བ་བཏབ་ན་བཟང་བའི་ལུང་བསྟན་བྱུང་བ་ལྟར། ཟླ་བ་བདུན་པའི་ཚེས་བཞིའི་ཉིན་ས་སྐྱོང་ཆེན་པོས་གཞིས་ཀ་ནས་སྦྱིན་བདག་གནང་བའི་ཞབས་བརྟན་རྒྱས་པར་ཕུལ་བའི་རྗེས་འབྲེལ་རྗེ་ཉིད་ནས་ཀྱང་གནམ་ལྕགས་ཀྱི་རྡོ་རྗེ་སོགས་འབུལ་བ་དང་བཅས་ཞབས་པད་བརྟན་པའི་རྟེན་འབྲེལ་དང་གསོལ་འདེབས་མཛད། སྔ་སོར་མཁའ་འགྲོས་དག་སྣང་ལ་ཕུལ་བའི་བརྟན་བཞུགས་ཚིགས་བཅད་མ་དེ་ཡང་སྐུ་ཞབས་གྲྭ་ཚང་ཚོགས་ཆེན་དུ་འདི་སྐབས་ཚུགས། དེ་ཉིན་ནས་བཟུང་གོང་དུ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་བཀའ་གཞུང་ཁྲིད་ཞལ་གདམས་སྙན་བརྒྱུད་དང་བཅས་པས་བརྒྱན་པ་འབུལ་བར་མཛད་ཅིང་། རུ་ཤན་དབྱེ་བ་སོགས་ལུས་ངག་གི་གནད་དང་གནས་ལུགས་ཀྱི་དྲི་བ་ལ་ཞུན་ཐར་དཔྱོད་པ་སོགས་ལས་དང་པོ་པ་རྣམས་ལམ་འདི་ལ་འཁྲིད་པའི་ཐབས་མཁས་ཀྱི་བརྡ་སྟོན་པའི་ཕྱིར་བདག་གིར་བཞེས་གསུང་། དེ་དག་གི་སྲུབས་དབར་རྣམས་སུ། གུང་ཐང་སྤྲུལ་སྐུ། དགེ་སློང་འཇམ་དབྱངས་གྲགས་པ། ཧོར་ལོ་ཆེན་སོགས་ལ་མཁའ་འགྲོ་སྙིང་ཐིག་གི་དབང་དང་རཏྣའི་གུར་དྲག་གི་དབང་ལུང་། གུང་ཐང་སྤྲུལ་སྐུ། གླིང་སྟོད་སྤྲུལ་སྐུ། རྣམ་གླིང་པཎ་ཆེན། དར་མོ་ནས་ཀྱི་སྐུ་ཚ་སོགས་སྨན་པ་མང་པོར་གཡུ་ཐོག་སྙིང་ཐིག་གི་དབང་བཀའ་སྔ་ཕྱི་གཉིས་མཛད་དེ་སྩལ། མཚན་མོ་འབྲུ་མར་གྱི་སྣང་བ་ལ་བརྟེན་ནས་དགེ་སློང་འཇམ་དབྱངས་གྲགས་པ་ལ་མཁའ་འགྲོ་སྙིང་ཐིག བི་མ་སྙིང་ཐིག སྙན་བརྒྱུད་རྡོ་རྗེ་ཟམ་པ་རྣམས་ཀྱི་ལུང་དང་། ཉེར་བཞིའི་ཉིན་གོང་ཞབས་ཡས་ཕྱིན་དུ་གཏེར་གསར་གྱི་ལུང་རྣམས་འབུལ་བར་མཛད། ཐུགས་རྗེ་ཆེན་པོ་གསང་སྒྲུབ་ཀྱི་སྐུ་ལི་དམར་ལས་གྲུབ་པ་དང་། དམ་རྫས་སོགས་སྔར་ཞལ་མ་ཕྱེ་བ་རྣམས་འདི་དུས་ཞལ་དབྱེ་བར་མཛད་ནས་ཆོས་བདག་རྟེན་འབྲེལ་གྱི་སླད་དུ་སྐུ་བརྙན་དེ་ཉིད་དང་དམ་རྫས་རིལ་བུ་བརྒྱ་ཕྲག་ཏུ་ཉེ་བ་ཙམ་ཡང་འབུལ་བར་གནང་ཞིང་སྐབས་འདིའི་རྟེན་འབྲེལ་གྱི་བརྡ་སྟོན་ངེས་ཤེས་འདྲོངས་པའང་ཡོད་གསུང་། དེ་ནས་གླིང་ཁར་ཆབ་ཞུགས་ལ་ཕེབས་པར་མི་དབང་ཆེན་པོའི་སྐུ་ཞབས་ནས་ཇ་མར་བཞེས་སྤྲོ་སོགས་ཟུར་གསོས་གྱ་ནོམ་པའང་སྩལ། ཨོ་རྒྱན་གླིང་པ་དང་སངས་གླིང་བླ་མ། སྒང་སྟེང་གཟིམས་དཔོན་སོགས་མོན་པ་མང་པོ་ལ་མཇལ་ཁ་དང་། ཉང་བྲན་གྱི་ཚེས་བཅུ་པ། གཞིས་ཀའི་གཉེར་ཆེན་ཨ་ནོར་ལགས། ལྷ་སའི་གནས་ཆེན་པ་དང་བསྙེན་གནས་པ་ཁག་བཞི་རྣམས་ལ་སོ་སོའི་རེ་འདོད་སྐོང་བའི་དབང་ལུང་མང་དུ་མཛད། ཟླ་བ་བརྒྱད་པའི་ཚེས་བདུན་གྱི་ཉིན་རྩེར་གོང་ཞབས་སུ་སྙིང་ཐིག་གི་ཐོད་བརྒལ་ངོ་སྤྲོད་རྣམས་འབུལ་བར་མཛད་དུས་ཡོན་དུ་འཇའ་ཤེལ་རྒྱའི་མེ་ལོང་དངུལ་གྱི་ཀོང་བུ་མར་མེ་འབར་བ་སོགས་སྩལ། སྙིང་ཐིག་གི་ཁྲིད་རྫོགས་ནས་གཤིན་རྗེ་རུ་མཚོན་དམར་པོ་དང་། ཕུར་པ་ཡང་གསང་སྤུ་གྲིའི་དབང་ལུང་འབུལ་བར་མཛད་ཅིང་། ཡོན་དུ་ཧོར་དྲིལ་དངུལ་མགོ་མ་དང་ཧོར་སིལ་ཡུལ་འཁོར་མ་གསེར་སོགས་སྤམ་མཐོ་བ་སྩལ། གྲྭ་ཚང་ཚོགས་ཆེན་ལའང་གཤེད་དམར་གྱི་དབང་ལུང་མཛད་ཅིང་། སྐུ་ཞབས་ཡས་ཕྱིན་གྱི་སྐུ་སྲུང་དུ་བཏགས་གྲོལ་ཁྱད་པར་ཅན་སྒྲུབ་པ་གནང་བའང་ཞག་བདུན་དུ་རབ་གནས་མཛད་ནས་དེ་ཉིད་ཀྱི་དབང་བཀའ་དང་རྗེས་སུ་འབྲེལ་བར་འབུལ་བ་གནང་། རིན་ཆེན་འབྲུ་སྨན་སོགས་བཤད་ཚོད་དང་མཐུན་པའི་ཡོན་ཡང་སྩལ། དེ་རྗེས་བུམ་སྒྲུབ་ཞག་ལྔ་མཛད་དེ་ཉེར་བཞི་ལ་གོང་ཞབས་ཡས་ཕྱིན་དུ་བྱད་འགྲོལ། གདོན་འགྲོལ། འཆི་བ སླུ་སོགས་དང་། དེའི་ཕྱི་ཉིན་གཟིམས་ཆུང་རྩེར་སྐུ་ཞབས་རྩེ་ཤོད་ཀྱི་ཐུགས་དམ་ཐང་སྐུ་དང་འབུར་སྐུ་མང་པོར་རབ་གནས་ཀྱི་ཆོ་ག་མཛད་པའི་ཚེ་གནང་ཆར་རིན་པོ་ཆེའི་ཞི་རྒྱན་རྒྱ་བཟོ་ཁྱད་མཚར། ཀཱ་པཱ་ལ་མཚན་ལྡན་བདུད་རྩིའི་བཅུད་ཀྱིས་གཏམས་པ། རྡོ་རྗེ་ཁ་ཊྭཱཾ་ཀ་དང་། དགང་བླུགས་ཧོར་ཚགས་མ། དར་དཀར་ཡུག་རིང་སོགས་ཀྱི་ཡོན་རྒྱ་ཆེར་སྩལ་ཅིང་ཆོ་གའི་གྲལ་ལ་གཟིགས་མོར་ཕེབས་ནས་ཤིན་ཏུ་དགྱེས་པས་དབུགས་དབྱུང་ཞིང་། ཡོན་གྱི་རྟེན་འབྲེལ་ལས་རྡོ་རྗེ་འཛིན་པ་དག་གི་རྒྱན་དང་ཕྱག་ཆས་དབང་བསྐུར་ཞིང་བསྟན་པ་དྲི་མ་མེད་པ་ཡུན་རིང་དུ་སྐྱོངས་ཤིག་པའི་བརྡ་སྟོན་ལྷུན་གྱིས་གྲུབ་པས་རྗེས་སུ་བཟུང་བར་གོ་གསུང་། གོང་ནས་རྗེའི་འཁྲུངས་རབས་གསོལ་འདེབས་ཀྱང་འདི་སྐབས་བཀའ་རྩོམ་དུ་སྩལ་ཅིང་། དེ་དང་མཐུན་པའི་བྲིས་ཐང་གསར་བཞེངས་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་བཀའ་ནན་ལྕི་བས་འབུལ་དགོས་བྱུང་གསུང་། དེ་ནས་གོང་དུ་ཡང་ཏིག་གཅེས་སྒྲོན་གྱི་ཉམས་ཁྲིད་སྨིན་རྒྱས་དང་། དེའི་དམིགས་པའི་རྐང་གྲངས་ཀྱི་བཀའ་རྩོམ། རབ་གནས་སོགས་རྗེ་ཉིད་ཀྱི་བཀའ་རྩོམ་ཕལ་ཆེ་བའི་ལུང་རྣམས་ཀྱང་འབུལ་བར་མཛད། དེ་སྐབས་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར་གཏེར་གསར་གྱི་དབང་མཛད་ཅིང་ཚུར་ཡང་ཚེ་དབང་ཞིག་གསན། བོ་དོང་ཆོས་འཁོར་བའི་ཆོས་གཞིས་སྔར་རྒྱུན་ལྟར་འཇགས་གནས་སོགས་སྡེ་སྲིད་རིན་པོ་ཆེར་སྙན་སྐུལ་ཞུས་ཏེ་ཕན་པ་སྒྲུབ་པར་མཛད། དེ་ནས་ཕེབས་གདོང་གནང་ཆར་ལོ་རོ་བཀྲ་ཤིས་མཐོང་སྨོན་གྱི་རྟེན་གསུམ་དགོན་མ་ལག་དང་བཅས་པ་ཚང་མ། དངུལ་ལྔ་བཅུ་མ། གོས་ཡུག་སུམ་ཅུ་སོ་ལྔ། དར་ཡུག་སྣ་ཚོགས། ཇ་སིག དངུལ་མདོང་། དངུལ་གྱི་མཎྜལ་སོགས་སྤམ་མཐོ་བ་སྩལ། ཟླ་བ་དགུ་པའི་ཚེས་ལྔ་ལ་རྩེ་ནས་ཆིབས་བཏེག་སྟེ་ལྷ་སར་ཇོ་ཤཱཀ་ལ་ཕྱག་མཆོད་མཛད་དུ་ཕེབས། བཀའ་བརྒྱད་སྨད། བྱང་གླིང་། གཞིས་ཁ་ཤར་སོགས་གནས་ཆེན་པ་སོ་སོས་རང་རང་གི་སྡུམ་པར་སྤྱན་དྲངས་ཏེ་ཚེ་རྟ་གུར་དྲག་གི་དབང་ཞུས། དྷཱི་ཚ་སྤྲུལ་སྐུ་རིན་པོ་ཆེ་སྐུ་མདུན་དུ་མཇལ་དུ་བྱུང་བར་ཕྱག་དར་རྩེ་སྤྲོད་སོགས་བཀུར་ཟོས་འབུལ་བར་མཛད། འབྲི་གུང་སྤྲུལ་པའི་སྐུའི་བཀའ་ཤོག་དང་རྟ་སོགས་འབུལ་སྐྱེས་བཟང་པོ་བྱུང་། དགའ་ལྡན་ཁང་གསར་དུ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་བཞུགས་པའང་མཇལ་བ་ཙམ་མཛད་ནས་ཆིབས་བཏེག་སྟེ་རིམ་པར་ཆུ་ཤུར་དུ་སྐུ་ཞང་གི་མཆིས་འབྲང་མ་བུར་རྐྱེན་སེལ་གྱི་དབང་དང་། ལྕགས་ཟམ་རྗེ་དབོན་དང་ཕྱག་མཛོད་ལྷུན་གྲུབ་རབ་བརྟན་པ་སོགས་མཇལ་མི་མང་པོའི་རེ་འདོད་སྐོང་བར་མཛད་དེ་གདན་སར་ཕེབས། མི་རིང་བར་གཅུང་ཀུན་དགའ་ཚུལ་ཁྲིམས་དང་ཞང་པོ་དྲུང་པ་སོགས་བཀྲ་ཤིས་མཐོང་སྨོན་རྩིས་བཞེས་པར་ལོ་རོར་རྫོང་སྟ་མཛད། ཏྲེ་བོ་སྤྲུལ་སྐུ་རིན་པོ་ཆེའི་ཡབ་གཤེགས་པའི་མགྱོགས་བསྔོ་རྟེན་འབུལ་བ་དང་སྐྱབས་ཡུལ་དུ་སྤྱན་འདྲེན་པའི་བང་ཕྱིན་སླེབ་པ་ལྟར་གོང་ཞབས་སུ་གནས་ཚུལ་འབུལ་བར་གཟིམས་དཔོན་ཆོས་མཛད་ཆེད་དུ་མངགས། འདུམ་པོའི་ཞལ་ངོ་རྣམས་མཇལ་དུ་བྱུང་བར་ཚེ་དབང་གུར་དྲག་གི་དབང་སོགས་ཀྱིས་རེ་འབྲས་གང་བར་མཛད། ལོ་རོ་ནས་རྩིས་བཞེས་པ་རྣམས་འབྱོར་བའི་ཕྱག་ཕྱིར་དབུ་མཛད་དྲུང་གནས་སོགས་བྱུང་བར་གཤིན་རྗེའི་དབང་ལུང་སྩལ། འདི་སྐབས་དུས་བབས་ཆོག་གྲའི་བསྒྱུར་ཁ་སོགས་རྟེན་འབྲེལ་གྱི་རྣམ་འགྱུར་ཅི་ཡང་བྱུང་གསུང་། དེ་ནས་ཟླ་བ་བཅུ་པའི་ཉེར་ལྔ་ལ་གཙང་རོང་དུ་ཆིབས་བཏེག་པའི་ཕེབས་ལམ་དུ་ཆོས་སྡེའི་གནས་མཇལ་དང་། དེའི་ཕྱི་ནུབ་བཙན་མདོ་ཆ་དཀར་དུ་དཔལ་དེའུ་གྲུབ་ཆེན་གྱིས་ཚོགས་འཁོར་འབུལ་པ་སོགས་རྒྱས་པར་བསྟབས། འདའུའི་ལ་ནས་རིམ་པར་དཔའ་དེའུ། རྩེ་ཐང་སོགས་བརྒྱུད་རོང་ཆུ་ཚན་ཁར་ཞག་ལྔའི་བར་ཆབ་ཚན་བསྟེན་ཏེ་བཞུགས། གསོལ་ཆས་གཟན་ཤིང་སོགས་གཞུང་གི་བཀས་རིན་སྤུངས་རྫོང་ནས་ཕུལ། དེར་ཡུལ་པ་མཇལ་མི་ཡང་མང་པོ་བྱུང་། དེ་ནས་རིམ་པར་སྒོ་མོ་ར་བ། སྐྱིད་གཤོངས་ནང་པ་སོ་སོའི་ཁྱིམ་དུ་ཞག་བཞུགས་དང་རྐྱེན་སེལ་གྱི་ཚེ་རྟའི་དབང་བསྐུར་བྱིན་རླབས་མཛད་ནས་རོང་བྱམས་ཆེན་གྱི་གནས་གཟིགས་དང་། དེ་ནུབ་རིན་སྤུངས་རྫོང་དུ་ཕེབས་ཏེ་རྫོང་དཔོན་དང་ཡུལ་མི་དད་ཅན་འགས་ཞབས་ནས་བཏེག་ཅིང་དབང་དང་བྱིན་རླབས་ཀྱིས་རེ་བ་གང་བར་མཛད། ནངས་པར་བཀྲ་ཤིས་གླིང་གི་ཚུགས་ཁར་ཏྲེ་བོ་སྤྲུལ་པའི་སྐུ་ངོས་ཕེབས་ཀྱི་ཐབ་བསུ་དང་། སྒར་པའི་སེར་སྦྲེངས་ཀྱིས་སྔུན་བསུས་ཏེ་ཚེས་བརྒྱད་ལ་དཀར་པོ་ལྕོག་གར་ཕེབས། དེར་ཡབ་ཀྱི་དོན་དུ་བྱང་བུ་བཞུ་བའི་ཆོ་ག་མཛད་ཅིང་། ཧོར་སིལ། མུ་ཏིག་གི་འཕན་ཆ། རྟེན་ལི་མ་དང་རྒྱ་ནག་མ་སོགས་རྟེན་གསུམ་མཆོད་ཆ་གོས་དར་རྟ་ནོར་གྱི་འབུལ་བ་སྤམ་མཐོ་བ་རྣམས་བྱང་ཆེན་དུ་བསྔོ་བསྒྱུར་མཛད། དེ་དག་གི་སྔ་ཕྱི་ཅི་རིགས་པ་སྤྲུལ་པའི་སྐུ་དཔོན་སློབ་རྣམས་ལ་གཏེར་གསར་བླ་མ་ཞི་དྲག་གཤིན་རྗེ། རྡོར་སེམས་རྣམས་ཀྱི་དབང་ལུང་དང་། ཡུལ་པ་རྣམས་འདུས་པའི་ཁྲོམ་ལ་ཚེ་དབང་། སྤྲུལ་སྐུ་རིན་པོ་ཆེ་སྐུ་རྐྱང་ལ་ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་དབང་ལུང་དང་། ཟབ་མོ་ནང་དོན་གྱི་ལུང་། སྒྲོལ་དཀར་གྱི་རྗེས་གནང་སོགས་མཛད། ཕུང་པོ་རི་བོ་ཆེའི་བླ་མ་སོགས་ཕྱོགས་ཀྱི་བླ་མ་སློབ་དཔོན་དཔོན་སྐྱ་ཡུལ་མི་སོགས་ཀྱི་མཇལ་མི་མང་དུ་བྱུང་ཞིང་དབང་དང་བྱང་བཞུ་གཤིན་གསོན་གྱི་བསྔོ་བ་སོགས་ཀྱིས་རེ་འདོད་སྐོང་བར་མཛད། དེ་ནས་འོད་མཆོག་སྤྲུལ་པའི་སྐུས་སྤྱན་འདྲེན་ནན་ཆགས་བྱུང་བ་བཞིན། ཉེར་གསུམ་ལ་ཆིབས་བསྐྱོད་པའི་དགོན་གཤམ་གྱི་གྲོང་དུ་ཐབས་བསུ་དང་། དགོན་པའི་ཐང་སྒབ་ཏུ་སྤྲུལ་སྐུ་རིན་པོ་ཆེ་ངོས་ཕེབས་ཀྱི་ཆིབས་བསུ། གྲྭ་ཚང་གིས་སེར་སྦྲེངས་དང་བཅས་ཨོ་རྒྱན་ཆོས་གཏེར་གླིང་དུ་ཕེབས། དེར་སྔགས་འཆང་ལྕགས་གཏུན་པར་གིང་གི་བཀའ་གཏད་གསན་ཞིང་། དཔོན་སློབ་ཚོར་དབང་ལུང་ཐན་ཐུན་དང་ཡུལ་པ་རྣམས་ལ་ཚེ་དབང་མཛད། ཚུར་ཡང་སྤྲུལ་སྐུ་རིན་པོ་ཆེར་ཕུར་པ་དཔྱལ་ལུགས་ཀྱི་སྐོར་གསན། ཁོང་དཔོན་སློབ་ཀྱིས་བསྙེན་བཀུར་དང་འབུལ་བ་གྱ་ནོམ་པས་ཞབས་ནས་བཏེག་སྟེ། ཕྱིར་ཕེབས་ཀྱི་ལམ་དུ་ནང་པ་སྐྱིལ་པ་བས་སྤྱན་དྲངས་ཤིང་། དེ་ནུབ་བ་ཐོར་སྔགས་འཆང་ཆུ་སྤེ་སྟེང་པས་སྤྱན་དྲངས་ནས་ཁོང་པ་གྲྭ་བཅས་ལ་ཚེ་དབང་སོགས་ཀྱིས་རེ་བ་གང་བར་མཛད། ནངས་པར་ཤ་རའི་ཚུགས་དོན་པའི་གྲུ་ཁར་ཡུལ་པའི་སྐྱ་སེར་མང་པོ་མཇལ་དུ་བྱུང་ཞིང་ཡ་རབས་མདར་ནཱ་ལེན་དཱའི་གཟིམས་ཁང་འོག་གི་སློབ་དཔོན་ཟུར་པ་དང་། གྲྭ་ཚང་སོ་སོའི་སྒེར་རྒན་སོགས་ཀྱིས་ཆིབས་བསུ་དང་ཐབ་བསུ། མཁན་པོས་དབུས་པའི་དགེ་འདུན་རྣམས་ཀྱིས་སེར་སྦྲེངས་དང་བཅས་མཁས་པའི་འབྱུང་གནས་འབྲས་ཡུལ་སྐྱེད་མོས་ཚལ་གྱི་ཆོས་གྲྭར་ཕེབས། མཁན་ཆེན་བཀྲ་ཤིས་རྒྱལ་མཚན་པས་བླ་བྲང་གཞུང་གི་ཞབས་ཏོག་རྒྱས་པ་དང་། གྲྭ་ཚང་གསུམ་པོའི་སྤྱི་ཁང་དུའང་སོ་སོས་སྤྱན་དྲངས་ཤིང་བསྙེན་བཀུར་རྒྱ་ཆེར་བསྟབས། ཕྱིའི་ཆོས་ཁྲིའི་ཐོག་ནས་མཁན་སློབ་དགེ་འདུན་ཡུལ་པར་བཅས་པ་ལ་ཚེ་དབང་དང་། འདུ་ཁང་གི་ཁྲི་ཐོག་ནས་མཁན་པོས་དབུས་ཚོགས་པར་བླ་མའི་རྣལ་འབྱོར་ལུང་སྦྱོར་རྒྱས་པའི་ཁུངས་དང་སྦྱར་བ་བསྟན་པ་ལ་ཐོས་བསམ་གྱི་བགྱི་བ་རྒྱ་ཆེར་དགོས་པའི་ཚོགས་གཏམ་མཛད། དེར་དགེ་འདུན་རྣམས་ལ་མང་ཇ་ལྔ་སྦྲེལ། དར་འགྱེད། ཚན་གྲངས་བླ་བྲང་དུའང་གནང་ཆ་དང་དེར་བྱུང་གི་འབྲུ་ལ་སོགས་པའི་རྙེད་པ་རྣམས་འཇོག་པར་མཛད་ཅིང་པོད་ཆེན་རྒྱུགས་འབུལ་མི་རྣམས་ལའང་གནང་ཆ་རྒྱས་པར་གནང་། ཚུར་ཡང་སྤྱི་སྒེར་གྱི་འབུལ་ནོད་གྱ་ནོམ་པ་དང་། རིགས་གྲྭའི་ཁྲིར་ཡང་སྤྱན་འདྲེན་ཞུས། སླར་ཡང་གནམ་གང་ལ་གཞིས་བཞུགས་ཐམས་ཅད་ཀྱིས་ཆབ་ཁ་ནས་ཞབས་བསུས་ཏེ་དཀར་པོ་ལྕོག་ཏུ་ཕེབས། ཞག་བཅུ་སྐོར་བར་སྔར་གྱི་ཆོས་འཕྲོ་རྣམས་སྩལ། ཁོང་དཔོན་སློབ་ཀྱིས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཞབས་བརྟན་དང་རྗེས་འབྲེལ། རྟེན་ལི་མ། རྒྱ་ནག་མ། དཀར་སྤྱད་སོགས་རྒྱའི་མཆོད་ཆ། ཧོར་རྔ་ཆེ་ཆུང་། གོས་དར། རྟ་ནོར་སོགས་སྤམ་མཐོ་བ་ཕུལ། ཟླ་བ་བཅུ་གཉིས་པའི་ཚེས་བཅུའི་ཉིན་ཕེབས་རྫོངས་ཀྱི་སྟོན་མོ་འབུལ་བ་དང་བཅས་པ་རྒྱ་ཆེར་བསྟབས། ཕར་ཡང་གོས་ཕྱི་ནང་ཡུག་ཁ་ཤས་རྩེ་ཇ་སློབ་རྩེ་དུ་མ། རྒྱ་སྦུག བླ་རེས། སྣམ་རས་རྟ་སོགས་རྒྱས་པར་ཕུལ་ནས་ནངས་པར་ཆིབས་བཏེག་པའི་ཚུགས་ཁར་སྐྱེད་ཚལ་གྱི་གྲྭ་པ་དུ་མ་དད་པས་མཇལ་དུ་བྱུང་། རྟ་བྲེས་བར་ཏྲེ་བོ་སྤྲུལ་སྐུ་རིན་པོ་ཆེ་དང་སྐྱེད་ཚལ་མཁན་པོ་སོགས་ཀྱིས་གསོལ་ཚིགས་སྟོན་མོ་དང་བཅས་དཔོན་སློབ་ཐམས་ཅད་འབྲལ་མི་ཕོད་པའི་གདུང་ཤུགས་ཀྱིས་སྤྱན་ཆབ་སྦྲེང་བཞིན་པས་ཞབས་སྐྱེལ་མཛད། ལམ་ཞོར་ཁམ་བུ་ལུང་གི་གནས་མཇལ་གནང་སྟེ་དེ་ནུབ་བྲེ་མདའ་བཟང་ལུང་དགོན་དུ་བཞུགས། སང་ཉིན་སྒྲུབ་སྡེ་བ་རྣམས་ཀྱིས་སེར་སྦྲེངས་དང་བཅས་བོན་ལུང་པདྨ་ཆོས་གླིང་དུ་སྤྱན་དྲངས། གྲྭ་བཙུན་ཡུལ་པ་རྣམས་ལ་ཁྲོམ་དབང་དང་། དེ་ནུབ་གྲྭ་པ་ཁེར་རྐྱང་ལ་རིག་འཛིན་རྩ་དབང་དང་ལས་བྱང་གི་ལུང་སྩལ། ཁོང་དཔོན་སློབ་རྣམས་ཀྱིས་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་ཕུལ་ཞིང་། དེར་ཚོགས་པར་ཆོས་འབྲེལ་བསླབ་བྱ་དང་། གདན་ས་བར་གུར་དྲག་དང་ཕྱག་རྡོར་གྱི་དབང་སྩལ། དེ་དུས་བྱ་རྒོད་པ་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་ཆོས་སྐྱོང་རྒྱལ་མཚན་པའང་མཇལ་དུ་བྱུང་བར་བོན་ལུང་གི་དཔོན་སློབ་རྣམས་དང་ལྷན་ཅིག་ཏུ་གོང་གི་དབང་ལུང་རྣམས་གནང་། ཚེས་བཅུ་བདུན་ལ་ཆིབས་བཏེག་སྟེ་རིམ་གྱི་སྙེ་མོར་བང་སྟག་ནང་པས་སྤྱན་དྲངས། རྐྱེན་སེལ་གྱི་ཚེ་རྟ་གུར་དྲག་ལོཀྟྲི་སོགས་ཀྱི་དབང་བྱིན་རླབས་དང་བྲིས་ཐང་མང་པོར་རབ་ཏུ་གནས་པའི་མེ་ཏོག་འཐོར། ཕེབས་ལམ་དུ་ནང་པ་མདོ་མཁར་བ་དང་ལྷ་རིས་པ་སོ་སོའི་གཞིས་ཀ་དང་། རིན་པོ་ཆེ་དཀོན་མཆོག་དཔལ་བས་དགེ་འདུན་སྒང་རྣམས་སུ་སྤྱན་དྲངས། བྱེ་མཁར་ཆོས་སྡེར་བསམ་སྡིངས་རྗེ་བཙུན་མས་སྤྱན་དྲངས་པ་ལྟར། འདུས་ཆེན་གྲྭ་ཚང་གིས་སེར་སྦྲེངས་སོགས་བཀུར་སྟི་ཆེན་པོས་མདུན་བསྟར་ཏེ་ཕེབས། འདུས་ཚོགས་སུ་ཚེ་དབང་དང་། རྗེ་བཙུན་མར་ཚེ་རྟ་ཕྱག་རྡོར་སོགས་ཀྱི་དབང་མཛད། དེ་ནས་ཆིབས་བཏེག་པའི་ལམ་ཞོར་དུ་བཻ་རོ་ཕུག་གི་གནས་གཟིགས་མཛད་ཅིང་། དེར་བང་སྟག་པའི་རྒྱལ་བུ་མཆེད་དཔོན་ཚང་གླིང་པ། རུ་པའི་མཁན་པོ་སོགས་མཇལ་ཁ་ཞུ་མི་མང་པོ་བྱུང་། རིམ་པར་རྒྱལ་བྱེད་ཚལ་ནས་ཐོན་སྲས་བཀྲ་ཤིས་རབ་བརྟན་པའི་ཇ་ཞུ་འབུལ་བ་དང་། ཞབས་དྲུང་དམག་དཔོན་པས་ཆིབས་བསུ་སོགས་ཀྱིས་མདུན་བསུས་ཏེ་ཐོན་མདའ་གཞིས་ཀར་སྤྱན་དྲངས། གཏེར་རྫས་ཀྱི་མཇལ་ཁ་གནང་། དེ་ནས་དོ་ནང་པདྨ་གླིང་པས་སྦུས་སྡེ་ཆུ་བཟང་དུ་གདན་དྲངས་ཏེ་ཞག་གཉིས་བཞུགས་ནས་ཚེ་དབང་དང་། དྲག་དམར་གྱི་བྱིན་རླབས། ཡུལ་པ་སྟོང་ཚོ་བརྒལ་ཙམ་ལ་ཁྲོམ་དབང་མཛད་ནས་ཡོལ་རིན་ཆེན་གླིང་དུ་ཞག་ས་དང་རྟེན་མཇལ། དགེ་འདུན་རྣམས་ལ་ཇ་བསྐོལ་དང་ཟང་ཟིང་གི་གནང་ཆ་མཛད་དེ་ལྕགས་ཟམ་གྲུ་བརྒྱུད་ལྷུན་གྲུབ་རབ་བརྟན་དུ་ཕེབས་ཏེ་ཞལ་ངོ་རྣམས་ལ་རྐྱེན་སེལ་གྱི་དབང་བྱིན་རླབས་མཛད་ནས་ཆོས་སྡེར་ཐེགས། བླ་བྲང་དུ་ཞག་བཞིའི་བར་སྟན་འཇགས་ནས་མདོས་ཆེན་དང་ཕུར་སྒྲུབ་ཀྱི་གཟིགས་མོ་གནས་གཟིགས་དང་བཅས་པ་མཛད་ཅིང་། འདུས་པར་མང་ཇ་གསུམ་འབྲེལ་དང་སྤྱི་འགྱེད་ཀྱང་རྒྱས་པར་སྩལ། ཉེར་བརྒྱད་ཀྱི་ཉིན་དཀོན་གཉེར་བ་དཔོན་སློབ་ཀྱི་ཆིབས་བསུ་དང་བཅས་རྫོང་དུ་སྤྱན་དྲངས་ཏེ་དུས་རིམ་གྱི་ཕྱག་ལེན་ལ་གཟིགས། རྫོང་དཔོན་ཟུང་གིས་ལེགས་རབ་ཏུ་སྤྱན་འདྲེན་ཞུས་ཏེ་སྟོན་མོ་རྒྱ་ཆེར་བསྟབས། དེ་ནུབ་ཆོས་སྡེར་མདོ་ནས་ཆོས་རྗེ་དགེ་བའི་དབང་པོ་ལ་ས་ཕུར་ལྷ་ཁྲའི་དབང་ལུང་གསན།

དགུང་ལོ་སུམ་ཅུ་སོ་བདུན་པ།

དགུང་ལོ་སུམ་ཅུ་སོ་བདུན་པ་ཆུ་ཁྱི་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་ཡང་ཆོས་སྡེའི་གཉེར་ཚང་ནས་རྒྱས་པར་བསྟབས། དེ་ཉིན་བདེ་ཆེན་ཆོས་འཁོར་ནས་ཆིབས་བསུ་བླ་བྲང་སྟེང་ནས་བསང་དུང་། གྲྭ་ཚང་དུ་སྒྲུབ་སྡེ་ཕོ་མོའི་ཞབས་བསུ་དང་བཅས་སྤྱན་དྲངས་པ་ལྟར་ཐོག་མར་གྲོ་བོ་ལུང་དུ་ཕེབས། དེ་རྗེས་སྤྲུལ་སྐུ་རིན་པོ་ཆེ་དང་བདག་པོ་ཞབས་དྲུང་སོགས་ཀྱིས་བདེ་ཡངས་སུ་ཞབས་བསུ་མཇལ་དར་དང་བཅས་ཏེ་བླ་བྲང་དུ་སྤྱན་དྲངས་ནས་བསྙེན་བཀུར་འབུལ་ནོད་རྒྱ་ཆེར་བསྟབས། དེར་སྤྲུལ་སྐུ་རིན་པོ་ཆེ་དང་། བདག་པོ་ཞབས་དྲུང་། ཞབས་ཕྱི་ནང་སྐོར་བ་དང་བཅས་པར་ཚེ་དབང་། སྤྲུལ་པའི་སྐུ་ཁེར་རྐྱང་ལ། བྱད་འགྲོལ། གདོན་འགྲོལ། དྲག་དམར་དང་རྟ་མགྲིན་གྱི་དབང་རྣམས་གནང་ཞིང་འདུས་ཚོགས་སུ་གྲྭ་ཇ་སྐྱེས་ལན་འབུལ་བ་སོགས་གྱ་ནོམ་པ་སྩལ། བདག་པོ་ཞབས་དྲུང་སོགས་བཅུ་སྐོར་གྱི་ཆིབས་སྐྱེལ་དང་བཅས་ཕྱིར་ཕེབས་ཏེ་གཞུང་གནས་ཆུང་དུ་སྤྱན་དྲངས་པ་ལྟར་ཐེགས་ནས་རིམ་པར་ཚེས་ལྔ་ལ་གདན་སར་ཕེབས། ཚེས་དྲུག་ནས་བླ་མ་ལྷ་ཁང་གི་སྐུ་འདྲ་རྣམས་ལ་གཟུངས་འབུལ་དང་། མཆོད་བསྒྲིགས་སོགས་མཛད་དེ་ཚེས་དགུའི་ཉིན་རབ་ཏུ་གནས་པའི་ཆོ་ག་མཛད། ཚེས་བཅུ་གཅིག་ནས་བཟུང་ཀོང་པོ་ཐང་འབྲོག་བླ་མ་སོགས་ཕྱོགས་འདུས་པ་མང་པོ་དང་གྲྭ་ཚང་གི་དབུ་ཆེ་བགྲེས་པ་སོགས་ལ་བླ་མ་དགོངས་པ་འདུས་པའི་ལུང་ཕྱི་དྲོ་ཐུན་ཆེན་རེ་ཆག་མེད་དུ་མཛད། ཟླ་བ་གཉིས་པའིི་ཉེར་ལྔ་ལ་གནས་ཆུང་སྔགས་འཆང་གིས་དཔལ་འབྱོར་གླིང་དུ་རབ་གནས་ལ་སྤྱན་དྲངས་ཤིང་ལྟས་ཡ་མཚན་པའང་ཤར་གསུངས། དེ་དག་གི་སྔ་དྲོ་གཟའ་ཚེས་ཡུད་ཙམ་བཟང་པོ་རྣམས་དང་བསྟུན་རིམ་པར་དྭགས་པོ་རྩེ་ལེའི་བླ་མ། ཨེ་པ་དབོན་པོ་ཨོ་རྒྱན་དཔལ་འབྱོར། གསོལ་དཔོན་ངག་དབང་རབ་བརྟན། དགེ་སློང་བསྟན་འཛིན་འགྱུར་མེད། གཟིམས་དཔོན་ངག་དབང་འཕྲིན་ལས། མཆོད་དཔོན་ངག་དབང་ཚུལ་ཁྲིམས། ཆོས་རྗེ་བསམ་གྲུབ་དགོན་པ་བ། དབུ་མཛད་ངག་དབང་བཟོད་པ་རྣམས་སོ་སོས་དགུང་ཀེག་གི་ཉེས་སེལ་ལ་དམིགས་ནས་འབུལ་བ་དཔངས་:གཏོད་༼བསྟོད་༽པ་དང་འདུས་ཚོགས་སུ་ཚོགས་འཁོར་མང་འགྱེད་དང་བཅས་ཏེ་ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་ཞབས་བརྟན་དང་། རས་ཆེན་རིག་འཛིན་རྣམ་རྒྱལ་འཁོར་རས་པ་ཕོ་མོ་བརྒྱ་ཕྲག་དང་བཅས་པས་ཀྱང་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས་ཤིང་། རས་ཆེན་དཔོན་སློབ་རྣམས་ལ་གཏེར་གསར་གྱི་ཚེ་དབང་དང་། རྡོར་སེམས་ཀྱི་དབང་ལུང་མཛད། འགེར་བསམ་གྲུབ་ཆོས་རྫོང་དང་། ཕུན་རབ་ནང་པ་སོགས་མཆོག་དམན་མང་པོས་གྲྭ་ཚང་གི་གྲལ་དབུར་གདན་དྲངས་ཤིང་བསྙེན་བཀུར་འབུལ་བ་རྒྱ་ཆེར་བསྟབས། ཟླ་བ་གསུམ་པའི་སྒང་ལ་གོང་མའི་ལུང་གིས་བསྐུལ་ཏེ་ཡང་དགའི་གྲུ་བརྒྱུད་བསམ་ཡས་སུ་སྐུ་རིམ་ལ་ཐེགས། དེར་སྟག་རྩེ་ཞབས་དྲུང་གིས་ཕོ་བྲང་དུ་གདན་དྲངས་ཏེ་སྟོན་མོ་བཟང་པོ་བསྟབས། དེ་ནས་བར་ཁང་གི་གཡུ་ཞལ་དུ་དབང་ཆེན་པདྨ་དྲག་པོའི་གཏོར་བཟློག ཚོགས་བརྒྱ། བསྐང་བཤགས། མེ་མཆོད། ཚེ་སྒྲུབ་སོགས་མཛད་དེ་ཕེབས་གདོང་ཡང་ཕོ་བྲང་དུ་སྤྱན་འདྲེན་བྱུང་བ་ལྟར་སྐོར་ཙམ་ཐེགས། ཕྱི་དྲོ་མཆོད་ཁང་རྣམས་ཞིབ་མཇལ་གནང་། ཞབས་དྲུང་དཀར་པོ་བ་དང་། རབ་བྱུང་མཁན་པོ་སོགས་སྐྱ་སེར་གྱི་མཇལ་ཁ་ཞུ་མི་ཡང་མང་དུ་བྱུང་། རིམ་པར་སྒྲགས་མདར་ཞག་ས་མཛད་དེ་གདན་སར་ཕྱགས་ཕེབས། གཟིམས་དཔོན་དངོས་གྲུབ་འཆི་ནད་ཀྱིས་བཏབ་པའི་སྐྱབས་ཞུ་བར་འདུམ་པོ་དགོན་གསར་དུ་སྤྱན་འདྲེན་ཞུས་ཏེ། དུས་དེར་འཕྲོད་པའི་གདམས་པ་དང་དབང་བྱིན་རླབས་མང་དུ་མཛད་ཅིང་། དམ་རྫས་གནང་ནས་ཉིན་རེ་རིལ་བུ་རེ་ཟོ་གསུང་བ་ལྟར་ཟོས་པས་འཆི་བའི་དུས་དང་རིལ་བུ་རྫོགས་པ་འགྲིག་པས་ཐུགས་མཁྱེན་ལ་ཐམས་ཅད་མོས་པར་གྱུར། དེ་ནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་རྣམས་ལེགས་པར་གྲུབ་ནས་ས་གའི་དུས་ཆེན་དང་བསྟུན་རབ་གནས་ཆེན་མོ་གནང་བཞེད་དེ། མཆོད་གཤོམ་གྱི་ཞལ་བཀོད་དང་། འཆམས་དབྱངས་སོགས་ཕྱག་ལེན་གྱི་འགྲིག་རྣམས་མཛད་དེ་ས་ག་ཅན་གྱི་ཚེས་དགུ་ནས་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཆེན་མོའི་ས་ཆོག་དང་འབྲེལ་བར་རྗེ་ཉིད་གཙོ་བོར་ཕེབས་ནས་ཁྲག་འཐུང་རྩ་འཆམས་དང་བཅས་ཏེ་རིམ་པར་ས་ཆོག་སྟ་གོན་ཕྱི་ནང་གི་མཚམས་གཅོད་སོགས་སྒྲུབ་ཆེན་གྱི་ལས་རིམ་རྒྱས་པས་ཁོག་ཕུག་པའི་ཚོགས་སྒྲུབ་དང་སྦྲེལ་ཏེ། ཚེས་བཅོ་ལྔ་ལ་རབ་ཏུ་གནས་པའི་སྟ་གོན་དང་། ཕྱི་ཉིན་དངོས་གཞི་ལ་སྣམ་སྦྱར་ཅན་གྱི་སེར་སྦྲེངས་ཀྱི་བཀོད་པ་ཚར་དུ་དངར་བ་དང་བཅས་ཏེ་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། ཙཱ་རུའི་དགའ་སྟོན་གྱིས་ཁྲོམ་པ་ཀུན་ལ་ཁྱབ་པར་བཀྱེ་བས་ཐམས་ཅད་ཚིམ་པར་གྱུར་ཅིང་། མེ་ཏོག་འཐོར་བའི་དུས་ནམ་མཁའ་ཤིན་ཏུ་དྭངས་པའི་ངང་ནས་ལྷས་གནོད་པ་མེད་པའི་ཆར་ཅུང་ཟད་ཙམ་དང་། དེ་ནུབ་ཆར་ཆེན་པོ་བབས་པས་ཞིང་པ་ཀུན་ཀྱང་དགའ་ཞིང་རངས་པར་གྱུར། དེར་གསུང་ཆོག་པ་རྣམས་ལ་ཡོན་གྱི་ཕྱག་འགྱེད་འབུལ་བ་སོགས་རྒྱས་པར་སྩལ། དེའི་སང་ཉིན་བདེ་ཡངས་སུ་དཔལ་ཆེན་པོ་དཀྱིལ་འཁོར་དགུའི་ཡེ་ཤེས་ཀྱི་འཁོར་ལོ་རྒྱས་པ་ལས་ཐམས་ཅད་པའི་ཐབ་ནང་དུ་སྤྱན་དྲངས་ཏེ། རྗེ་ཉིད་ནས་རིན་པོ་ཆེའི་རྒྱན་སོགས་འཁོར་ལོས་སྒྱུར་བའི་ཆས་ཞུགས་དང་བཅས་ཏེ་མཆོད་ཅིང་འཕྲིན་ལས་བསྐུལ་བའི་སྲེག་བླུགས་ཀྱི་མཆོད་སྦྱིན་ཆེན་པོ་བསྟབས། ཚེས་བཅོ་བརྒྱད་ཀྱི་སྔ་དྲོ་ཁྲི་ཕྲག་བརྒལ་བའི་ཁྲོམ་ལ་ཆོས་ཁྲིའི་སྟེང་ནས་དབང་སྦྱིན་དང་། བཟའ་བཏུང་གིས་ཚིམ་པར་མཛད་ནས། ཕྱི་དྲོ་སྨད་ལས་ཀྱི་གདབ་ཁ་རྒྱས་པའི་ལས་རིམ་དང་སྦྲེལ་ནས་རྔ་འཆམས་དང་བྲུབ་འཆམས་གྱི་ཕྱག་ལེན་མཛད་པས་ཀུན་ཡིད་ཕྲོགས་པར་གྱུར་ཅིང་། ཚེས་བཅུ་དགུ་ལ་གཉུག་མར་གནས་པའི་འདུས་ཚོགས་ཀྱི་སྟེང་དུ། གདན་ས་དར་རྒྱས་ཆོས་གླིང་། ཟངས་མཚོ་སྒྲུབ་སྡེ། སྙེ་མདོ་གྲྭ་ཚང་སོགས་གྲྭ་ནང་དང་མོན་མཁར་ཁུལ་གྱི་འདི་གའི་དགོན་ལག་རྣམས་དང་། ཕྱི་རྫིང་ཚོགས་པ་སོགས་གྲྭ་ཕྱིའི་དགོན་ཆེ་ཆུང་ཐམས་ཅད་སྤྱན་དྲངས་ཏེ། སེར་མོ་བ་སྟོང་སྐོར་ལ་ཚ་གྲྭ་གྲལ་འགྱེད་སྤྱི་འབུལ་གཟབ་རྒྱས་དང་། དེ་སྟེང་འདི་གའི་དགོན་མ་བུ་རྣམས་ལ་རོལ་ཆ་ལྷ་རྟེན་སོགས་སྤྱི་རྫས་ཀྱི་སྦྱོར་འཇགས་དང་བཅས་པ། མངའ་འབངས་ཀྱི་མི་སེར་དུད་ཆེ་ཆུང་ཐམས་ཅད་ལའང་བཟའ་བཏུང་གི་སྟོན་མོ་གཟབ་པ་ཉིན་གང་མ། འབྲུ་རྩམ་ཚྭ་རྣམས་འབོ་རྒྱག་གི་ལག་འགྱེད། ཡུལ་སྡེབས་སྒྲིལ་གྱི་སྤྱི་འགྱེད་དང་བཅས་པ། ཕྱི་ནང་གི་ནང་ཟན་ལས་བྱེད་བརྒྱ་སྐོར་ལ་གྱོན་པ་སོགས་ཉེར་སྤྱད་ཀྱི་དངོས་པོའི་གནང་སྦྱིན་རྒྱ་ཆེར་སྩལ་ཏེ་ཐམས་ཅད་ཀྱི་ཡིད་ཚིམ་པར་མཛད་ཅིང་། དེའི་སང་ཉིན་དངོས་གྲུབ་ལེན་པ་ནས་བརྩམས་ཏེ་ཉེར་གཉིས་ལ་རྡུལ་ཚོན་ཆུ་བོར་གཤེགས་པའི་བར་མཐའ་རྒྱས་སུ་མཛད་དོ། །ནོར་བུའི་ལན་ཀན་གྱིས་བསྐོར་འདྲེན་བྱེད་དང་། །ལྷན་ཅིག་སྙིང་ལ་དཔལ་སྟེར་གཙུག་ལག་ཁང་། །མཐོ་རིས་ཐེམ་སྐས་ལྟ་བུ་མངོན་གྱུར་ཏེ། །ལྷག་གནས་ཤིས་པ་སྒྲུབ་པའི་ཆོ་ག་མཛད། །དེ་ཚེ་མེ་ཏོག་འཐོར་བས་བར་སྣང་ཀུན། །ཁྱབ་པར་གཡོགས་ཚེ་སུམ་རྩེན་བདག་པོ་ཡང་། །འགྲན་ཟླའི་ཡིད་ཀྱི་ཆུ་འཛིན་གཡོས་པའི་ལྷོངས། །མེ་ཏོག་མནྡཱ་ར་ཡི་ཆར་དུ་བསྙིལ། །ཨེ་མ་གདོད་ནས་འོད་གསལ་ལྷན་སྐྱེས་སྐུ། །བརྟན་གཡོའི་འཁོར་ལོར་ཆད་མེད་རྗེས་ཞུགས་ཀྱང་། །ངོ་མཚར་སྒྱུ་མའི་རོལ་ངོར་ཅི་ཡང་ཞིག །བསྟན་པས་ལྷ་མིའི་མཆོད་སྡོང་ཕུལ་དུ་བྱུང་། །དེའི་ཚེ་སྦ་ལུང་སྤྲུལ་སྐུ། དཔལ་རི་གདན་ས་བ། གྲྭ་ཕྱི་ནང་གི་གཞིས་གཉེར་དང་དྲུང་འཁོར། བསམ་དགོན་རྫོང་གསར་བ་སོགས་ཕྱོགས་འདུས་པ་མང་པོ་དང་། དགོན་ཆེ་ཆུང་ལྷ་འབངས་དང་བཅས་པས་ལེགས་བྱ་ཡང་རྒྱ་ཆེར་བསྟབས། དེ་དག་དང་རྔ་བྲོ་གླུ་གཞས་པ་མང་དུ་བྱུང་བར་ཡང་གནང་སྦྱིན་རྒྱས་པར་སྩལ། གྲྭ་ཐང་། བྱམས་པ་གླིང་། ནམ་མཁའ་མཛོད་སྒྲུབ་སྡེ། རི་བོ་རྣམ་རྒྱལ། ཇོ་གདན་ཚོགས་པ། སྡིངས་པོ་ཆེ། ཆག་བྱང་གླིང་པ། བན་པ་བསམ་གྲུབ་དགོན་སོགས་ལ་རབ་གནས་སྟོན་དོན་གྱི་མང་ཇ་སྦྱོར་སྦྲེལ། སྤྱི་འབུལ་གྲྭ་འགྱེད་དང་བཅས་པ་ཆེད་དུ་སྩལ་མི་མངགས། དེ་ནས་སྦ་ལུང་སྤྲུལ་སྐུ། ཐང་འབྲོག་སྐུ་སྐྱེ། དཔལ་རི་གདན་ས་བ་སོགས་ཕྱོགས་འདུས་པ་དང་། སྨིན་གྲོལ་གླིང་འདུས་ཚོགས་བཅས་པར་བླ་མ་དགོངས་འདུས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་བཀའ་དབང་ཕྲན་དང་བཅས་པ་ཆ་ཚང་དང་། དྭགས་པོ་གདང་མཁར་བར་ནཱ་ག་རཀྴའི་དབང་ལུང་། སྦ་ལུང་སྤྲུལ་སྐུར་ཐུགས་ཐིག གཤིན་རྗེ། གནམ་ལྕགས་བྲག་གི་གཏེར་གསར་སོགས་ཀྱི་དབང་ལུང་། དཔལ་རི་གདན་ས་བར་གཟའི་དུག་འབྱིན་དང་བསྟན་སྐྱོང་མའི་རྗེས་གནང་། ཤིང་རྩ་སྤྲུལ་སྐུ་དང་གདན་ས་བར་ཐུགས་ཐིག་གཤིན་རྗེ། རྡོར་སེམས་རྣམས་ཀྱི་དབང་ལུང་དང་། ཚེ་རྟ་དྲག་དམར་གྱི་དབང་རྣམས་སྩལ། རས་ཆེན་རིག་འཛིན་རྣམ་རྒྱལ་ལ་ཕག་མོ་ཟབ་རྒྱའི་འཕྲུལ་འཁོར་གྱི་ཕྱག་ཁྲིད་གསན། ཟླ་བ་དྲུག་པའི་ནང་དུ་གཞུང་གི་སྐུ་རིམ་དུ་ཡང་དགའི་གྲུ་བརྒྱུད་བསམ་ཡས་སུ་ཐེགས། སྟག་རྩེ་ཞབས་དྲུང་ཡབ་སྲས་ཀྱིས་ཕོ་བྲང་དུ་སྤྱན་དྲངས་ཏེ་བསྙེན་བཀུར་དང་ཉིན་བསྟར་ཇ་ཞུ་སོགས་ཀྱིས་ཞབས་ནས་བཏེག རྟ་མགྲིན་གླིང་དུ་གཤིན་རྗེ་དྲེགས་འཇོམས་ཀྱི་སྒོ་ནས་མནན་སྲེག་འཕང་བའི་ལས་སྦྱོར། ཞི་བའི་སྲེག་བླུགས་བརྒྱ་རྩ། བྱང་ཆུབ་ཆེན་པོའི་སྐུ་མདུན་དུ་རབ་གནས་དང་། བོད་འབངས་བདེ་བའི་སྨོན་ལམ་རྣམས་མཛད། ཞབས་དྲུང་དཀར་པོ་བས་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་ཕྱག་ནས་མ་བྱིན་ཅན་དེ་ཕུལ་བར་ཤིན་ཏུ་མཉེས་ཏེ། རྟ་དང་མཛོ་ཕོ་མོ་སོགས་གནང་བྱིན་རྒྱ་ཆེར་སྩལ། ཕྱིར་ཕེབས་གདོང་ཡང་ཕོ་བྲང་དུ་སྤྱན་དྲངས། གཞན་ཡང་སྐྱ་སེར་མཆོག་དམན་དུ་མ་མཇལ་དུ་བྱུང་བར་ཡང་སོ་སོའི་རེ་འདོད་ཚིམ་པར་མཛད་ནས། འབྲས་བུ་གྲུ་བརྒྱུད། རྣམ་སྲས་གླིང་དུ་གདན་དྲངས་ཏེ་ཀླུ་སྡིངས་སུ་ཞག་གཉིས་སྟན་འཇགས། དེར་སྡེ་པ་ཡབ་སྲས་རྣམས་ལ་ཚེ་རྟ་དྲག་དམར་གྱི་དབང་དང་། གཞིས་ཀའི་སྟེང་ཤོད་རྣམས་ལ་ཕྱག་ནས་མཛད་དེ། ཚོང་འདུས་གླིང་བར་ཞབས་དྲུང་ཡབ་གསོལ་ཚིགས་བཏེག་སྟེ་ཆིབས་སྐྱེལ་དུ་བྱུང་། རིམ་པར་གདན་སར་ཕྱག་ཕབ་སྟེ་སྐྱི་སྟོན་པདྨ་དབང་ཆེན་ལ་ཆོས་དབང་གི་ཡང་དག་སྙིང་པོའི་སྐོར་དང་། བཀའ་མ་ལམ་རིམ་དང་ཕྲ་མོའི་སྐོར་སོགས་དང་། སྟོན་པ་ཆོས་དབྱིངས་རྡོ་རྗེ་ལའང་ཡང་དག་བཀའ་མ་དང་། འཇམ་དཔལ་གདོང་དྲུག་སོགས་ཀྱི་དབང་ལུང་རྒྱུན་དཀོན་པ་མང་པོ་ཡང་གསན། ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ལ། གྲྭ་ཕྱིའི་མི་སེར་སྤྱི་བསྡུས་ཀྱི་འབུལ་བ་སྟན་དཀར། འདུས་ཚོགས་སུ་གྲྭ་ཇ་ཚོགས་འཁོར་དང་བཅས་ཏེ་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས། ཚེས་བཅུ་གསུམ་ནས་ཞག་གསུམ་གྱི་བར་འདུས་ཚོགས་ཀྱི་ཞབས་ཕྱི་དང་བཅས་ཏེ་ཆུ་ཤུར་གླིང་དུ་ཕེབས་ནས་ཆབ་ཞུགས་བརྟེན་པར་མཛད་རྗེས་ཁྱུང་སྟོན་གྲུབ་པ་རྡོ་རྗེ་ལ་རྫོགས་ཆེན་སེམས་ཕྱོགས་ཉང་ལུགས་ཀྱི་ཁྲིད་བཀའ་སོགས་གསན་ཞིང་། གདན་སར་དོན་གཉེར་ཅན་མང་པོར་ཚེའི་དབང་བཀའ་སྩལ། དེ་དུས་ཞམ་རིང་པ་དག་གིས་འདི་ལོ་དགུང་ཀེག་གི་གཉན་ཆ་དང་བཅས་གཞན་ལ་ཚེ་དབང་གནང་བ་མི་འགབ་ཞུས་པས་བཀའ་ལས། དེ་མ་གོ་བ་ཡིན། གཞན་གྱི་ཚེའི་བར་ཆད་སེལ་བའི་ཆེད་དུ་དབང་བྱས་པ་དེ་རང་གི་ཚེ་སྒྲུབ་ཏུའང་འགྲོ། རྒྱུ་མཚན་རིམ་གྲོར་སྲོག་བསླུ་བྱེད་པ་དང་འདྲ་གསུང་། ༧རྗེ་ཐམས་ཅད་མཁྱེན་པ་ཉིད་ཆུ་ཁྱི་ལོ་ཟླ་བ་གཉིས་པའི་ཉེར་ལྔ་ལ་གཤེགས་པ་རེ་ཞིག་གསང་རྒྱ་གནང་བའི་ཁོངས་སུ་ཕེབས་ནས་མཆོག་སྤྲུལ་མྱུར་ཕེབས་ཀྱི་རྟེན་འབྲེལ་སྒྲིག་ཐབས་དང་ཕེབས་ནས་རྐྱེན་སེལ་སྐུ་རིམ་མི་དབང་ཆེན་པོར་དབང་བཀའ་འབུལ་བ་རྣམས་རྒྱུན་ཆགས་སུ་གནང་ཞིང་དཀྱུས་སུ་སྨོས་པ་རྣམས་གསང་རྒྱའི་དགག་དགོས་སུ་ཤེས་པར་བྱའོ། །དེ་ནས་ཟླ་བ་དགུ་པའི་ཉེར་ལྔ་ལ། གོང་དུ་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་ཆིབས་བཏེག རིམ་པར་འབྲིའུ་སྣའི་གྲུ་དང་བྱེ་ལ་བརྒྱུད་ཉེར་བརྒྱད་ལ་ཕོ་བྲང་རྩེར་ཕེབས། ཉེར་དགུ་ལ་གོང་ཞབས་སྐུ་མཚམས་ཤིན་ཏུ་དམ་པར་བཞུགས་འདུག་པའི་སྐུ་མདུན་དུ་ཕྱག་འབུལ་དུ་ཐེགས། མཇལ་ཁ་ལྷོད་ཆགས་ཕུན་སུམ་ཚོགས་པ་བྱུང་། ཟླ་བ་བཅུ་པའི་ཚེས་གསུམ་ལ་སྐུ་ཞབས་རྩེར་འཆི་བསླུ་དང་ཚེ་དབང་བརྒྱ་རྩ་འབུལ་བར་མཛད། ཚེས་བདུན་ལ་མི་དབང་ཆེན་པོ་མཇལ་བར་མཛད་ཅིང་། དེའི་ཕྱི་དྲོ་སྐུ་ཞབས་རྩེ་ཤོད་ལྷན་རྒྱས་སུ་རྟ་མགྲིན། ཕྱག་རྡོར། གུ་རུ་དྲག་པོ་རྣམས་ཀྱི་དབང་བཀའ་འབུལ་བར་མཛད། དེ་ནས་ཚེས་དགུའི་སྔ་དྲོ་གཟའ་ཚེས་ཕུན་སུམ་ཚོགས་པ་ལ་གོང་ཞབས་ཡས་ཕྱིན་དུ་རྣམ་པར་རྒྱལ་བའི་གྲྭ་ཚང་ཆེན་མོས་དྭངས་མ་བཅུད་འདྲེན་གྱི་གསུང་ཆོག་དང་འབྲེལ་བའི་བརྟན་བཞུགས་འབུལ་བར་མཛད་པར་བཀྲ་ཤིས་པའི་ཁ་བཏགས། ན་བཟའ་ཆ་ཚང་། བཞུགས་སྟན། གོས་ཡུག་སུམ་ཅུ། ནང་དར་ཡུག་ཞེ་ལྔ། རྒྱ་ཧོར་གྱི་སྦུག་སིལ། སྐུ་གསུང་ཐུགས་རྟེན། བསི་ཐང་གྲྭ་ཚར། མཁར་རྔ། དུང་། གོ་ཁྲབ། རྟ། ཁྲོ། ཟམས་རས། ཇ། སྣམ་བུ་སྤུས་མཚར་སོགས་དངོས་པོ་གང་ཡོད་བཟང་བསྡུས་ཀྱི་རྩེར་དགུ་ཚན་ཉི་ཤུ་རྩ་གཅིག་དང་། སྡེ་སྲིད་རིན་པོ་ཆེར་དགུ་ཚན་བཅོ་ལྔ། གྲྭ་ཚང་དུ་ཁྲོ་དང་། ཀ་ལིང་ཆ་སོགས་དགུ་ཚན་གསུམ། ཕྱག་འགྱེད་གྲྭ་པ་ཉིས་བརྒྱ་སྐོར་གྱི་རེའི་ཕྱག་ཏུ་ལྷོ་རས་ཡུག་རེ། གཉིས་དབར་དུ་སེ་རལ་ལེ་བ་རེ། བཅུ་དབར་དུ་བཟང་ཇ་བར་ཁག་རེ། ལས་སྣེ་རྣམས་ལ་རྣམ་གཞག་ལྔ་བརྩེགས། རྩེར་དྲུང་འཁོར་སྤྱིར་དགུ་ཚན་ཉིས་སྦྲེལ་སོགས་འབུལ་བ་པོའི་ཕྱོགས་ནས་རྒྱས་པར་ཕུལ་ཞིང་། དེའི་ཕྱི་དྲོ་ཚེ་དབང་བརྒྱ་རྩ་འབུལ་བར་མཛད། དེ་དུས་དབང་སྔ་ཕྱིར་འབུལ་བ་མཛད་པ་རྣམས་ལ་ཡོན་དུ་དངུལ་གྱི་མཎྜལ། གསེར་སྲང་རེ། གོས་ཕྱི་ནང་རྣམས་ཕལ་ཆེར་ལ་སྩལ། ཚེས་བཅུ་གཅིག་ལ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་བརྙན་ལ་གཟུངས་འབུལ་དང་། བཅུ་གསུམ་ལ་ཚོམས་ཆེན་དུ་གོང་ཞབས་ཡས་ཕྱིན་གྱི་ཐུགས་དམ་རྟེན་གྱི་སྐུ་བརྙན་རྒྱལ་མཆོག་དམ་པའི་འཁྲུངས་རབས་དང་རྒྱ་ཅན་སྐོར་གྱི་བྲིས་ཐང་མང་པོར་རབ་ཏུ་གནས་པའི་སྟ་གོན་དང་། དེའི་སང་ཉིན་དངོས་གཞིའི་ཆོ་ག་མཛད། རབ་སྟོན་དང་ཡོན་གྱི་གནང་ཆ། གྲྭ་པ་རྣམས་ལའང་གོས་ཕྱི་ནང་གི་ལག་འགྱེད་སོགས་རྒྱ་ཆེར་སྩལ། སེ་རྒྱ་མཁར་བ་དང་། ཨ་ཇོ་རྫོང་སྤྲུལ་སྐུ་སོགས་ཀྱང་མཇལ་དུ་བྱུང་། ཚེས་བཅོ་བརྒྱད་ཀྱི་སྔ་དྲོ་གཟིམས་ཆུང་ཉི་འོད་རྩེར་སྡེ་སྲིད་སྐུ་ཞབས་སུ་མཁའ་འགྲོ་གྲིབ་སེལ། རྒྱ་ཅན་གྱི་རྡོ་རྗེ་གྲོ་ལོད། ཚེ་དཔག་མེད། ཡང་གསང་དྲག་པོ་རྣམས་ཀྱི་དབང་དང་། ཕྱི་དྲོ་ཁམས་གསུམ་དུ་གོང་ཞབས་རྩེ་ཤོད་ལྷན་ཅིག་པར་ལོཀྟྲི་དང་། ཕུར་པའི་དབང་བཀའ་འབུལ་བར་མཛད་དུས་གསེར་དང་གོས་ཕྱི་ནང་། ན་བཟའ་ཆ་ཚང་སོགས་ཡོན་གྱི་དངོས་པོ་སྤམ་མཐོ་བ་གནང་། བཅུ་དགུ་ནས་བཟུང་ཟླ་བ་ཕྱི་མའི་ཚེས་གསུམ་གྱི་བར་གོང་ཞབས་ཡས་ཕྱིན་དུ་ཉིན་རེ་བཞིན་དབང་རྗེས་གནང་འབུལ་བ་དང་སྐུ་རིམ་མཛད་པ་ལ། རཏྣའི་དྲག་དམར། བྱང་གཏེར་ཐུགས་སྒྲུབ། སྒྲ་མི་སྙན་པའི་ཚེ་དབང་། དམག་ཟོར་མའི་རྗེས་གནང་། གཟའ་དབང་། དུག་འབྱིན། གཏེར་གསར་ལྷ་ཆེན་གྱི་སྲོག་གཏད། མཁའ་འགྲོ་གྲིབ་མདོས། ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ་དང་ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབ ང་། གདོན་འགྲོལ་ཚར་གསུམ་དང་བྱད་འགྲོལ་རྣམས་འབུལ་བར་མཛད་ཅིང་། སོ་སོར་གོས་དར་དང་གསེར་དངུལ་སོགས་ཡོན་གྱི་གནང་ཆ་རྒྱ་ཆེར་སྩལ། དེ་དག་གི་སྐབས་ཅི་རིགས་པར་བླ་སྨན་དར་མོ་ནས་ལ། འཆི་བསླུ། གུར་དྲག ཚེ་དབང་། ལོ་ཀྟྲིའི་རིགས་གཏད་སོགས་རྐྱེན་སེལ་མང་པོ་དང་། ཚག་གུར་ནས་ལ་ཉི་མ་མདུང་གང་མའི་བཟླས་ལུང་། སྡོམ་བརྩོན་འཇམ་དབྱངས་གྲགས་པར་ཁ་ཐུན་གྱི་ལུང་རྣམས་སྩལ། དེ་ནས་ཚེས་བཞི་ལ་ས་སྐྱོང་གྲོང་སྨད་པས་ཆུ་བཟང་དུ་གདན་དྲངས་ཏེ། ཞབས་བརྟན་ལ་དམིགས་པའི་ལྷ་ཁང་དུ་ཚེ་ལྷའི་རིགས་ཀྱི་སྐུ་མང་པོ་གསར་བཞེངས་གནང་འདུག་པར་རབ་གནས་དང་། དེ་ནུབ་གཞིས་ཀར་ཕེབས་ནས་ཞག་གསུམ་གྱི་བར་བཞུགས་ཏེ་ཞབས་དྲུང་རྒྱལ་བུ། མི་དབང་ཆེན་པོའི་ཡུམ་སྐུ་མཆེད། ལྕམ་དབྱངས་ཅན་དྲུང་སྲས་ཡུམ་རྣམས་ལ་འཆི་བསླུ། བྱད་འགྲོལ། ཚེ་རྟ་ཕྱག་རྡོར། གུར་དྲག ལོཀྟྲི་རྣམས་ཀྱི་དབང་དང་། ཁྱད་པར་ཡུམ་དྲུང་སྐུ་མཆེད་ལ་གཏེར་གསར་རྫོགས་ཆེན་གྱི་ཁྲིད་དམིགས་སྙིང་པོར་དྲིལ་ནས་གསུངས་པས་མི་ཕྱེད་པའི་དད་པ་ཆེས་ཆེ་བ་འཁྲུངས་ཏེ། གསེར་དངུལ། གོས་དར། རིན་པོ་ཆེའི་སྐུ་རྒྱན། ན་བཟའ་སྐོར་སོགས་འབུལ་བ་དང་བསྙེན་བཀུར་རྒྱ་ཆེ་བ་བསྟབས་ཤིང་། དེ་ནས་བཟུང་སྟེ་གྲྭ་ཚང་དུ་རྒྱུན་ཇ་རྐང་མ་དང་། ཟླ་བ་ངོ་རེ་བཞིན་སྐུ་ཁམས་ཀྱི་འཚམས་དྲིའི་ཞུ་ཡིག་དང་། རྒྱ་བོད་ཀྱི་དངོས་སྤྱད་དུ་མ་འབུལ་བར་མི་སྣ་བརྒྱུད་མར་སྩལ། ཕོ་བྲང་ཆེན་མོར་བཞུགས་རིང་ཡང་། ཉིན་སྟར་ཇ་ཞུ་དང་། བཞེས་སྤྲོའི་རིགས་རྒྱུན་ཆགས་སུ་འབུལ་བ་གནང་ཞིང་། ཁྲིད་ཀྱི་དམིགས་སྐྱོར་འབུལ་བར་རྗེའི་ཞལ་སློབ་ཅིག་དགོས་ཕེབས་པ་ལྟར། ཕྱིས་སྒོམ་ཆེན་ལྷུན་གྲུབ་རྒྱ་མཚོ་རྫོང་བར་མཛད། ཚེས་བདུན་ལ་རྩེར་ཕེབས་ཤིང་། སྦ་ལུང་སྤྲུལ་སྐུ། ཀོང་པོ་བ་ཡུ་བླ་མ། མདོ་མཁར་ལྕམ་སོགས་མཇལ་མི་རྣམས་ཀྱི་རེ་བ་སྐོང་བར་མཛད། ཚེས་དགུ་ནས་སྐུ་སྲུང་ལེ་ཚན་དང་། ཐུགས་རྗེ་ཆེན་པོ་གསང་སྒྲུབ་ཀྱི་འཁོར་ལོ་ཕྱག་:བདར་༼བསྟར་༽གྱིས་བཟོ་བ་གནང་ནས་ཞག་བདུན་གྱི་བར་དུ་སྒྲུབ་པ་མཛད་པར་ལྟས་མཚན་བཟང་པོ་གཟིགས་ཤིང་། ཚེས་བཅོ་བརྒྱད་ཀྱི་རྒྱལ་ཕུར་འགྲུབ་སྦྱོར་ཐོག་སྲོག་གཏད་དང་འབྲེལ་བར་རྟེན་རྫས་ཉིད་འབུལ་བ་མཛད་པར་ཐུགས་མཉེས་པའི་གནང་སྐྱེས་གན་གོས་ཏ་ཧུང་ཚོན་རྫོགས་ཡུག་བམ་ཅན་དང་། གསེར་སྲང་གསུམ། དངུལ་གྱི་མཎྜལ། ཁ་བཏགས་སོགས་ཡོན་རྒྱས་པར་སྩལ། དེ་རྗེས་ལྷ་སར་ཇོ་མཇལ་ལ་ཕེབས་པ་དང་བསྟུན་ཁྱམས་ནང་མའི་སྒོ་དྲུང་དུ་དམ་སྲིའི་མནན་པའང་མཛད། དེ་ཞོར་ནས་ཚེས་བཅུ་པ་ནུབ་པ་དང་། རགས་ཁ་བ། ཆུ་མིག་ཁ། བྱང་གླིང་། བདེ་གསལ་དབུ་མཛད། ལྕགས་གྲོང་པ་རྣམས་སོ་སོས་སྤྱན་དྲངས་ནས་མཆོད་ཅིང་དབང་ལུང་བྱིན་རླབས་སོགས་ཀྱང་བཞེད་སྦྱར་དུ་སྩལ། སླར་ཡང་ཕོ་བྲང་རྩེར་ཕེབས་པའི་ཚེས་བཅུ་དགུའི་ཕྱི་དྲོ་གོང་ནས་བཀྲ་ཤིས་ཁ་བཏགས་ཉིན་བདེ་མ་མང་པོ། གོས་ཕྱི་ནང་ཡུག་སུམ་ཅུ་སྐོར། ན་བཟའ་ཆ་ཚང་། གསེར་དངུལ། རོལ་ཆ་སོགས་གནང་ཆ་སྤམ་མཐོ་བའི་ཕེབས་རྫོངས་དང་། ཉེར་གཅིག་ལ་སྡེ་སྲིད་སྐུ་ཞབས་ནས་ཀྱང་གོང་དང་ཆ་མཚུངས་ཀྱི་གནང་ཆ་རྒྱ་ཆེར་སྩལ་ནས། ཉེར་ལྔ་ལ་ཕེབས་ལམ་དུ་ཞུགས་ཏེ། གསང་མདའ། འཕྲད་གོང་། སྐྱིད་གཤོངས། ཡང་དགའ་རྣམས་སུ་ཞག་མལ་རེ་མཛད་པའི་ཉེར་དགུ་ལ་སྨིན་གྲོལ་གླིང་དུ་ཕེབས། དེ་ནས་མི་རིང་བར་ཟླ་བ་བཅུ་གཉིས་པའི་ཚེས་ལྔ་དྲུག་ལ་འདུམ་པོར་དཔོན་སློབ་ཐམས་ཅད་སྤྱན་དྲངས། བོད་ལུགས་བཟང་པོའི་སྲོལ་རྒྱུན་གྱི་ཆིབས་བསུ་དང་། བཞུགས་གྲལ་གྱི་སྟོན་མོ་དུས་ཅན་དང་། དུས་མེད་ཀྱི་བསྙེན་བཀུར་འབུལ་བ་བཟང་པོས་མཆོད་ཅིང་ཞག་ལྔ་དྲུག་ཙམ་བཞུགས། ཕྱིར་ལམ་གདན་ས་རྙིང་པ་དར་རྒྱས་ཆོས་གླིང་དུ་ཕེབས་པའི་དུས་ཅན་གྱི་ཡུལ་པར་བཟན་དབང་གྲྭ་རིགས་རྣམས་ལ་བསླབ་བྱའི་ཞལ་གདམས་དང་མང་འགྱེད། མགོན་ཁང་དུ་བསྐང་གསོ་གསོལ་མཆོད་རྣམས་རྒྱས་པར་མཛད་ནས་སྙེ་མདོར་གྲྭ་ཚང་དང་སྟོན་འཁོར་ཆབས་ཅིག་པར་སྤྱན་དྲངས་ནས། གྲྭ་ཚང་གི་གསོ་སྦྱོང་བཅོ་ལྔ་པའང་དེར་མཛད་ཅིང་། བཅུ་དྲུག་ཆད་པའི་བཅུ་བདུན་ལ་ཚེའི་ཆོ་ག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པར་ཕུལ་ནས་བཅོ་བརྒྱད་ལ་སྨིན་གྲོལ་གླིང་གི་གདན་སར་ཕྱག་ཕེབས། དེར་བདག་ཅག་རྣམས་གོང་དཀར་དུ་གཞུང་གི་སྐུ་རིམ་ཞབས་ཕྱིར་རྫོང་སྟ་མཛད་ནས། ཚེས་ཉི་ཤུ་ནས་ལོ་མཇུག་དུས་རིམ་ཆེན་མོའི་ས་ཆོག་ཐིག་ཚོན་བྱིན་རླབས་སོགས་ནས་སྒྲུབ་པའི་དངོས་གཞི། ཉེར་དགུ་ལ་ཟོར་འཕེན། གནམ་གང་གི་གཏོར་འབུལ་རྟེན་འདོགས་བར་གྱི་རྡོ་རྗེ་སློབ་དཔོན་དང་།

དགུང་ལོ་སོ་བརྒྱད་པ།

དགུང་ལོ་སོ་བརྒྱད་པ་ཆུ་ཕག་གནམ་ལོ་གསར་དུ་ཚེས་པའི་བཞུགས་གྲལ་གྱི་དགྱེས་སྟོན་སོགས་སྔར་འཁྱུད་བཞིན་གནང་ནས། ཟླ་བ་དང་པོའི་གཤམ་ལ་ཁྲོ་བོར་རོལ་པའི་གཏོར་བཟློག་གི་ཆོག་བསྒྲིགས་བདུད་དཔུང་ཟིལ་གནོན་དང་། དེའི་ལག་ལེན་གས ལ་བྱེད་ཀྱི་བཀའ་རྩོམ། བཀའ་བརྒྱད་བླ་བརྒྱུད་དང་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་ཐང་རྣམས་འདྲི་བའི་ལྗགས་བཀོད་མཛད། འདི་སྐབས་རྡོ་རྗེ་བྲག་ཏུ་རིག་འཛིན་མཆོག་གིས་ཨེ་ཝཾ་འདུས་སྡེ་མ་བུ་ཐམས་ཅད་སྡེབས་ཚོགས་ཀྱི་སྐུ་རིམ་རྒྱ་ཆེན་གནང་བ་དང་རྗེས་འབྲེལ་རྐྱེན་སེལ་གྱི་དབང་བཀའ་གསན་པ་སོགས་ཀྱི་ཆེད་དུ་སྤྱན་འདྲེན་འབྱོར་བ་ལྟར་ཆིབས་བསྐྱོད་པའི་སྒྲགས་མདར་ཞག་ས་མཛད། ནངས་པར་ཕྱག་མཛོད་སོགས་དྲུང་འཁོར་གྱི་ཆིབས་བསུ་འདུས་སྡེ་མ་བུའི་དགེ་འདུན་ཉིས་བརྒྱ་བརྒལ་བས་སེར་སྦྲེངས་ཁྱམས་ཐིལ་དུ་ཞབས་བསྐྱོད་པའི་བསུ་བ་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ནས་ཞག་ལྔའི་བར་སྟོན་མོ་བསྙེན་བཀུར་དང་འབུལ་ནོད་རྒྱ་ཆེར་བསྟབས་ཤིང་། ཕན་ཚུན་བཀའ་མཆིད་འབེལ་གཏམ་གྱིས་སོ་སོར་དགྱེས་པ་བསྐྱེད་ཅིང་བླ་མ་དགོངས་འདུས་ཀྱི་དོན་དབང་ལས་ཀྱི་མཁའ་འགྲོའི་སྲོག་གཏད། རཏྣའི་གུར་དྲག་དང་ཐུགས་རྗེ་ཆེན་པོའི་དབང་ལུང་རྣམས་དགོངས་བཞེད་བཞིན་འབུལ་བར་མཛད་ཅིང་། འདུས་པར་མང་ཇ་སྤྱི་འགྱེད་དང་འབྲེལ་བའི་ཞབས་བརྟན་གྱི་འབུལ་བ་ཚིགས་བཅད་དང་བཅས་པ་མཛད་ནས་གདན་ས་ཉིད་དུ་ཕྱིར་ཕེབས། སྐབས་དེ་དག་ཏུ་མཐུ་ཆེན་ལྕགས་བཏུན་པར་འཇམ་དཔལ་གཤིན་རྗེའི་གཤེད་རུ་མཚོན་དམར་པོའི་དབང་ལུང་བསྐྱར་ནས་གསན་ཅིང་རུ་མཚོན་གྱི་ཕྱག་ཁྲིད་སོགས་དྲག་སྔགས་ཀྱི་གནད་འགའ་ཞིག་ཀྱང་གསན་ཏེ་ཐུགས་སུ་ཆུད་པར་མཛད། དེ་སྐབས་སྔ་ཕྱིར་རྩེ་གདོང་ནས་བདག་ཆེན་རིན་པོ་ཆེས་སྤྱན་འདྲེན་གྱི་བཀའ་ཤོག་ལན་མང་པོ་དང་། ཁྱད་པར་གཞུང་དུའང་སྙན་འབུལ་གནང་བ་བཞིན་གོང་ནས་བསླབ་སྟོན་བྱུང་བ་བཅས། ཟླ་བ་གསུམ་པ་རྟིང་མའི་ཚེས་བཅུ་བདུན་ལ་ཕེབས་ལམ་དུ་བཞུགས་པའི་ཡང་དགའ་དང་སྐྱིད་གཤོངས་སུ་ཞག་རེ་མཛད་ནས་གོང་དཀར་ཕུག་རོན་ནི་ཙུ་ལའི་ཚལ་དུ་གསོལ་ཚིགས་ཐོག་ཆོས་སྡེའི་སློབ་དཔོན་ནམ་མཁའ་མཛོད་པའང་མཇལ་དུ་བྱུང་། རིམ་བཞིན་གན་པ་དཔལ་དེའུ་རྣམས་སུ་ཞག་ས་དང་ལུང་བཟང་དུ་རྩེའི་ཕྱག་མཛོད་གྲགས་པ་འབྱོར་བའི་སྟོན་མོ་རྒྱས་པར་བསྟབས། རོང་རམ་པ་དང་། བདེ་སྐྱིད་གླིང་། རིན་སྤུངས་རྫོང་རྣམས་སུ་ཞག་བཞུགས་མཛད། དེར་སྐྱིད་ཚལ་མཁན་པོ་དང་། ཏྲེ་བོ་ཕྱག་མཛོད་ཀྱང་མཇལ་དུ་བྱུང་། ཁུ་ལུང་རྣམ་བཞིར་ཞག་མལ་གནང་བའི་ས་ནས་མཁར་གདོང་སོགས་གནུབས་ཡབ་སྲས་ཀྱི་སྒྲུབ་ཁང་རྣམས་མཇལ་དུ་ཕེབས། དེར་འོད་མཆོག་སྤྲུལ་པའི་སྐུ་ཡང་མཇལ་དུ་བྱུང་ཞིང་། དེ་ནུབ་ཁོང་དཔོན་སློབ་དང་། དཀར་པོ་ལྕོག་ནས་གཞིས་ལེན་གྱི་བསྙེན་བཀུར་སྤམ་མཐོ་བ་བསྟབས། བྱ་བཟང་དུ་ཞག་མལ་མཛད་ནས་ཕུང་པོ་རི་བོ་ཆེའི་སྒྲུབ་གནས་སུ་དེའི་གནས་འཛིན་གྱི་གྲྭ་ཚང་དཔོན་སློབ་རྣམས་ཀྱིས་ཆིབས་བསུ་སེར་སྦྲེངས་དང་བཅས་པས་སྤྱན་དྲངས་ནས་ཞབས་ཏོག་རྒྱ་ཆེར་བསྟབས་ཤིང་། གཞུང་སའི་བཀས་ཁྱབ་པའི་གསོལ་ཆས་གཟན་ཤིང་རྣམས་པ་རྣམ་རྫོང་ནས་གནང་བ་འབུལ་བར་རྫོང་དཔོན་གནམ་བདེ་ལེགས་པ་འབྱོར། གནས་དེར་ཞག་བདུན་བཞུགས་ཏེ་ཚོགས་བརྒྱ་དང་། མཁའ་འགྲོའི་མེ་མཆོད་སོགས་སྐུ་རིམ་མང་དུ་མཛད་ཅིང་། གནས་འཛིན་པ་དཔོན་སློབ་རྣམས་ལ་བཀའ་བརྒྱད་ཀྱི་རྣལ་འབྱོར་རྒྱུན་དབང་དང་། ནང་རྟེན་གྱི་བྱིན་རླབས་མཛད་ཅིང་། ཚུར་འབུལ་ཕར་གནང་སོགས་ལེགས་ཚོགས་སུ་སྤྲོ་བར་མཛད། ཟླ་བ་བཞི་པའི་ཚེས་གཅིག་ལ་བཏེག་ནས། གེར་མདར་ཡས་མས་ཀྱི་:ཀྲུ་༼གྲུ༽རྣམས་སྒྲིལ་བས་ལུ་ཧི་ཏའི་ཆུ་བོ་བསྒྲལ་ཏེ། གེར་མདར་གུར་གཡབས་སོགས་བཀོད་པས་འཕགས་པར་རྩེ་གདོང་གི་གཞིས་ལེན་དང་པོ་ཐབ་བསུའི་ཚུལ་དུ་འབུལ་བར་རྩེ་གདོང་གཉེར་ཆེན་དང་མགྲོན་གཉེར་སོགས་འབྱོར་ཞིང་། ནངས་པར་གེ་རེའི་ཡང་ཁུགས་ཀྱི་གཙང་འགྲམ་དེར་ཞབས་དྲུང་ཁྲི་རྒྱན་གྱི་ཕྱག་མཛོད་སྲིད་གསུམ་བླ་གཉེར་སོགས་ལས་སྣེ་རྣམས་ཀྱི་ཆིབས་བསུ་བ་རྟ་པ་ཉི་ཤུ་སྐོར་འབྱོར་བས་སྔུན་བསུས་ཏེ། རྩེ་གདོང་ལྷུན་པོ་རྩེ་དང་འདབས་འབྱར་བའི་བླ་བྲང་ཕྱོགས་ལས་རྣམ་རྒྱལ་དུ་བཞུགས་འཚེར་གྱི་གཞིས་ཕབ་ནས། དེ་འཕྲལ་ལྷུན་པོ་རྩེའི་གཟིམས་ཆུང་དཀར་ཕུབས་སུ་ཞབས་དྲུང་ཁྲི་ཆེན་ཉིད་སྒོ་ནང་དུ་ཞབས་བསུ་དང་། དར་ཕྱག་རྩེ་སྤྲོད་ཀྱི་ཐོག་མར་མཇལ་ཞིང་། བཞུགས་ཁྲི་ཡོལ་བ་བླ་བྲེས་སོགས་གཟབ་མཆོར་མཐོ་མཛེས་མཉམ་རྒྱག་ལ་བཞུགས་པའི་གསུང་གི་འཕྲོས་མལ་འཇེབས་ཆགས་པར་མཛད། སང་ཉིན་ཕེབས་སྤྲོའི་སྟོན་མོ་རྒྱས་པར་བསྟབས་ཤིང་། ཚེས་བཞི་ནས་བཟུང་དགོངས་བཞེད་ཀྱི་ཆོས་བཀའ་རྣམས་རིམ་གྱིས་འབུལ་བར་མཛད་པ་ལ། གཏེར་གསར་བླ་མ་ཞི་དྲག གཤིན་རྗེ། རྡོར་སེམས། རྫོགས་ཆེན་རྣམས་ཀྱི་དབང་ལུང་ཚང་བ་དང་། ཐུགས་ཐིག་གི་ཁྲིད་བཀའ་སྨིན་པ། གཞན་ཡང་མཁའ་འགྲོ་སྙིང་ཐིག་དང་། འཇམ་དཔལ་ཚེ་བདག་ལྕགས་འདྲའི་དབང་ལུང་ཆ་ཚང་། གུ་རུའི་ཟླུམ་པོ་བཞི་དབང་དང་། ནོར་བུ་རྒྱ་མཚོའི་འཕྲིན་ལས་སྐོར་གྱི་ལུང་། འཕོ་ཁྲིད། གནོད་སྦྱིན་ཙིཏྟ་དམར་པོའི་སྲོག་གཏད་དང་སྒྲུབ་ཡིག་གི་ལུང་རྣམས་འབུལ་བ་གནང་ཞིང་། ཞབས་དྲུང་རྒྱན་རིན་པོ་ཆེར་ཡང་ཚེ་དབང་བརྒྱ་རྩ་དང་། རྩེ་ཤོད་ཀྱི་དྲུང་འཁོར་རགས་བསྡུས་ལ་ཚེ་དབང་དང་བླ་མའི་རྣལ་འབྱོར་གྱི་སྒོམ་བཟླས་རྣམས་མཛད། ཉིན་གཅིག་རྒྱན་རིན་པོ་ཆེས་བསམ་གཏན་འཕེལ་རྒྱས་གླིང་དུ་སྤྱན་དྲངས་ཏེ། ཉིན་འཁྱོངས་ཀྱི་སྟོན་མོ་རྒྱས་པར་བསྙེན་བཀུར་ཞིང་། ཧོར་སིལ་སོགས་གནང་ཆ་རྒྱ་ཆེར་བསྟབས། དེ་ཞོར་ཀླུ་སྡིངས་བླ་བྲང་གི་རྟེན་མཆོད་ནང་རྟེན་ནོར་སྣ་ཁྱད་པར་ཅན་རྣམས་ཞིབ་གཟིགས་མཛད་ཅིང་། བླ་བྲང་གཞུང་གི་ཞབས་དྲུང་གདུང་བརྒྱུད་ཁྲི་རྒྱན་དབུས་སུ་ཕེབས་པས་མ་བཞུགས་ཀྱང་། གཉེར་ཕྱག་མཛོད་རྣམས་ཀྱིས་བསྙེན་བཀུར་ཕུལ། གོང་གི་ཆོས་བཀའ་རྣམས་འབུལ་བའི་སེང་ཚོར་མཉེས་གཤིན་པའི་གསུང་བགྲོས་དང་། ནང་རྟེན་དབང་ཆས་རོལ་ཆ་སོགས་ཀྱང་གཟིགས། ཁྲི་ཆེན་ཉིད་ལ་ཚེ་དཔག་མེད་ཆག་ལུགས། གཟུངས་གྲྭ་ལྔ། གཉན་སྒྲོལ་རྣམས་ཀྱི་རྗེས་གནང་དང་། རྟ་མགྲིན་ནག་པོ་ཉང་ལུགས་ཀྱི་དབང་ལུང་རྣམས་གསན་པར་མཛད། དེར་བྲེས་པ་སྐུ་སྐྱེ་གདན་ས་བ་བཅས་མཇལ་དུ་བྱུང་བར་དབང་ཆོས་ཀྱི་འབྲེལ་བ་དང་། ཡང་འུག་གི་ཞབས་དྲུང་རྣམས་ཀྱང་སྤྱན་འདྲེན་གྱི་སྙན་གསན་དབབ་པར་ངོས་ཕེབས་བྱུང་བ་དང་མཇལ་འཛོམ་མཛད། ཚེས་བཅོ་ལྔ་ལ་ལྷུན་པོ་རྩེར་ཕེབས་རྫོངས་ཀྱི་སྟོན་མོ་རྒྱས་པ་དང་། སྒྲོལ་དཀར་གྱི་དངུལ་སྐུ། བདག་ཆེན་ངག་གི་དབང་ཕྱུག་གི་ཕྱག་དྲིལ་རྭ་ལོག་མ། གཡང་ཏྲེ་ཧོའི་སྡེར་མ་གོས་ཕྱི་ནང་སོགས་དབུལ་བ་རྒྱ་ཆེ་བས་བསྟབས་ཤིང་། ཕར་ཡང་སྐྱེས་ལན་བརྟན་བཞུགས་ཀྱི་ཚུལ་དུ་འབུལ་བར་མཛད། ཚེས་བཅུ་བདུན་ལ་བླ་བྲང་རྩེར་སླར་ཡང་མཇལ་འཛོམ་དང་གུས་པ་མི་ཕྱེད་པའི་དག་སྣང་གིས་སླར་ཡང་ཕེབས་དགོས་པའི་བཀའ་ནན་རྣམ་པ་ཀུན་ཏུ་ཐུགས་དམིགས་ཀྱི་ར་བ་ལས་མི་གཡེལ་བ་དགོས་ཚུལ་དང་བཅས། སྐུ་ངོས་ཀྱིས་སྒོ་གདོང་བར་ཞབས་སྐྱེལ་དང་། ཕྱག་མཛོད་གཟིམས་དཔོན་སོགས་ཆིབས་སྐྱེལ་བ་སྔར་ཆིབས་བསུའི་སྐབས་དང་མཚུངས་པས་བཀྲ་ཤིས་སྒང་གི་བར་ཞབས་སྐྱེལ་མཛད། ཉུག་གི་མདར་ཆོས་འཁོར་གླིང་པའི་གཉེར་པས་དཀར་སྤྲོ་དང་། རྩེ་གདོང་ཉིད་ནས་ཐབ་སྐྱེལ་གྱི་སྟོན་མོ་བཏེགདེ་ནུབ་ཕོ་ར་སྒང་དུ་བཞུགས་ཏེ་ནངས་པར་རྣམ་གླིང་རྫོང་དཔོན་གྱི་སྤྱན་འདྲེན་བྱུང་བ་ལྟར་ཤངས་རྣམ་རྒྱལ་གླིང་གི་རྫོང་དུ་ཐེགས། རྫོང་བཞུགས་པ་རྣམ་སྐྱིད་སྟོད་པ་དང་། འཕྱོངས་རྒྱས་སྤུན་གསུམ་པས་གཞི་ལེན་རྒྱས་པར་བསྟབས་ཤིང་། ཚེ་དབང་སོགས་ཀྱིས་བཞེད་པ་སྐོང་བར་མཛད། དེར་བཀྲ་ཤིས་རྩེ་པའི་ལྕམ་གྱིས་དཀར་སྤྲོ་དང་བཅས་པས་མཇལ་ཞིང་། སང་ཉིན་འཇག་གི་མདར་སྟག་སྣ་ནས་ཏྲེ་བོ་སྤྲུལ་པའི་སྐུ་ངོས་ཕེབས་ཀྱི་ཆིབས་བསུ་དང་། གསོལ་ཚིགས་ཀྱི་གཞི་ལེན་མཛད་ནས། སྟག་སྣ་དགོན་པར་སྒར་གྲྭ་ཚང་གཉིས་ཀྱིས་སེར་སྦྲེངས ། ཡུལ་པའི་སྐྱེ་བོ་རྣམས་ཀྱིས་རྔ་གཤང་དྲིལ་བུ་སོགས་རོལ་མོའི་སྒྲ་དང་འཆམས་སྟབས་ཀྱིས་སྤྱན་དྲངས་ནས། དེ་ཉིད་དུ་བཅགས་མལ་གྱི་སྐུ་ངལ་བརྟེན། དེ་ནས་ཉེར་གཅིག་ལ་བཏེག་པའི་དེ་ནུབ་ལྷ་ཕུ་ཀླུ་སྡིངས་སུ་རྫོང་དཔོན་བསམ་དར་ནས་དང་། ཀླུ་གོང་བས་ཚོགས་ཀྱི་བསྙེན་བཀུར་ཞུས་ཤིང་། སྤོར་ཏོག་དགོན་པའི་གྲྭ་པ་ཅི་རིགས་ཀྱང་མཇལ་དུ་བྱུང་། གོང་མའི་ལུང་གིས་གསོལ་ཆས་གཟན་ཤིང་རྣམས་ལྷ་ཕུ་ཉིད་ནས་སྦྱར་བའི་ཟན་ཐང་ཆུ་ཚན་ཁར་ཞག་ལྔའི་བར་སྨན་ཆབ་ཀྱི་འཕྲོད་བཞེས་མཛད། བློན་ཆེན་སྟར་གདོང་ནས་རྒྱ་མཚོར་ཆུ་ཚན་ལ་བྱོན་པ་ནས་ཆེད་དུ་མཇལ་བར་བྱུང་བ་བཀའ་བསྒོ་སོགས་རྐྱེན་སེལ་གྱི་བྱིན་རླབས་ཀྱང་གནང་། ཉེར་བདུན་གྱི་ཉིན་ཕེབས་ལམ་གྱི་ཞོར་ལ་མེ་མཚོར་གྱི་སྒྲུབ་གནས་རྣམས་ཞིབ་མཇལ་མཛད། གནས་འཛིན་གྱི་བླ་གྲྭ་རྣམས་ཀྱིས་ཚོགས་ཀྱིས་མཆོད་ཅིང་ཆོས་ཀྱི་འབྲེལ་པས་རེ་བ་སྐོང་བར་མཛད། དེ་ནས་ཟབ་བུ་ལུང་གི་གནས་འཛིན་པ་རྣམས་ཀྱི་སེར་སྦྲེངས་དང་། ཆེད་དུ་མཇལ་བར་སྙེགས་པའི་འོ་ཡུག་བྱང་འབྲོག་སོགས་ཀྱི་སྐྱ་སེར་གྱི་ཁྲོམ་པ་ཉིས་སྟོང་དུ་ཉེ་བས་བསུ་བའི་བཀོད་པས་སྤྱན་དྲངས་ཤིང་། མཆོད་ཁང་དུ་བཞུགས་ས་མཛད་ནས། གཞུང་སའི་སྐུ་རིམ་དུ་ཞབས་ཕྱི་རྣམས་ཀྱིས་ཚོགས་བརྒྱ་དང་། སྐུ་རྐྱང་གིས་མཁའ་འགྲོའི་མེ་མཆོད་དང་སྐོང་རྣམས་མཛད་ཅིང་། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་མཇལ་མི་དགེ་སློང་རིན་ཆེན་དང་སྒོ་མོ་བླ་མ་སོགས་སེར་མོ་བ་དང་། གླིང་དཀར་རྫོང་དཔོན་སོགས་མཆོག་དམན་ཐམས་ཅད་ཀྱིས་ཚོགས་ཀྱི་འཁོར་ལོའི་བསྙེན་བཀུར་དང་། རྟ་ནོར་མར་ཕྱུར་སོགས་ཀྱི་འབུལ་བ་བསྔོ་བྱང་སོགས་ཅི་ཐོབ་ཏུ་བསྒྲུབས་ཤིང་། ཚེ་དབང་། བླ་མའི་རྣལ་འབྱོར། བྱང་བཞུ། སེམས་བསྐྱེད། གཤིན་གསོན་གྱི་བསྔོ་བ་སོགས་མཐའ་ཡས་པ་མཛད་ཅིང་ཐམས་ཅད་གུས་པར་གྱུར། དེའི་གནས་རི་མཐིལ་དང་ནང་རྟེན་རྣམས་ཀྱང་ཞིབ་མཇལ་མཛད་ཅིང་། མར་མེ་སྙན་དར་གོས་འཕན། དར་ལྕོག་སོགས་ཀྱིས་བཀུར་སྟི་དང་། གནས་འཛིན་པར་མང་འགྱེད་ཀྱང་སྩལ། ཟླ་བ་ལྔ་པའི་ཚེས་གཉིས་ལ་ཆིབས་བཏེག་པའི་ལམ་དུ་དགྲ་འདུལ་གཞིས་ཀར་ལྷ་ཕུ་རྫོང་དཔོན་གྱིས་སྤྱན་དྲངས་ཏེ། བཅགས་མལ་ཐོག་དེ་སྐོར་དང་རྒྱ་མཚོ་སོགས་ཀྱི་མཇལ་མི་སྐྱ་སེར་སུམ་སྟོང་དུ་ཉེ་བས་འབུལ་བ་བསྙེན་བཀུར་དང་བསྔོ་བྱང་ཞུ་མི་སྤྲིན་ལྟར་གཏིབས། གཞིས་ཀའི་ཕྱིར་ཁྲི་གསར་བརྩིགས་ཀྱི་ཐོག་ནས་ཚེ་དབང་དང་། ནང་དུ་པོར་ཐོག་པའི་གྲྭ་རིགས་སོགས་འདོད་མོས་ཀྱི་སྒོམ་བཟླས་འཕོ་ཁྲིད་སོགས་ཞུ་མི་སོ་སོའི་རེ་བ་གང་བར་མཛད། དེ་ནས་ཕྱིར་ལམ་རྒྱ་མཚོའི་མདར་ཆར་རླུང་དྲག་པོ་གློ་བུར་དུ་ལངས་པ་དང་མཉམ་དུ་གཟིགས་སྣང་ལ་སྲུང་མའི་ཆོ་འཕྲུལ་ཡ་མཚན་པ་བྱུང་། དེས་མ་ཚད་དེར་ཏྲེ་བོ་སྤྲུལ་པའི་སྐུ་ཐབ་བསུར་ཕེབས་ཤིང་། ཞྭ་དམར་ནག་གི་བཞུགས་ཁྲི་རྙིང་པ་ཞིག་གི་སྟེང་ནས་ཁོང་དཔོན་སློབ་རྣམས་ལ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་ཡང་སྩལ། དེ་ནས་སྟག་སྣ་ཆོས་རྫོང་དུ་ཐེགས་ནས་ཞག་བརྒྱད་ཀྱི་བར་དུ་བཞུགས་ཤིང་། དེ་བར་དུས་དང་དུས་མེད་པའི་བསྙེན་བཀུར་སྟོན་མོ་བཟང་པོ་དང་། ཚེ་ཆོག་དང་འབྲེལ་བའི་བརྟན་བཞུགས་ཀྱང་རྒྱས་པར་ཕུལ། ཁོང་དཔོན་སློབ་རྣམས་ལ་རིག་འཛིན་ཐུགས་ཐིག དཀོན་ཅོག་སྤྱི་འདུས། རྟ་ཕག་ཡིད་བཞིན་ནོར་བུ་རྣམས་ཀྱི་དབང་ལུང་དང་། དཔོན་སློབ་རྣམ་གཉིས་ཞབས་ཕྱི་བ་གསུམ་བཅས་ཉུང་བསྡུས་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་དང་གཏེར་རྫས་ཀྱི་མཇལ་ཁ་གནང་། དེ་སྐོར་གྱི་ཡུལ་པ་རྣམས་ཀྱིས་གར་ཤོན་གྱི་གཟིགས་འབུལ་དང་། སྐྱེ་བོ་ལྔ་སྟོང་བརྒལ་ཙམ་ལ་ཚེ་དབང་མཛད་ཅིང་སོ་སོའི་བདོག་དགུས་མཆོད། ཏྲེ་བོ་རིན་པོ་ཆེས་ཟླ་བ་གཉིས་གསུམ་ཙམ་བཞུགས་སྟན་འཇགས་དགོས་པའི་ཞུ་བ་ནན་ཆགས་ཞུས་ཀྱང་། ད་རེས་འགོར་ཆེས་ན་ཆུ་ཆེ་སྐབས་དང་ཐུགས་འགྲོ་བ་འདུག་གསུངས་ནས་ཞལ་བཞེས་མ་མཛད་པས། ཚེས་བཅུ་གཉིས་ལ་ཕེབས་རྫོངས་ཀྱི་སྟོན་མོ་དང་འབུལ་བ་གྱ་ནོམ་པ་བསྟབས་པར་ལན་ཡང་རྒྱས་པར་སྩལ་ནས། བཅུ་གསུམ་ལ་ཆིབས་བཏེག་པར་འཇག་གི་མདའི་བར་གསོལ་ཚིགས་དང་བཅས་པས་ངོས་ཕེབས་ཀྱི་ཆིབས་སྐྱེལ་མཛད། དེར་ཁྱུང་པོའི་ཡིན་ཐང་དང་། མགོན་པོའི་རྡོ་སྐུ་བར་སྣང་མ་སོགས་སྤྱན་དྲངས་ཏེ་མཇལ་བར་མཛད། ཕེབས་ཞོར་དུ་ཞོང་ཞོང་གི་གནས་མཇལ་ཐོག དེའི་གནས་འཛིན་རྣམས་ཀྱིས་འབུལ་བ་དང་བསྙེན་བཀུར་བསྟབས་ཤིང་ཆོས་འབྲེལ་མཛད། དེ་ནུབ་རྣམ་གླིང་རྫོང་ཞོལ་པའི་སྤྱན་འདྲེན་ལྟར་ལྕགས་ཟམ་བརྒྱུད་རྣམ་གླིང་ཀླུ་ཁང་ཞེས་ཞྭ་དམར་ནག་གི་གཟིམས་ཆུང་དེར་བཞུགས་ཏེ་ཞག་གསུམ་གྱི་བར་ཡུལ་པ་རྣམས་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་དད་པས་བསྙེན་བཀུར་བསྟབས། སོ་སོའི་བཞེད་པ་ལྟར་བྱང་བཞུ། བསྔོ་བ། སེམས་བསྐྱེད་འབོགས་པ་སོགས་དང་། ཁྲོམ་ཁྲི་ཕྲག་བརྒལ་བར་ཚེ་དབང་མཛད། རྫོང་དཔོན་གཉིས་དང་གནས་པོ་ཆེ་ཁ་ཚང་མས་ཚོགས་མཆོད་དང་འབུལ་བ་བསྙེན་བཀུར་རྒྱ་ཆེར་བསྟབས། བྱ་རྒོད་པ་ཆོས་སྐྱོང་རྒྱལ་མཚན་དཔོན་སློབ་དང་། མཁར་ཁ་བླ་མ་སོགས་ལ་ཐུགས་ཐིག་གི་ལུང་སྩལ། དེ་ནས་ཚེས་བཅུ་དྲུག་ལ་ཆིབས་བཏེག་པའི་ཕེབས་ལམ་དུ་ཉ་ཚལ་ལྷུན་གྲུབ་སྡིངས་ཀྱི་བྱུང་ཤུལ་ལ་ཕྱག་དང་སྨོན་ལམ་མཛད་ནས། དེ་ནུབ་རྩྭ་འཚོང་ན་ཁར་ཡུལ་པའི་ཚེས་བཅུ་པ་རྣམས་ཀྱིས་གར་འཆམས་ཀྱིས་སྤྱན་འདྲེན་དང་ཚོགས་ཀྱིས་མཆོད་ཅིང་། གུ་རུའི་སྒོམ་བཟླས་ཤིག་མཛད། དེར་གླན་གྱི་གདུང་བརྒྱུད་ལུགས་གཉིས་མཐར་ཟད་ཀྱི་དཔེ་དང་ཐང་སྐུ་སོགས་ཕུལ་ནས་མཇལ་དུ་བྱུང་བར་ན་བཟའ་ཇ་དར་སོགས་མཐུན་རྐྱེན་གྱི་གནང་ཆའང་སྩལ། དེའི་སང་ཉིན་སྲམ་པ་དཔལ་ཆེན་མཇལ་བར་ཆེད་དུ་ཐེགས་པར་འུག་གླིང་གདུང་བརྒྱུད་ཀྱང་གཞིས་ལེན་དུ་ཕེབས་ཤིང་དཀར་སྤྲོས་བསྙེན་བཀུར། དཔལ་ཆེན་ལྷ་ཁང་དུ་བརྒྱ་མཆོད། གོས་འཕན། སྙན་ཤལ་སྣ་ལྔ། དུང་དཀར་སོགས་འབུལ་བར་མཛད་ཅིང་། ལྷ་སྔགས་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་བའི་སྒོ་ནས་སྒོམ་བཟླས་དང་གསོལ་འདེབས་མཛད། སྐུ་ངོ་བོའི་གཟི་བྱིན་སྔོན་རབས་སོགས་ཀྱི་ངོ་མཚར་དང་། ད་ལྟའི་བདག་མེད་ཀྱི་ཚུལ་ལ་གུས་སྐྱོ་འགྲན་པ་ལྟར་གྱུར་ཅིང་། སྔོན་གྱི་བག་ཆགས་སད་པ་ལྟ་བུའི་ཉམས་ཐུགས་ཡུལ་དུ་ལམ་ལམ་འཆར་བ་ཡང་བྱུང་གསུང་། གཞོན་ནུའི་མིག་ངོར་པྲ་ཕབ་གཟུགས་བརྙན་བཞིན། །གང་ཐུགས་མ་ཕྱིས་དྲི་བྲལ་ཨཱ་དཪྴར། །སྔོན་གནས་རྗེས་དྲན་རྣམ་བཀྲའི་གཟུགས་མཚར་པོ། །མ་འདྲེས་པདྨོའི་འདབ་མ་ཇི་བཞིན་གཟིགས། །དེ་དག་ཏུ་འབའ་ར་སྐུ་སྐྱེ་དང་། དགོན་སྦུག་གི་གྲྭ་རིགས་མང་པོ་ཡང་མཇལ་དུ་བྱུང་། དེ་ནུབ་ཤངས་མཐོང་སྨོན་དུ་བཞུགས། ནངས་པར་ཤངས་པ་དཔོན་ཆེན་གྱི་བརྒྱུད་པ་སྡེ་པ་མྱུག་པས་བདེ་ཆེན་གཞིས་ཀར་སྤྱན་དྲངས་ཏེ་བསྙེན་བཀུར་བ་ཚེ་དབང་སོགས་བྱིན་རླབས་ཀྱིས་རེ་འདོད་སྐོང་བར་མཛད། རི་བཞི་མའི་གྲུ་ཁར་རྩེ་གདོང་ནས་གདུང་བརྒྱུད་རིན་པོ་ཆེ་ཁྲི་རྒྱན་ཡུམ་དང་བཅས་པས་གུར་གཡབས་ཀྱི་བཀོད་པ་དང་བཅས་མཇལ་འཛོམ་ལ་ཆེད་དུ་ཕེབས་འདུག་པར་ཕྱག་དར་རྩེ་སྤྲོད་དང་། ཁྲི་གུང་གཤིབས་ཀྱི་དབུས་སུ་རྗེ་ཉིད་བཀུར་ཏེ། གསོལ་ཚིགས་ཀྱི་སྟོན་མོ་དང་། འཕགས་པ་རིན་པོ་ཆེའི་མུ་ཏིག་གི་སྣམ་སྦྱར་མཇལ་ཁ་སོགས་ཀྱིས་བསྙེན་བཀུར་ཞིང་། དགོངས་བཞེད་ལྟར་ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་ཆོས་སྐོར་ཚང་མ་འབུལ་བར་མཛད་ཅིང་། དེ་ནས་གྲུའི་ལྷོ་ཁར་ཐེགས་ཏེ། དེ་ནུབ་བན་མདའི་གཞིས་ཀར་བཞུགས། ནངས་པར་གདན་ས་ཆེན་པོ་འུག་པ་ལུང་དུ་ཐེགས་པར་བླ་མ་སྐུ་མཆེད་ཀྱིས་དབུས་པའི་ཆིབས་བསུ། སྔགས་འཆང་རྣམས་ཀྱིས་ལྷའི་བྱི་བྱད་ལྟ་བུའི་ཆས་སུ་བཅུག་སྟེ་གར་འཆམས་རོལ་མོའི་འགྱུར་བ་དང་བཅས་པས་སྤྱན་དྲངས་ནས་ཞག་གསུམ་བཞུགས་ཏེ། བླ་མ་ཡབ་སྲས་ལ་རྟ་མགྲིན་བདེ་འདུས་དང་། ལེགས་ལྡན་གྱི་དབང་གསན། ཕར་ཡང་ཚེ་རྟ་སོགས་ཀྱི་དབང་སྩལ། གནས་རྟེན་ཕྱག་དཔེ་སོགས་ཞིབ་མཇལ་མཛད། འཇིག་རྟེན་གྱི་མངའ་ཐང་སྔོན་ལས་ཞན་དུ་མ་སོང་བ་འདུག་ཀྱང་ཆོས་རྒྱུན་དང་ལྷ་ཁང་གི་བཀུར་སྟི་སོགས་སྐྱོ་བའི་ས་བོན་དུ་སྣང་གསུང་། བསྙེན་བཀུར་དང་འབུལ་བ་རྒྱ་ཆེར་བསྟབས་ཤིང་ཕར་ཡང་ལན་རྒྱས་པར་སྩལ། ཉེར་གཉིས་ལ་དེ་ནས་ཆིབས་བཏེག་པའི་ལུང་པའི་མདོའི་བར་བླ་མ་སྐུ་མཆེད་ཀྱིས་ཆིབས་སྐྱེལ་དང་། དེར་གསེར་མདོག་ཅན་མཁན་པོ། སློབ་དཔོན་རྣམ་གཉིས། མི་སྣ་སོགས་ཀྱི་ཆིབས་བསུ་དང་། ཆོས་སྡེའི་སེར་སྦྲེངས་རྒྱས་པས་སྤྱན་དྲངས་ཏེ། བྱ་རྒོད་ཕུང་པོའི་ཆོས་ཁྲིའི་སྟེང་ནས་གཞིས་བཞུགས་རྣམས་ཀྱི་ཕྱག་འབུལ་མཇལ་དར་སོགས་བཞེས་ནས་པཎ་ཆེན་གྱི་གཟིམས་ཆུང་བཀྲ་ཤིས་བརྩེགས་པར་གཞིས་ལེན་གྱི་སྟོན་མོ་བསྟབས། ཕྱི་ནང་གི་གནས་རྟེན་ཚང་མ་ཞིབ་མཇལ་དང་། འདུས་ཚོགས་སུ་གྲྭ་ཇ་ཟུང་འབྲེལ། སྤྱི་འགྱེད། བསྔོ་རྟེན་རྣམ་བཞག་སོགས་རྒྱ་ཆེར་སྩལ། ནངས་པར་ཆོས་ཁྲིའི་སྟེང་ནས་འདུས་ཚོགས་ལ་འཇམ་དབྱངས་དང་ཚེ་དཔག་མེད་ཀྱི་སྒོམ་བཟླས་ལུང་སྦྱོར་རྒྱས་པའི་ཁུངས་དང་སྦྱར་ནས་གསུངས། དེ་ནས་གཞིས་ཀ་རྩེའི་རྫོང་བཞུགས་ཞོལ་བ་དང་བཅས་པའི་སྤྱན་འདྲེན་ནན་བསྐྱེད་བྱུང་བ་བཞིན་ཐེགས། ཡུལ་པའི་ཞབས་བསུ་དང་བཅས་ཕུན་ཚོགས་དགའ་ཚལ་གྱི་ན་ཁར་གུར་གཡབས་ཕུབ་སྟེ་བཞུགས། དེར་རྫོང་དཔོན་དང་། ཚོ་དཔོན་སོགས་གནས་ཆེན་པ་ཐམས་ཅད་ཀྱིས་གསོལ་ཚིགས་ཚོགས་འཁོར་དཀར་སྤྲོ་སོགས་ཀྱི་བསྙེན་བཀུར་དང་། ལུས་རྒྱན་གོས་ཆས་སོགས་སོ་སོའི་བདོག་དགུས་མཆོད་ཅིང་། ཁྲོམ་ཁྲི་ཕྲག་གཉིས་སུ་ལོངས་པ་ཙམ་ལ་ཚེ་དབང་དང་། སྒེར་ཁག་སོ་སོར་ཚེ་རྟ། བླ་མ་ཞི་དྲག ཞ་འོན་སོགས་ཀྱི་དབང་བྱིན་རླབས། བསྔོ་བ། བཀའ་བསྒོ་སོགས་ཀྱིས་སོ་སོའི་རེ་འདོད་གང་བར་མཛད། ཉིན་གཅིག་བཀྲ་ཤིས་ལྷུན་པོ་མཇལ་དུ་ཐེགས། དེར་མཆོག་གི་སྤྲུལ་པའི་སྐུ་ཡང་མཇལ་བར་མཛད་ཅིང་། མགྲོན་ཁང་དང་སྐུ་དྲུང་གཉིས་ཀར་བཞུགས་སྟན་མཐོ་བ་དང་སྟོན་མོ་གནང་སྦྱིན་སོགས་རྒྱས་པར་བསྟབས། མངའ་ཐང་དཔེ་བྲལ་གྱི་མཐུ་ལས་བྱུང་བའི་ལྷ་ཁང་ཐམས་ཅད་ཞིབ་མཇལ་གྱིས་དག་སྣང་སྦྱོང་བར་མཛད། ཉེར་དྲུག་ལ་གསང་སྔགས་གླིང་དུ་སྔགས་འཆང་རྣམས་ཀྱིས་འཆམས་རོལ་གྱི་བཀོད་པ་རྒྱས་པས་སྤྱན་དྲངས་ཏེ་ཞག་གསུམ་བཞུགས་པར་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད་ཅིང་། ཆོ་ག་དང་འབྲེལ་བའི་བརྟན་བཞུགས་དང་། འབུལ་བ་གྱ་ནོམ་པ་ཕུལ་ཞིང་། ཚེ་དཔག་མེད་དང་གུར་དྲག་གི་དབང་སོགས་སྩལ། དེར་བསམ་གྲུབ་ཆོས་སྡིངས་བླ་མ་ཡང་མཇལ་དུ་བྱུང་ཞིང་། ཟལ་མོ་བྲག་འཇམ་མགོན་སྤྲུལ་སྐུ་གཤེགས་པའི་བསྔོ་རྟེན་འབུལ་མི་ཡང་བྱུང་། ལ་ཐོག་བར་བླ་མ་ཡབ་སྲས་ཀྱི་ཆིབས་སྐྱེལ་དང་བཅས་ཏེ་དེ་ནུབ་པ་རྣམ་ཀླུ་ཁང་དུ་བཞུགས། རྫོང་དཔོན་འཕན་པོ་ལྕང་རྒྱབ་པས་གསོ ལ་ཆས་སྤོམ་འབུལ་དང་བཅས་མཇལ་དུ་བྱུང་། དེའི་སང་ནུབ་འབྲོང་རྩེར་སྤྱན་དྲངས་ཏེ། བྱ་ལྕམ་ཡུམ་སྲས་སོགས་ལ་ཚེ་རྟ་ཕྱག་རྡོར་རྣམ་སྲས་ཀྱི་རྗེས་གནང་མཛད། ཞག་གཉིས་བཞུགས་ཏེ་བསྙེན་བཀུར་འཁོས་སུ་ཕེབས་པ་བསྟབས། ནངས་པར་རྒྱལ་བྱེད་ཚལ་གྱི་དགོན་པར་ཐེགས། སྔགས་བཤད་ཀྱི་བླ་མ་གྲྭ་ཚང་བཅས་པར་བསྙེན་བཀུར་ཞིང་། ལྷ་ཁང་སྟེང་ཤོད་རྣམས་མཇལ་བར་མཛད། ཀུན་མཁྱེན་པད་དཀར་བའི་ངོ་མཚར་གྱི་ལྗགས་བཀོད་ཡིད་འཕྲོག་པར་འདུག་གསུང་། འདུས་པར་མང་འགྱེད་རྒྱས་པར་སྩལ་ནས་དེ་ནུབ་རྒྱལ་རྩེ་རྫོང་ནས་སྤྱན་འདྲེན་བྱུང་བ་བཞིན་ཡུལ་པའི་སྐྱེ་བོ་དད་ཅན་གྱི་ཁྲོམ་གྱིས་བསྐོར་ནས་རྒྱལ་རྩེ་ཀླུ་ཁང་དུ་སྤྱན་དྲངས། རྫོང་དཔོན་འབོག་གོང་ནས་དང་། རྡོ་དགོན་པ་བ་གཉིས་མཇལ་དུ་བྱུང་ཞིང་། གོང་མའི་ལུང་ལྟར་གསོལ་ཆས་གཟན་ཤིང་དཔངས་:སྟོད་༼ བསྟོད་༽པ་ཕུལ། དེར་ཞག་ལྔའི་བར་བཞུགས་ཤིང་། ཉིན་གཅིག་དཔལ་འཁོར་ཆོས་སྡེར་ཐེགས་ཏེ་ལྷ་ཁང་སྐུ་འབུམ་དང་བཅས་པ་ཞིབ་མཇལ་མཛད། དེའི་མཁན་པོ་རྗེ་ཉིད་ཀྱི་ཞལ་སློབ་ཏུ་གཏོགས་པ་ཡར་སྟོད་པ་ངག་དབང་འཕྲིན་ལས་ཡིན་ཡང་ཇ་ཞུ་ཙམ་གྱི་མཛེས་མཚོན་དང་། དགེ་ལུགས་གྲང་ཆེན་པ་དང་ས་ཞལ་གྱི་གྲྭ་ཚང་སོ་སོའི་སློབ་དཔོན་ཐམས་ཅད་མཇལ་དུ་བྱུང་ཞིང་འབུལ་བ་རྒྱ་ཆེར་བསྟབས། དེ་དུས་དབྱར་ཆོས་དང་ཐུག་པས་བཤད་པ་བགྲོ་གླེང་སོགས་ལ་ཡང་གཟིགས་པར་ཐེགས། གུར་པའི་སྤྱི་ཁང་དུ་སྒེར་གྱིས་སྤྱན་དྲངས་ཏེ་སྟོན་མོ་རྒྱས་པ་དང་། དེའི་གྲྭ་ཚང་དང་ཡོན་བདག་མང་པོར་ཚེ་དབང་དང་གུ་རུ་དྲག་པོའི་དབང་མཛད། ཉིན་ཞིག་རྫོང་རྩེར་སྤྱན་དྲངས་ཏེ་སྟོན་མོ་རྒྱས་པར་བསྟབས་ཤིང་། ལྷ་ཁང་སྟེང་ཤོད་རྣམས་ཀྱང་མཇལ་བར་མཛད། འདིར་བཞུགས་རིང་རྒྱལ་བྱེད་ཚལ་བཤད་གྲྭའི་བླ་མ་ཡར་འབྲོག་པའང་ཆོས་ཞུ་ཁོ་ནས་ཞབས་བསྙེགས་ཏེ་བྱུང་བར་དབང་ལུང་དོགས་སེལ་རྣམས་ཀྱིས་རེ་བ་སྐོང་བར་མཛད། གཞན་ཡང་ཡུལ་པ་སྐྱ་སེར་མང་པོས་གུས་པར་མཆོད་ཅིང་། དབང་ཆོས་བསྔོ་བ་སོགས་སོ་སོའི་འདོད་སྦྱར་བཞིན་སྩལ། དེ་ནས་ཚེས་བརྒྱད་ལ་ཆིབས་བཏེག་པའི་བློ་བདེའི་སྐྱིད་ཚལ་དུ་དཔལ་དེའུ་རས་ཆེན་འཁྲུལ་ཞིག་གི་རྣམ་འགྱུར་མཚར་དུ་ཆེ་བ་གྲྭ་བཅས་དང་། བསམ་གྲུབ་གླིང་པས་ཆིབས་གཤོལ་གྱི་འབུལ་ནོད་བསྙེན་བཀུར་རྒྱས་པར་བསྟབས། དེ་ནུབ་ཆོས་དབང་གི་གདུང་རིགས་ཁ་མོ་བའི་དགོན་པར་བཞུགས། ཞབས་ཏོག་འཁོས་སུ་ཕེབས་པ་ཕུལ་ཞིང་། ཁོང་དཔོན་སློབ་ལ་ཚེ་དབང་སོགས་ཆོས་འབྲེལ་དང་བྱིན་རླབས་མཛད། དེའི་སང་ནུབ་འབྲུག་པའི་གདན་ས་ར་ལུང་དུ་ཕེབས་ཏེ། གཉེར་པས་གཞིས་ལེན་ཞུས་ཤིང་ལྷ་ཁང་རྣམས་ཞིབ་མཇལ་མཛད། གནས་འཛིན་རྐང་ཞན་པའི་ཞིག་འཁོགས་ལ་ཐུགས་སྐྱ་ོབ་སྐྱེ་བར་བྱུང་གསུང་། དེའི་སང་ནུབ་མཁར་རིའི་གངས་ཞོལ་དུ་བཞུགས། ནངས་པར་ཡར་འབྲོག་ཁྲི་དཔོན་གྱི་དྲུང་འཁོར་མང་པོའི་ཆིབས་བསུ་འབྱོར་ཞིང་། བླ་མ་སྟག་སྐྱེས་པས་ཀྱང་ཁོང་རང་གི་དགོན་པར་སྤྱན་དྲངས་ནས་ཞབས་ཏོག་བསྒྲུབས། དེ་ནུབ་ཕོ་བྲང་སྣ་དཀར་རྩེའི་ཞལ་ངོའི་རིགས་མ་བཞུགས་པ་འདུག་ཀྱང་གཉེར་པ་རྣམས་ཀྱིས་གཞིས་ལེན་རྒྱས་པར་བསྟབས། རྫོང་དང་ཆོས་སྡེའི་མཁར་ལས་གསར་གནང་ཐམས་ཅད་ལ་ཕྱག་ནས་འཐོར། དེའི་སང་ཉིན་འཛམ་གླིང་ཆོས་འཁོར་དུ་སྤྱན་དྲངས་ཏེ་གསོལ་ཚིགས་དང་འབུལ་བ་བསྙེན་བཀུར་བཟང་པོ་བསྟབས་ཤིང་ཕར་ཡང་མང་ཇ་འགྱེད་དང་བཅས་པ་སྩལ། དེ་ནས་བསམ་སྡིངས་སུ་ཆིབས་བསུ་བསང་དུང་དར་འཕྱར་དང་བཅས་པས་སྔུན་བསུས་ནས་སྤྱན་དྲངས་ཏེ་ཞག་གཉིས་བཞུགས། སྒྲིག་མ་ཅན་གྱི་བཞུགས་གྲལ་སོགས་སྟོན་མོ་དང་གཞིས་ལེན་རྒྱས་པར་བསྟབས། རྗེ་བཙུན་མར་ཚེ་རྟའི་དབང་བཀའ་མཛད་ཅིང་ཚུར་ནང་རྟེན་རྣམས་མཇལ་བར་མཛད། དེ་ནས་སྟག་ལུང་རྫོང་དུ་སྤྱན་འདྲེན་པ་བྱུང་བ་བཞིན་ཆིབས་བསྐྱོད་པའི་ཕེབས་ལམ་དུ་ཆིབས་བསུ་དང་གྲྭ་ཚང་གི་སེར་སྦྲེངས་སོགས་ཀྱིས་རྫོང་རྩེར་སྤྱན་དྲངས་ཏེ་ཞག་གསུམ་བཞུགས་པར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྟབས། དེར་ཞབས་དྲུང་རྒྱལ་བུ་ཕྱགས་ཕྱི་ནང་འཁོར་བ་དང་བཅས་པར་ཐུགས་ཐིག་གི་དབང་ལུང་། ཚེ་རྟ་གུར་དྲག ཕྱག་རྡོར་རྣམས་ཀྱི་དབང་དང་བྱིན་རླབས་མཛད། ཉིན་གཅིག་གྲྭ་ཚང་གི་བླ་བྲང་དུའང་སྤྱན་དྲངས་ཤིང་དཀར་སྤྲོ་བཟང་པོ་ཞུས་པའི་ལན་དུ་ཕར་ཡང་མང་འགྱེད་སྩལ། དཔོན་སློབ་རྣམས་ཀྱིས་འབུལ་བ་གྱ་ནོམ་པ་བསྟབས་པའི་སྐྱེས་ལན་ཡང་མཛད་ནས། ཞམ་མདའི་བར་དུ་ཆིབས་སྐྱེལ་དང་། དེར་གླིང་གི་ཐབ་བསུར་དྲུང་འཁོར་མང་པོ་ཡང་འབྱོར། རིམ་པར་ཕོ་བྲང་གི་རྩེ་ནས་བསང་རོལ་དར་འཕྱར་དང་། ཞབས་དྲུང་ཡབ་ཡུམ་སྲས་བཅས་ཀྱིས་ཞབས་བསུ་མཇལ་དར་དང་བཅས་པས་སྤྱན་དྲངས་ཏེ་ཕེབས་སྤྲོའི་སྟོན་མོ་རྒྱས་པར་སྤྲོས། ཞག་བདུན་གྱི་བར་སྟན་འཇགས་རིང་ནར་མ་དང་དུས་ཀྱི་སྟོན་མོ་འཕར་མ་བཅས་པའི་གཞིས་ལེན་ཕུན་སུམ་ཚོགས་པས་མཆོད་ཅིང་། ཞལ་ངོ་རྣམས་ལ་ཚེ་དབང་བརྒྱ་རྩ། རྟ་མགྲིན། དྲག་དམར། ཕྱག་རྡོར་སོགས་རྐྱེན་སེལ་གྱི་དབང་དང་། ཐུགས་རྗེ་ཆེན་པོའི་དབང་། སྟག་ཞོན་གྱི་སྲོག་གཏད་སོགས་སྩལ། སྡེ་སྲིད་དང་གྲྭ་ཚང་སོ་སོས་ཚེ་ཆོག་དང་འབྲེལ་བའི་བརྟན་བཞུགས་ཚོགས་འཁོར་འབུལ་བ་གྱ་ནོམ་པ་དང་བཅས་ཕུལ། ཕྱག་མཛོད་ནང་སོའི་ཁྱིམ་དུའང་སྤྱན་དྲངས་ཤིང་འབུལ་བ་བསྙེན་བཀུར་རྒྱས་པར་སྤྲོས། ཡུལ་པར་ཁྲོམ་དབང་དང་། ཞབས་དྲུང་པད་གར་བ། གྲྭ་ཚང་གི་གྲྭ་པ་རེ་གཉིས་སོགས་ལ་བཞེད་སྦྱར་གྱི་དབང་ལུང་ཡང་འགའ་ཞིག་མཛད། ཉེར་གཉིས་ལ་ཕེབས་རྫོངས་ཀྱི་སྟོན་མོ་འབུལ་བ་རྒྱ་ཆེར་བསྟབས་པའི་སྐྱེས་ལན་ཡང་རྒྱས་པར་སྩལ། ནངས་པར་དྲུང་འཁོར་གྱི་ཆིབས་སྐྱེལ་གསོལ་ཚིགས་བཅས་པས་ཁང་སྔོན་ནེ་གསིང་གི་བར་ཞབས་སྐྱེལ་ཞུས་ཏེ། དེ་ནུབ་རི་བོ་བྲག་རྫོང་དུ་ཕེབས་ནས་ཞག་གཉིས་ཀྱི་བར་ཁྲི་ལྕམ་སྟེང་ཁེབས་མས་གཞིས་ལེན་རྒྱས་པར་ཞུས་ཤིང་། ཚེ་དབང་བརྒྱ་རྩ། རྟ་མགྲིན་གྱི་དབང་སོགས་རྐྱེན་སེལ་གྱི་བྱིན་རླབས་བཞེད་སྦྱར་བཞིན་མཛད། དེ་ནས་རོང་པོར་ཞག་བཞུགས་ཐོག་སྡེ་པ་རོང་པོ་བས་ཞབས་ཏོག་འཁོས་སུ་ཕེབས་པ་བསྒྲུབས་ཤིང་དབང་དང་བྱིན་རླབས་མཛད། དེར་བདེ་ཆེན་སེ་མོ་སོགས་ཀྱི་བླ་གྲྭ་ཐམས་ཅད་ཀྱང་མཇལ་དུ་བྱུང་། ན་མར་ཕུར་བཞུགས་ཞག་ཐོག་ཞོལ་དཔོན་བས་འབུལ་བསྙེན་དང་། སྒྲུབ་སྡེ་བསམ་གཏན་རྫོང་པའི་སྤྱན་འདྲེན་ནན་ཆེར་བྱུང་བའི་བཞེད་པ་ལྟར་ཆིབས་བསྐྱོད། སྤྲུལ་སྐུ་ཉིད་ཀྱིས་ཆིབས་བསུ་གསོལ་ཚིགས་དང་། སྒྲུབ་སྡེ་བས་བསང་རོལ། དར་གྱི་ལྷབ་ལྷུབ་མཁའ་ཁྱབ་ཏུ་བྲེས་པའི་བསུ་བས་སྤྱན་དྲངས། དེར་ཞག་གསུམ་གྱི་བར་དུ་ཞབས་ཏོག་བཟང་ཞིང་འཁོས་སུ་ཕེབས་པའི་བསྙེན་བཀུར་དང་། མཁའ་འགྲོ་བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ་བར་རྟེན་ལི་མ། ན་བཟའ་ཆ་ཚང་སོགས་ཀྱི་འབུལ་བ་རྒྱས་པར་བསྟབས། དཔོན་སློབ་ཐམས་ཅད་ལ་ཚེ་དབང་དང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ། བླ་བྲང་གསར་རྒྱག་ལ་ཕྱག་ནས་འཐོར་བ་སོགས་མཛད་ཅིང་། སྐྱེས་ལན་གྱི་གནང་ཆ་དང་། སྒྲུབ་སྡེར་མང་འགྱེད་ཀྱང་སྩལ་ནས། ཁོང་དཔོན་སློབ་ཀྱི་ཆིབས་སྐྱེལ་དང་བཅས་རིམ་པར་བཏེག་པའི་ཟངས་མཚོ་དང་སྐྱིད་རུར་ཞག་ས་མཛད། དེར་སྡིངས་པོ་ཆེ་པའི་ཇ་ཞུ་དང་འདུམ་པོའི་ཞལ་ངོ་རྣམས་ཀྱང་མཇལ་དུ་བྱུང་ཞིང་། ཟླ་བ་བདུན་པའི་ཚེས་གསུམ་ལ་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕྱག་ཕེབས། མི་རིང་བར་གོང་དུ་གཙང་གི་གནས་ཚུལ་འབུལ་བ་སོགས་ལ་ཆོས་མཛད་འཕྲིན་ལས་རྫོང་སྟ་མཛད། བདེ་གཤེགས་འདུས་པའི་གླེགས་བམ་ཡིག་རྒྱུན་མ་དག་པ་འབྱམས་ཆེས་པར་བརྟེན་བསྟན་རྒྱུན་ལ་གཅིག་ཏུ་དགོངས་ཏེ། སྨྲ་བོ་ལྕོག་དང་། རྡོ་རྗེ་བྲག་སོགས་ནས་བླ་དཔེ་གང་བཞུགས་སྤྱན་དྲངས་ཏེ། ཤོག་སེར་གང་ཡོད་དེ་ཐོག་དང་། མེད་པ་རྣམས་མངའ་རིས་པཎ་ཆེན་གྱི་ཕྱག་དཔེ་ངོ་བོ་དང་། འབྲི་གུང་ཟུར་པའི་ཕྱག་དཔེ་སོགས་ཕྱི་མོ་ཁུངས་མའི་རིགས་ཀོང་ཡུལ་སོགས་ཐག་རིངས་ནས་སྤྱན་འདྲེན་མཛད་པའི་མ་ཕྱི་ལས་དགེ་སློང་བློ་གསལ་གྱིས་ལག་གཅིག་གི་འཕྲང་ལ་བཤུར་ཏེ་བྲིས་པ་འགངས་:ཆོགས་༼ཆེན་༽ཙམ་གྱི་སྐབས་ཡིན། སྤྱིར་འདི་ཉིད་ཕྱིས་བཀའ་རྩོམ་མཛད་པ་ཕ ལ་ཆེར་གྱི་རྩོམ་ཡིག་པ་དང་སྔ་ཕྱིར་བདེ་འདུས་སོགས་གླེགས་བམ་པོད་ཆེན་བཅུ་གསུམ་ཐོར་བུ་དང་བཅས་པ་པོ་ཏི་བཅོ་ལྔར་ལོངས་པ་ལག་བསྟར་དུ་བྲིས་པས་མཚོན་ཞབས་ཕྱིར་སྤྲོ་ཞིང་སྨན་པར་མཆིས་སོ། །དེ་དག་གི་དུས་དཔལ་དེའུ་རྗེ་དྲུང་སོགས་ཕྱོགས་འདུས་པ་མང་པོའི་རེ་འདོད་ཀྱང་སོ་སོར་སྐོང་བར་མཛད། འདི་སྐབས་རྡོ་རྗེ་བྲག་ཞབས་དྲུང་རིག་འཛིན་ཆེན་པོ་བླ་མ་དགོངས་འདུས་གསན་པར་དྲུང་དུ་བཅར་བཞེད་པའི་བསླབ་སྟོན་སྔོན་ནས་ཕེབས་པ་དང་། ད་རེས་ཀྱང་སྐྱར་བཅག་པ་བྱུང་བ་བཅས་ཕེབས་པར་སྙན་གསོལ་མཛད་པ་ལྟར་མི་རིང་བར་ཕེབས་ཤིང་། གཅུང་ཀུན་དགའ་ཚུལ་ཁྲིམས་ཀྱིས་དབུས་དབུ་ཆེ་དྲུང་འཁོར་རྣམས་ཀྱི་ཆིབས་བསུ། གྲྭ་ཚང་གི་སེར་སྦྲེངས་རྒྱས་པར་བསྟར་ཏེ་སྤྱན་འདྲེན་མཇལ་འཕྲད་ངོས་ལི་མ་ལྷ་ཁང་དུ་ཕེབས་སྤྲོའི་བཞུགས་གྲལ་སྟོན་མོ་རྒྱ་ཆེར་སྤྲོ་བར་མཛད། དེ་ནས་ཟླ་བ་བརྒྱད་པའི་ཚེས་གཉིས་ནས་བཟུང་སྤྲུལ་སྐུ་རིན་པོ་ཆེའི་ཞབས་ཕྱིར་གཏེར་ཁ་གོང་འོག་གི་གདན་ས་བ་སོགས་རགས་བསྡུས་ལ་བླ་མ་དགོངས་འདུས། གནུབས་ལུགས་གཤེད་དམར། གཡུ་ཐོག་སྙིང་ཐིག་གི་ལུང་རྣམས་ཚང་བར་མཛད་ཅིང་། ཟླ་བ་དགུ་པའི་ཚེས་གཉིས་ལ་སྟ་གོན་དང་། གསུམ་ལ་དཀྱིལ་འཁོར་བྲི་བ། བཞི་ནས་བཟུང་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་དབང་ཆེན་དབང་ཕྲན་དང་བཅས་པ་མཐའ་དག་ཚང་བ་དང་། གཞན་ཡང་གཤེད་དམར། གཡུ་ཐོག་སྙིང་ཐིག་རྣམས་ཀྱི་དབང་བཀའ། ཚེ་དབང་། ཡང་དག་སྙིང་པོའི་དབང་ལུང་། ལྷ་མོ་ངན་ནེ་མའི་རྗེས་གནང་དང་བཅས་པ། ཁྲོས་མ་གསང་རྒྱུད་ཀྱི་ལུང་སོགས་དགོངས་བཞེད་ཀྱི་ཆོས་བཀའ་ཐམས་ཅད་ཚང་བར་འབུལ་བ་མཛད། ཚུར་ཡང་ཐུགས་བསྐྱེད་བླ་མ་གསང་འདུས་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་། ཚེ་དབང་ལྕགས་སྡོང་མ་སོགས་གསན་ཞིང་། གཙུག་ལག་ཁང་སྟེང་ཤོད་ལ་རབ་གནས་ཀྱི་ཆོ་ག་ཡང་ཞུ་བར་མཛད་དེ། དཔོན་སློབ་རྣམས་ཟླ་བ་ཕྱེད་གཉིས་ཀྱི་བར་བཞུགས་རིང་བསྙེན་བཀུར་ཞབས་ཏོག་སྟོན་མོ་འབུལ་བ་སོགས་ཕུན་སུམ་ཚོགས་པས་མཉེས་ཐུབ་པར་མཛད་ཅིང་། ཚུར་ཡང་གྲྭ་ཚང་དུ་ཉིན་འཁྱོངས་ཀྱི་ཚ་གྲ་དར་འགྱེད་རྣམ་གཞག་སོགས་རྒྱས་པར་གནང་། ཚེས་བཅུ་བདུན་ལ་ཕེབས་རྫོངས་ཆིབས་སྐྱེལ་སོགས་རྒྱས་པས་བཀུར་བར་མཛད་དེ་ཕྱིར་ཐེགས། དེ་རྗེས་ཉིན་ཁ་ཤས་ཀྱི་བར་སྨྲ་བོ་ལྕོག་པོ་དང་གནས་གཞི་པ་སོགས་བླ་མ་འགའ་ལ་མཁའ་འགྲོ་ཆེན་མོའི་བྱིན་རླབས་སོགས་འདོད་ཆོས་ཁ་ཡར་སྩལ། མདོར་གཉེར་པ་དཔོན་གཡོག་ཐོན་པར་དབང་བྱིན་རླབས་དང་། མདོ་ཁམས་ཀྱི་བུ་སློབ་ཡོན་བདག་རྣམས་ཀྱི་འབུལ་སྐྱེལ་གྱི་འབྱོར་ལན་རྣམས་རྫོངས་བར་མཛད་ནས་ཟླ་བ་བཅུ་པའི་ཚེས་འགོ་ནས་བཟུང་གྲྭ་པ་བསྙེན་སོང་བརྒྱད་གྲྭ་གཅིག་གིས་ལོཀྟྲིའི་མཆོད་རྟེན་དཀར་ནག་ལ་བརྟེན་པའི་སྲུང་བཟློག་བསད་པའི་ལས་སྦྱོར་མཐའ་རྒྱས་སུ་སྒྲུབ་ཏུ་སྩལ་ཅིང་། རྗེ་ཉིད་ཀྱིས་ཀྱང་གཟིམས་ཆུང་བསམ་གཏན་སྦུག་ཏུ་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོ་ཟླ་གཅིག་གི་བར་མཛད་དེ་ཉི་ལྡོག་དང་བསྟུན་ལས་སྦྱོར་མཛད་པས་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་མཚན་མ་བཟང་པོ་གཟིགས་པ་ལྟར་དམིགས་ཡུལ་གྱི་དམ་སྲི་ཐུ་མོ་དེ་མིང་གི་ལྷག་མར་གྱུར་ཏོ། །གདོད་ནས་དག་པ་ཆོས་དབྱིངས་དྲག་པོའི་མཁར། །སྒྱུ་འཕྲུལ་ཏིང་འཛིན་རོལ་པའི་དུད་སྤྲིན་ལས། །མཐུ་སྟོབས་རྡོ་རྗེའི་མེ་ཆར་རབ་ཕབ་ཚེ། །གདོན་བགེག་ཀླད་པ་འགེམས་པ་དངོས་པོའི་གཤིས། །སྐུ་མཚམས་གྲོལ་བསྟུན་གོང་ཞབས་ནས་སྤྱན་འདྲེན་གྱི་བཀའ་ཤོག་འབྱོར་བ་ལྟར་ཉེར་ལྔ་ལ་ཆིབས་བཏེག་པའི་ཕེབས་ཞོར་རྡོ་རྗེ་བྲག་ཏུ་ཐེགས། ཞབས་བསུ་གཞིས་ལེན་གྱི་བསྙེན་བཀུར་སོགས་རྒྱ་ཆེར་བསྟབས། དེར་ཞག་གཉིས་བཞུགས་ཏེ་དུས་རིམ་གྱི་གཟིགས་མོ་ཡང་གཟིགས། ཉེར་དགུར་ཕོ་བྲང་ཆེན་མོར་ཕྱག་ཕེབས། དེ་འཕྲལ་གོང་མའི་མཇལ་ཁར་ཐེགས། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་སྡེ་སྲིད་རིན་པོ་ཆེ་མཇལ་བར་མཛད་ཅིང་། དེ་ཉིན་གོང་ཞབས་ཡས་ཕྱིན་ཐུན་མོང་དུ་ཚེ་དབང་བརྒྱ་རྩ་དང་། དེའི་སང་ཉིན་གདོན་འགྲོལ་དང་རཏྣའི་གུར་དྲག་གི་དབང་། ཚེས་གསུམ་ལ་འཆི་བསླུ་དང་། རྣམ་འཇོམས་སྨེ་བརྩེགས་ཀྱི་བྱབ་ཁྲུས་རྣམས་འབུལ་བར་མཛད། དེ་ནུབ་ནས་ཉིན་བདུན་གྱི་བར་བྱད་འགྲོལ་གྱི་བུམ་སྒྲུབ་མཛད་རྗེས་བཅུ་ལ་བྱད་འགྲོལ་དང་གདོན་འགྲོལ། རྟ་ནག་གི་དབང་རྣམས་འབུལ་བར་མཛད། བཅུ་གསུམ་ལ་ལྷ་ས་ལྕང་སྲུང་ཁང་། ཟུར་ཁང་པ་དང་། དགའ་ལྡན་ཁང་གསར་དུ་གྲོང་སྨད་ཡུམ་སྲས་རྣམས་ཀྱིས་སྤྱན་དྲངས་ནས་སོ་སོའི་ཐུགས་བཞེད་ཀྱི་ཚེ་རྟ་དྲག་དམར་གྱི་དབང་སོགས་མཛད་ནས་རྩེར་ཕེབས་ཏེ་གཤིན་རྗེ་དྲེགས་འཇོམས་ཀྱི་གཏོར་བཟློག་བདུན་ཕྲག་གཅིག་སྒྲུབ་པར་མཛད་ནས་ཉེར་དགུ་ལ་འཕངས་པའི་ལས་སྦྱོར་མཛད།

དགུང་ལོ་སོ་དགུ་པ།

དགུང་ལོ་སོ་དགུ་པ་ཤིང་ཕོ་བྱི་བའི་ལོ་གསར་བཞུགས་གྲལ་ལ་རྩེར་སྐུ་ཞབས་སུ་ཐེགས། དེའི་སང་ཉིན་ནས་གོང་དུ་བྱབ་ཁྲུས་ཚེ་དབང་། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་རྣམས་འབུལ་བར་མཛད་ཅིང་། ཚེས་དགུ་ནས་དངོས་སྟ་སོ་སོར་ཕྱེ་སྟེ་སྡེ་སྲིད་རིན་པོ་ཆེའི་ཐུགས་དམ་ཐང་སྐུ་རྣམས་ལ་རབ་ཏུ་གནས་པའི་ཆོ་ག་མཛད། ཚེས་བཅུ་གསུམ་ནས་ཉིན་ལྔའི་བར་སྐུ་ཞབས་གྲྭ་ཚང་གི་གྲྭ་གསར་སྔར་དབང་མ་ཐོབ་པ་སུམ་ཅུ་སྐོར་དང་། རྩིས་པ་སྔགས་འཆང་ངག་དབང་སོགས་ལ་བྱང་གཏེར་ཐུགས་སྒྲུབ། བླ་མ་གསང་འདུས། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་དང་། འཁོར་བ་དབྱིངས་སྒྲོལ། ཚེ་དཔག་མེད་ལོངས་སྐུ། བཀའ་བརྒྱད་གསང་རྫོགས། ཕུར་པ་སྤུ་གྲི། ཚེ་བདག འཇམ་དཔལ་རྫོགས་ཆེན། ཚེ་དཔག་མེད་དྭངས་མ་བཅུད་འདྲེན། རྟ་མགྲིན་དམ་སྲི་ཟིལ་གནོན། ཡང་གསང་དྲག་པོ། རྡོ་རྗེ་གྲོ་ལོད། འཆར་ཁའི་ཟོར་དབང་། སྟག་ཞོན། སྔགས་སྲུང་མ། གཟའ། ཐང་ལྷ། རྡོར་ལེགས་རྣམས་ཀྱི་དབང་སྲོག་གཏད་སོ་སོའི་འཕྲིན་ལས་ཀྱི་ལུང་དང་བཅས་པ་སྩལ། ཉེར་གཅིག་ནས་གོང་དུ། འཆི་བསླུ། གདོན་འགྲོལ། བྱད་འགྲོལ། བྱབ་ཁྲུས། མཁའ་འགྲོ་གྲིབ་སེལ་རྣམས་དང་། ཚེ་རྟ་ཕྱག་རྡོར་གྲོ་ལོད་ཀྱི་དབང་རྣམས་རིམ་ཅན་དུ་འབུལ་བར་མཛད། ཟླ་བ་གཉིས་པའི་ཚེས་གཅིག་ནས་བཟུང་བདུན་ཕྲག་གཉིས་ཀྱི་བར་དུ་སྐུ་གསུམ་རིགས་འདུས་ཀྱི་སྒོ་ནས་སྐུ་ཚེའི་སྒྲུབ་པ་དང་། ནཱ་ག་རཀྴའི་བུམ་སྒྲུབ་བདུན་ཕྲག་གཅིག་རྣམས་རིམ་པར་མཛད་ཅིང་། འདི་སྐབས་རྒྱ་ནག་མི་སྣ་བློ་བཟང་དགེ་སློང་གིས་དངུལ་སྤྱད་རོལ་ཆ་གོས་དར་སོགས་ཀྱི་འབུལ་བ་དང་བཅས་མཇལ་ཞིང་ཚེ་རྟ་དྲག་དམར་གྱི་དབང་དང་བྱིན་རླབས་ཀྱང་སྩལ། མཆོད་དཔོན་ཆེན་མོར་ཡང་རཏྣའི་གུར་དྲག་གི་དབང་ཆེ་འབྲིང་ཆུང་གསུམ་དང་། གཏེར་གསར་དྲག་དམར་གྱི་དབང་རྣམས་མཛད། ཟླ་བ་གསུམ་པའི་འགོར་གོང་ནས་ཕེབས་རྫོངས་ཀྱི་གནང་ཆ་ན་བཟའ་ཆ་འགྲིག གསེར་དངུལ་གྱི་མཎྜལ། དངུལ་མདོང་། གོས་ཕྱི་ནང་ཡུག་བཞི་བཅུ་སྐོར་དང་ཟམ་རས་ཇ་རྟ་སོགས་ཀྱི་གནང་ཆ་གྱ་ནོམ་པ་སྩལ་ཅིང་། འདི་ཉིན་བྱད་འགྲོལ་ཡང་འབུལ་བར་མཛད། ཚེས་གསུམ་ལ་ལྷ་སར་ཐེགས་ཏེ། གཟིམས་ཆུང་ཉི་འོད་འཁྱིལ་པར་བཞུགས་ས་མཛད་ནས་མིའི་དབང་པོར་སྐུ་གསུམ་རིགས་འདུས་ཀྱི་ཚེ་དབང་། བྱད་འགྲོལ། རྨེ་བརྩེགས་ཀྱི་རྗེས་གནང་སོགས་དང་། དེའི་སང་ཉིན་རཏྣའི་གུར་དྲག་གི་དབང་འབྲིང་བསྡུས། ཀླུའི་གདོན་འགྲོལ་གྱི་ཆོ་ག་རྣམས་འབུལ་བར་མཛད་ཅིང་། ཕེབས་རྫོངས་ཀྱི་གནང་ཆ། གོས་དར། དངུལ་སྤྱད། གསེར་དངུལ། ཇ་རྟ་སོགས་སྤམ་མཐོ་བ་སྩལ། དེའི་སང་ཞོགས་ཚེ་དབང་བརྒྱ་རྩ་འབུལ་བར་མཛད་ཅིང་། ན་བཟའ་ཆ་འགྲིག་གི་གནང་ཆའང་སྩལ། དེ་ནས་ལམ་ཞོར་དུ་བྱང་གླིང་དང་། དགའ་ལྡན་ཁང་གསར་དུ་གཞིས་ཀའི་ཡུམ་སྲས་སོགས་ལ་ཚེ་རྟ་དྲག་དམར་སོགས་ཀྱི་དབང་བྱིན་རླབས་མཛད་ཅིང་བསྙེན་བཀུར་འབུལ་བ་དཔངས་:གཏོད་༼བསྟོད༽། དེ་ནུབ་རྩེར་ཕེབས་ཏེ་ཚེས་དྲུག་གི་སྔ་དྲོ་གོང་དུ་ཚེ་དབང་འབུལ་བར་མཛད། ཕྱི་དྲོ་མཆོད་དཔོན་ལགས་ཀྱིས་འབུལ་བ་རྒྱ་ཆེར་བསྟབས། ནངས་པར་ཆིབས་བཏེགས་པའི་ཚེས་བཅུ་གཅིག་ལ་སྨིན་གྲོལ་གླིང་དུ་ཕྱག་ཕེབས། དེ་ཉིན་ཟུར་ཡང་དབེན་པའི་གདུང་བརྒྱུད་ཀྱང་གསན་པ་མཛད་བཞེད་ཀྱིས་ཞབས་དྲུང་དུ་འབྱོར། དེའི་སང་ཉིན་རས་ཆེན་རིག་འཛིན་རྣམ་རྒྱལ་གྱིས་གནས་ཆེན་གྱི་ས་རྡོ་དང་། གུར་གུམ་གྱི་གེ་སར་ལ་སོགས་པའི་ཕྱག་རྟེན་དང་བཅས་ཏེ་མཇལ། ཟླ་བ་དེའི་ཚེས་ཉི་ཤུ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ནམ་སེང་བུམ་པའི་དུས་སྦྱོར་ཐོག བླ་བྲང་ཆོས་འཁོར་ལྷུན་པོའི་ས་ཆོག ལྟོ་འཕྱེ་བརྟགས་ཏེ་བརྐོ་བ། གཏེར་གཞུག་ཅིང་ཕྱོགས་བཞི་ནས་བླངས་པའི་འགྲམ་རྡོ་གཞུག་པ་སོགས་མཛད། དེ་སྐབས་ཁམས་པ་གནས་སྐོར་བ་འགའ་ཞིག་གིས་རྒྱ་གར་འཁོར་བའི་གནས་ཆེན་གྱི་ས་རྡོ། ཤིང་སྣ་དང་། ཁྱད་པར་བྱང་ཆུབ་ལྗོན་ཤིང་གི་ཡལ་ག་ལག་ངར་ཙམ་པ་ལོ་མ་མང་པོ་དང་བཅས་པ་ཕུལ་བར་རྟེན་འབྲེལ་བཟང་གསུང་། ཉེར་ལྔ་ནས་བཟུང་། རྒྱལ་པོ་ལྷ་བཙུན་དང་། རྩེ་ཆེན་རས་པ་སོགས་ལ། གཏེར་གསར་ཐུགས་རྗེ་ཆེན་པོ། ཉང་གི་ཁྲོས་ནག གསང་འདུས་ཐོད་འཕྲེང་རྩལ་གྱི་སྒོས་དབང་། དྲི་མེད་བཤགས་རྒྱུད་ཀྱི་ལུང་སོགས་དང་། སྤྲུལ་པའི་སྐུ་གཞན་ཕན་དབང་པོ་སོགས་སྐྱིད་ཚལ་གྱི་བསླབ་གཉེར་བ་རྣམས་ལ་འཇམ་དཀར་མ་ཏི་ལུགས་ཀྱི་རྗེས་གནང་ལུང་དང་བཅས་པ་མཛད། ཡར་འབྲོག་ཏུ་ཁབ་བཞེས་ཀྱི་ལེགས་བྱ་འབུལ་བར་གཟིམས་དཔོན་ཆོས་མཛད་ཅན་མངགས། ཟླ་བ་བཞི་པའི་ཚེས་བརྒྱད་ནས་བཟུང་ལག་པའི་བཟོ་རིག་མཐའ་ཡས་པ་ལ་བྱང་ཞིང་མཁས་པས་དེའི་སྒོ་ནས་བླ་མའི་བྱ་བ་ལ་རྟག་ཏུ་འགྲུས་པའི་བརྩོན་པ་ལ་ཐང་ལྷོད་མི་མངའ་བ་མཆོད་དཔོན་ངག་དབང་ཚུལ་ཁྲིམས་ཀྱིས་གཙོས། གོས་བཟོའི་གནས་ལ་བྱང་བ་མང་པོས་རྒྱ་ཧོར་གྱི་གོས་རྙིང་བཟང་བསྡུས་གཙོ་བོར་གྱུར་པ་ལ་ཐུབ་དབང་གནས་བཅུ་གཙོ་འཁོར་གྱི་གོས་ཡོལ་གླིང་ལྔ་མའི་ལས་གྲའི་དབུ་འཛུགས་པར་མཛད། ཟླ་བ་ལྔ་པའི་ཚེས་ལྔ་ལ་རས་ཆེན་རིག་འཛིན་རྣམ་རྒྱལ་བལ་པོར་འབྱོན་བཞེད་ཀྱི་སྐུ་མདུན་དུ་བྱུང་བར། མཆོད་རྟེན་བྱ་རི་ཁ་ཤོར་ཀ་སོགས་བལ་ཡུལ་གྱི་གནས་རྣམས་ལ་མཆོད་པའི་རྐྱེན་དུ་གསེར་གླ་རྩི་དར་ལ་སོགས་པ་བསྐུར་བར་མཛད། རྒྱལ་གླིང་ཀླུ་སྡིངས་པར་གོང་མའི་བཀའ་ཁྲིམས་ཀྱི་འཇིགས་པས་མནར་བར། མི་དབང་ཆེན་པོར་དགོངས་ཡངས་ཞུ་བའི་ཞུ་ཡིག་མི་སྣ་བཅས་མངགས་པར་སྲོག་དང་འབྲལ་བའི་འཇིགས་པ་ལས་ཐར་པའི་བཀའ་དྲིན་སྩལ། འདི་སྐབས་སྔ་ཕྱི་ཅི་རིགས་པར་ཚོགས་ཡས་མས་གྲྭ་ཐང་། བྱམས་གླིང་སོགས་སྡེ་རྣམས་དང་། འདུམ་པོ་སོགས་དྲུང་འཁོར་རྣམས་ཀྱིས་ཨར་སྟོན་དང་ལེགས་སྐྱེས་འབུལ་མི་རིམ་པར་བྱུང་། ཡར་འབྲོག་དཔོན་ཆེན་གཉིས་སོ་སོ་ནས་ཟླ་གཅིག་བར་ལས་མི་བརྒྱ་ཕྲག་རེའི་དང་བླངས་མཛད་པའི་འུ་ལག་འགོ་པ་དང་བཅས་འབྱོར་ཞིང་གོང་ནས་ཤིང་ཆའི་མཐུན་རྐྱེན་དུ་རྒྱལ་གླིང་ཀླུ་སྡིངས་པའི་ཁང་ཤིང་ཆ་ཚང་སྩལ། དིང་རི་མཁན་པོ་ཀུན་སྤངས་པ་བློ་གྲོས་བརྟན་པ་ལ་ཞི་བྱེད་བཀའ་བབས་གསུམ་གྱི་ཆོས་རྒྱུན་རྣམ་དག་མངའ་བ་དང་བསྙེན་པ་ཐེམས་པ་སོགས་ནས་རྗེ་བཙུན་རྒྱ་གར་བའི་བསྟན་པ་ཉམས་པ་གསོ་བའི་ཐུགས་བསྐྱེད་ཀྱིས་གོ་ད་ཝ་རིའི་དུར་ཁྲོད་ན་བཞུགས་པ་ཆེད་དུ་སྤྱན་འདྲེན་མཛད་དེ། ལྷོ་བྱང་གི་ཞི་བྱེད་རྒྱུན་འཛིན་པའི་བླ་མ་རྣམས་བསྡུས་པ་ལ་དབང་ལུང་ཁྲིད་དང་བཅས་པ་ཡོངས་རྫོགས་གསུང་བར་བསྐུལ་བའི་ཞལ་ཏ་དང་མཐུན་རྐྱེན་ཐམས་ཅད་མ་ཚང་བ་མེད་པར་སྦྱོར་བའི་བཀའ་དྲིན་སྩལ། དེ་དུས་དིང་རི་ཆོས་རྗེས་དངུལ་དོང་རྩེའི་ཚོམ་བུས་བརྒྱན་པའི་མཎྜལ་སོགས་འབུལ་བ་ཚོགས་འཁོར་གྱ་ནོམ་པ་དང་བཅས་ཞབས་བརྟན་ཕུལ། ཚེས་བཅུ་དགུ་ནས་བཟུང་ཟུར་ཡང་དབེན་པའི་གདུང་བརྒྱུད། བྱ་རྒོད་པ་ཆོས་སྐྱོང་རྒྱལ་མཚན་དཔོན་སློབ། འབྲས་ལྗོངས་ཀཿཐོག་པ་སྐུ་མཆེད། མངའ་རིས་འཚོ་བྱེད། དགེ་ཡེ་བླ་མ་སོགས་ལ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་བཀའ་ཤིན་ཏུ་སྨིན་པར་མཛད་ཅིང་། གཞན་ཡང་། གཏེར་གསར་རྡོར་སེམས། རྫོགས་ཆེན། གཤིན་རྗེ་དྲེགས་འཇོམས། རཏྣའི་རྟ་མགྲིན་གསང་འདུས་རྣམས་ཀྱི་དབང་ལུང་། དེ་དག་གི་སྟེང་དུ་བླ་མ་ཤེལ་བྲག་པ་དང་བཅས་པར་གཏེར་གསར་བླ་མ་ཞི་དྲག་གི་དབང་ལུང་རྣམས་མཛད། ཟངས་མཚོར་དུས་ཆེན་གྱི་ཚེས་བཅུར་ཡང་ཐེགས། ཆོས་ཞུ་བ་གཞན་རྣམས་ལོག་རྗེས། ཟུར་ཡང་དབེན་པ་ལ་འདོད་ཆོས་ཐན་ཐུན་དང་། མངའ་རིས་དྲུང་འཚོ་བར་སྔགས་སྲུང་མའི་རྗེས་གནང་། ཆོས་སྐྱོང་རྒྱལ་མཚན་ལ་རྟ་ནག་དང་། ཀུན་མཁྱེན་ཆེན་པོའི་གསུང་འབུམ་ཐོར་བུའི་ནང་ནས་ཆོས་ཚན་འགའ་རེའི་ལུང་སྩལ། ལྷ་ལུང་ནས་སྤྱན་འདྲེན་གྱི་ཕོ་ཉ་བ་སྔ་ཕྱིར་བྱུང་བ་ལྟར་ཟླ་བ་དགུ་པའི་ཚེས་གསུམ་ལ་ཆིབས་བཏེག་སྟེ་འདུམ་པོར་ཞག་གཉིས་ཞབས་ཏོག་བསྒྲུབས། དེ་ནས་གྲྭ་ཕུ་བརྒྱུད་རིམ་པར་སྤྱི་ཕུ་ལ་ཁར་ཐབ་བསུ་དང་། དེ་ནུབ་སྤྱི་ཕུར་གཞིས་ལེན། ནངས་པར་དབུ་ཆེ་དྲུང་འཁོར་སོགས་ཀྱི་ཆིབས་བསུ། གྲྭ་ཚང་གི་སེར་སྦྲེངས་དང་བཅས་པས་སྔུན་བསུས་ཤིང་ཐེག་མཆོག་རབ་རྒྱས་གླིང་གི་བླ་ཡེར་ཐུགས་སྲས་སྤྲུལ་པའི་སྐུས་ཞབས་བསུ་དར་ཕྱག་རྩེ་མཐུན་པར་མཇལ་འཛོམ་མཛད་ཅིང་། དེར་ཞག་བརྒྱད་བཞུགས་རིང་ཞབས་ཏོག་བསྙེན་བཀུར་སྟོན་མོ་སོགས་རྒྱ་ཆེར་བསྟབས། ཚོགས་དབུར་ཡང་སྤྱན་དྲངས་ཏེ་ཞབས་བརྟན་རྒྱས་པར་ཕུལ། ཕར་ཡང་གྲྭ་ཚང་དུ་མང་ཇ་བཅུ་སྐོར་དང་དར་དང་ཇའི་ཕྱག་འགྱེད་སྤྱི་འབུལ། ཁྲི་ཐོག་ཏུ་ན་བཟའ་ཆ་ཚང་གོས་དར་རོ ལ་མོ་ཇ་རྟ་དྲེལ་སོགས་འབུལ་བ་སྤམ་མཐོ་བ་བརྟན་བཞུགས་ཀྱི་ཚུལ་དུ་སྤྲོ་བར་མཛད་ཅིང་། བཀྲ་ཤིས་ཆོས་གླིང་པ་སོགས་ཀྱི་ཞབས་བརྟན་དང་། ལྷ་ལུང་དགོན་ལག་ཚང་མས་སོ་སོའི་འབྱོར་པ་དང་བསྟུན་པའི་འབུལ་ནོད་རྒྱ་ཆེར་བསྟབས་པར་སྐྱེས་ལན་དུ་སོ་སོར་མང་འགྱེད་ཀྱང་སྩལ་ཅིང་། ཐུགས་སྲས་སྤྲུལ་པའི་སྐུར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་གདམས་པའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་གང་བར་མཛད་པའི་ཆོས་ཡོན་དུ་མཆིམས་ཀྱི་དབུ་ཐོད། གསེར་ཐིག་པོ། གོས་དར་སོགས་རྒྱ་ཆེར་བསྟབས། དོ་རྫོང་རྫོང་དཔོན་དང་། བླ་མ་ཀ་བ་ཅན་པ། སྤེལ་གསར་ཤར་ནུབ། ཁྲོས་སྨད་པ་སོགས་སྐྱ་སེར་གྱི་མཇལ་མི་མཐའ་ཡས་པས་མཆོད། བཅུ་དགུ་ལ་མེ་ཏོག་ལྷ་སྣང་དུ་ཕེབས་རྫོངས་ཀྱི་སྟོན་མོ། རྟེན་ལི་མ་དང་། གོས་ཆེན་རྙིང་མ། རས་ཆ་ཕོན་ཆེ་བ། ཆིབས་མུ་ཏིག་གི་སྒ་དང་བཅས་པ། ཤ་མར་སོགས་ཀྱི་འབུལ་བ་རྒྱ་ཆེར་བསྟབས། ཐེག་མཆོག་རབ་རྒྱས་གླིང་པ་དང་། ཕན་ཚུན་གྱི་ཞབས་ཕྱི་ཐམས་ཅད་ལ་སྤྲུལ་པའི་སྐུ་ཉིད་ནས་རང་ཅག་དཔོན་སློབ་ཡེ་ནས་སྲིད་གཅིག་པ་ཡིན་གཤིས་སླད་ནས་གདན་སའི་འཛིན་སྐྱོང་སོགས་ཀྱང་འདིར་ཞུ་བ་ལས་འོས་མེད་ལུགས་སོགས་མཉེས་གཤིན་པའི་གསུང་གླེང་རྒྱ་ཆེར་སྤྲོ་བར་མཛད། དེ་ནས་དཔོན་སློབ་གཞིས་བྱེས་ཆབས་ཅིག་པར་གུ་རུ་ལྷ་ཁང་དུ་ཐེགས། དེར་ཞག་གཉིས་བཞུགས་ཏེ་ཆོས་དབང་གི་གཟིམས་ཆུང་དང་ཇོ་བོ་སོགས་ཞིབ་མཇལ་གནང་། འབྲོམ་སྟོན་གཞན་ཕན་རྣམ་རོལ་ཡབ་སྲས་ཀྱང་མཇལ་དུ་བྱོན་པར་སྐྱེས་ལན་ཡང་སྤྲོ་བར་མཛད། དཔལ་དེ་ལྕམ་གྱིས་ཀླུ་ཁང་དུའང་སྤྱན་དྲངས་ཤིང་། གསུང་སྤྲུལ་རིན་པོ་ཆེའི་སྤྲུལ་པའི་སྐུའང་དག་པའི་ཐུགས་སྐྱེད་ཕུལ་དུ་བྱུང་བས་ངོས་འཛིན་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིག་པར་མཛད། དེ་ནས་རྫ་ལ་བརྒྱུད་པ་ཆོས་སུ་གླིང་ནས་སྡེ་སྲིད་ཡབ་སྲས་ཕེབས་ཏེ་བསྙེན་བཀུར་རྒྱ་ཆེར་བསྟབས་ཤིང་ཚེ་དབང་ཡང་སྩལ། བོ་དོང་གྲྭ་ཚང་ཤིང་རྩ་བ་གྲྭ་སློབ། དགོན་བཙན་འབྲོག་པ་སོགས་མཇལ་མི་མང་པོའི་རེ་བ་དོན་ལྡན་དུ་མཛད་ནས་རིམ་གྱིས་ཉེར་བདུན་ལ་སྨིན་གྲོལ་གླིང་དུ་ཕེབས། ཅལ་ཏེ་བླ་མས་རྟ་འབུལ་དང་བཅས་མཇལ་དུ་བྱུང་བར་གཏེར་གསར་གྱི་དབང་ལུང་དང་། དིང་རི་ཆོས་རྗེ་བློ་བརྟན་པ་ལ་ཐུགས་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་སྩལ། ལ་དྭགས་ཆབ་འོག་ཏུ་ཆུད་པའི་ལེགས་སྐྱེས་འབུལ་བར་དབོན་ཀུན་དགའ་ཚུལ་ཁྲིམས་གོང་དུ་རྫོང་སྟ་མཛད། ཞབས་དྲུང་ཁྲི་ལྕམ་རིན་པོ་ཆེ་སྔོན་ནས་ཆབ་གཞིའི་རྣམ་པས་སྐུ་ཁམས་མི་བདེ་ཙམ་ཡོད་པ་ཇེ་ལོད་དུ་སོང་བར་དཔོན་ཚང་ཆོས་མཛད་ཀྱིས་གསོལ་སྨན་རྟག་པར་ཞུས་ཤིང་། དཔོན་ཚང་བང་ཕྱི་ནས་དང་ཚེ་རིང་སོགས་སྨན་པ་མཁས་དག་ཀྱང་བོས་པའི་སྨན་བཅོས་དང་། གྲྭ་ཕྱི་ནང་གི་སྡེ་དགོན་ཐམས་ཅད་དང་ཕྱོགས་ཀྱི་དགོན་པ་མང་པོར་ཇ་སྐོལ་སྤོང་དག གཞན་ཡང་སྔགས་བན་ལ་བརྟེན་པའི་ཐབས་རྟེན་འབྲེལ་མཐའ་ཡས་པ་དང་། གཙོ་བོར་རྗེ་ཉིད་ནས་དབང་བྱིན་རླབས་འཆི་བསླུ་བྱབ་ཁྲུས་སོགས་ཇི་སྙེད་ཅིག་མཛད་ཀྱང་བཅོས་སུ་མི་རུང་བའི་མཚན་ལྟས་རྩུབ་པ་ཁོ་ན་བྱུང་བ་བཞིན། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཀྱི་ཉི་མ་དམར་ཐག་ཆོད་ཙམ་ལ་ངོ་མཚར་བའི་ལྟས་དང་བཅས་ཞི་བར་གཤེགས། དེའི་ཚེ་རྗེ་ཉིད་ནས་དུས་དེར་འཕྲོད་པའི་གདམས་པ་གསལ་འདེབས་པར་མཛད་ཅིང་། གཞན་ཡང་གཤེགས་ཁར་བཏགས་གྲོལ་སྐུ་ལ་སྒྲོན་ཅིང་། དེ་བཞིན་གཤེགས་པའི་རིང་བསྲེལ་དང་གཏེར་བྱོན་གྱི་དམ་རྫས་སོགས་མྱོང་གྲོལ་མང་པོ་ཞུ་བར་མཛད། དེ་ནུབ་ནས་སྐུ་གདུང་གི་དྲུང་དུ་བདག་ཅག་དཔོན་སློབ་བརྒྱད་ཀྱིས་དོང་སྤྲུགས་གནས་ལུང་དང་བཅས་པ་དང་། མཁའ་སྤྱོད་བདེ་ལྡན་དུ་ནམ་མཁའ་མཛོད་སྒྲུབ་སྡེ་བ་གཞི་བསྙེན་ཐེམ་པ་བརྒྱད་ཀྱིས་སྔ་དྲོ་ཀུན་རིག་དང་། ཕྱི་དྲོ་ཀྱེ་རྡོར། སྨིན་གྲོལ་གླིང་འདུས་ཚོགས་ཀྱིས་འདུ་ཁང་དུ་བླ་མ་ཞི་བ་དང་སྒྱུ་འཕྲུལ་ཞི་ཁྲོའི་སྒྲུབ་མཆོད། དིང་རི་ཆོས་རྗེ་དཔོན་སློབ་དང་འབའ་ར་བ་སོགས་བྱ་བཏང་བདུན་གྱིས་ཆུ་གཏོར་བསག་པ་སོགས་གདུང་ཆོག་ཞག་སུམ་ཅུ་རྩ་དྲུག་གི་བར་དུ་བཙུགས། ཉེར་དགུའི་ནུབ་རྗེ་ཉིད་ཀྱིས་སྐུ་གདུང་ཞི་བའི་སྲེག་བླུགས་ཀྱིས་སྦྱོང་བར་མཛད་པས། དབུ་ཀླད་ལས་རིང་བསྲེལ་འབྲེལ་མའི་གོང་བུ་ངོ་མཚར་ཅན་བྱོན་པ་དང་། འདོད་ལྷའི་རིགས་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པ་ཞིག་ཏུ་འཁྲུངས་པར་རྒྱལ་མཆོག་དམ་པའི་ལུང་བསྟན་བརྙེས་ཤིང་གཞན་ཡང་གཤེགས་རྫོངས་སུ་ལྷ་ས་སྨོན་ལམ་ཆེན་མོས་ཐོག་དྲངས་དབུས་གཙང་གི་དགེ་འདུན་སྡེ་ཕལ་ཆེ་བར་མང་ཇ་རྣམ་གཞག་དང་ཀུན་མཁྱེན་རྒྱལ་བའི་དབང་པོ་སོགས་སྐྱེས་ཆེན་དམ་པ་ཡོད་དོ་ཅོག་ལ་བསྔོ་རྟེན། ལྷ་ས་བསམ་ཡས་སོགས་གནས་ཆེན་ཀུན་ཏུ་མཆོད་འབུལ་སྐུ་ཚིགས་སོ་སོའི་ཐོག་གྲྭ་ཕྱི་ནང་མོན་མཁར་དང་བཅས་པའི་དགེ་འདུན་གྱི་སྡེ་ཆེ་ཕྲ་ཐམས་ཅད་སྤྱན་དྲངས་ནས་བསྙེན་བཀུར་ཅིང་། གོང་དཀར་ཆོས་སྡེ་དང་བོ་དོང་གྲྭ་ཚང་སོགས་ལ་ཕར་བཏེག་ནས་དཀྱིལ་འཁོར་ཉི་ཤུ་རྩ་བདུན་ཙམ་གྱི་སྒྲུབ་མཆོད། སྐུ་འདད་དངོས་གཞིར་སྨིན་གྲོལ་གླིང་འདུས་པའི་སྟེང་གྲྭ་ཕྱི་ནང་མོན་མཁར་དང་བཅས་པའི་རྙིང་ལུགས་ཤས་ཆེ་བའི་དགོན་སྡེ་རང་སྲིད་གཅིག་པ་རྣམས་བསྡུས་པའི་སེར་ཚོགས་སྐྱེ་བོ་ངན་ལོང་སོགས་སྟོང་སྐོར་བཞིར་ཉེ་བ་ལ་ཚ་གྲ་འབུལ་བ་གྲལ་འགྱེད་བཟང་པོ་དང་། གྲལ་དབུར་ཐུགས་སྲས་སྤྲུལ་པའི་སྐུ་སྤྱན་འདྲེན་པ་མཛད་ནའང་སྐུ་ཅུང་ཟད་སྙུན་ནས་ཕེབས་མ་ཐུབ་པས། ཐེག་མཆོག་རབ་རྒྱས་གླིང་དུ་བསྙེན་བཀུར་དང་བསྔོ་རྟེན་གྱི་འབུལ་བ་ཕར་བཏེག ནང་རྟེན་དུ་ཐང་སྐུ་གྲྭ་ཚར་དགུང་ཞག་གི་ཁོངས་སུ་གྲུབ་པར་ཡང་རབ་ཏུ་གནས་པའི་ཆོ་ག་དང་། ཇི་སྲིད་བར་སྨིན་གྲོལ་གླིང་དུ་དུས་མཆོད་ཀྱི་ཟླ་ཇ་ཆག་མེད་སོགས་གཤེགས་རྫོངས་བཟང་བའི་ཕུལ་དུ་ཕྱིན་པར་ཀུན་ལ་གྲགས་སོ། །སྐབས་དེར་གཞུང་ས་མཆོག་ནས་གསེར་དངུལ་གོས་དར་སོགས་ཀྱི་གནང་ཆ་སྤམ་མཐོ་བ་སྩལ་བར་ལྕང་ལོ་ཅན་པ་ཆེད་དུ་གནང་ཞིང་། གཞན་ཡང་ཐུགས་འབྲེལ་ཅན་ཆེ་ཕྲ་མ་ལུས་པས་གདུང་འབུལ་སྙེལ་ཇ་སོགས་རྒྱ་ཆེར་བསྟབས། དེ་རྗེས་ལོ་མཇུག་དུས་རིམ་སྔར་འཁྱུད་ལྟར་དང་།

དགུང་ལོ་བཞི་བཅུ་པ།

དགུང་ལོ་བཞི་བཅུ་པ་ཤིང་གླང་ལོ་གསར་གྱི་དགྱེས་སྟོན་དང་གྲྭ་པའི་ཇ་ཞུ་སོགས་རྩེར་འགོལ་བཞུགས་ཀྱིས་བཞེས་ཤིང་། ཚེས་གསུམ་གྱི་ཉིན་ཆོས་རྗེ་བློ་བརྟན་པ་ལ་ཁོལ་མོ་རེ་མ་ཏིའི་སྐོར་གྱི་ལུང་ཕྲན་འགའ་ཞིག་གསན་ཏེ། དེ་ནུབ་ནས་བཟུང་ཟླ་གཅིག་བར་གཟིམས་ཆུང་བསམ་གཏན་སྦུག་ཏུ་སྐུ་མཚམས་དམ་པར་བཅད་དེ་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་བར་བཞུགས། དེ་ནས་ཕྱི་རྟེན་ནཻ་པ་ལའི་བཟོ་རིག་པ་གསུམ་གྱིས་སློབ་དཔོན་སངས་རྒྱས་གཉིས་པའི་སྐུ་བརྙན་རྒྱབ་ཡོལ་ལ་རིགས་བདག་མཚན་བརྒྱད་དང་བཅས་པས་མཛེས་པ་ཐོག་ཚད་དུ་ལོངས་པ་འདི་ཉིད་བཞེངས་པའི་བཟོ་གྲྭ་ཚུགས། ཧོར་ཟླ་གཉིས་པའི་ནང་དུ་གཞུང་སའི་སྐུ་རིམ་ལ་བསམ་ཡས་སུ་ཐེགས། བཻ་ཙ་གླིང་དུ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་སྐུ་ཚེའི་སྒྲུབ་པ་དང་། གཤིན་རྗེ་དྲེགས་འཇོམས་ཀྱི་མནན་པ་ཞིག་མཛད། སྟག་རྩེ་ཞབས་དྲུང་ནས་ཀྱང་བསྙེན་བཀུར་རྒྱ་ཆེར་བསྟབས་ཤིང་། གཞན་ཡང་སྐྱ་སེར་གྱི་མཇལ་མི་མང་དུ་བྱུང་། ཟླ་བ་གསུམ་པའི་འགོར་གདན་སར་ཕྱག་ཕེབས་ནས་ཚེས་བཅུའི་ཉིན་རྟེན་བཞེངས་ཀྱི་གསེར་བཞུ་བར་མཛད་དུས་ཐོག་མར་ཞམ་རིང་པ་བློ་བརྟན་པ་དག་གིས་ཡིད་གཞུངས་པར་བཏེག་པ་ལས་ཕྱིས་བཞུ་ཚར་ནས་འདེགས་དུས་ཞོ་བཞི་འཕར་པའི་ཡ་མཚན་ཆེ་བ་བྱུང་། དེའི་ཚེ་གོང་དཀར་ཁུལ་སྡེབས་སྒྲིལ་གྱིས་ཞབས་བརྟན་ཕུལ་བའི་རྗེས་འབྲེལ་འབུལ་བ་དང་བཅས་བརྟན་བཞུགས་འབུལ་བར་མགྲོན་གཉེར་མངགས། ཟླ་བ་བཞི་པའི་ཚེས་བདུན་ལ་གུ་རུའི་སྐུ་བརྙན་ནང་གཟུངས་ཀྱི་གནོད་སྦྱིན་འཁོར་ལོ་སོགས་ཕྱག་བྲིས་ཕྱག་བསྟར་མ་ཁོ་ན་དང་། ཨེ་པ་དཔོན་མོ་ཆེ་བ་བསམ་གྲུབ་སོགས་ཡིག་མཁན་མཁས་བསྡུས་བཞི་འབོད་པར་མཛད་ནས་རིན་པོ་ཆེ་གསེར་དངུལ་ལས་རྙིང་མ་རྒྱུད་འབུམ་བཞེངས་པའི་ལས་འགོ་ཚུགས། སྐྱི་སྟོན་སྔགས་འཆང་འཁོར་འདས་རང་གྲོལ་གྲྭ་བཅས་དང་། མདོ་ཁམས་དབོན་པོ་སོགས་ལ་གཏེར་གསར་ཐུགས་ཐིག་དང་རྡོར་སེམས་ཀྱི་ལུང་སྩལ། བཅུ་གསུམ་ནས་ཟུར་ཡང་དབེན་པ། གྲྭ་ཚང་གི་དབུ་ཆེ། སྐྱི་སྟོན་སྔགས་འཆང་སོགས་བཅུ་སྐོར་ལ། སྒྱུ་འཕྲུལ་ཞི་བ་དང་། ཁྲོ་བོའི་དབང་བཀའ་རོག་གི་ཚེ་དབང་ལུང་ལུགས། མགོན་པོ་ལེགས་ལྡན་གྱི་དབང་བཞི། གཏོར་དབང་དང་བཅས་པ་སེམས་སྡེ་ཨ་དོན་བཅོ་བརྒྱད། བདེ་འདུས་རྣལ་འབྱོར་རྒྱུན་དབང་། གཏེར་གསར་ཚེ་དབང་རྣམས་དང་། སྙིང་པོའི་རྒྱ་འགྲེལ་སྤར་ཁབ། སྒྱུ་འཕྲུལ་ལམ་རྣམ་བཀོད་དམ་ཚིག་གསལ་བཀྲ། ཞི་བ་རྡོ་རྗེ་ལས་རིམ། མེ་ལོང་ལྟ་བུའི་སྒྲུབ་ཐབས། དྲ་བ་ཆེ་ཆུང་། ཁྲོ་བོ་དམ་པ་རྒྱན། ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་པ། ཞི་བ་ལྷ་རྒྱུད། བོད་འགྲེལ་གཡུང་ཊཱིཀ་རྣམས་ཀྱི་ལུང་སྩལ། དེ་ནས་སྟག་རྩེ་ཞབས་དྲུང་གིས་གོས་སྐུའི་རབ་གནས་ལ་སྤྱན་འདྲེན་བྱུང་བ་ལྟར་ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ལ་བསམ་ཡས་སུ་ཆིབས་བཏེག གྲུ་ཁར་ཆིབས་བསུ་དང་བཅས་ཏེ་རིམ་པར་ཕོ་བྲང་དུ་ཕེབས། ཐལ་ཇི་དང་མཇལ་ཞིང་ཕེབས་སྤྲོ་རྒྱ་ཆེར་སྤྲོས། བཅོ་ལྔའི་ཉིན་དཀོར་མཛོད་གླིང་དུ་མདོ་སྡེའི་འཆམས་ཀྱི་གཟིགས་མོ་དང་། ཆོས་སྐྱོང་དཔོན་བློན་ལ་འཕྲིན་གསོལ་གྱི་ཅོད་པན་སོགས་སྩལ། བཅུ་དྲུག་གི་སྔ་དྲོ་ཕོ་བྲང་དུ་ཞབས་དྲུང་ལ་ཚེ་དབང་དང་། ཕྱི་དྲོ་དཀར་ཆལ་ཐང་དུ་རྒྱ་གུར་ཁྲི་སྟན་གྱི་བཀོད་པ་མཛེས་པར་བཤམས་ཤིང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས། རྒྱལ་བ་མ་ཕམ་པའི་གོས་སྐུ་ལ་ལྷག་པར་གནས་པའི་སྟ་གོན་དང་། དེའི་སང་ཉིན་དངོས་གཞིའི་ཆོ་ག་སྨིན་རྒྱས་སུ་སྩལ་བའི་ཡོན་བདག་བསྐོ་བཞག་ལ་ཐལ་ཇི་ཉིད་ངོས་ཕེབས་དང་། རབ་སྟོན་ཡོན་སོགས་རྒྱ་ཆེར་བསྟབས། དེ་དུས་ཕྱོགས་ཀུན་ཏུ་ཐན་པས་ཉེན་པ་ལ་སྟ་གོན་གྱི་ནུབ་མོ་ཆར་ཤིན་ཏུ་ཆེ་བ་དང་། དངོས་གཞིའི་ཉིན་ནམ་མཁའ་ཤིན་ཏུ་དྭངས་པ་བྱུང་བས་ཀུན་ཡིད་རངས་པར་གྱུར། དེ་རྗེས་ཕོ་བྲང་གི་ཚོམས་ཆེན་དུ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་པ་ཞག་ལྔ་མཛད་དེ། གུ་རུའི་ཞབས་རྗེས་ཀྱི་དྲུང་དུ་ཞབས་དྲུང་ལ་འཆི་བསླུ་དང་ཚེ་དབང་བརྒྱ་རྩ་མཛད། ཉེར་བཞིའི་སྔ་དྲོ་ཕེབས་རྫོངས་ཀྱི་སྟོན་མོ་དང་འབུལ་བ་རྒྱ་ཆེར་སྤྲོས་ཤིང་། ཆིབས་སྐྱེལ་དང་བཅས་ཏེ་བཏེག་ནས་གདན་སར་ཕེབས། ཟུར་ཡང་དབེན་པའི་མ་ཆེན་འབུལ་བ་རྒྱས་པ་དང་བཅས་མཇལ་དུ་བྱུང་བར་སྐྱེས་ལན་རྒྱ་ཆེར་སྩལ་ཏེ་ཡབ་སྲས་ལྷན་དུ་ཕྱིར་ཐེགས། ཟླ་བ་དྲུག་པའི་འགོར་ཕྱག་མཛོད་ལྷ་ཁང་པ་སོགས་མཇལ་མི་ཁ་ཡར་བྱུང་བའི་སོ་སོའི་རེ་འདོད་སྐོང་བར་མཛད་ཅིང་། ཉིན་ཞིག་ཤོལ་བོ་ལུང་དང་བླ་བྲང་ཨར་ལས་ཀྱི་སར་ཞབས་འཆག་ཏུ་ཐེགས་པ་དང་གྲོང་རྙིང་འགྱུར་མེད་འདས་པ་འགྲིག་ནས་དེར་སྤྱན་དྲངས་པར་འཕོ་བའི་མཚམས་སྦྱོར་གྱིས་རྗེས་སུ་བཟུང་། ཟླ་བ་དེའི་གནམ་གང་ནས་བཟུང་བསམ་ཡས་བྱང་ཆུབ་ཆེན་པོའི་སྐུ་མདུན་དུ། ཇི་སྲིད་བར་མར་མེ་རྒྱུན་སྦར་གྱི་ཐེབས་ཀོང་བུ་དང་བཅས་པ་འཛུགས་མི་རྫོང་སྟ་མཛད་ཅིང་དེ་དང་བསྟུན་བརྒྱ་མཆོད། སྙན་ཤལ་ལ་སྨོན་ལམ་བཀའ་རྩོམ་དང་བཅས་པ་གནང་ཞིང་། འདི་ཁར་དགེ་འདུན་རྣམས་ཀྱིས་མཆོད་འབུལ་དང་སྨོན་ལམ་ཉིན་ཁ་ཡར་ཞལ་འདོན་དུ་མཛད། ཟླ་བ་བདུན་པའི་འགོར་སྐུ་ཞང་གི་གཞིས་འདུམ་པོར་ཐེགས་ཏེ་ཞི་བའི་སྦྱིན་སྲེག་དང་། དཔོན་གཡོག་ཚང་མར་ཚེ་དབང་མཛད། ཞབས་ཏོག་འཁོས་སུ་ཕེབས་པ་བསྟབས། དེར་བྱ་བཏང་འཁྲུལ་ཞིག་ཀློང་ཡངས་འོད་གསལ་ཆེད་དུ་སྤྱན་འདྲེན་མཛད་ནས་ཨ་རོ་སྙན་བརྒྱུད་ཀྱི་དབང་ལུང་མན་ངག་དང་བཅས་པ་དང་། རོག་པའི་ཕུར་ཊཱིཀ་ཉི་མའི་འོད་ཟེར་སོགས་ཀྱི་ལུང་གསན། དེ་ནས་ཕྱིར་ཕེབས་ཏེ་ཕྱོགས་འདུས་ཀྱི་སྐལ་ལྡན་མང་པོར་བཞེད་སྦྱར་གྱི་བཀའ་ལུང་ཐུན་རེ་རེ་ཙམ་ཆག་མེད་དུ་མཛད། འདི་དག་གི་ཚེ་ངོ་མཚར་བའི་གཟིགས་སྣང་དུ་མ་ཞིག་བྱུང་བ་རྣམས་ཟིན་རིས་སུ་མཛད་པའི་ཤོག་དྲིལ་འགའ་ཡོད་གསུང་ཡང་འདིར་བྲི་བར་བཀའ་མ་འཁྲོལ་ལོ། །དེ་དུས་གསེར་དངུལ་སོགས་རིན་པོ་ཆེའི་རྒྱུ་ཕུན་སུམ་ཚོགས་པ་ལ་སློབ་དཔོན་སངས་རྒྱས་གཉིས་པའི་སྐུ་ཆུང་ངུ་ཞིག་བལ་པོས་སྤྲ་ལུགས་ཀྱིས་བཞེངས་བར་མཛད་དུས། ལུགས་ཁར་ཕྱག་ནས་མཛད་པ་ཕྱིས་ནས་འབྲུ་སྐྱོན་ཕྲ་མོས་ཀྱང་མ་གོས་པར་ཞབས་མཐིལ་ནས་བྱུང་བས་ཀུན་ངོ་མཚར་བར་གྱུར། སྨོན་གྲུབ་ཀྱི་ཡུམ་ཐ་མའི་སྙུན་གྱིས་ཟིན་པའི་སྔས་མགོར་སྤྱན་དྲངས་པར་འཕོ་བའི་མཚམས་སྦྱོར་དང་། ཕྱིས་འདད་ཀྱི་གྲལ་དབུར་ཡང་ཐེགས། འབྲས་ལྗོངས་ཀཿཐོག་སྤྲུལ་སྐུ་མཆེད་སོགས་སྔ་ཕྱིར་འབྱོར་བའི་ཕྱོགས་འདུས་པ་མང་པོར་གཏེར་གསར་གཙོ་བོར་གྱུར་པའི་དབང་ལུང་མང་དུ་སྩལ། མོན་ཤར་ནས་བླ་མ་རྣམ་རྒྱལ་དང་བཀྲ་ཤིས་མཆེད་སོགས་མོན་པའི་འགྲུལ་པ་མང་དུ་འབྱོར། ལྷོ་ཟོག་གི་འབུལ་བ་སྤྱི་སྒེར་སོ་སོ་ནས་རྒྱ་ཆེར་བསྟབས་པར་བསྔོ་བ་དང་གཏེར་གསར་གྱི་ཚེ་དབང་། རྡོར་སེམས་ཀྱི་དབང་། ནང་རྟེན་རགས་རིམ་ཙམ་གྱི་མཇལ་ཁ་རྣམས་མཛད། ཟླ་བ་དགུ་པའི་ཚེས་བདུན་གྱི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ་བླ་བྲང་ཆོས་འཁོར་ལྷུན་པོའི་རྩེར།:ག་ཊི་ར་༼གཉྫི་ར༽འཛུགས་པ་དང་བསྟུན་བསང་མཆོད་རྒྱས་པ་དང་། དེ་ཉིན་ཐོག་མར་སྟན་འཇགས་པའི་སྐར་འཛིན་གྱི་ཞལ་སྲོ་མཛད་པར་གྲྭ་ཚང་གི་གྲྭ་པ་བགྲེས་པ་དང་། ཞབས་ཕྱི་དྲུང་འཁོར། སྐུ་ཞང་འདུམ་པོ་བ་སོགས་ཀྱིས་ལེགས་སྐྱེས་རྒྱ་ཆེར་བསྟབས། དེ་ནས་ཚེས་དགུ་ལ་དགེ་སློང་ཀུན་དགས་འབུལ་བ་གྱ་ནོམ་པ་དང་། འདུས་ཚོགས་སུ་མང་ཇ་ཚོགས་འཁོར། རྗེའི་འཁྲུངས་རབས་ཀྱི་ཐང་མོ་ཆེ་སྤྱི་རྫས་སུ་སྦྱོར་འཇགས་དང་བཅས་ཏེ། བླ་བྲང་གི་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ་ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་ཞབས་བརྟན་ཕུལ། དེ་ཉིན་བལ་པོ་བཟོ་བོ་རྣམས་ཡོན་གྱིས་ཚིམས་པར་མཛད་དེ་ཕྱིར་ལོག དེ་ནས་གོང་མའི་ལུང་བཞིན་བསམ་ཡས་སུ་སྐུ་རིམ་ལ་ཐེགས། དེར་ཀི་ཀང་གི་སྒྲུབ་པ་བདུན་ཕྲག་གཅིག་མཛད་དེ་བཅུ་དགུ་ལ་མཆོད་རྟེན་ནག་པོའི་འོག་ཏུ་མནན་པ་དང་། ཉེར་དགུ་ལ་གཤིན་རྗེ་དྲེགས་འཇོམས་ཀྱི་ཟོར་འཕེན། གནམ་གང་ལ་ཧས་པོ་རིའི་རྩེར་བསྟན་མའི་རྟེན་འཛུགས། རྒྱགས་བརྔན། བཀའ་ནན་རབ་བརྗིད་རྣམས་མཛད། ཟླ་བ་བཅུ་པའི་ཚེས་གཅིག་ལ་གཙུག་ལག་ཁང་རྣམས་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར། དེ་ཉིན་གོང་མའི་མཆོད་དཔོན་ཆེན་མོ་ཡང་མཇལ་དུ་བྱུང་། ཚེས་གཉིས་ལ་ལྕོག་ཏུ་ཆོས་སྐྱོང་ཙིཏྟ་དམར་པོ་ཁོག་ཏུ་ཞུགས་པ་དང་མཇལ་ཞིང་དགྱེས་པའི་རྣམ་འགྱུར་ཅི་ཡང་ཞིག་མཛད། སླར་ཡང་བསམ་ཡས་སུ་སྐུ་རིམ་མཐུད་དེ་མཛད་དགོས་པའི་གོང་ནས་བཀའ་ལུང་ཕེབས་ནའང་དགོས་ཆ་མ་སླེབ་པས། དེ་བར་དཔོན་སློབ་ཉུང་བསྡུས་ཀྱིས་གདན་སར་སྐོར་ཙམ་ཕེབས་ནས་བླ་བྲང་གི་རྩེའི་གཡུ་རྩིའི་བྱ་འདབ་:འབུགས་༼འབུབས་༽པར་མཛད། དེ་དུས་མི་དབང་ཆེན་པོའི་ཡུམ་ལ་ལྟ་བའི་མཚན་ལམ་ཤིན་ཏུ་འཚུབ་པ་བྱུང་བ་ལྟར། སྐུ་རིམ་འཕྲལ་དུ་གནང་དགོས་པའི་ཞབས་སྐུལ་མཛད། དེ་ཁོ་ན་བཞིན་ཕ་གིར་སྐུ་ཤིན་ཏུ་ཉེན་པའི་སྙུན་གྱིས་བཏབ་འདུག་ནའང་སྐུ་རིམ་འདི་རྣམས་འཕྲལ་དུ་གནང་ན་མི་སྐྱོན་པའི་ལུང་བསྟན་གནང་བ་བཞིན་ཐོག་ཏུ་ཁེལ་བས་ཐུགས་མོས་གོང་འཕེལ་དུ་གྱུར། སླར་ཡང་ཚེས་བཅུ་གསུམ་ལ་བསམ་ཡས་སུ་ཐེགས། རྡོ་རྗེ་གྲོ་ལོད་ཀྱི་སྒོ་ནས་དགྲ་མནན་བདུན་ཕྲག་གཅིག་གི་བར་མཛད། ཚེས་བཅུ་བདུན་ལ་ལྷ་ཁང་གི་བཀོད་པ་ཡ་མཚན་པ་སྣ་ཚོགས་དང་། ནམ་མཁའ་ལ་སྤྲིན་དང་འཇའི་གུར་ཁྱིམ་བཀྲ་བའི་དཀྱིལ་ན་གནས་བརྟན་ཆེན་པོ་བཅུ་དྲུག་དང་། གཞན་ཡང་སངས་རྒྱས་བྱང་སེམས་རིགས་མ་ངེས་པ་སྣ་ཚོགས་བཞུགས་པ་ཞིག་གསལ་བའི་ཉམས་ཤར་གསུང་། ཉེར་གཉིས་ཀྱི་ཉིན་ཕྱག་མཛོད་ལྷ་ཁང་པས་བསམ་གྲུབ་གླིང་དུ་སྤྱན་དྲངས་ཏེ་བསྙེན་བཀུར་རྒྱས་པར་སྤྲོས་ཤིང་ཚེ་དབང་སྩལ། དེའི་སང་ཉིན་ནས་བཟུང་འཆར་ཁའི་མདོས་དང་འབྲེལ་བའི་སྲུང་བཟློག་གི་སྒྲུབ་པ་ཚུགས་པ་ཉེར་དགུ་ལ་ཟོར་འཕེན་མཛད། འདི་སྐབས་ཧོར་ལོ་ཆེན་བློ་གྲོས་མཆོག་ལྡན་གྱིས་སྙན་ཚིག་གི་ཞུ་ཡིག་ཆིབས་ཆིབས་རོལ་དང་བཅས་པའི་འབུལ་སྐྱེས། ཧོར་ཁོར་ཚ་རུ་རྙིང་ནས་ཅལ་ཏེ་སྐུ་སྐྱེ་དང་། དཔོན་རིན་ཆེན་སྒྲོན་མ་སོགས་ཧོར་འགྲུལ་མང་པོས་རྟ་ནོར་མཛོ་ཕོ་མོ་མར་སོགས་འབུལ་བ་སྤམ་མཐོ་བ་དང་། མདོ་ཁམས་ནས་གོ་འཇོ་བླ་མ་ཤེས་རབ་འོད་ཟེར་གྲྭ་སློབ་བཅས་པས་རྟ་ནོར་གྱི་འབུལ་བ་བཟང་པོ་དང་བཅས་འབྱོར་ཞིང་། ཁོང་པ་གྲྭ་སློབ་བཅུ་གསུམ་གྱིས་གྲྭ་ཚང་དུ་ཞུགས། དེ་ནས་ཚེས་གཅིག་ལ་གདན་སར་ཕེབས། སྔར་ཞབས་དྲུང་ཁྲི་ལྕམ་དེ་ཉིད་ལ་གདུལ་བྱར་གྱུར་པ་ཐམས་ཅད་ཀྱིས་གདུང་སྲས་ཤིག་ཡོང་བའི་རེ་བ་བཅས་ནའང་རྟེན་འབྲེལ་གྱི་སྒོ་འཆུགས་པ་ལྟ་བུས་མ་བྱུང་བར་བརྟེན། ཞབས་རིང་པ་དག་གིས་རྒྱལ་མཆོག་དམ་པའི་སྐུ་ཞབས་སུ་གསུང་བརྟག་ཞུས་པར་ཡུམ་གཞན་ཞིག་ལ་ཡོང་བའི་ངོ་ཙམ་བབས་ཚུལ་ཕེབས་པ་དང་། འཁྲུལ་ཞིག་གྲུབ་ཆེན་རིན་པོ་ཆེས་ཀྱང་འདུམ་པོའི་ལྕམ་འདི་ས་ལེའི་སྤྲུལ་པ་དེའི་སྐྱེ་བ་ཡིན་པ་དང་། འདི་ལ་ལུང་དང་མཐུན་པའི་སྲས་དེ་འབྱུང་ངེས་པའི་མཚན་མ་བཟང་པོའང་མཐོང་བས། བསྟན་འགྲོར་དགོངས་ནས་བཞེས་དགོས་པའི་ཞུ་བ་དང་། ཞབས་ཕྱི་དག་ལའང་རྟེན་འབྲེལ་སྒྲིག་དགོས་པའི་ཞལ་ཏ་མཛད་ཅིང་། གཙོ་བོར་མཐུན་པའི་རྐྱེན་ཐམས་ཅད་ཚོགས་ཏེ་རེ་ཞིག་བར་གཅོད་ཀྱིས་མི་རྫི་བའི་སླད་དུ་གསང་སྤྱོད་ཀྱི་སྒོ་ནས་ལས་རྒྱར་བསྟེན་པ་ན། རྟེན་འབྲེལ་གྱི་དུས་གནད་འཛོམ་པ་ལས་ཟླ་བ་བཅུ་གཅིག་པ་སྔ་མའི་ཡར་ངོའི་ཚེས་དགུའི་མཚན་ཕྱེད་ཡོལ། ཡོན་ཏན་གྱི་དབྱངས་ཨོ། རེས་གཟའ་བཀྲ་ཤིས། རྒྱུ་སྐར་ཁྲུམས་སྟོད། འབྱུང་འཕྲོད་འཕེལ་འགྱུར། འཕྲོད་མདའ། སྦྱོར་བ་རྡོ་རྗེ། བྱེད་བ་ཏཻ་ཏི་ལཾ། རྟེན་འབྲེལ་ལེན་པ། ཕག་གི་ཉི་མས་སླེབས་པ། ཚེས་ཞག་བཅུ་པ་ལ་བབས་པ་བུ་མོའི་དུས་སྦྱོར་ཐོག གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་བཀྲ་ཤིས་རབ་བརྟན་གྱི་གཟིམས་ཆུང་དུ་དགེ་མཚན་གྱི་ལྟས་དང་བཅས་ཏེ་ལྕམ་ཡོན་ཏན་སྒྲོལ་མའི་སྲས་སུ་སྐུ་བལྟམས། འདི་ནི་གཏེར་གསར་སྔ་ཕྱིའི་ལུང་བསྟན་ལས་དབང་ཆེན་གྱི་སྤྲུལ་པར་ལུང་བསྟན་པ་གསལ་པོར་བརྙེས་ཤིང་། ཁྱད་པར་འཁྲུངས་པའི་དུས་ཚིགས་དང་བསྟུན་ནའང་ཤ་འུག་གཏེར་གསར་ལས། ཆོས་བདག་ལོ་བདུན་ཁོངས་སུ་འབྱུང་༔ ཞེས་ལུང་བསྟན་པ་ཉིད་ཡིན་པར་གདོན་མི་འཚལ་ལོ། །སྐྱེ་འགྲོའི་བསོད་ནམས་ཤར་རིའི་ཕྲག་པ་ལ། །རྒྱལ་བའི་སྲས་མཆོག་མཚན་དཔེའི་ཟླ་བ་འཛེགས། །གངས་ཅན་བསྟན་འགྲོའི་དགེ་ལེགས་ཀུནྡཱའི་ཚལ། །འདབ་སྟོང་བཞད་པས་ཟེའུ་འབྲུ་ངོམ་པ་བཞིན། །དེའི་ཚེ་རྗེ་ཉིད་ནས་བཙས་མ་ཐག་ལྗགས་སྟེངས་སུ་གིའུ་ཝཾ་གི་དྷཱི་ཡིག་འདྲི་བ་སོགས་བློ་རྣོ་བའི་ཆོ་ག་དང་། གུར་དྲག་གི་དབང་། ལོཀྟྲིའི་རིག་གཏད། ཚེ་དབང་། བྱབ་ཁྲུས་སོགས་བྱིན་རླབས་དང་། ལྷ་མོ་བུ་རྫིའི་རྟེན་མདོས་འཛུགས་པ་སོགས་མཛད། དེ་ནས་བཟུང་གྲྭ་པ་གཉིས་ཀྱིས་ལོ་འཁོར་གྱི་བར་དུ་ཉིན་རེ་བཞིན་གདོན་ཆེན་བཅོ་ལྔའི་མདོས་གཏོང་བའི་རྒྱུན་དང་། བདག་དང་རིག་བྱེད་པ་དཔལ་བཟང་གཉིས་ཀྱིས་བརྒྱ་རྡེའུ་འགྲེམ་པ་སོགས་རྩིས་ལས་བྱུང་བའི་རྟེན་འབྲེལ་མང་པོའང་ཞུས་ཏེ། མདོར་ན་ལོ་ཐོག་བཟང་པོར་སད་སེར་སོགས་གནོད་པ་བཟློག་པའི་སྦྱོར་བ་ལ་འབད་པ་ཇི་ལྟ་བ་བཞིན་དུ་བསྲུང་བའི་ཆོ་ག་ལ་གཅིག་ཏུ་བརྩོན་པ་མཛད་པས་རེ་བའི་འབྲས་སུ་ཡོངས་སུ་གང་བར་གྱུར་པ་འདི་ཉིད་དོ། །དེའི་ཚེ་འདུམ་པོ་དང་། ཕུན་རབ་སོགས་ནས་བཙས་སྟོན་དཔངས་མཐོ་བ་དང་། གྲྭ་ཚང་གྲྭ་རིགས་བཅས་པའི་ལེགས་འབུལ་ཡང་རིམ་པར་བྱུང་། དེ་ནས་སློབ་དཔོན་སངས་རྒྱས་གཉིས་པའི་གསེར་སྐུ་ལ་གཟུངས་འབུལ་ཕྱག་ལས་:བདར་༼ བསྟར་༽ཏེ་མཛད་པ་ལེགས་པར་གྲུབ་ནས། ཟླ་བ་བཅུ་གཅིག་པ་རྟིང་མའི་ཚེས་གཉིས་ལ་ཞབས་ཕྱིར་ཆོག་རོགས་པ་ཉི་ཤུ་སྐོར་དང་བཅས་རབ་ཏུ་གནས་པ་མཛད། དེ་ནས་མི་རིང་བར་གོང་ནས་སྤྱན་འདྲེན་པ་འབྱོར་བ་བཞིན་ཚེས་བཅོ་བརྒྱད་ལ་ཆིབས་བཏེག་པའི་ལམ་དུ་སྐྱིད་གཤོངས་གཞིས་གཉེར་དང་། ར་བ་སྨད་སྤྱི་གཉེར་གྱིས་བསྙེན་བཀུར་བསྟབས་ཤིང་གཞུང་ཉ་བསྐྱུར་ལྷ་ཁང་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར་ཏེ་ལུམ་པའི་གྲུ་བརྒྱུད་ཉེར་གཉིས་ལ་ཕོ་བྲང་ཆེན་པོར་ཕེབས། དེ་མ་ཐག་པར་གོང་ཞབས་སྐུ་མཚམས་ཤིན་ཏུ་དམ་པའི་ཁོག་ཏུ་མཇལ། དེ་ནས་ཉེར་བཞི་ལ་སྐུ་ཞབས་ཤོད་མཇལ་ཞིང་། དེ་ཉིན་གོང་ཞབས་ཡས་ཕྱིན་ལྷན་རྒྱས་སུ་བྱད་འགྲོལ་དང་ཚེ་དབང་སོགས་འབུལ་བ་མཛད་པར་ཡོན་དུ་དངུལ་གྱི་མཎྜལ། ཁ་བཏགས་ཉིན་བདེ་མ། གོས་ཡུག་སོགས་སྩལ། ཉེར་ལྔ་ལའང་སྐུ་ཞབས་ལྷན་པར་འཆི་བསླུ་དང་དྲག་དམར་གྱི་དབང་སོགས་འབུལ་བ་མཛད། དེའི་སང་ཉིན་གྲྭ་གཞིར་ཡུམ་དྲུང་སྐུ་མཆེད་ཀྱིས་སྤྱན་དྲངས་ཏེ་ཞག་གཉིས་བཞུགས། གཏེར་གསར་ཚེ་དབང་དང་གུར་དྲག་གི་དབང་ལོཀྟྲིའི་རིག་གཏད། པད་གླིང་གི་ཕུར་པ་དང་དྲག་དམར། ཆོས་དབང་གི་ཕྱག་རྡོར། རཏྣའི་རྟ་ནག་རྣམས་ཀྱི་དབང་དང་། གཏེར་གསར་རྫོགས་ཆེན་གྱི་དམིགས་སྐྱོར། ཚེ་དབང་བརྒྱ་རྩ། བཀའ་བསྒོ་དང་བཅས་པ་གནང་བས་སྙུང་བ་བདེ་དྭངས་སུ་གྱུར། དེར་འཕྲལ་གྱི་ཞབས་ཏོག་དང་། གསེར་དངུལ་གོས་ཕྱི་ནང་སོགས་འབུལ་བ་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་། སླར་ཡང་རྩེར་ཕེབས་ཏེ་ཞག་ལྔའི་བར་བྱད་འགྲོལ་གྱི་བུམ་སྒྲུབ་མཛད་ནས་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ནས་བཟུང་ཉིན་གསུམ་གྱི་རིང་གོང་ཞབས་ཡས་ཕྱིན་ཐུན་མོང་དུ། རྡོ་རྗེ་གྲོ་ལོད་ཀྱི་དབང་། བྱད་འགྲོལ་གཟའི་དུག་འབྱིན། རྟ་མགྲིན་གསང་སྒྲུབ་ཀྱི་དབང་། མཁའ་འགྲོ་གྲིབ་སེལ། ལོཀྟྲིའི་རིག་གཏད། སྨེ་བརྩེགས། བྱབ་ཁྲུས་རྣམས་རིམ་འབུལ་མཛད་པར་དངུལ་གྱི་མཎྜལ། ཁ་བཏགས་ཉིན་བདེ་མ། གོས་ཡུག་རྣམས་ཉིན་རེ་བཞིན་སྩལ། དེ་རྟིང་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་འགའ་ལ་དྭངས་མ་བཅུད་འདྲེན་གྱི་དབང་དང་། ཕྱག་རྡོར་གྱི་བུམ་སྒྲུབ་ཞག་གསུམ་མཛད་ནས་ལྷ་སར་མི་དབང་ཆེན་པོར་དྲེགས་འདུལ་དང་གཉེན་པོ་ལྷ་གསུམ་གྱི་སྒོ་ནས་ཀླུའི་གདོན་འགྲོལ་སོ་སོའི་ལུགས་བཞིན་འབུལ་བར་མཛད། གོས་ཕྱི་ནང་སོགས་གནང་ཆའང་གཟབ་པར་སྩལ། སླར་ཡང་རྩེར་ཕེབས་ཏེ། གོང་ཞབས་སུའང་སྔར་བཞིན་གདོན་འགྲོལ་ལེ་ཚན་དང་། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་ཀྱང་འབུལ་བར་མཛད། ཚོམས་ཆེན་དུ་ཕུར་སྒྲུབ་ཀྱི་དཀྱིལ་འཁོར་སོགས་ལ་གཟིགས་རྟོག་དང་། གཟིམས་ཆུང་ཀུན་བཟང་བདེ་ཆེན་དུ་ཐུགས་དམ་རྟེན་གྱི་སྔགས་སྐུ་དང་། སངས་རྒྱས་སོ་ལྔའི་གསེར་ཐང་ཆེན་མོ་སོགས་བྲིས་འབུར་གྱི་རྟེན་མང་པོར་རབ་ཏུ་གནས་པའི་སྟ་གོན་དང་། དེའི་སང་ཉིན་ཚེས་བཅུ་གསུམ་ལ་དངོས་གཞིའི་ཆོ་ག་མཛད། རབ་སྟོན་དང་ཡོན་གྱི་དངོས་པོ་སྤམ་མཐོ་བ་སྩལ། དེ་ནུབ་ནས་སྐུ་རིམ་གྱི་སྐུ་མཚམས་བདུན་ཕྲག་གཅིག་མཛད། བསམ་གྲུབ་གླིང་དུ། བླ་སྨན་དར་མོ་ནས་ལ་བྱད་འགྲོལ་དང་ལོཀྟྲིའི་རིག་གཏད་སྩལ། སླར་ཡང་སྐུ་མཚམས་ཀྱི་ཁོངས་སུ་སྐུ་སྲུང་གི་སྒྲུབ་པའང་ཁ་ཡར་དང་། སྐབས་ཅི་རིགས་པར་ཡས་ཕྱིན་གྱི་དྲུང་འཁོར་དང་། གྲྭ་ཚང་ཆེན་མོའི་གྲྭ་པ་སོགས་མཇལ་ཁ་ཞུ་མི་མང་པོར་སོ་སོའི་རེ་བ་སྐོང་བའི་དབང་དང་བྱིན་རླབས་སོགས་མཛད།

དགུང་ལོ་ཞེ་གཅིག་པ།

དགུང་ལོ་ཞེ་གཅིག་པ་མེ་སྟག་ལོ་གསར་གྱི་ཉིན་དང་གཉིས་ལ་གཟིམས་ཆུང་བཞུགས་གྲལ་དུ་དགྱེས་སྟོན་རྒྱ་ཆེར་སྩལ། ཚེས་གཉིས་ལ་མི་དབང་ཆེན་པོས་གནང་ཆ་སྤམ་མཐོ་བའི་རྫོངས་བ་སྩལ་ཅིང་། དེ་ནུབ་ནས་སྐུ་ཚེའི་སྒྲུབ་པ་བཙུགས་ཏེ་ཚེས་བརྒྱད་ལ་གོང་ཞབས་ཡས་ཕྱིན་ལྷན་རྒྱས་སུ་སྐུ་གསུམ་རིགས་འདུས་ཀྱི་དབང་འབུལ་བར་མཛད། དེ་ཉིན་དགེ་སློང་ངག་དབང་དཀོན་ཅོག་གི་གཞིས་མི་རྣམས་ལ་ཚེ་དབང་དང་། གྲྭ་ཚང་གི་གྲྭ་པ་ཁ་ཤས་ལ་དྭངས་མ་བཅུད་འདྲེན་གྱི་ཚེ་ཁྲིད་གནང་བའི་དབུ་ཚུགས། ཚེས་བཅུ་ལ་ཆུ་བཟང་དུ་ཐེགས། གཞིས་ཀའི་ཞལ་ངོ་རྣམས་ལ་རྟ་མགྲིན་ཤངས་ལུགས་དང་གཏེར་གསར་གུར་དྲག་གི་དབང་། ལོཀྟྲིའི་རིག་གཏད། ཚེ་དབང་རྣམས་མཛད། དེ་དུས་གུར་དྲག་གི་སྒྲུབ་མཆོད་ཚུགས་པ་ཙམ་ལ་དཀར་གསལ་ནས་རླུང་གཡོས་པའི་རྐྱེན་གྱིས་དབང་གཏོར་སྟེགས་ལས་ཟགས་པའི་མི་རིང་བར་རྒྱལ་བུའི་ཡུམ་གཤེགས་པ་དེ་ལ་ལྟ་བར་འདུག་གསུང་། དེར་ཚེ་ལྷའི་ལྷ་ཁང་གསར་བཞེངས་ལ་རབ་གནས་ཀྱང་རྒྱས་པར་མཛད་ཅིང་ལྷ་སྲས་ཚངས་པའི་དབང་པོ་ཉིད་ཡོན་གྱི་བདག་པོར་བསྒོ་བ་དང་བཀྲ་ཤིས་མངའ་གསོལ་ཡང་གནང་། ན་བཟའ་ཆ་ཚང་། གོས་ཕྱི་ནང་ཡུག་མང་པོ། ཇ་སོགས་འབུལ་ནོད་རྒྱ་ཆེ་བ་དང་། ཕེབས་གདོང་དུའང་རིན་པོ་ཆེའི་དོ་ཤལ་རྒྱན་ཅན་འབུལ་བར་མཛད་ཅིང་དད་པའི་གདུང་ཤུགས་ཆེན་པོས་སྤྱན་ཆབ་འཁྲུག་བཞིན་པའི་གསོལ་འདེབས་དང་བཅས་ཏེ་ཞབས་སྐྱེལ་དུའང་ཕེབས། དེ་ནས་ཚེས་བཅུ་གཉིས་ལ་རྩེར་ཐེགས་ཏེ་སྔ་དྲོ་གོང་ཞབས་ནས་ནོར་སྣ་མང་པོས་སྣ་དྲངས་པའི་གོས་ཕྱི་ནང་། ཇ་སིག་སོགས་ཀྱི་རྫོངས་བའི་གནང་སྦྱིན་རྒྱ་ཆེར་སྩལ་ཅིང་། ཕྱི་དྲོ་དར་རྩེ་མདོ་ནས་ལ་མོ་རྩེའི་གྲྭ་པ་ཉི་ཤུ་སྐོར་ལ་གསང་རྫོགས་ཀྱི་མགྱོགས་དབང་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་མཛད། ཆུ་མིག་ཁའི་དཔོན་མོའི་དྲུང་གིས་ཐུགས་རྗེ་ཆེན་པོའི་སྐུ་ལི་མ་དང་གསར་བཞེངས་མཛད་པའི་བཀའ་འགྱུར་ཆ་ཚང་། གོས་ཕྱི་ནང་སོགས་བསམ་གྱིས་མི་ཁྱབ་པའི་འབུལ་བ་བསྟབས། སྒོ་མོ་རབ་པ་ལ་རེ་མ་ཏིའི་རྗེས་གནང་ཡང་སྩལ། འདི་སྐབས་སྙིང་ཕུ་སྤྲུལ་སྐུ་ཆུ་ཤུར་དུ་དམ་རྩིར་བཞུགས་དགོས་ཀྱང་གོང་མའི་ཐུགས་རྗེས་བདེ་བར་གྲོལ་བའི་ཞབས་ཕྱིར་དཀྲི་བར་མཛད། ཚེས་བཅུ་བཞིའི་སྔ་དྲོ་གོང་ཞབས་སུ་མཇལ་ཁ་ཡུན་རིང་པོར་གསུང་འཕྲོས་དང་མཉེས་བཞིན་པའི་བསླབ་སྟོན་ཡང་ལྷུག་པར་སྩལ། ཞབས་སྐྱེལ་གྱི་ཆིབས་དྲེལ་མི་སྣ་དང་བཅས་པའང་སྩལ་ནས་ཆིབས་བཏེག རིམ་གྱིས་ལུམ་པའི་གྲུ་བརྒྱུད་ཉ་མོ་སྐྱུར་དུ་ནང་སོ་བསམ་གྲུབ་པས་ཞབས་ཏོག་བསྒྲུབས། གཞུང་རྣམ་རབ་ཏུ་ནོར་བུ་ཚེ་རིང་གིས་སྤྱན་དྲངས་ནས་དབང་གཞི་བཏེག ཁྲོམ་དབང་དང་ནང་དབང་སོགས་མཛད་ཅིང་བསྙེན་བཀུར་དང་འབུལ་ནོད་རྒྱ་ཆེར་བསྒྲུབས། རྔོག་པའི་གདན་ས་སྤྲེ་ཤིང་དུ་མར་པའི་གདུང་ཁང་སོགས་མཇལ་ནས་ཕྱག་མཆོད་སྨོན་ལམ་མཛད། བདེ་ཆེན་ཆོས་འཁོར་ནས་ཇ་ཞུ། བདག་པོ་སྤྲུལ་སྐུའི་ཞུ་ཡིག་བཟང་གོས་ཀྱི་འབུལ་བ་དང་བཅས་པའང་འབྱོར། ཞོང་སྟེང་ནས་རྫོགས་ཆེན་སྤྲུལ་པའི་སྐུས་ཀྱང་མཇལ་ཞིང་། དེ་ནས་རྫོང་གསར་དུ་སྤྱན་དྲངས་ཏེ་ཞབས་ཏོག་ལེགས་པར་བསྒྲུབས་ཤིང་གནང་ཆ་ཡང་རྒྱས་པར་སྩལ། ཞལ་ངོ་རྣམས་དང་ཉེ་སྐོར་གྱི་ཚེས་བཅུ་པ་ཁག་བཅས་པར་ཐུགས་ཐིག་གི་རྩ་དབང་ཡང་སྩལ། རིམ་པར་ཞག་བཞུགས་ཀྱི་སར་ས་འབོར་དུ་ཚེ་དབང་དང་། ལྕོག་སྦུག་ཏུ་བྱང་བཞུ་སོགས་མཛད་ནས་སྨིན་གྲོལ་གླིང་དུ་ཕེབས། དེའི་སང་ཉིན་ལྷོ་ནས་ཕྱག་མཛོད་དགེ་སློང་ཡང་ཕྱིར་འཁོར། ཁོང་པ་དེ་ཉིན་ནས་ནད་དྲག་པོས་གློ་བུར་དུ་བཏབ་པར་སྨན་བཅོས་རིམ་གྲོ་སོགས་ཕན་ཐབས་དུ་མ་གནང་ནའང་ཉེར་བརྒྱད་ཀྱི་ཐོ་རེངས་འདས་པར་འཕོ་བའི་མཚམས་སྦྱོར་སོགས་ཀྱིས་རྗེས་སུ་བཟུང་། ད་རེས་རྗེ་ཉིད་ཕེབས་མ་ཐག་པ་དང་ཁོང་རང་ལྷོ་ནས་སྙེགས་པ་གནས་དུས་རང་དབང་འདུས་ཤིང་མཚམས་སྦྱོར་བཟང་ཞེས་སྨོན་པའི་གནས་སུ་ཐམས་ཅད་ཀྱིས་གླེང་བ་དོན་ལ་ཡང་རིགས་པ་སྟེ་ཁོང་དང་ད་ལྟའི་གཉེར་པ་འདི་གཉིས་ཡབ་རྗེའི་དུས་ནས་ཞམ་རིང་དུ་འགྱུར་བའི་ཉེ་གནས་ཡིན་པ་ལས། རྗེ་ཉིད་ཀྱི་དུས་སུའང་དད་ཞེན་ཆེ་ཞིང་། རང་འདོད་ཆུང་བས་ཕྱི་ནང་གི་ལས་སྣེའི་བྱ་བ་བྱས་པ་ཀུན་མཉེས་པའི་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས་པའི་མཐུས་ད་རེས་ཀྱང་སྨོན་ལམ་ཐེབས་པ་སྙམ་མོ། །དེའི་ཚེ་དགེ་འདུན་བསྙེན་སོང་ལྔས་དོང་སྤྲུགས་ཀྱི་སྒོ་ནས་རྒྱུན་ཆོག་དང་། སྐྱེས་ཆེན་དམ་པ་རྣམས་ལ་བསྔོ་རྟེན། བསམ་ཡས་ལ་སོགས་པར་མཆོད་འབུལ་སྙན་ཤལ། རྗེ་ཉིད་ནས་ཉིན་རེ་བཞིན་བྱང་བཞུ། ཚིགས་ཀྱི་ཐོག་ཏུ་སྨིན་གྲོལ་གླིང་འདུས་པར་ཉིན་སྦྲེལ་མའི་ཚ་གྲྭ གདན་ས་ལྷོ་བྱང་། དཔལ་རི་གྲྭ་ཚང་རྣམས་སུ་ཚ་གྲྭ་འབུལ་འགྱེད་དང་། གྲྭ་ཕྱི་ནང་གི་དགོན་ཆེ་ཕྲ་ཐམས་ཅད་དང་ཕྱོགས་ཀྱི་དགོན་ལག་སོ་སོ། རྙིང་དགོན་གྲགས་ཆེ་བ་རྣམས་ལ་མང་ཇ། ལྷ་འབངས་དུད་ཆེ་ཕྲ་ཐམས་ཅད་ལ་སྟོན་མོ་ལག་འགྱེད། ནམ་མཁའ་མཛོད་སྒྲུབ་སྡེ་བ་བསྙེན་སོང་ལྔས་བསྙེན་པ་ཁ་གསོའི་སྒྲུབ་པ་སྔོན་འགྲོའི་སྒོ་ནས་ཕུང་པོ་སྦྱོང་བ་སཱཙྪ་འདེབས་པའི་བར་ཤིན་ཏུ་སྨིན་པ་རྣམས་བགྱིད་དུ་སྩལ། ཕྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་རྣམས་གསེར་དངུལ་སྤེལ་མར་བཞེངས་བར་མཛད་ཅིང་། ཟླ་བ་ངོ་རེའི་དུས་མཆོད་ཆག་མེད་སོགས་དགེ་བའི་སྟོངས་རྒྱ་ཆེར་མཛད་དོ། །འདི་སྐབས་ཆུ་བཟང་ནས་ཡུམ་དྲུང་སྐུ་མཆེད་ཀྱིས་སྐུ་རིམ་ཚོགས་གསོག་གི་ཆ་རྐྱེན་དུ་ཇ་མར་ཕོན་ཆེ་བ་དང་། སྤྱད་དངོས་ཀྱི་འབུལ་བ་གྲྭ་ཚང་ལ་དར་འགྱེད་དང་བཅས་པ་འབྱོར། རྙིང་མ་རྒྱུད་འབུམ་གྱི་གླེགས་བམ་རྣམས་སྔ་འགྱུར་གྱི་བརྡས་བཅིངས་པ་ལ་ཕྱིས་ཡི་གེ་པ་རྣམས་ཀྱིས་བརྡ་མ་འཁྲོལ་བཞིན་དུ་བརྡ་བསྒྱུར་བ་སོགས་ཡིག་རྒྱུན་མ་དག་པ་འབྱམས་ཆེས་པ་དང་། བཞུགས་ཚུལ་གྱི་སྒྲིག་རིམ་ཡང་ཅི་རིགས་པ་འདུག་པར་བརྟེན། སྔ་ལོ་མ་དཔེ་ཁུངས་ཐུབ་གང་བརྙེད་ཀྱིས་པོད་ཆེན་བཞི་ཙམ་བཞེངས་པར་མཛད་པའི་འཕྲོ་རྣམས་འདི་ལོ་རྫོགས་པར་བཞེངས་བཞེད་དེ། འུག་བྱ་ལུང་། ཀོང་པོ་ཐང་འབྲོག གཙང་རོང་བོན་པོ་རྣམས་ནས་མ་དཔེ་སྤྱན་དྲངས་ཤིང་། དར་གླིང་གི་རྒྱུད་འབུམ་དང་། གཞན་ཡང་རྒྱུད་ཀྱི་དཔེ་རྙིང་ཁུངས་གང་ཆེ་འཚོལ་བར་མཛད་ནས་དཔྱད་ཞུས་ཀྱིས་དག་པ་རྣམས་ཕྱི་མོར་ཕྱེ། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གར་གཏོགས་དང་རྒྱུད་ལའང་རྒྱུད་ལུང་མན་ངག་གསུམ་གང་དུ་གཏོགས་པ་སོགས་སྡེ་ཚན་དང་གོ་རིམ་མ་འདྲེས་པའི་ཁྲིགས་ཤིན་ཏུ་གཙང་བར་མཛད་རྟིང་། ཨེ་པ་དཔོན་མོ་ཆེ་བ་བསམ་གྲུབ་སོགས་ཡིག་མཁན་བཅུ་བདུན་གྱིས་གསེར་དངུལ་ལས་རྒྱུད་འབུམ་དང་། འཇིམ་བཟོ་བ་འཛོམ་ཕྲུག་ཅན་གསུམ། ཞོད་པ་ཡབ་སྲས་སློབ་མར་བཅས་པ། ཞལ་ངོ་མི་འགྱུར། ཚ་ལུ་ནས། འབྲུག་སྟོད་པ་སོགས་བཟོ་བོ་མང་པོས་བླ་བྲང་གི་ལྡེབས་རིས་འབུར་བཟོ་སོགས་ཀྱི་བཟོ་གྲྭ་བཙུགས་ཏེ། གོང་མའི་ལུང་བཞིན་བསམ་ཡས་སུ་སྐུ་རིམ་ལ་ཐེགས། དེར་ཕུར་པ་སྤུ་གྲིའི་སྒོ་ནས་མནན་པ། ན་རག་གི་སྐོང་བཤགས། སྐུ་ཚེའི་སྒྲུབ་པ། རབ་གནས་ཉིན་གང་མ་རྣམས་མཛད། དཀར་པོ་པ་དང་། མཁན་ཚང་པ། རབ་བྱུང་པ་སོགས་སྐྱ་སེར་གྱི་མཇལ་མི་ཡང་མང་དུ་བྱུང་། ཕྱག་མཛོད་ལྷ་ཁང་པས་རང་གི་སྡུམ་པར་སྤྱན་དྲངས་ཏེ་བསྙེན་བཀུར་རྒྱ་ཆེར་བསྟབས་ཤིང་ཚེ་དབང་ཡང་སྩལ། དེ་ནས་ཟུར་མཁར་གྱི་ཚུགས་བརྒྱུད་གདན་སར་ཕེབས། སྡེ་སྲིད་གླིང་པ་མཆོད་ཡོན་ནས་གདུང་བརྒྱུད་འཁྲུངས་པའི་ལེགས་བྱའི་འབུལ་བ་སྤམ་མཐོ་བ་དང་བཅས་ཏེ་ཕྱག་མཛོད་ནང་སོ་དཔོན་གཡོག་དང་། གྲྭ་ཚང་གི་མི་སྣ་བཅས་འབྱོར་བར་སྐྱེས་ལན་དུ། གུར་ཀུམ་གྱི་ཀེ་ས་རའི་རྟེན་དང་། མི་སྣ་རྣམས་ལ་གནང་ཆ་རྒྱ་ཆེར་སྩལ། སྣེ་གདོང་བན་གཙང་བ་མགོན་པོ་རིན་ཆེན། འོད་བཟང་། ཡེ་ཤེས་ལྷུན་གྲུབ། བླ་མ་ར་དྷོ་བ་སོགས་ལ་གཏེར་གསར་རྡོར་སེམས་ཀྱི་དབང་ལུང་ཁྲིད་དང་བཅས་པ་མཛད། ཟླ་བ་བཞི་པའི་འགོར་གཞིས་ཀའི་དཔོན་མོ་སུམ་ཆོག་གཤེགས་པའི་བསྔོ་རྟེན་གྱ་ནོམ་པ་དང་། གྲྭ་ཚང་དུ་ན་རག་སྐོང་བཤགས་དང་མཁའ་འགྲོའི་མེ་མཆོད་གཏོང་བའི་ཡོ་བྱད་རྒྱ་ཆེ་བ་འབྱོར། དེ་ནས་ཛྙཱ་ན་དང་ཆོས་རྒྱལ་སོགས་བལ་པོ་གསུམ་གྱིས་རྗེ་ཉིད་ཀྱི་ཡུམ་གྱི་ཚོགས་གསོག་ལ་དམིགས་ནས་འོག་མིན་ཡང་རྩེའི་གཙོ་བོར་བཞུགས་པའི་ཀུན་བཟང་གི་གསེར་སྐུ་རྒྱབ་ཡོལ་ལ་རྒྱལ་བ་རིགས་ལྔ། རྡོ་རྗེ་སེམས་དཔའ། ཀུན་ཏུ་བཟང་མོ། ཕྱག་ན་རྡོ་རྗེ་རྣམས་དང་། དབུའི་སྟེང་དུ་ཡབ་རྗེའི་སྐུ་རིགས་བདག་གི་ཚུལ་དུ་བྱས་པ་སེང་ཁྲི་དང་བཅས་པ་ཐོག་ཚད་མ་འདི་ཉིད་བཞེངས་པའི་བཟོ་གྲྭ་ཚུགས། དེ་ནས་གོང་མའི་ལུང་བཞིན་ཁྲ་འབྲུག་ཏུ་ཐེགས་ཏེ། སྐུ་ཚེའི་སྒྲུབ་པ། མཁའ་འགྲོ་གྲིབ་སེལ། ཚོགས་བརྒྱ་རྣམས་མཛད། ལྷ་ལུང་ནས་ལྷོ་བྲག་ཞབས་དྲུང་གིས་གདུང་བརྒྱུད་བལྟམས་པའི་ལེགས་སོ་འབུལ་བར་མགྲོན་གཉེར་དམ་ཆོས་མངགས་པ་འབྱོར། ལྕམ་བསྟན་འཛིན་བཟང་མོ་སོགས་དེ་སྐོར་གྱི་མཇལ་མི་ཡང་མང་དུ་བྱུང་། ཡར་ལམ་རྣམ་སྲས་གླིང་དུ་སྤྱན་དྲངས་ནས་ཞག་བཞུགས་མཛད་དེ། ཟླ་བ་ལྔ་པའི་ཚེས་ལྔ་ལ་གདན་སར་ཕེབས་ཏེ་ཚེས་བཅུ་གཉིས་ལ་དགེ་སློང་དབུ་མཛད་ཀྱི་ཕ་འདས་པའི་འདད་དང་། དེའི་སང་དེ་དཔོན་པོ་ཀུན་ནོར་འདས་པའི་འདད་ཀྱི་གྲལ་དབུར་ཡང་ཕེབས། སྡེ་པ་རོང་པོ་བ་ལྷ་སར་སྡེ་པའི་ཞུ་དོན་ལ་འབྱོན་རྒྱུར་མི་དབང་ཆེན་པོར་ཞུ་ཡིག་དགོས་ཚུལ་བཅས་བྱུང་བར་གོང་མའི་ཐུགས་རྗེ་བསྐུལ་ཏེ་ཕན་པ་སྒྲུབ་པར་མཛད། སྤྱན་གཡས་མཁན་པོ་འཕྱོས་པ་སྤྲུལ་སྐུ་ཡང་སླར་ཆོས་བཀའ་གསན་བཞེད་ཀྱི་སྙན་གསན་དང་བཅས་མཇལ་དུ་བྱུང་བར་མཇལ་འཛོམ་དང་གཞིས་ལེན་མཛད། རིག་འཛིན་འཕྲིན་ལས་རྣམ་རྒྱལ་གྱི་སྤྲུལ་:སྐ་༼སྐུར་སྙན༽ངག་མེ་ལོང་གི་བཤད་པ་དང་བདག་ཅག་དོན་གཉེར་པ་ལྔ་ཙམ་ལ། སྒྱུ་འཕྲུལ་བརྒྱད་ཅུ་པ་རོང་ཟོམ་གྱི་སྙིང་ཊཱིཀ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་དང་། ཀུན་མཁྱེན་པའི་ཕྱོགས་བཅུ་མུན་སེལ་རྣམས་ཀྱི་ལུང་སྩལ། ཟླ་བ་བདུན་པའི་ཚེས་བཅུའི་དུས་དགེ་བར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་བཀྲ་ཤིས་རབ་བརྟན་ནས་བླ་བྲང་རྩེར་ཐོག་མར་ཕེབས་ཏེ། གཟིམས་ཆུང་ངོ་མཚར་ཀུན་གཟིགས་སུ་བཀྲ་ཤིས་པའི་སྟན་རྡོ་རྗེའི་རེ་ཁཱ་ཅན་ལ་བཞུགས་པར། མཚན་རྒྱུ་སྐར་གྱི་རྟེན་འབྲེལ་ལས། ཤེས་རབ་རྣམ་རྒྱལ་རྡོ་རྗེ་འབུམ་ཞེས་སྩལ་ཅིང་། ཤིས་བརྗོད་དང་མཚན་སྟོན་བཟང་པོའང་སྤྲོ་བར་མཛད། དེ་རྗེས་གཏེར་གསར་དྲག་དམར་གྱི་དབང་བཞི་བྱིན་རླབས་དང་བཅས་པའང་སྩལ་ཏེ། བླ་བྲང་དུ་དབང་བསྐུར་མཛད་པའི་ཐོག་མའང་འདི་ཡིན་ནོ། །དེ་ནས་གོང་དུ་སྐུ་ཁམས་ཀྱི་འཚམས་འདྲི་གསོལ་བར་གཟིམས་དཔོན་ཆོས་མཛད་མངགས་པ་ཕྱིར་འཁོར་བའི་སྐྱེས་ལན་དུ་ན་བཟའ་ཆ་ཚང་། གོས་ཕྱི་ནང་ཡུག་བཅས་སྩལ། འདུམ་པོ་དང་བསམ་དགོན་ནས་གདུང་བརྒྱུད་འཁྲུངས་པའི་ལེགས་བྱར་སྟོན་འཁོར་ཐམས་ཅད་ལ་སྟོན་མོ་དང་འབུལ་བ་གྱ་ནོམ་པ་བསྟབས་ཤིང་། འདུམ་པོའི་ཞལ་ངོ་རྣམས་ལ་ཚེ་དབང་། དྭགས་པོ་རྩེ་ལེ་སྤྲུལ་སྐུ་གཤེགས་པའི་སྐུ་འདད་ཀྱི་འབུལ་བ་དང་འདུས་པར་ཚ་གྲ་བཟང་ཞིང་རྒྱ་ཆེ་བ་དང་བཅས་བསྟབས་པའི་དགེ་བ་བྱང་ཆེན་དུ་རྒྱས་འདེབས་མཛད། དེ་ནས་གོང་མའི་བཀའ་ལུང་ལྟར་ཁྲ་འབྲུག་ཏུ་ཐེགས་ནས། ཀིང་ཀང་གི་མནན་པ་དང་། གཤིན་རྗེ་དྲེགས་འཇོམས་ཀྱི་གཏོར་བཟློག་མཛད་དེ་ཟླ་བ་དགུ་པའི་འགོར་གདན་སར་ཕྱག་ཕེབས་ནས། གྲུབ་དབང་ཀུན་བཟང་ཆོས་རྒྱལ་ལ་རོག་གི་མཚོན་དཔེ་ཆེན་མོའི་ལུང་གསན་ཞིང་། ཟིང་པོ་སྔགས་འཆང་ཚེ་བདག་དཔའ་བོ་དང་། ཤངས་མཁར་ཁ་བླ་མ་སོགས་ཕྱོགས་འདུས་པ་དང་། གྲྭ་ཚང་གི་དབུ་ཆེ་བགྲེས་ཁ། སློབ་དཔོན་དུ་འོས་པ་སོགས་མང་པོར་ཚེ་བདག་ལྕགས་སྡིག་གི་དབང་ལུང་། བཅས་ཆོག་གི་ཕྱག་བཞེས་དང་བཅས་པ་འཆར་ཁ་གནམ་སྐས་མའི་ལུང་། དཔོན་སློབ་ཉུང་བསྡུས་ལ་སྔགས་སྡེབས་སྙིང་གཟེར་ནག་པོ། སྲིད་པའི་གཏེར་ཁྱིམ། བསྟན་མའི་སྲོག་གཏད། ཀོང་བཙུན་དེ་མོ། ཡང་གྷ་བཟའ། གཤིན་རྗེ་ཧྲཱིཿདམར། མཐུ་སྟོབས་དྲེགས་བདག ཐུབ་ཆུང་མགོ་འཁོར། གའུ་ཆུ་སྐྱུར་སོགས་དྲག་སྔགས་མང་པོའི་ལུང་ཕྱག་བཞེས་དང་བཅས་པ། དཔལ་རི་གདན་ས་བ་སོགས་ལ་བླ་མ་གསང་འདུས་ཀྱི་ཐོད་འཕྲེང་རྩལ་གྱི་སྒོས་དབང་དང་། མ་ནིང་གི་སྲོག་དབང་རྣམས་སྩལ། དེ་ནས་བལ་པོ། དབོན་ཡིག །རི་མོ་བ་སོགས་བཟོ་བོ་རྣམས་སོ་སོར་ཡོན་གྱིས་རེ་བ་ཚིམ་པར་མཛད་དེ་རྫོང་སྟ་མཛད། མདོ་ནས་གཉེར་པ་དཔོན་གཡོག་ཇ་དུས་ལེགས་པ་དང་བཅས་འབྱོར་ཞིང་། འགྲུལ་སྡེབས་སུ་ཁེ་ཆེན་སྤྲུལ་སྐུའི་ཇ་གཙོ་བོར་གྱུར་པའི་བརྒྱ་འབུལ་བྱེད་མི་རྟ་ར་ནས་གྲྭ་རྒྱུན་བཞི་དང་། རྟ་ར་སེར་སྡིངས་ཕུན་ཚོགས་ཀྱིས་དངུལ་བྲེ་ཆེན་སོགས་འབུལ་བ་རྒྱ་ཆེར་བསྐུར་བ་སླེབ། དེ་དུས་རྫོང་དཔོན་མི་བསྲུན་པའི་རྐྱེན་གྱིས་གོང་དཀར་ཁྲིམས་ཞབས་ཕལ་ཆེར་འཇིགས་སྐྲག་ཁོ་ནས་དུས་འདའ་བའི་ངང་ནས་ཡར་འབྲོག་བླ་མ་པད་གར་བ་ལ་ནོངས་མེད་ཀྱི་འཇིགས་པས་མནར་བར་མི་དབང་ཆེན་པོའི་ཐུགས་རྗེ་བསྐུལ་ཏེ་འཇིགས་པ་ལས་གྲོལ་བར་མཛད། གྲོང་སྨད་ནས་ཡུམ་དྲུང་སྐུ་མཆེད་ཀྱིས་གདུང་བརྒྱུད་བལྟམས་པའི་ལེགས་སོར་གོས་ཕྱི་ནང་སོགས་དངོས་པོ་སྤམ་མཐོ་བའི་སྐྱེས་འབུལ་བར་མཛད། ཟླ་བ་བཅུ་པའི་ཚེས་བཅུ་དགུ་ལ་བླ་བྲང་ཚོམས་ཆེན་དུ་གཟིམས་དཔོན་འཇམ་དབྱངས་ཀུན་དགས་འབུལ་བ། ཚོགས་འཁོར། མང་ཇ་འགྱེད་དང་བཅས་བཟང་ཞིང་གྱ་ནོམ་པར་བསྟབས་ཏེ་འདུས་ཚོགས་ཀྱིས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་ཕུལ། དེའི་སང་ཉིན་རྒྱལ་ཕུར་འགྲུབ་སྦྱོར་གྱི་དུས་དགེ་བ་ནས་བཟུང་། གདུང་བརྒྱུད་རིན་པོ་ཆེས་དབུས་བཤེས་གཉེན་མང་པོ་དང་། སྨིན་གྲོལ་གླིང་འདུས་པ་བཅས་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལུང་ཆོས་ཐུན་རེ་ཆག་མེད་དུ་སྩོལ་བའི་དབུ་ཚུགས། མོན་མཁར་ཕྱུག་པོ་དགོན་གྱི་བླ་མའི་འདད་ཀྱི་གྲལ་དབུར་སྤྱན་དྲངས་ཤིང་། ཕྱིར་ལམ་རྣམ་སྲས་གླིང་དུའང་ཕེབས། ཟླ་བ་བཅུ་གཅིག་པའི་འགོར་བྱ་རྒོད་པ་དཔོན་སློབ་ཀྱང་ཆོས་ཞུར་འབྱོར། ཚེས་བཅུ་གཉིས་ལ་གོང་མའི་ལུང་ལྟར་ཁྲ་འབྲུག་ཏུ་ཐེགས། ཚོགས་བརྒྱ། ཁྲུས་གསོལ། འཆར་ཁའི་མདོས། ཡང་གསང་དྲག་པོའི་མནན་པ་སོགས་སྐུ་རིམ་རྣམས་སྨིན་པར་མཛད། ཆོས་རྗེ་ཤེལ་བྲག་པ་དང་། རྩེ་ཚོགས་མཁན་ཆེན་དང་སྤྱི་པ། རྩའི་བན་གཙང་པ་ས་གྲུ་ཤར་ནུབ་སོགས་མཆོག་དམན་ཀུན་གྱིས་མཆོད། ལྷོ་བྲག་ནས་ཐུགས་སྲས་སྤྲུལ་པའི་སྐུ་སྙུན་དྲག་པོས་སྐུ་ཁམས་མ་བདེ་བར་ཐུགས་དམ་བརྟག་པ་དགོས་ཚུལ་གྱི་ཞུ་ཡིག་འབྱོར་བ་ན། ཞབས་བརྟན་གྱི་རྟེན་འབྲེལ་སྒྲིག་པ་དང་མཉམ་དུ་ད་རེས་ཀྱི་སྙུན་འདིས་ཅི་ཡང་མི་སྐྱོན་གསུང་བའི་ཞུ་ཡིག་སྐུ་སྲུང་དང་བཅས་འབུལ་མི་མྱུར་རྫོང་མཛད། ཇི་ལྟར་གསུང་པ་བཞིན་མྱུར་དུ་སྐུ་དྭངས། གནམ་གང་གི་ཉིན་ཆིབས་བཏེག་པའི་ཕེབས་ལམ་དུ་ཚེ་ཆུ་འབུམ་པ་མཇལ་དུ་ཕེབས་ཤིང་། ཚེ་ཆུ་ཡང་མང་དུ་བབས། རིམ་པར་མོན་མཁར་ནུབ་རིའི་བླ་གྲྭས་མཆོད་དེ་གདན་སར་ཕེབས། དེ་མ་ཐག་རྣམ་སྲས་གླིང་དུ་རབ་གནས་ལ་སྤྱན་འདྲེན་པ་བྱུང་བ་ལྟར་བཅར་ལོག་མཛད། རྒྱལ་བུ་དཔོན་གཡོག་གི་ཆིབས་བསུ་དང་བཅས་ཏེ་སྤྱན་དྲངས། ཚེས་གསུམ་གྱི་ཉིན་སྐུ་རྟེན་དང་གསུང་རྟེན་མང་པོར་རབ་ཏུ་གནས་པའི་ཆོ་ག་མཛད་ཅིང་ཡོན་བདག་བསྐོ་བཞག་ཏུ་ཞབས་དྲུང་ཁུ་དབོན་གཉིས་ཀ་ཕེབས། ཞབས་ཏོག་དང་འབུལ་ནོད་རྒྱ་ཆེར་བསྟབས། ཞལ་ངོ་རྣམས་ལ་ཚེ་དབང་དང་། ཕྱུག་དགོན་བླ་མ་སོགས་མཇལ་མི་མང་པོའི་རེ་བའང་སྐོང་བར་མཛད། སྔར་བཞིན་རྒྱལ་བུ་དཔོན་གཡོག་གི་ཆིབས་སྐྱེལ་དང་བཅས་གདན་སར་ཕེབས། དེ་དུས་བདག་ཅག་གྲྭ་པ་བརྒྱད་ཀྱིས་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་སྔོན་དུ་འགྲོ་བས་ཚེས་ལྔ་ལ་དཀྱིལ་འཁོར་དེའི་སྟེང་ནས་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས། དེ་ནས་ཀུན་བཟང་གི་གསེར་སྐུ་ལ་ཕྱག་:བདར་༼བསྟར་༽གྱིས་རིང་བསྲེལ་རྣམ་བཞིས་གཏམས་པར་མཛད་ཅིང་། སྟེང་ཤོད་ཀྱི་མཆོད་སྒྲིག་སོགས་ཀྱི་ཞལ་འཁོས་མཛད་དེ་ཕུན་སུམ་ཚོགས་པར་གྲུབ་པ་དང་། བླ་བྲང་ཚོམས་ཆེན་དུ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་རྗེ་ཉིད་འདུས་པར་བཅས་པས་རྣལ་འབྱོར་མའི་རྒྱུད་རྣམས་སུ་ཆེས་བསྔགས་པའི་དུས་དགེ་བ་རྒྱལ་ཟླའི་ཚེས་བཅུ་ལ་རབ་ཏུ་གནས་པའི་སྟ་གོན་དང་བཅུ་གཅིག་གི་ཉིན་དངོས་གཞིའི་ཆོ་ག་མཛད། དེ་ཉིན་མེ་ཏོག་འཐོར་བའི་དུས་སྣམ་སྦྱར་ཅན་གྱི་སེར་སྦྲེངས་སོགས་ཁྱད་པར་དུ་འཕགས་པའི་བཀོད་པ་བསྟར་བས་ཀུན་ཡིད་འཕྲོག་པར་གྱུར་ཅིང་། སྔ་དྲོ་ཡེ་ཤེས་པ་སྤྱན་འདྲེན་པའི་ཚེ་གྲུབ་དབང་ཆོས་སྐྱོང་རྒྱལ་མཚན་སོགས་དཔྱོད་ལྡན་མང་པོ་ཕྱི་ནས་གཟིགས་ཀྱིན་བཞུགས་པ་རྣམས་ལའང་བྱིན་ཕེབས་པ་ལྟ་བུའི་ཟིལ་ཚད་མེད་པ་དང་མཉམ་དུ་སའི་དཀྱིལ་འཁོར་གཡོ་བ་སྙམ་བྱེད་པ་དང་། ནམ་མཁའ་བཻ་ཌཱུཪྱ་ལྟར་དྭངས་པ་ལ་འཇའི་སྡོང་པོས་རྣམ་པར་སྤྲས་པ་སོགས་དེར་འདུས་པ་ཐམས་ཅད་ཡ་མཚན་ཆོ་འཕྲུལ་ཆེན་པོས་དད་པའི་གནས་ལ་འགོད་པར་མཛད་དོ། །ཐར་པའི་ཐེམ་སྐས་འདོད་དགུའི་དཔལ་ཏེ་ངོ་མཚར་རིན་ཆེན་གླིང་གི་གཞིར། །འོག་མིན་ལྟ་བུར་ཨོ་རྒྱན་མཁན་པོས་རབ་བསྔགས་སྨིན་ཅིང་གྲོལ་བའི་གླིང་། །དམ་པའི་ཆོས་ཀྱི་འཁོར་ལོས་ཡོངས་བསྒྱུར་རྒྱལ་ཐབས་མངོན་པར་མཐོ་བའི་དཔལ། །ཡེ་ཤེས་ཞུགས་པའི་བྱིན་རླབས་གཟི་འོད་ལྷམ་མེར་གསལ་བའི་ལྷུན་པོ་ཆེ། །དེ་ཚེ་ཡེ་ཤེས་བབས་པའི་ཟིལ་ཆེན་གྱིས། །ཀུན་བཟོད་མའང་སྐྲག་སྟེ་འདར་བ་བཞིན། །ལྷན་ཅིག་དབང་པོའི་གཞུ་ཡིས་མཁའ་འགྲོའི་ལམ། །ཁེབས་པས་དཔྱོད་ལྡན་མིག་ལའང་དགའ་སྟོན་སྦྱིན། །དེ་ལྟ་བུའི་གནས་བྱར་གྱུར་པའི་བླ་བྲང་དེ་ནི་དྲི་གཙང་ཁང་ཀ་བ་བཞི་པ་ཐོག་རིམ་གསུམ་པ། ཚོམས་ཆེན་ཀ་རིང་གཉིས་དང་བཅས་པའི་ཀ་བ་བཅུ་གཉིས་པ་དང་སྒོ་ཁང་ཀ་བ་བཞི་པ་ཚོམས་ཆེན་གྱི་གཡས་གཡོན་དུ་ནོར་རྒྱས་དང་བཀྲ་ཤིས་བཀོད་རེ་རེའང་ཀ་བ་གཉིས་པ་མདོ་ཕུགས་རིམ་པ་གསུམ་ཅན་རྣམས་ཉིས་ཐོག་ལ་གཟིམས་ཆུང་ཕྱག་མཛོད་སོགས་བཀོད་པས་མཛེས་པ་སྟེ། ཁྱོན་བླ་བྲང་ལྟེ་བ་ཀ་བ་ལྔ་བཅུའི་ས་དང་། ཕྱི་རོལ་དུ་བདེ་ཡངས་ལ ག་མཐིལ་ལྟར་མཉམ་པའི་མཐའ་སྐོར་དུ་ལྷ་དབང་དགའ་ཚལ། བསམ་གྲུབ་གླིང་། བཀྲ་ཤིས་རབ་བརྟན་སོགས་ཁང་ཚན་སོ་སོ་ལའང་མིག་རྩེ་རིས་ཀྱི་ཁང་བྲན་དུ་མ་དང་བཅས་ཤིང་ཕྱིའི་སྒོ་ཁང་ཉིས་ཐོག་དང་བཅས་པའི་ཞལ་བ། ཤིང་རྩི་ལྡེབས་རིས། འབུར་བཟོ། རྩེའི་:ག་ཊི་རའི་༼གཉྫི་རའི༽ བར་ལེགས་པར་གྲུབ་པའི་གཙང་ཁང་གི་དབུས་སུ་དུས་གསུམ་སངས་རྒྱས་ཀྱི་བཟང་སྐུ་གནྡྷོ་ལའི་བཀོད་པ་ཅན་དང་གཡས་གཡོན་དུ་དངུལ་དཀར་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དང་རྒྱལ་བའི་བཀའ་འགྱུར་རོ་ཅོག བར་ཁང་དུ་སྨིན་གྲོལ་གྱི་བདུད་རྩི་རྒྱུན་ཆགས་སུ་སྩོལ་བའི་དབང་ཁང་། སྟེང་ཁང་དུ་འོག་མིན་གྱི་སྟོན་པ་ཀུན་བཟང་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བསྐོར་བའི་བཟང་སྐུ། དེའི་གཡས་གཡོན་དུ་གསར་རྙིང་གི་རྒྱུད་འབུམ་གསེར་དངུལ་ལས་གྲུབ་པ་ཚར་དུ་དངར་བ་སོགས་རྟེན་བརྟེན་པར་བཅས་པ་དཔག་ཏུ་མེད་པ་ལ་རབ་གནས་མངའ་གསོལ་ཆེན་མོ་མཛད་པས་སའི་སྟེང་གི་རྒྱན་དམ་པར་གྱུར་པ་འདིའོ། །དེ་སྐབས་སྟ་གོན་གྱི་ཉིན་ནས་བཟུང་ཨོ་རྒྱན་སྐལ་བཟང་གིས་ཡུམ་རྒྱས་པ་བཅུ་དྲུག་དུམ་གྱི་རྒྱུགས་འབུལ་བའི་དབུ་བཙུགས་ཤིང་། གྲྭ་ཚང་དང་ཡར་འབྲོག་ཁྲི་དབོན་གྱི་མི་སྣ། འདུམ་པོ། བསམ་དགོན། དར་གླིང་པ་སོགས་མཆོག་དམན་མང་པོས་ལེགས་བྱ་དང་། རྟེན་འབུལ་ཡང་རྒྱ་ཆེར་བསྟབས། གྲྭ་ཕྱི་ནང་གི་ལྷ་འབངས་རྣམས་ཀྱིས་རྔ་བྲོ་གླུ་གཞས་བྱས་པར་གནང་སྦྱིན་དང་། རབ་སྟོན། འབུལ་ནོད། གྲྭ་འགྱེད་སོགས་ཀྱང་རྒྱ་ཆེར་སྤྲོ་བར་མཛད། རྣམ་གླིང་པཎ་ཆེན་ལྷ་སར་ཐེགས་ཞོར་ཕེབས་པར། རཏྣའི་རྟ་ནག་གི་དབང་ལུང་སྩལ། ཀུན་སྤང་ལྷ་བཙུན་རྡོ་རྗེ་དང་། སྐྱི་སྟོན་འཁོར་འདས་རང་གྲོལ། བླ་མ་མཁར་ཁ་བ་སོགས་ལ་ཨ་ཏི་ཟབ་དོན་སྙིང་པོའི་སྤོམ་ཁྲིད། བླ་མ་ཡང་ཐིག་གི་ཆོས་ཚན་འགའ་རེའི་ལུང་དང་། ཚེ་དབང་སོགས་མཛད། ལྷ་བཙུན་རྡོ་རྗེས་དངུལ་གྱི་འབུལ་བ་གྱ་ནོམ་པ་བསྟབས་ཤིང་། ཁོང་པར་བསྟན་པར་གང་ཕན་དགོས་པའི་ཞལ་ཏ་དང་སྲུང་མདུད། དམ་རྫས། དད་རྟེན་དུ་ཕྱག་ཕྲེང་རྣམས་སྩལ། རྗེ་ཉིད་ལ་གཞན་གྱིས་འཕྲོག་ཏུ་མེད་པའི་དད་པ་མངའ་བས། ད་རེས་ཀྱང་རྡོ་རྗེ་འཆང་དུ་བསྒྱུར་བ་ལ་ལྟོས་མི་དགོས་པའི་ད་ལྟའི་སྐུའི་རྣམ་པ་འདི་ཁོ་ན་ཡིད་ལ་བྱས་ནས་གསོལ་བ་བཏབ་ཆོག་པའི་བླ་མའི་རྣལ་འབྱོར་ཞིག་དགོས་ཞེས་ཞུས་པ་ལྟར་འཕྲལ་དུ་བཀའ་རྩོམ་སྩལ་ཏེ་ཕྱིར་ཐེགས། ཟུར་ཡང་དབེན་པའི་གདུང་བརྒྱུད་ཀྱང་ཐུགས་སྦྱོང་མཇུག་སྐྱོང་དུ་ཕེབས། ཕུག་ནས་སོགས་བྱང་བཞུ་དང་བསྔོ་བ་ཞུ་མི་ཡང་མང་དུ་བྱུང་། དེ་རྗེས་ལོ་མཇུག་དུས་རིམ་དང་།

དགུང་ལོ་ཞེ་གཉིས་པ།

དགུང་ལོ་ཞེ་གཉིས་པ་རབ་འབྱུང་བཅུ་གཉིས་པའི་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་སོགས་ལའང་ཁྲིར་མ་ཕེབས་པར་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ་སྐུ་མཚམས་ཀྱི་བཅད་རྒྱ་:ལྔ་༼ལ་༽བཞུགས་ཤིང་། ཏྲེ་བོ་རིན་པོ་ཆེའི་ལོ་གསར་འབུལ་མི་དང་། ཁོ་རང་གསོན་དུས་གསེར་རྐྱང་རང་ཡང་ཞོ་བརྒྱར་རེག་པ་སྔ་ཕྱིར་ཕུལ་བའི་གཏོང་བ་ཅན་མཛད་ནས་ཚོང་དཔོན་བཀྲ་ཤིས་འདས་པའི་བསྔོ་རྟེན་འབྱོར་བར་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་། སྟག་རྩེ་ནས་རྟེན་བཞེངས་སྔ་ཕྱི་རྣམས་ལ་ལེགས་བྱ་འབུལ་བར་ཕྱག་མཛོད་དཔལ་འབྱོར་འབྱོར་བར་བུག་སྒོ་ནས་ཞལ་མཇལ་ཙམ་གནང་། དེ་ནས་ཧོར་ཟླ་གཉིས་པའི་ཚེས་ཉི་ཤུ་ནས་བཟུང་། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་དང་། བདག་གཉིས་ལ་སྐུ་མཚམས་ཀྱི་ཁོག་ནས། བླ་ན་མེད་པའི་རྒྱུད་ཀུན་གྱི་ཟབ་མོའི་གནད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་བཀའ་ཤིན་ཏུ་སྨིན་པར་མཛད་དེ་རྗེས་སུ་བཟུང་། འདི་སྐབས་གོང་དཀར་རྡོ་རྗེ་གདན་ནས་ཆོས་རྗེ་འབྲས་བུ་གླིང་པ་སྤྱན་དྲངས་ཏེ་སངས་རྒྱས་མཉམ་སྦྱོར་རིགས་བསྡུས་སྔ་འགྱུར་གྱི་དབང་བཀའ་གསན་ཞིང་། ཨེ་ནས་དཔོན་མོ་ཆེ་བསམ་གྲུབ་སོགས་ཡིག་མཁན་རྣམས་ཀྱང་འབྱོར། སྔར་བྲིས་གྲུབ་པའི་རྒྱུད་གཙོ་ཆེ་བ་འགའ་ཞིག་སླར་གསེར་རྐྱང་དང་། རྒྱུད་འབུམ་དང་གྲ་མཚུངས་ཀྱི་དཀོན་ཅོག་བརྩེགས་པ་སོགས་བཞེངས་པའི་ལས་གྲ་ཡང་ཚུགས། ཟླ་བ་གསུམ་པའི་ཚེས་བཅུ་སྐོར་ནས་སྙན་ཅུང་ཟད་མ་བདེ་ཙམ་དང་། ཕྱི་མའི་ཟླ་སྒང་ཙམ་ནས་རྟེན་བབས་ལྕི་བར་བྱུང་། ཞབས་རིམ་པ་དག་ཀྱང་ཁྲིད་བཀའ་ཟབ་མོ་དེ་གསུངས་པའི་འཚུབ་ཡིན་འདྲ་ཞེས་གླེང་བ་དང་། བདག་རང་ཡང་ཡིད་མ་བདེ་ནས་དྲུང་དུ་སྐུ་རིམ་དམིགས་བསལ་འདྲ་ཞུས་ན་ཞུས་པས། འཚུབ་རང་ཨེ་ཡིན་མི་ཤེས་ཏེ་རིམ་གྲོ་གྱིས་ཀྱང་རུང་གསུང་བའི་གནང་བ་ཐོབ་པ་ལྟར། བདག་གིས་མཁའ་འགྲོའི་མེ་མཆོད་ཚར་ལྔ་བརྒྱ་ཙམ་དང་། བྱ་རྒོད་པ་དཔོན་སློབ་ཀྱིས་ཚོགས་བརྒྱ་དང་འབྲེལ་བའི་བསྐང་བཤགས་རྒྱ་ཆེར་བསགས་པར་མཛད་ཅིང་། གཞན་ཡང་གོང་ཞབས་མཆོག་གི་ཐུགས་དམ་བརྟག་པ་དང་། དགུང་ཀེག་ཏུ་བབས་པ་སོགས་ཀྱི་སྐུ་རིམ་དུ་ཡུམ་རྒྱས་པ་སོགས་གསུང་རབ་སྒྲོག་པ། མདོས་གཏོར། མནན་པ། གྲྭ་ཕྱི་ནང་གི་དགོན་པ་རྣམས་ལ་མང་ཇ་སྤྱི་འགྱེད། ལྷ་ལྡན་ནས་མི་དབང་ཆེན་པོས་བཟང་གོས་རྡོ་རྗེའི་རེ་ཁཱ་ཅན་གྱི་བཞུགས་སྟན་གནང་སྐྱེས་དང་བཅས་ཏེ་བརྟན་བཞུགས་དང་། ཡུམ་དྲུང་སྐུ་མཆེད་ཀྱིས་ཀྱང་གྲྭ་ཚང་དུ་གྲ་ཇ་ཕྱག་འགྱེད་དང་། གོས་ཕྱི་ནང་། ཇ་སིག ཀར་ལྟང་སོགས་དངོས་པོ་སྤམ་མཐོ་བའི་འབུལ་བ་དང་བཅས་ཞབས་པད་བརྟན་པའི་གསོལ་འདེབས་དང་འཚོ་བྱེད་གཞན་ཕན་གྱིས་སྨན་དཔྱད་ཀྱང་གནད་འཕྲོད་དུ་ཕུལ་བ་སོགས་ཀྱིས་མི་རིང་བར་བདེ་དྭངས་སུ་གྱུར། འདི་སྐབས་ལེགས་གླིང་ནང་པའི་སྲས་ཀོང་པོར་འདས་པའི་བྱང་བཞུ་དང་། ཤུལ་མིར་མྱ་ངན་བསང་བའི་ཞལ་ཏ་ཡང་མཛད། སྤྲེའུ་ཟླ་བའི་ཚེས་བཅུའི་དུས་ཆེན་གྱི་ཉིན་མཆོད་པ་རྒྱ་ཆེར་བསྟར་ཏེ། གསོལ་འདེབས་དང་སྨོན་ལམ་རྒྱས་པར་མཛད། བལ་པོའི་བཟོ་རིག་པ་བཞིས་གསེར་དངུལ་སོགས་ལས་གྲུབ་པའི་དབང་རྫས་མང་པོ་དང་། སྐུ་བརྙན་ཁ་ཤས་བཞེངས་པའི་བཟོ་གྲྭ་ཚུགས། གཞུང་ནས་སྐུ་རིམ་དགོས་ཆ་འབུལ་བར་མདའ་ཐང་བ་ཆེད་དུ་གནང་བ་ལྟར་ཟླ་བ་དྲུག་པའི་ཚེས་གཅིག་གི་ནམ་སེང་གི་དུས་སྦྱོར་དགེ་བ་ནས་མི་དབང་ཆེན་པོའི་སྐུ་རིམ་དུ་སྐུ་གསུམ་རིགས་འདུས་ཀྱི་ཚེ་སྒྲུབ་བདུན་གཅིག་གི་བར་མཛད་པས་ཚེ་མདའ་ནས་གང་ལྷག་ཙམ་འཕེལ་བ་སོགས་ལྟས་མཚན་རྣམས་ཞུ་བ་དང་ཚེ་རྫས་འབུལ་མིའང་རྫོང་བ་གནང་། ཐུགས་སྲས་སྤྲུལ་པའི་སྐུའི་གསུང་ངོར་གཏེར་གསར་གྱི་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་བཀའ་རྩོམ་དང་། ཧོར་ཁོར་ཚ་རུ་རྙིང་དུ་བླ་མ་དགོས་ཚུལ་གྱི་ཞུ་བ་ནན་ཏན་བྱུང་བ་ལྟར་དགེ་སློང་འགྱུར་མེད་ཅན་ལ་བསྐོན་ཇ་དང་བཅས་ཏེ་རྫོངས་བར་མཛད། ཁེ་ཆེན་སྤྲུལ་སྐུར་སྙན་ཚིག་གིས་ལམ་ནས་དྲངས་པའི་བཀའ་ཤོག་དངོས་སྤྱད་བཟང་པོའི་རྟེན་དང་བཅས་རྫོངས་པ་མཛད་གདོང་མི་སྣ་དགེ་སློང་རིན་ཆེན་ཅན་ལ། གཏེར་གསར་སྐོར་གྱི་དབང་ལུང་དང་། ལོཀྟྲིའི་བྱིན་རླབས་སོགས་སྩལ། དེ་ནས་ཟླ་བ་བདུན་པའི་ཚེས་བཅུ་ནས་བཟུང་བདེ་འདུས་ཀྱི་ལུང་འཕྲོ་རྣམས་སྔར་གྱི་ཆོས་ཞུ་བའི་ཐོག་ཟུར་ཡང་དབེན་པ་དང་། བྱ་རྒོད་མཁས་གྲུབ་སོགས་བཤེས་གཉེན་འགའ་དང་བཅས་པར་གསོལ་ཚིགས་གྲོལ་ནས་ཆོས་ཐུན་རེ་ཆག་མེད་མཛད་པས་ཟླ་བ་བརྒྱད་པའི་ཚེས་ལྔ་ལ་ཚང་བར་གྲུབ། དེ་དུས་ཐན་པ་ཤིན་ཏུ་ཆེ་བའི་ཆར་འབེབས་པ་ཀུན་ཀྱང་བརྡུགས་པའི་སྐབས་ཡིན་ནའང་། ལུང་ཐོག་མར་ཚུགས་པ་དང་ལྷན་ཅིག་པ་ཁོ་ནར་འཇམ་ཆར་ཇ་སུན་གཅིག་གི་ཡུན་ཙམ་བབས་པས་ཐམས་ཅད་དགའ་ཞིང་མོས་པར་གྱུར། ཟླ་བ་དགུ་པའི་མཇུག་ཏུ་སྐྱེ་བོ་ལོག་པའི་བློ་ཅན་དག་གིས་སྐུ་ལ་དངོས་སུ་བསྡོ་བར་བསམས་ཏེ། དཔུང་དྲིལ་ནས་བླ་བྲང་གི་ཆབ་སྒོར་འཇུག་པར་བརྩམས་པ་ན་སྒོ་གདོང་དེར་ཐོག་མར་གང་དང་འཕྲད་པའི་སྐྱེ་བོ་སྲས་པོ་དོན་གྲུབ་ཟེར་བ་གྲི་ལམ་དུ་བཏང་བའི་གྲི་འདུལ་བའི་ཆོ་ག་སོགས་ཀྱིས་རྗེས་སུ་བཟུང་ཞིང་། དེའི་ཚེ་ལོག་སྤྱོད་ཅན་དེ་དག་གི་རྒྱབ་རྟེན་དང་དཔུང་གཉེན་རྫོང་གཞིས་ཀྱི་ལས་སྣེ་མི་བསྲུན་པ་རྣམས་ཀྱིས་བྱས་པའི་གཡོ་ཐབས་ཀྱིས་ལུང་དུ་མ་བསྟན་པའི་རྒྱལ་ཁྲིམས་ཀྱི་རྣམ་འགྱུར་ཁྲིམས་ཀྱི་བདག་པོ་ལ་ཅོ་འདྲི་བ་དག་བྱུང་བར་ཁྲིམས་འགལ་གྱི་སྤྱོད་པ་འདི་ལྟ་བུའི་ཚུལ་རྣམས་མི་དབང་ཆེན་པོར་གསོལ་བའི་ངན་པ་ཕྱོགས་འཛིན་དང་བཅས་པའི་རང་མཚང་གསལ་པོར་གཟིགས་པ་ཞིག་མ་བྱུང་ན་ཕྱིས་དགོས་གནས་སྐྱོང་ཐེབས་མེད་པ་ལྟ་བུར་འདུག་ཚུལ་གསོལ་བར་བཀའ་ལས། ལས་འཛིན་རྣམས་ཀྱིས་ཁྲིམས་ཀྱི་བདག་པོར་གཡོ་སྒྱུའི་དབུ་སྐོར་དང་བཀའ་ཁྲིམས་ལ་འཕངས་མེད་རང་གར་སྤྱོད་པ་ཕོད་རྗེས་རང་ཅག་རྣམས་ཀྱི་ཐད་དུ་འགངས་ཆུང་ཞེས་གང་བྱུང་ལས་དགག་སྒྲུབ་མེད་པར་བཏང་སྙོམས་སུ་འཇོག་པའི་རྣམ་ཐར་ཆོས་བཞིན་དུ་སྟོན་པར་མཛད་དོ། །ཟླ་བ་བཅུ་པའི་འགོར་གོ་འཇོ་བླ་མ་ཤེས་རབ་འོད་ཟེར་སོགས་ལ་རཏྣའི་དམ་ཅན་སྐོར་དང་། བདག་ལ་དུར་ཁྲོད་མ་མོའི་ཆོས་སྐོར་རྣམས་སྩལ་ཅིང་། དེ་དག་གི་ཚེ་བདུད་རྩི་ཆབ་ཚན་གྱི་འཕྲོད་བཞེས་དང་ཚོང་དཔོན་བསོད་ནམས་རྣམ་རྒྱལ་སོགས་མདོར་ཇ་ལེན་གྱི་ཚོང་པ་རྣམས་ཐོན་ཁར་ཚེ་དབང་དང་བཀའ་བསྒོ་བྱིན་རླབས་སོགས་མཛད། མོན་པའི་མི་གཏེ་ཤེལ་བྲག་ཏུ་ཡོད་པ་ཤོར་བར་སྣེ་གདོང་རྫོང་དཔོན་གྱིས་ཇག་འཆིང་ཞུ་མི་འབྱོར་བ་ལྟར་མགོ་འཁོར་གྱི་ལས་སྦྱོར་མཛད་པས་ལམ་འཆོལ་ཏེ་གྲྭ་ཕྱི་ཕུ་ནས་ཟིན་པར་རྫོང་དཔོན་གྱིས་གཏང་རག་ཀྱང་ཕུལ། དེ་ནས་གཟིམས་ཆུང་མགོན་ཁང་གི་གཏོར་གཞི་དང་རྟེན་མདོས་སོགས་སོ་སོའི་མན་ངག་གི་གནད་དང་ལྡན་པ་འཛུགས་པར་མཛད་དེ། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་བསྐང་གསོ་རྒྱས་པར་མཛད། བལ་པོ་དཔོན་ཡིག་སོགས་ཡོན་གྱིས་ཚིམས་པར་མཛད་དེ་ཕྱིར་སློག དེ་རྟིང་གནས་བརྟན་བཅུ་དྲུག་གི་གོས་ཡོལ་ཆེན་མོའང་ལེགས་པར་གྲུབ་སྟེ། མཆོད་དཔོན་ངག་དབང་ཚུལ་ཁྲིམས། པདྨ་མཐུ་སྟོབས། ཆོས་དབྱིངས་བསྟན་འཛིན། མཐུ་སྟོབས་རྒྱ་མཚོ། དངོས་གྲུབ་སོགས་གོས་བཟོ་བ་རྣམས་ལ་གནང་ཆ་གཟབ་པར་སྩལ་ཅིང་། ཚེས་བཅུ་དྲུག་ལ་ཚོམས་ཆེན་དུ་བཀྲ མ་སྟེ། གྲྭ་ཚང་གིས་བཀྲ་ཤིས་ཀྱི་གསོ་སྦྱོང་གི་སྒོ་ནས་རབ་ཏུ་གནས་པ་མཛད་པར་མང་ཇ་འགྱེད་དང་བཅས་པ་རྒྱ་ཆེར་གནང་། དེ་ནས་གོང་མའི་ལུང་བཞིན་ཁྲ་འབྲུག་ཏུ་ཐེགས་ཏེ་རྡོ་རྗེ་གྲོ་ལོད་ཀྱི་སྒོ་ནས་མནན་སྲེག་འཕང་གསུམ་གྱི་ལས་སྦྱོར་མཛད། དེར་ཆོས་རྗེ་ཤེལ་བྲག་པ། ཕུ་ལུང་ཞལ་ངོ་སོགས་མཇལ་མི་མང་དུ་བྱུང་བར་ཚེ་རྟ་ལོཀྟྲིའི་རིག་གཏད། བཀའ་བསྒོ་སོགས་ཀྱིས་སོ་སོའི་རེ་འདོད་སྐོང་བར་མཛད། ཟངས་རི་སྡེ་སྲིད་རིན་པོ་ཆེས་ཀྱང་ཟུར་གསོས་འབུལ་མི་ཆེད་དུ་མངགས། རིམ་པར་གདན་སར་ཕེབས་ནས། ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་ལ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་ཕྱོགས་བརྟག་པ་སོགས་རྩིས་ལས་བྱུང་བའི་རྟེན་འབྲེལ་ལྟར་བླ་བྲང་གི་ཕྱིར་ཕེབས་ནས་གཙང་མའི་སར་གུར་གཡབས་ཀྱི་བཀོད་པས་མཛེས་པར་ཞལ་སྲོ་དང་དགའ་སྟོན་མཛད། དེ་ནས་གཙུག་ལག་ཁང་དུ་ཕེབས་ཏེ་ལྷ་ཁང་རྣམས་སུ་མཆོད་པ་སྙན་ཤལ་དང་། དགེ་འདུན་རྣམས་ལ་ཇ་སྐོལ་ཇ་འགྱེད་དང་བཅས་པ་རྒྱས་པར་སྩལ། དེ་དག་གི་སྐབས་ཞབས་དྲུང་གདུང་བརྒྱུད་ཀྱིས་དབུས་གྲྭ་ཚང་གི་དབུ་ཆེ་རྣམས་དང་མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན། བདག་ཅག་སྤུན་སོགས་བཅུ་སྐོར་ལ། མཁའ་འགྲོ་སྙིང་ཐིག་གི་ལུང་ཉིན་རེ་བཞིན་ཐུན་རེ་ཆག་མེད་དུ་མཛད། དེ་ནས་ལོ་མཇུག་དུས་རིམ་ཆེན་མོའི་སློབ་དཔོན་དང་།

དགུང་ལོ་ཞེ་གསུམ་པ།

དགུང་ལོ་ཞེ་གསུམ་པ་ས་འབྲུག་ལོ་གསར་གྱི་ཚོགས་དབུར་ཡང་སྔར་འཁྱུད་བཞིན་ཕེབས། དེའི་སང་ཉིན་བླ་བྲང་ཚོམས་ཆེན་དུ་གྲྭ་ཚང་གི་དབུ་ཆེ་དང་། བགྲེས་ཁ། སྐུ་ཞང་ཡབ་སྲས། ཏྲེ་བོའི་ལོ་གསར་འབུལ་མི། བྱ་རྒོད་མཁས་གྲུབ་སོགས་ལ་དགྱེས་སྟོན་གྱི་བཞུགས་གྲལ་རྒྱས་པ་དང་། ཚེས་གསུམ་ལ་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུའང་བཞུགས་གྲལ་རྒྱས་པར་མཛད། ཚེས་བཅོ་ལྔའི་ཉིན་བྱ་རྒོད་མཁས་གྲུབ་དང་། ངེད་སྤུན་སོགས་དོན་གཉེར་ཅན་སུམ་ཅུ་སྐོར་ལ་དབུ་མ་ལུགས་དང་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པའང་སྩལ། སྐབས་དེར་ཐུགས་སྲས་སྤྲུལ་པའི་སྐུ་ཕོ་བྲང་ཆེན་པོར་རྣམ་འཕྲུལ་གྱི་གཙུག་ཕུད་འབུལ་བར་ཕེབས་པ་དང་ཕྱོགས་མཚུངས་སྤྱན་འདྲེན་གྱི་སྙན་གསོལ་རིམ་པར་གནང་བ་ལྟར། ཟླ་བ་དང་པོའི་མཇུག་ཏུ་སྦྲགས་ལ་བརྒྱུད་ཕེབས་པར་གྲུ་ཁར་ཐབ་བསུ་དང་། ཆིབས་བསུ་ཉིན་སྔ་རྟིང་མཆོད་པའི་ཡོ་བྱད་ཐོགས་པའི་དགེ་འདུན་རྣམ་སྦྱར་ཅན་བརྒྱ་ཕྲག་ཕྱེད་གཉིས་ཀྱི་སེར་སྦྲེངས་ཀྱི་བཀོད་པ་ཁྱད་པར་འཕགས་པས་མདུན་བསུས་ཏེ། བླ་བྲང་དུ་སྤྱན་འདྲེན་མཇལ་འཕྲད་ངོས་ཀུན་བཟང་ཕོ་བྲང་དུ་ཕེབས་སྤྲོའི་སྟོན་མོ་རྒྱ་ཆེར་སྤྲོ་བར་མཛད། ཚུར་ཡང་སྐུ་སྐྱོས་ཀྱི་འབུལ་བ་དང་། འདུས་ཚོགས་སུ་གྲྭ་ཇ་སྤྱི་འགྱེད་གྱ་ནོམ་པ་སྩལ་ཅིང་། བོན་ལུང་སྤྲུལ་པའི་སྐུས་ཀྱང་སྒེར་མཇལ་གྱི་འབུལ་བའང་མཛད། གྲྭ་ཚང་གི་དུས་རིམ་ཆེན་མོའི་ཉེར་བརྒྱད་ལ་ཇི་ལྟར་མཛད་པའི་འཆམས་དབྱངས་ཀྱི་གཟིགས་མོའང་ཕུལ། ཟླ་བ་གཉིས་པའི་ཚེས་བཞི་ལ་པ་སངས་ནམ་གྲུའི་འགྲུབ་སྦྱོར་གྱི་དུས་དགེ་བར་ཚོམས་ཆེན་དུ་ཡོལ་བ་བླ་རེ་བཞུགས་ཁྲི་སོགས་གཟབ་མཆོར་བཀོད་པས་མཛེས་པར་སྤྱན་དྲངས་ཏེ། ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཞབས་བརྟན་གྱི་ཆོ་ག་དང་འབྲེལ་བར་གསུང་སྤྲུལ་ཀུན་བཟང་རྡོ་རྗེ་ཀུན་གྱིས་རྩོད་མེད་དུ་གོང་མའི་ཆོས་ཀྱི་ཁྲི་ལ་མངའ་དབང་བསྐུར་བའི་ཤིས་བརྗོད་ཀྱི་མེ་ཏོག་རྗེ་ཉིད་ཀྱིས་འཐོར་བར་མཛད་ཅིང་། དེའི་ཞལ་བསྲོའི་སྟོན་མོ་རྒྱ་ཆེན་པོའི་ཐོག་ཁ་བཏགས་བདེ་ལེགས་ཀྱི་རི་མོས་མཚན་པ་དུ་མ། ན་བཟའ་ཆ་ཚང་། བཞུགས་སྟན། ཞལ་དཀར། ཕྱག་དྲིལ། རྟེན་སྒམ། སྐུ་གསུང་ཐུགས་རྟེན། དངུལ་གྱི་སྤྱད་པ། རྒྱ་སྦུག རྒྱ་སིལ། ཆིབས་ཆིབས་རོལ་སྒ་བཅས། དྲེའུ་གཉིས། གོས་ཕྱི་ནང་ཡུག་ཉི་ཤུ་རྩ་བདུན། ཇ་སིག རས་ཆ། སྣམ་བུ་སོགས་དངོས་པོ་སྤུས་མཚར་གྱི་གསུང་སྤྲུལ་རིན་པོ་ཆེར་དགུ་ཚན་བཅུ་གཅིག་དང་། ཐུགས་སྲས་རིན་པོ་ཆེར་དགུ་ཚན་གསུམ། དེ་སྟེང་གྲྭ་ཚང་སྤྱི་སོ་དང་། སྒེར་གྱི་དབུ་ཆེ། དྲུང་འཁོར། བགྲེས་པ། དབོན་ཆོས་མཛད། དགེ་རྒན་རྣམས་དང་འདི་གའི་དགོན་ལག་ཏུ་གཏོགས་སོ་ཅོག་ཐམས་ཅད་ཀྱིས་སོ་སོའི་འབྱོར་པར་དཔགས་པའི་ལེགས་སྐྱེས་ཀྱི་འབུལ་བ་བསམ་གྱིས་མི་ཁྱབ་པ་དང་། རྗེས་འབྲེལ་བོན་ལུང་སྤྲུལ་པའི་སྐུར་ཡང་ལེགས་སྐྱེས་ཀྱི་གནང་ཆ་རྒྱས་པར་སྩལ། གྲྭ་ཕྱི་ནང་གི་ལྷ་འབངས་རྣམས་ཀྱིས་ཀྱང་རྔ་བྲོ་གླུ་ཤོན་སོགས་གཟིགས་མོའི་བྱེ་བྲག་མཐའ་ཡས་པ་ཕུལ། དེ་རྗེས་གསུང་སྤྲུལ་རིན་པོ་ཆེ་དང་བོན་ལུང་སྤྲུལ་པའི་སྐུ་གཉིས་འདིར་སྟན་འཇགས། ཐུགས་སྲས་སྤྲུལ་པའི་སྐུ་དཔོན་སློབ་རྣམས་ཀྱིས་འོན་སོགས་སུ་འགྲོ་དོན་ལ་ཆིབས་བཏེག དེ་བར་གསུང་སྤྲུལ་རིན་པོ་ཆེ་སྐུ་ན་དང་བསྟུན་པའི་བཞེད་སྦྱར་གྱི་བཀུར་སྟི་དང་། བོན་ལུང་སྤྲུལ་སྐུར་དཀྱིལ་འཁོར་བྲི་ཐིག་གི་ཕྱག་ཁྲིད་སྩལ་ཅིང་ཁོང་པས་ཤིང་རྟ་ཆེན་པོའི་རྒྱུགས་འབུལ་ཡང་མཛད། སྤྲུལ་པའི་སྐུ་རྣམ་པ་གཉིས་པོར་སྐྱབས་གསུམ་འཛིན་པའི་དགེ་བསྙེན། དབུ་མ་ལུགས་ཀྱི་བྱང་སྡོམ། ཐུགས་ཐིག་གི་དབང་རྣམས་རིམ་ཅན་དུ་སྩལ་ནས་སྡོམ་པ་གསུམ་གྱིས་རྒྱུད་གཏམས་པར་མཛད། འདི་སྐབས་བན་པ་བསམ་དགོན་དུ་དཔོན་སློབ་མ་ཆེན་སྙུང་དྲག་པོས་བཏབ་སྟེ་བྱིན་རླབས་ཞུ་བར་བང་ཕྱིན་པ་འབྱོར་བ་ལྟར་གདུང་བརྒྱུད་སྐུ་མཆེད་དང་སྨན་པ་སྲུང་འཁོར་བ་བཅས་འཕྲལ་དུ་རྫོང་པ་མཛད། གངས་རི་བླ་མ་ཨོ་རྒྱན་ཕུན་ཚོགས་ཀྱིས་འདུས་ཚོགས་སུ་གྲྭ་ཇ་འབུལ་བ་སྤམ་མཐོ་བ་དང་བཅས་ཏེ་ཞབས་བརྟན་ཕུལ། སྐར་རྩིས་པའི་ལུགས་ཀྱི་ལོ་མཇུག་དུས་རིམ་གྱི་ཁྲོ་རོལ་སྒྲིག་ཕྱུར་མ་གྲུབ་རྗེས་ཟླ་བ་གསུམ་པའི་ཚེས་གསུམ་ནས་སྤྲུལ་སྐུ་རྣམ་གཉིས། གདུང་བརྒྱུད་རིན་པོ་ཆེ། བྱ་རྒོད་པ་གྲྭ་ཚང་གི་གྲྭ་པ་སྔར་མ་ཐོབ་པ་སོགས་མང་པོ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཁྲོ་བོའི་དབང་བཀའ་དང་རྣལ་འབྱོར་རྒྱུན་དབང་། དེ་དག་གི་སྟེང་དུ་གྲྭ་ཚང་ཚོགས་ཆེན་བཅས་པར་ན་རག་དོང་སྤྲུགས་ཀྱི་དབང་རྒྱས་པ། གཞན་ཡང་དཔོན་སློབ་ཉུང་བསྡུས་ལ་ཐུགས་ཐིག གཤིན་རྗེའི་གཤེད། གནམ་ལྕགས་བྲག་གི་གཏེར་གསར་སྐོར་གྱི་དབང་ལུང་། ལེགས་ལྡན་གྱི་དབང་། རྩ་རྒྱུད་གསང་སྙིང་། སེམས་ཉིད་ངལ་གསོ། གསོལ་འདེབས་ལེའུ་བདུན་མ། ཆུ་གཏོར་མ་བུ་སོགས་ལུང་ཕྲན་མང་དུ་མཛད། འདི་སྐབས་བཀའ་བརྒྱད་ཀྱི་དབང་གི་བུམ་པ་དང་པོར་ཕྱག་ཏུ་བཞེས་པ་དང་། འབྲུག་ཐོག་མར་གྲགས་པ། གྲྭ་ཚང་གི་ཚོགས་དུང་བུས་པ་རྣམས་དུས་གཅིག་ཏུ་འཛོམ་པའི་རྟེན་འབྲེལ་གྱི་ལྟས་བཟང་བར་བྱུང་། དོལ་པོ་བླ་མ་ཚེ་རིང་དཔལ་བཟང་གིས་གསེར་དངུལ། གུར་གུམ་གྱི་འབུལ་སྐྱེས་དང་བཅས་ཚ་བོ་གྲྭ་ཚང་དུ་བཅུག བྱ་རྒོད་པ་དཔོན་སློབ། གོ་འཇོ་བླ་མ་དང་རྟ་ནག་ཐུབ་བསྟན། ཆོས་འཁོར་ཡང་རྩེ། ཟངས་ལ་མཁར་རྣམས་ཀྱི་གྲྭ་པ་སོགས་ངེས་དོན་ལ་བློ་གཞོལ་བ་མང་པོར་ཐུགས་ཐིག་གི་ཟབ་ཁྲིད་སྨིན་པར་སྩལ། སྟག་སྣ་རྗེ་དབོན་གཤེགས་པའི་བསྔོ་རྟེན་འབྱོར་བར་ཕར་ཡང་བསྙེལ་ཇ་སོགས་སྩལ། ཐུགས་སྲས་སྤྲུལ་པའི་སྐུ་འོན་ནས་ཕྱིར་ཕེབས་བསྟུན། ཚེ་དབང་རྡོ་རྗེ་རྒྱས་འདེབས། དྲག་པོའི་དབང་རེག་པ་དོན་ལྡན། རྟ་མགྲིན་ཡང་གསང་བླ་མེད་ཀྱི་དབང་རྣམས་གསན། བསམ་དགོན་དཔོན་སློབ་མ་ཆེན་སྐུ་གཤེགས་པའི་མགྱོགས་བསྔོ་རྟེན་སོགས་འབྱོར་ཞིང་བྱང་བཞུའི་ཆོ་གའང་མཛད། སྐུ་འདད་ཀྱི་ཆོ་ག་དང་གྲ་སྒྲིག་ལ་ངེད་སྤུན་གཉིས་རྫོང་བ་དང་། ཡུམ་སྲས་ལ་མྱ་ངན་བསང་བའི་ཞལ་ཏ། གཤེགས་རྫོངས་ཀྱི་འཐུད་ཁ་རྒྱ་ཆེ་བའང་གནང་། སྐྱེད་ཚལ་དུ་གྲྭ་ཚང་ཁག་ནང་ཞིག་གི་གཞུང་སར་ཞུས་སྦྱོར་ལ་རབ་འབྱམས་པ་གཉིས་འབྱོར་བར་ཕྱོགས་ཕྱོགས་སུ་ཞལ་ཏ་མཛད་དེ་དབྱེན་ཟླུམ་པར་མཛད། གནམ་གང་གི་ཉི་འཛིན་དུས་མཆོད་པ་དང་སྨོན་ལམ་རྒྱས་པར་མཛད་ཅིང་། འོག་མིན་ཡང་རྩེར་རྗེའི་སྤྱན་སྔར། དད་ལྔན་རིག་འཛིན་རྣམ་རྒྱལ་གྱིས་མཛུབ་མོ་མར་མེའི་མཆོད་པར་ཕུལ་བའི་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་སྨོན་ལམ་ཆོག་རོགས་པ་རྣམས་ལའང་ཡོན་བཟང་པོ་སྩལ་ཅིང་། ཁོ་རང་ལའང་ན་བཟའ་བཞེས་འཕྲོ་དང་བཅས་པའི་གནང་སྦྱིན་མཛད། སླར་ཡང་ཐུགས་སྲས་སྤྲུལ་པའི་སྐུ་པདྨ་ཆོས་གླིང་སོགས་སུ་ཐེགས་ཀྱི་བར། སྤྲུལ་སྐུ་རྣམ་གཉིས། གདུང་བརྒྱུད་རིན་པོ་ཆེ། མཁས་གྲུབ་ཆོས་སྐྱོང་བ། སྐྱི་སྟོན་སྔགས་འཆང་། འདི་ཁའི་དབུ་ཆེ་གྲྭ་རིགས་སོགས་མང་པོར་མཁའ་འགྲོ་ཡང་ཐིག་གི་དབང་བཀའ་དང་། ཟླ་བ་བཞི་པའི་ཚེས་གཉིས་ལ་ལྷོ་བྲག་ཞབས་དྲུང་ཡབ་སྲས་ལ་ཤ་འུག་གཏེར་གསར་གྱི་ཚེ་དབང་། ལོཀྟྲིའི་རིག་གཏད་རྣམས་མཛད་ཅིང་། ཕེབས་རྫོངས་ཀྱི་སྟོན་མོའི་ཐོག་ཡབ་སྲས་ལ། ཁ་བཏགས་ཉིན་བདེ་མ་ལྔ། གོས་ཕྱི་ནང་ཡུག་དགུ། ཧུབ་ཇ་དང་བྱིང་བབས་སོགས་འཁོར་དྲུག་མ་བདུན། རྒུན་འབྲུམ་ལྟང་ཙེ་སོགས་འབུལ་བ་རྒྱ་ཆེ་བ་དང་། བོན་པོ་སྤྲུལ་པའི་སྐུར་ཡང་ཁ་བཏགས་ཉིན་བདེ་མ། གན་དྲིལ་རྩེ་ལྔ་ཁྱད་འཕགས། ན་བཟའ་སོགས་གནང་ཆ་སྤམ་མཐོ་བ་དང་། གཞན་ཡང་ཞབས་ཕྱི་མཆོག་དམན་ཐམས་ཅད་ལ་གོ་བབས་དང་མཐུན་པའི་རྫོངས་བའི་གནང་ཆ་རྒྱས་པར་སྩལ་ནས། ཕེབས་གདོང་རྣམ་སྤྲུལ་རིན་པོ་ཆེར་རྣམ་རྒྱལ་མའི་དངུལ་སྐུ་ཞིག་ཀྱང་འབུལ་བར་མཛད་ཅིང་། ཆིབས་སྐྱེལ་གསོལ་ཚིགས་དང་ཇ་ཞུ་འདེགས་པ་སོགས་བཀུར་སྟི་ཆེན་པོ་མཛད་དེ་ཕྱིར་ཐེགས། ཨེ་ནས་དཔོན་མོ་ཆེ་བསམ་གྲུབ་སོགས་བསླེབས་ནས་ཡིག་གྲྭ་ཚུགས། བྱ་རྒྱལ་པོ་བཀྲ་ཤིས་གཤེགས་པའི་བསྔོ་རྟེན་འབྱོར་བའི་དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བས་རྒྱས་འདེབས་མཛད། ཚེས་བདུན་གྱི་རྒྱལ་ཕུར་འགྲུབ་སྦྱོར་གྱི་དུས་དགེ་བར་འབྲས་བུ་བདེ་བ་ཅན་དུ་གཟིམས་སྤྱིལ་གྱི་ས་འདྲ་བར་མཛད་ནས་ཨར་ལས་ཚུགས་པ་མི་རིང་བར་གྲུབ། དེ་ཉིན་ཕུན་རབ་ཆོས་མཛད་མའི་སྤྱིལ་བུ་གསར་བཏབ་ལ་ཡང་ཕྱག་ནས་ཞུས་ཤིང་མིང་མཁའ་སྤྱོད་བདེ་ཆེན་དུ་སྩལ། སྐབས་འགར་འབྲས་བུར་ཞབས་ཆག་དང་བུམ་གཏེར་ཁ་ཤས་ཀྱང་སྒྲུབ་པར་མཛད། བསམ་དགོན་དུ་ལྕམ་སྲིང་མ་བསོད་རྣམས་དཔལ་འཛོམ་གདོན་དྲག་པོའི་སྙུང་གིས་བཏབ་སྟེ་སྔགས་སྨན་ཀུན་ཐབས་ཀྱིས་བརྡུགས་པ་ན། རྗེ་ཉིད་ནས་གདོན་དེ་ལ་བཀའ་ཤོག་སྩལ་བ་སླེབ་པ་ཙམ་གྱིས་ཟླ་བ་གཟས་བཏང་བ་བཞིན་དུ་དྭངས། ཧོར་ཟླ་ལྔ་པའི་ནང་དུ་ཐན་པ་ཤིན་ཏུ་ཚ་བར་ཀུན་གྱིས་ཆར་དབབ་པའི་ཐབས་ལ་འབད་ཀྱང་མ་བབས་ཏེ། ཞིང་པ་ཀུན་མྱ་ངན་གྱིས་གདུངས་པ་ན་ཞབས་རིང་རྣམས་ཀྱིས་ཐབས་གསོལ་བས། ལྷ་སྲིན་དམ་འདོགས་བྱས་ན་ཕན་པ་སྲིད་གསུང་སྟེ། ཚེས་བཅོ་ལྔའི་ཉིན་བླ་བྲང་ཡང་ཐོག་ནས་ཨོ་རྒྱན་བདུད་དཔུང་ཟིལ་གནོན་གྱི་སྐུར་བཞེངས་ཏེ་བཀའ་ནན་རབ་བརྗིད་གསེར་སྐྱེམས་དང་བཅས་པ་མཛད་པས་དེ་ནུབ་ནས་བཟུང་ཆར་ཤིན་ཏུ་གཤིན་པ་བབས་པས་ཐམས་ཅད་ཡིད་ཚིམས་ཤིང་མོས་པར་གྱུར། དེའི་ཚེ་དགའ་ལྡན་གསུང་རབ་གླིང་གི་གྲྭ་པ་ཁྲིད་ཞུ་བ་ཁ་ཤས་དང་། གློ་བོ་བླ་མ་ཀུན་བཟང་ཀློང་ཡངས་དངུལ་དང་རས་ཆའི་འབུལ་བ་རྒྱ་ཆེར་བཏེག་ནས་འབྱོར་བར་ཐུན་མོང་དུ་གཏེར་གསར་སྐོར་གྱི་དབང་ལུང་དང་། ཁྱད་པར་ཐུགས་ཐིག་གི་ཉམས་ཁྲིད་སྨིན་པ་ཨ་ཏི་ཟབ་དོན་སྙིང་པོ་དང་རྡོར་སེམས་ཀྱི་ཁྲིད་དམིགས་ངོ་བོ་ཙམ་གྱི་ཤར་ཁྲིད་རྣམས་མཛད། དིང་རི་མཁན་པོ་བློ་བརྟན་གཤེགས་པའི་བསྔོ་རྟེན་འབུལ་བ་དང་སྦྲགས། གདན་ས་བ་འབྱོར་བར་དགེ་ཚོགས་མཆོད་སྤྲིན་དུ་སྤེལ་བར་མཛད། ཟླ་བ་དྲུག་པའི་ཚེས་གཅིག་ལ་སྦྱིན་བདག་ཆེན་མོ་ཡུམ་དྲུང་སྐུ་མཆེད་ཀྱིས་སྦུར་ལེན་ཁྱད་ཅན་སོགས་རིན་པོ་ཆེའི་སྤྱད་པ་དང་། གོས་ཕྱི་ནང་ཡུག་མང་བ་སོགས་ཀྱི་འབུལ་བ་རྒྱ་ཆེ་བ་དང་། གྲྭ་ཚང་ལ་ཇ་སྐོལ། ཟི་ཇ་བཟང་པོའི་ཕྱག་འགྱེད་བཅས་ཞབས་བརྟན་ཕུལ། འདི་སྐབས་ན་བྱུས་ཀྱི་སྐུ་བེར་ཞིག་གསར་བཟོ་གྲུབ་མ་ཐག་པའི་ཞལ་བསྲོ་ལྟ་བུར་བརྟན་བཞུགས་འདིར་འབྱོར་བ་དམ་ཚིག་གཙང་དག་གི་རྟེན་འབྲེལ་ངོ་མཚར་བ་བྱུང་ཞིང་། དེ་ཉིད་ངེད་སྤུན་དང་བསམ་དགོན་གདུང་བརྒྱུད་མཆེད་སོགས་ཀྱང་སྐུ་དྲུང་དུ་སླེབ། དེ་དག་གི་ཚེ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ལས་བཞི་རྣམ་རོལ་གྱི་བཀའ་རྩོམ་གནང་བའང་གྲུབ། ཉི་ཤུ་བདུན་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་གྲྭ་ཚང་གི་དབུ་ཆེ་རྣམས་དང་། ཟུར་ཆུ་མིག་པ། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན། བསམ་དགོན་གདུང་བརྒྱུད་ཟིལ་གནོན། གློ་བོ་པ་ཀུན་བཟང་ཀློང་ཡངས། སྐྱི་སྟོན་སྔགས་འཆང་སོགས་བཤེས་གཉེན་མང་པོ་དང་། གྲྭ་ཚང་གི་གྲྭ་བགྲེས་སོགས་ཆོས་ཞུ་བ་མང་པོར་སྙན་བརྒྱུད་རྡོ་རྗེ་ཟམ་པ། བི་མ་སྙིང་ཏིག བླ་མ་ཡང་ཏིག ཆོས་དབང་གི་བླ་མ་གསང་འདུས། ཀུན་མཁྱེན་ཆེན་པོའི་ཆོས་སྤྱོད་ལམ་རིམ་རྣམས་ཀྱི་བཀའ་ལུང་ཉིན་རེ་བཞིན་ཆོས་ཐུན་རེ་ཆག་མེད་ཀྱིས་རིམ་པར་བཀའ་དྲིན་དུ་སྩལ། བར་ཞིག་འབྲས་བུ་བདེ་བ་ཅན་དུ་དབྱར་ཟས་ལ་སྟོན་འཁོར་ཆབས་ཅིག་ཏུ་ཕེབས། དེ་ཞོར་སྒྲུབ་སྡེ་བསམ་གཏན་རྩེའི་འདུ་ཁང་ལའང་ཕྱག་ནས་མཛད། དེ་རྟིང་གཙུག་ལག་ཁང་གི་མགོན་ཁང་སྦུག་ཏུ་ཕྱག་རྡོར་དང་ལྷ་མོའི་སྐུ། དགེ་སློང་བློ་གསལ་ལ་རྡོར་ལེགས་ཀྱི་སྐུ་སོགས་ཕྱག་བྲིས་དང་། གཙུག་ལག་ཁང་བདེ་ཡངས་ཀྱི་རྡོ་སྐུའི་སྐྱ་རིས་ཞལ་བཀོད། རྣམ་གླིང་པཎ་ཆེན་ཕེབས་པར་ཚེ་དབང་། ཚེས་བཅུ་པ་ཁག་ལ་ཐུགས་ཐིག་གི་རྩ་དབང་རྣམས་སྩལ། གྲོང་སྨད་ཡུམ་དྲུང་སྐུ་མཆེད་ཀྱིས་མུ་ཏིག་གི་རྣ་རྒྱན་ཁྱད་ཅན། གོས་ཕྱི་ནང་ཡུག་མང་བ། འདུས་ཚོགས་སུ་མང་འགྱེད་དང་བཅས་སྐུ་རིམ་ཞུ་རྒྱུ་གནང་བའི་མི་སྣ་དང་། ཕུན་རབ་ཡུམ་སྲས་ལེགས་གླིང་ཡུམ་སོགས་མཇལ་མི་མང་པོའི་རེ་བ་སྐོང་བར་མཛད་ཅིང་། གདུང་བརྒྱུད་རིན་པོ་ཆེས་དབུས་བདག་ཅག་ཉུང་བསྡུས་ལ་རྒྱ་ཅན་གྱི་རྩ་བའི་ལུང་ཡང་སྩལ། ཟླ་བ་བརྒྱད་པའི་ཚེས་བརྒྱད་ཀྱི་ཉིན་དམ་པའི་ཆོས་ཀྱི་ཆེད་དུ་གཏོང་བ་ལ་གོམས་པའི་སྙིང་སྟོབས་ཅན་གློ་བོ་བླ་མ་ཀུན་བཟང་ཀློང་ཡངས་ཀྱིས་དངུལ་གྱི་མཎྜལ་ལ་གསེར་དང་། དངུལ་དོང་རྩེའི་ཚོམ་བུས་བརྒྱན་ཏེ་སྔོན་རྫོགས་པའི་སངས་རྒྱས་ལ་ལྷ་ཚངས་པས་ཇི་ལྟ་བ་བཞིན་དུ་གསོལ་བ་བཏབ་པར་བརྟེན། ཆོས་ཞུ་བ་སྔ་མ་རྣམས་ཀྱི་སྟེང་དུ་ཟུར་ཡང་དབེན་པའི་གདུང་བརྒྱུད། འབྲས་ལྗོངས་ཀཿཐོག་པ་མཆེད་སོགས་སྔ་ཕྱིར་ལྷགས་པའི་དོན་གཉེར་ཅན་མང་པོ་དང་། སྨིན་གྲོལ་གླིང་འདུས་ཚོགས་བཅས་པར་ཚོམས་ཆེན་གྱི་སེང་གཡབས་སྟེང་ནས་རྙིང་མ་རྒྱུད་འབུམ་ཆེན་མོའི་བཀའ་ལུང་གསོལ་ཚིགས་གྲོལ་མ་ཐག་ནས་ས་རུབ་ཀྱི་བར་ཆོས་ཐུན་ཤིན་ཏུ་ཆེ་བར་མཛད། ཁམས་པའི་གྲྭ་རྒྱུན་ངེས་དོན་བསྟན་འཛིན་གྱིས་གསེར་སྲང་གང་། དངུལ་སྲང་བཅུ་དྲུག་ལ་སོགས་པའི་འབུལ་བ་དང་འདུས་ཚོགས་སུ་གྲྭ་ཇ་སེར་འགྱེད་དང་བཅས་པ་རྒྱ་ཆེར་བསྟབས། དེ་ནས་ཞག་བཅུ་སྐོར་ནས་གྲྭ་ཚང་རྣམས་ཆུ་ཤུལ་དུ་ཆབ་ཞུགས་ལ་ཐེགས་པའི་བར་དང་གནས་སྐབས་གཞན་ཅི་རིགས་པར་གདུང་བརྒྱུད་རིན་པོ་ཆེས་དབུས་བཤེས་གཉེན་མང་པོ་ལ་གཏེར་མགོན་ཕྱག་བཞི་པའི་དབང་ལུང་ཆ་ཚང་། ཀུན་མཁྱེན་ཆེན་པོའི་སྡེ་ལྔའི་དབང་། གཟའ་རྒོད་དུག་གི་སྤུ་གྲིའི་དབང་ཐུན་མོང་མ་ཡིན་པའི་གཏོར་དབང་དང་བཅས་པ་རྣམ་སྲས་མདུང་དམར་ཅན་དང་། དུར་ཁྲོད་བདག་མོའི་རྗེས་གནང་། རྒྱ་ཅན་ནང་གི་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་དང་། བཀའ་བརྒྱད་ཞི་ཁྲོ་རྣམ་རོལ་གྱི་དབང་། བདེ་འདུས་ཞི་བ་རིགས་བརྒྱའི་དབང་། སྡེ་དཔོན་སུམ་ཅུའི་མཐུ་དབང་། བླ་མ་གསང་འདུས་ཀྱི་དབང་། ལོཀྟྲིའི་རིག་གཏད། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་དང་ལུང་ཚང་མ། ཉང་གི་སྲིད་པའི་གཏེར་ཁྱིམ་གྱི་ལུང་རྣམས་དང་། ཁམས་པའི་གྲྭ་རྒྱུན་སོགས་མང་པོར་གཏེར་གསར་གུར་དྲག་གི་དབང་ལུང་། ཐུགས་ཐིག་གི་ལུང་། དྲག་པོ་སྡེ་ལྔ་དང་ལས་གཤིན་གྱི་རྗེས་གནང་སོགས་ཆོས་ཀྱི་འཁོར་ལོ་ཟད་པ་མེད་པར་བསྐོར། དེ་དག་གི་ཚེ་རྩེ་ལེ་གདུང་བརྒྱུད་སོགས་ཕྱོགས་མཐའི་མཇལ་མི་ཡང་ཁ་ཡར་བྱུང་། ཟླ་བ་བརྒྱད་པ་རྟིང་མའི་ཚེས་དྲུག་གི་ཉིན་བདེ་ཡངས་གསར་བཟོ་དང་། རྡོ་སྐུ་སོགས་ལེགས་པར་གྲུབ་སྟེ་ཕྱག་ནས་འཐོར་ཞིང་རྒྱུད་འབུམ་གྱི་བཀའ་ལུང་རྫོགས་ཆེན་གྱི་རྒྱུད་རྣམས་རྫོགས་མཚམས་དང་འགྲིག་པས་དེ་ཉིན་བདེ་ཡངས་ཆོས་ཁྲིའི་སྟེང་ནས་སྤྱི་མདོ་དགོངས་པ་འདུས་པའི་ལྗགས་ལུང་གནང་ཞིང་སྤྲུལ་པའི་སྐུ་གཞན་ཕན་དབང་པོ་སོགས་གྲྭ་པ་མང་པོར་དཀྱིལ་འཁོར་བྲི་ཐིག་གི་ཕྱག་ཁྲིད་ཀྱང་རིམ་པར་སྩལ། ཟླ་བ་དགུ་པའི་ཚེས་གསུམ་ལ་གོང་ནས་ན་བཟའ་ཆ་ཚང་། གོས་ཕྱི་ནང་ཡུག་སོགས་གནང་ཆ་བཟང་པོ་དང་བཅས་སྐུ་སྲུང་མང་པོ་བསྒྲུབ་རྒྱུ་སྩལ་བ་ལྟར་ཟླ་གཅིག་གི་བར་སྒྲུབ་པ་མཛད་དེ་འབུལ་མི་གནང་བར་ཐུགས་མཉེས་པའི་བཀའ་ལུང་དང་། གསེར་དང་ཇ་སོགས་ཀྱི་གནང་སྦྱིན་རྒྱ་ཆེར་སྩལ། གྲོང་སྨད་ནས་ཡུམ་སྐུ་མཆེད་ཀྱིས་རྒྱ་སྤྱད་དང་གོས་དར་གྱི་འབུལ་བ་རྒྱ་ཆེར་སྩལ་བ་ཡང་འབྱོར། ཧོར་ཡུལ་ནས་དགེ་སློང་འགྱུར་མེད་ཅན་རྣམས་ཅལ་ཏེ་བླ་མ་དང་ཧོར་དཔོན་སོགས་འགྲུལ་སྡེབས་དང་བཅས་འབྱོར་བས་ཚོམས་ཆེན་གྱི་ཁྲི་ཐོག་ཏུ་སྤྱན་དྲངས་ནས། རྟ། མཛོ་ཕོ་མོ། འབྲི་གཡག མར་སོགས་འབུལ་བ་གྱ་ནོམ་པ་དང་འདུས་ཚོགས་སུ་མང་འགྱེད། འགྲུལ་སྡེབས་སོ་སོས་ཀྱང་རྟ་ནོར་གྱི་འབུལ་བ་བཟང་པོ་བྱས་ཤིང་དགེ་ཚོགས་རྣམ་གྲོལ་གྱི་རྒྱུར་རྒྱས་འདེབས་པ་མཛད། གྲྭ་ཕྱི་ནང་གི་དགོན་པ་རྣམས་དང་། ལྷ་ལུང་། བཀྲ་ཤིས་མཐོང་སྨོན་སོགས་སུ་ཇ་སྐོལ་དང་རྟ་འགྱེད་ཀྱང་གནང་། ཧོར་གྱི་བླ་མ་འགྲུལ་སྡེབས་བཅས་པར་ཐུགས་ཐིག་གི་རྩ་དབང་། ཚེ་དབང་། གཤིན་རྗེའི་དབང་། བྱང་ཆུབ་གླིང་པའི་ཕྱག་རྡོར་གྱི་དབང་། འཕོ་བ་འཇག་ཚུགས་མ་རྣམས་སྩལ། བླ་མ་གྲྭ་རིས་ཧོར་དཔོན་སོགས་ལ་གནང་ཆ་བཟང་བར་སྩལ་ཏེ་ཞག་ཉི་ཤུ་སྐོར་ནས་ཕྱིར་ལོག ཅལ་ཏེ་བླ་མ་ཞབས་ཕྱིར་བསླབ་སྦྱོངས་སུ་བསྡད། དེ་རྗེས་དཔོན་ཡིག་དམངས་རྣམས་ཡོན་གྱིས་ཚིམ་པར་མཛད་དེ་ཕྱིར་སློག་ནས་དཔོན་མོ་ཆེ་བ་ཅན་གྱིས་འདུལ་ལུང་འདྲི་བའི་དབུ་ཚུགས། ཟླ་བ་བཅུ་པའི་ཚེས་བཅུ་བཞིའི་ཉིན་རྒྱུད་འབུམ་གྱི་བཀའ་ལུང་རྫོགས་པར་གྲུབ་སྟེ། གྲྭ་ཚང་ནས་ཚོགས་འཁོར་རྒྱས་པ་དང་འབུལ་བ་སོགས་གཏང་རག་གི་མཆོད་པ་རྒྱ་ཆེར་བསྟབས། མཚན་དཔེའི་སྤྲིན་དཀར་འཛུམ་པའི་ཞལ་སྒོ་ནས། །བླ་མེད་དམ་ཆོས་བདུད་རྩིའི་ཆར་བབ་ཚེ། །སྐལ་ལྡན་གདུལ་བྱའི་རིགས་ཀྱི་ཞིང་ས་ལ། །རྣམ་གྲོལ་དགེ་བའི་ལོ་ཏོག་ཅི་ཡང་བསྐྲུན། །འདི་སྐབས་ཇ་ལེན་གྱི་ཚོང་དཔོན་ཀམ་པོ་གནས་ཀྱི་མདར་འབམ་ནད་ཀྱིས་ལུས་པར་ཉེར་གཉིས་ཀྱི་ནུབ་ཞབས་འབྲིང་པ་དག་གིས་རྒྱུས་ཅན་ཀུན་ཆུ་ངན་པ་བཅས་ཁམས་བབས་ཐར་མི་ཐོན་ཟེར་གྱི་འདུག་ཞུས་པར། ཨའུ་རྩི་སྐྱོན་མི་ཡོང་། ཁོང་གསུམ་རྒྱ་མ་མདར་སླེབ་བྱུང་གསུང་བ་བཞིན་དེ་ནས་ཞག་འགའ་ཡར་ན། ཁོང་གསུམ་གྱིས་གསེར་ལར་རྗེས་ཟིན་པ་སླེབ་བྱུང་ཟེར་བའི་གཏམ་འབྱོར་བས་ཆགས་ཐོགས་མེད་པའི་མངོན་མཁྱེན་ལ་ཐམས་ཅད་ཡིད་ཆེས་སུ་གྱུར། དེ་དུས་ལེགས་པ་གླིང་པ་དང་། སྨོན་དྲུག་པ་གཉིས་གཞུང་དུ་ཞུ་གཏུགས་ལ་གྱ་བ་ཙམ་ཐུག་པར། ཐུགས་བསྐྱེད་བཟང་པོས་ཕྱོགས་ཕྱོགས་སུ་ཞལ་ཏ་མཛད་དེ་ནང་བཟླུམས་པ་ལ་གནང་སྦྱིན་ཡང་སྩལ། ཇ་པ་དཔོན་གཡོག་རྣམས་གོ་འཇོ་དང་རྟ་ར་བ་སོགས་ཀྱི་འབུལ་སྐྱེལ་གྱི་འགྲུལ་སྡེབས་དང་བཅས་འབྱོར་བར་མཇལ་ཁ་མཛད། ཉེར་དྲུག་ནས་བཟུང་ཞབས་དྲུང་གདུང་བརྒྱུད་ཀྱིས་དབུས་བཤེས་གཉེན་དུ་མ་ལ་རྡོ་རྗེ་ཟམ་པའི་སྒོམ་ཚུལ་བླ་མའི་བྱིན་རླབས། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བི་མ་སྙིང་ཐིག་གི་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབང་རྣམས་ཉི་མ་རེ་ལ་དབང་རེ་དང་། གནམ་གང་གི་ཞོགས་བླ་བྲང་གི་ཐོག་ཏུ་ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་ཀྱི་དབང་མཛད། དེ་དུས་སྤྲིན་རྡུལ་གྱིས་ཀུན་ཏུ་ཁེབས་པའི་ནམ་ཤོད་ཤིན་ཏུ་ངན་པའི་སྐབས་ཡིན་ནའང་སྔ་དྲོ་དབང་གཉིས་པོའི་རིང་ནམ་མཁའ་གཡའ་དག་ཅིང་། བསེར་བུ་ཆུང་ངུ་ཙམ་ཡང་མ་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར། ཟླ་བ་བཅུ་གཅིག་པ་ཤར་མཚམས་བོན་ལུང་སྤྲུལ་སྐུའི་འབུལ་བ་བཟང་པོ་དང་བཅས་ཏེ་ཞབས་བརྟན་འབུལ་མི་དང་། སྐྱེད་ཚལ་མཁན་པོ་ཟུར་པ་བཀྲ་ཤིས་རྒྱལ་མཚན་གཤེགས་པའི་བསྔོ་རྟེན་ཡང་འབྱོར། སྐྱེད་ཚལ་ཤར་ཆེན་གྲྭ་ཚང་པར་ཚོགས་ཁྲོ་དང་། དེའི་ཞལ་སྲོའི་མང་ཇ་བཅས་སྩལ་ཏེ་ཐོས་བསམ་འཕེལ་དགོས་པའི་ཞལ་ཏ་དང་། ཟུར་ཆོས་ཚུགས་པ་ཞིག་ཅིས་ཀྱང་མཛད་དགོས་པའི་བཀའ་ནན་སྩལ་བ་ལྟར་རྗེས་སུ་བསྒྲུབས་པར་ཆོས་གྲྭའི་མཐུན་རྐྱེན་དུ་ཇ་འཁོར་དྲུག་མ། དངུལ། མཛོ་མོ་བཅས་སྩལ། བྱམས་གླིང་བཀྲ་ཤིས་རྣམ་རྒྱལ་གྱིས་སྣུམ་གྱི་བཀྲུ་དག་མ་ཐོན་པར་སྲོག་ལ་གྱ་བ་ན་མི་དབང་ཆེན་པོར་ཆེད་དུ་ཞུ་གསོལ་མཛད་དེ་སྲོག་དགུམ་པའི་ཆད་པ་ལས་གྲོལ་བར་མཛད། དེ་རྗེས་སོ་སོའི་འདོད་ཆོས་རྣམས་གྲུབ་སྟེ། མདོ་དབང་དང་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཀྱི་ལུང་འགའ་ཡང་གནང་བཞེད་པ་ལ་འབྲུམ་ནད་དྲག་པོ་དེས་ཁད་ཉེར་བཅར་བར་བརྟེན། རེ་ཞིག་འབྲུམ་འཛེམ་དང་སྒོ་བསྟུན་སྐུ་མཚམས་མཛད་པར་དགོངས་ཏེ་ཟུར་ཆུ་མིག་པ། ཀཿཐོག་པ་མཆེད། བྱ་རྒོད་ཆོས་རྗེ། ཟུར་ཡང་དབེན་པ་རྣམས་སོ་སོའི་རྫོངས་བའི་གནང་ཆ་རྒྱ་ཆེ་བ་དང་། གོ་འཇོ་བ་དགེ་སློང་ཤེས་རབ་འོད་ཟེར་བླ་མར་མངའ་བསྐུར་བའི་གོས་བེར། རྡོ་རྗེ་དྲིལ་བུ་སོགས་གནང་སྦྱིན་བཟང་པོ། ཞལ་གདམས་དང་བཅས་པ་སྩལ་ནས་རྫོང་བར་མཛད་ཅིང་། ལོ་འདིའི་སྔ་རྟིང་ཅི་རིགས་པར་ཁམས་པའི་གྲྭ་རྒྱུན་བཅོ་ལྔ་ཙམ་ཡང་ཕྱིར་ལོག དེ་རྗེས་ཟླ་བ་བཅུ་གཅིག་པའི་ཉེར་གཅིག་ནས་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོ་མཛད། འདི་སྐབས་སྐུ་ཞང་ལྷ་རྒྱས་རབ་བརྟན་འབྲུམ་ནད་ཀྱིས་འདས་པར་བྱང་བཞུའི་ཆོ་ག་མཛད་པས་བདེ་འགྲོའི་རྟེན་བཟང་ཐོབ་པའི་མཚན་མ་བྱུང་གསུང་། རྗེས་བཞུགས་རྣམས་ལ་མྱ་ངན་བསང་བའི་ཞལ་ཏ་དང་ཇ་གོས་དར་སོགས་ཀྱི་གནང་སྦྱིན་ཡང་མཛད། གློ་བོ་བླ་མ་དང་སྐྱི་སྟོན་སྔགས་འཆང་ལ་ཆོས་དྲུག་སྲས་མཁར་མའི་ལྗགས་ལུང་བུག་སྒོ་ནས་སྩལ་ཅིང་། གློ་བོ་བླ་མར་ཞལ་གདམས་དང་དད་རྟེན་སོགས་རྫོངས་བའི་གནང་ཆ་གྱ་ནོམ་པའང་སྩལ། ཟླ་བ་བཅུ་གཉིས་པའི་འགོར་སྤྱན་ལྟས་ཤིན་ཏུ་འཚུབ་པ་བྱུང་སྟེ། དེ་ལ་དམིགས་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། བདག་གིས་ཀྱང་ཚེས་བཅུའི་ཉིན་མཁའ་འགྲོའི་བསུན་མ་བཟློག་པའི་ཆོ་ག་དང་འབྲེལ་བར་ཞབས་པད་བརྟན་པའི་གསོལ་བ་བཏབ་པར་བཀྲ་རྟགས་ལེགས་པར་བྱུང་གསུང་བའི་བཀའ་ལུང་བཟང་པོ་ཕེབས། གཞན་ཡང་བསྐང་བརྒྱ། མེ་མཆོད། དགུང་ཁྲའི་སྐུ་རིམ་སོགས་མང་དུ་བསྒྲུབས། ལོ་མཇུག་དུས་རིམ་དང་།

དགུང་ལོ་ཞེ་བཞི་པ།

དགུང་ལོ་ཞེ་བཞི་པ་ས་སྦྲུལ་གྱི་ལོ་གསར་སོགས་ལའང་སྐུ་མཚམས་མ་གྲོལ་བར་ཞབས་ཕྱི་ནང་སྐོར་བ་ཉུང་བསྡུས་དང་བཅས་ཏེ་ལོ་གསར་གྱི་དགྱེས་སྟོན་ཡང་གཟིམས་ཆུང་རང་དུ་མཛད་ཅིང་། ཁམས་པ་འབྲུག་རིག་འཛིན་ལ་གཏེར་གསར་རྡོར་སེམས་ཀྱི་ལུང་དང་། གནང་ཆ་ཞལ་གདམས་དང་བཅས་པ་བུག་སྒོ་ནས་སྩལ། དེ་རྗེས་གཙོ་བོར་ཐུགས་དམ་ལས་མི་གཡོ་བཞིན་དུ་ཐུན་མཚམས་སུ་དགེ་སློང་བློ་གསལ་གྱིས་ཡི་གེ་པ་ཞུས་ཏེ་གསན་ཡིག་བཀའ་རྩོམ་གྱི་དབུ་ཚུགས། གྲོང་སྨད་ནས་ཡུམ་སྐུ་མཆེད་ཀྱིས་དངུལ་སྲང་བཅོ་ལྔ། ཇ་འཁོར་དྲུག་མ་ལྔ། གོས་ཡུག་ཟུང་། ཁ་བཏགས་ཉིན་བདེ་མ། མ་ཧཱཉྩེ་དང་ཧོར་དར་སོགས་དར་ཡུག་བཞི་བཅུ་སྐོར་གྱི་འབུལ་ནོད་བཟང་པོ་དང་། དགེ་འདུན་ལ་སོ་སོ་ནས་དར་འགྱེད་དང་བཅས་བྱུང་བར་སྐུ་རིམ་བསྒྲུབ་ཏུ་སྩལ། བསམ་དགོན་ནས་ལྕམ་སྲིང་མ་ཕེབས་པར་མཇལ་ཁ་གནང་ཞིང་། གྲྭ་ཚང་དུ་ཚ་གྲ་དང་བསྔོ་རྟེན་འབུལ་བ་རྒྱ་ཆེར་བསྟབས་པ་བྱང་ཆེན་དུ་བསྔོ་བ་དང་། མཆོད་སྤྲིན་སྤེལ་ཞིང་སྙན་ཤལ་གྱི་འདོད་དོན་སྨོན་ལམ་ཡང་བཞེད་སྦྱར་བཞིན་བཀའ་རྩོམ་གནང་། སྟག་ལུང་ཞབས་དྲུང་ཁྲི་ཆེན་གཤེགས་པའི་བསྔོ་རྟེན་དུ་སྔགས་ཆས་མཆོད་ཆ་འགའ་ཞིག་ཀྱང་འབྱོར། གོང་ཞབས་ཡས་ཕྱིན་དུ་སྐུའི་འཚམས་དྲི་ཞུ་བར་གཟིམས་དཔོན་འཇམ་ཀུན་མངགས། སྐྱི་སྟོན་འཁོར་འདས་རང་གྲོལ་གྱིས་རྙིང་མ་བཀའ་མའི་དཔེ་རྒྱུན་འཚོལ་བར་ལྷག་བསམ་དྲག་པོས་དཀའ་བ་དང་དུ་བླངས་པར་བརྟེན་གླེགས་བམ་ཁྱད་ཅན་མང་པོ་སྔ་ཕྱིར་འབྱོར་བར་ཤིན་ཏུ་མཉེས་པའི་ཞལ་ཏ་དང་། ཁོང་པ་སྔར་བྱ་བྲལ་རས་པའི་ཆས་ཡིན་པ་ལ་དེ་དུས་རྗེ་ཉིད་ནས་ན་བཟའ་ཆ་ཚང་སྩལ་ཏེ་དཀར་ཆས་སུ་བསྒྱུར་བ་ལ་ཕྱག་ནས་འཐོར་ཞིང་། རྟ། ཇ། གོས་དར་སོགས་གནང་ཆའི་རྫོང ས་པ་གཟབ་པར་སྩལ། ཉིན་གཅིག་ཆོས་སྐྱོང་རྣམས་ལ་སྤྱན་གཟིགས་མཆོད་གཏོར་རྒྱ་ཆེར་བཤམས་ཏེ་བསྐང་བ་རྒྱས་པར་མཛད། ལྕམ་སྲིང་མ་བསོད་ནམས་དཔལ་འཛོམས་ལ་བཀའ་བསྒོ་བྱིན་རླབས་དང་རྫོངས་པའི་གནང་ཆ་སྩལ་ཏེ་ཕྱིར་ཐེགས། གཟིམས་དཔོན་གཞོན་པ་ལྷ་ས་ནས་འཁོར་ཏེ། གོང་ཞབས་ཡས་ཕྱིན་ནས་ཐུགས་མཉེས་པའི་བཀའ་ཤོག་ཞིབ་ཆའི་ཞལ་ཏ་དང་། མི་དབང་ཆེན་པོའི་ཡུམ་སྐུ་མཆེད་ནས་ཀྱང་། ཁ་བཏགས་ཉིན་བདེ་མ། དངུལ་སྲང་བཅུ། བཟང་གོས་ཡུག་བདུན། རྒྱ་དར་ཡུག་ཞེ་ལྔ་སོགས་འབུལ་སྐྱེས་བཟང་ཞིང་སྤམ་མཐོ་བ་འབྱོར་ཞིང་། འདི་ཙམ་དུ་མ་ཟད་སྔ་ཕྱིར་ཡུམ་དྲུང་སྐུ་མཆེད་གཉིས་ནས་དད་པ་གསུམ་གྱིས་བྱང་ཆུབ་བར་དུ་སྐྱབས་ཞུས་པའི་གྲྭ་ཚང་དུ་རྒྱུན་ཇ་རྐང་མ་དང་། སྔ་ཕྱིར་འབུལ་བ་ལའང་གསེར་ཞོ་བརྒྱ་ཕྲག་ཏུ་བརྒལ་བ་དང་། དངུལ་སྲང་ཉིས་བརྒྱར་ཉེ་བ། ན་བཟའ་དུ་མ། མུ་ཏིག་གི་ཆུན་པོ་དང་། རིན་པོ་ཆེའི་དོ་ཤལ་སོགས་རིན་ཐང་ཆེ་བའི་ནོར་སྣ་མང་པོ། བཟང་གོས་ཡུག་མང་པོ། དར་ཡུག་ཆེན་བརྒྱ་ཕྲག་མང་པོ། བཀའ་འགྱུར་རོ་ཅོག་གི་གླེགས་བམ། ཟམ་རས། ཇ་སོགས་ཟང་ཟིང་གི་དངོས་པོ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པ་ལྟ་བུར་འབུལ་བ་མཛད་དེ། དགེ་བའི་བཤེས་གཉེན་གྱི་ཆེད་དུ་གཏོང་བ་ལ་གོམས་པ་ཕུལ་དུ་ཕྱིན་པའོ། །དེ་རྗེས་ཀྱང་སྐུ་མཚམས་ཀྱི་མུ་ཁོ་ན་ནས་གསན་ཡིག་བཀའ་རྩོམ་དང་། གཙོ་བོར་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་བར་བཞུགས་བཞིན་པ་ལགས། དེ་དག་ཀྱང་རིམ་པ་མི་འཆོལ་བའི་སླད་དུ་ལོ་ཚིགས་ཀྱི་ཁོངས་དང་སྦྱར་ནས། ད་ལྟ་ཕན་གྱི་ཐུན་མོང་གི་རྣམ་པར་ཐར་པ་རང་བློས་ཇི་ལྟར་དཔོགས་པ་ཙམ་ཞིག་བརྗོད་པར་ཟད་དེ། མཛད་པ་རྣམས་དཔྱིས་ཕྱིན་པར་བརྗོད་པ་ནི། འཕགས་ཆེན་རྣམས་ཀྱིས་ཀྱང་བརྗོད་པར་དཀའ་ན། བདག་ལྟ་བུ་སོ་སྐྱེའི་སྤྱོད་ཡུལ་མ་ཡིན་ནོ། །རྨད་བྱུང་རྒྱལ་བའི་མཛད་པ་རིན་པོ་ཆེ། །ངོ་མཚར་ཡི་གེའི་སྲད་བུ་ལ་བརྒྱུས་ཏེ། །མ་འཆོལ་ཚར་དུ་དངར་བའི་འཕྲེང་བ་འདི། །སྐལ་བཟང་དགའ་མའི་སྤྱི་བོའི་རྒྱན་དུ་ལོངས། །སྤྱིར་ཡང་མཚན་བརྗོད་པར་དཀའ་བའི་བདག་ཉིད་ཆེན་པོ་འདིས་ཡང་དག་པར་ན་མི་སློབ་པའི་ས་མངོན་དུ་མཛད་ཟིན་ནའང་། ད་ལྟ་གནས་སྐབས་ཚུལ་བསྟན་ཙམ་དུ་གདུལ་བྱའི་མིག་རྐྱེན་བསྒྲུབ་པའི་ཕྱིར། ཡོངས་སུ་འཛིན་པའི་བཤེས་གཉེན་དུ་མ་བསྟེན་ཏེ། དམ་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན་ནས་དེའི་དོན་བསམ་པས་ངེས་པ་དང་། སྒོམ་པས་ཉམས་སུ་མྱོང་བར་མཛད་པས། དམིགས་པ་མེད་པའི་ཐུགས་རྗེ་དང་། དྲི་མ་མེད་པའི་ཡེ་ཤེས་ལ་མངའ་དབང་འབྱོར་ཏེ། འཆད་པ་དང་། རྩོམ་པ་ལ་སོགས་པའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་མཛད་ཅིང་། བསྡུ་བའི་དངོས་པོ་བཞིས་སྐྱེ་རྒུ་དཔག་ཏུ་མེད་པ་དངོས་དང་བརྒྱུད་པས་རང་གི་སྐལ་བ་ཇི་ལྟ་བ་བཞིན་སྨིན་པ་དང་གྲོལ་བ་ལ་འགོད་པར་མཛད་དོ། །དེ་ལྟ་མོད་ཀྱི། རྟོག་དཔྱོད་ཅན་དག ཇེ་ཐོག་མར་རྗེ་འདིས་ཡོངས་སུ་འཛིན་པའི་བཤེས་གཉེན་བསྟེན་པ་བདེན་མོད། གྲངས་ཇི་ཙམ་ཞིག་བསྟེན་ཞེས་རྟོག་ན། དེ་ཡང་བཀའ་ལས། བཀའ་དྲིན་འགྲན་ཟླ་དང་བྲལ་བའི་ཡོངས་འཛིན་རྣམ་གསུམ། སྨིན་གྲོལ་བདུད་རྩི་ཐོབ་པའི་བཤེས་གཉེན་བཅུ་གཅིག ཟབ་ཆོས་སྣ་ཚོགས་ཐོབ་ཅིང་དག་སྣང་རྒྱ་ཆེར་སྦྱངས་པའི་བཤེས་གཉེན་ཉི་ཤུ་རྩ་ལྔ། ཞེས་གསུངས་པ་ལྟར་བརྗོད་པར་བྱ་སྟེ། དང་པོ་འགྲན་བྲལ་གྱི་ཡོངས་འཛིན་རྣམ་གསུམ་ནི། ཀུན་མཁྱེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ། གསང་བདག་འཕྲིན་ལས་ལྷུན་གྲུབ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའོ། །གཉིས་པ་སྨིན་གྲོལ་བདུད་རྩི་ཐོབ་པའི་བཤེས་གཉེན་བཅུ་གཅིག་ནི། རིག་འཛིན་སྤྲུལ་པའི་སྐུ་མཆོག་པདྨ་ཕྲིན་ལས། ཐུགས་སྲས་བསྟན་འཛིན་འགྱུར་མེད། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། འབྲོམ་སྟོན་གཞན་ཕན་རྣམ་རོལ། རང་གྲོལ་ཆོས་རྒྱལ་བསྟན་འཛིན། སེ་སྟོན་ཐུགས་མཆོག་འོད་འབར། འ་ཞྭ་བསོད་ནམས་མཆོག་ལྡན། ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། ཟུར་ངག་དབང་ཕུན་ཚོགས། རྒྱ་སྟོན་འོད་གསལ་རང་གྲོལ། འཁྲུལ་ཞིག་ཀློང་ཡངས་འོད་གསལ་རྣམས་སོ། །གསུམ་པ་ཟབ་ཆོས་སྣ་ཚོགས་གསན་ཅིང་དག་སྣང་སྦྱངས་པའི་བཤེས་གཉེན་ཉི་ཤུ་རྩ་ལྔ་ནི། སྤ་གྲོ་བ་ཆོས་དབང་ལྷུན་གྲུབ། རས་ཆེན་ཀརྨ་གསང་སྔགས། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ས་སྐྱ་པ་བསོད་ནམས་དབང་ཕྱུག རྩེ་གདོང་པ་བསོད་ནམས་བསྟན་འཛིན། སྒམ་པོ་པ་བཟང་པོ་རྡོ་རྗེ། ཀ་ཚལ་པ་དཀོན་ཅོག་ལྷུན་གྲུབ། གྲུབ་ཆེན་ཀུན་བཟང་ཆོས་རྒྱལ། ཉང་བསྟན་འཛིན་ཆོས་དབང་། ཆོས་ལྡན་པ་རཏྣ་འཕྲིན་ལས། མཐུ་ཆེན་ལྕགས་གཏུན། གུང་སྣང་པ་མཛེས་པའི་དབང་ཕྱུག སྐྱི་སྟོན་པདྨ་དབང་ཆེན། མདོ་བོ་ཆེ་པ་དཀོན་མཆོག་ལྷུན་གྲུབ། སྐྱི་ཀུན་དགའ་བསྟན་གསལ། རི་པ་ཀརྨ་ཚེ་མཆོག སྒོ་མོ་བ་ཤཱཀྱ་རིན་ཆེན། སེམས་དཔའ་ཕྲིན་ལས་རྒྱ་མཚོ། ཀུ་སཱ་ལི་ཀརྨ་འབྱོར་ལྡན། མདོ་པ་དགེ་བའི་དབང་པོ། འབྲས་བུ་གླིང་པ་ངག་དབང་ཨོ་རྒྱན། བསོད་སྙོམས་པ་གྲུབ་པ་རྡོ་རྗེ། སྟོང་པ་དྷརྨ་དྷཱ་ཏུ། གྲུབ་མཆོག་བསྟན་འཛིན་ལུང་རིགས། ཉང་བན་ལེགས་བཤད་རྒྱ་མཚོ་རྣམས་སོ། །ཁྱད་པར་བརྒྱུད་པའི་བཀའ་བབ་ཅིང་། སྨིན་གྲོལ་གྱི་གདམས་པའི་གནད་ལས་འདོད་པའི་དངོས་གྲུབ་བླ་ན་མེད་པ་བརྙེས་པའི་རྒྱུའི་གཙོ་བོར་གྱུར་པ་རྩ་བའི་བླ་མ་ཞེས་གྲགས་པ་གང་ཡིན་པ་ནི་རྣམ་པ་གཉིས་ཏེ། དེ་ཡང་གཞན་ཕན་འཕྲིན་ལས་ཀྱི་བཀའ་བབས་ཀུན་མཁྱེན་རྒྱལ་བའི་དབང་པོ་ལས་བརྙེས་ཤིང་། ལྟ་སྒོམ་ཉམས་ལེན་གྱི་རྟོགས་པ་ཡབ་རྗེ་གསང་བདག་ཆེན་པོ་ལས་བརྙེས་པ་སྟེ། དེ་སྐད་དུའང་རང་སེམས་དང་དབྱེར་མེད་པའི་བླ་མ་ནི་མཁས་གྲུབ་ཀྱི་བླ་མ་རྣམ་པ་གཉིས་སོ། །ཞེས་གསུངས་པས་སོ། །འོ་ན་དེ་དག་ལ་བསྟེན་ནས་ཆོས་ཇི་ཙམ་ཞིག་གསན་སྙམ་དུ་རྟོག་ན་དེ་ཡང་བརྗོད་པར་བྱ་སྟེ། ཐོག་མར་ཡབ་རྗེ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་། ཐུགས་བསྐྱེད། བཀའ་བརྒྱད་གསང་རྫོགས་ཀྱི་དཀྱིལ་འཁོར་དུ་ཐོག་མའི་སྨིན་བྱེད་ཀྱི་དབང་རྣམས་གསན་ཏེ། རྟེན་སྡོམ་པ་གསུམ་ལྡན་དུ་མཛད་ཅིང་། ཕྱིས་རྒྱལ་མཆོག་དམ་པ་ལས་ཡོངས་རྫོགས་དགེ་བསྙེན་དང་། བཤེས་གཉེན་འགའ་ལས་ཐུགས་བསྐྱེད་ལུགས་དུ་མ་དང་། ཁྱད་པར་སྔར་སྨོས་པའི་བླ་མ་རྣམས་ལས། དབང་ལུང་མན་ངག་བཤད་པའི་བཀའ་བསམ་གྱིས་མི་ཁྱབ་པ་གསན་ཏེ། མདོར་ན་མདོ་སྒྱུ་སེམས་གསུམ། བླ་རྫོགས་ཐུགས་གསུམ། བཀའ་བརྒྱད་རྣམ་གསུམ་སོགས་བཀའ་གཏེར་གྱི་ཆོས་རྙིང་ལུགས་དེང་སང་རྒྱུན་ཡོད་དོ་ཅོག་ལྟ་བུ་གསན་ཞིང་། འགའ་ཞིག་རྒྱུན་ཆད་མ་རག་པ་ལ་རྩ་བ་ནས་ཟིན་པ་ལྟ་བུ་དང་། གསང་སྔགས་གསར་མ་དང་། མདོ་ཕྱོགས་ཀྱང་ཤིན་ཏུ་མང་བར་གསན་ཏེ། འདིར་ཐམས་ཅད་བརྗོད་ཀྱིས་མི་ལང་བས་རྟོགས་པར་འདོད་ན་གསན་ཡིག་ཏུ་བལྟ་བར་བྱོས་ཤིག་དང་ངོ་མཚར་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱང་གསན་ལོ་ཙམ་མ་ཡིན་ཏེ། བསམ་བྱུང་གི་ཤེས་རབ་ཀྱིས་དཔྱིས་ཕྱིན་པར་ངེས་པར་མཛད་ཅིང་། ཁྱད་པར་དུ་སྔོན་གོམས་ཀྱི་མཐུ་ཕུན་སུམ་ཚོགས་པ་དང་ལྷག་པའི་ལྷའི་བྱིན་རླབས་ཀྱིས་ཐུགས་རབ་ཀྱི་རྩལ་ཐོགས་པ་མེད་པས་གང་ལའང་དཀའ་བ་མེད་ཅིང་གཟིགས་པ་ཙམ་གྱིས་ཕུལ་དུ་བྱུང་བར་མཁྱེན་པ་དང་། དེ་རྣམས་སྒོམ་བྱུང་གི་ཤེས་རབ་ཀྱིས་ཉམས་སུ་མྱོང་བར་མཛད་དེ། དེའི་ཚུལ་ཡང་མཆིམས་ཕུ་ལ་སོགས་པ་གནས་གཞན་དང་། གདན་ས་སྔ་ཕྱི་ལ་སོགས་པར་སྟན་ཐོག་གཅིག་མའི་ལོ་སྒྲུབ་དང་། ཟླ་བ་དྲུག་མ་སོགས་ཤིན་ཏུ་མང་བར་མཛད་ཅིང་། དེ་དག་གི་ཚེ་གཙོ་བོར་རྩོལ་བྲལ་རྫོགས་པ་ཆེན་པོའི་ངང་ལ་བཞུགས་པས། རྫོགས་པ་ཆེན་པོ་རྩ་བྲལ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། མཉམ་རྗེས་གཅིག་ཏུ་འདྲེས། འོད་གསལ་འཁོར་ཡུག་གི་ཏིང་ངེ་འཛིན་སྒོ་དུ་མ་ལ་རང་དབང་འབྱོར་བར་གྱུར། ཡི་དམ་ལྷའི་བསྙེན་པ་མཛད་ཚུལ་ཡང་། གུ་རུ་ཞི་དྲག རྡོ་རྗེ་སེམས་དཔའ། ཐུགས་རྗེ་ཆེན་པོ། བཀའ་བརྒྱད། དཔལ་ཡང་དག རྡོ་རྗེ་ཕུར་པ། གཤིན་རྗེ་གཤེད། ཕྱག་རྡོར། དྲེགས་འདུལ། ཚེ་དཔག་མེད། རྟ་མགྲིན་དམར་ནག །རྡོ་རྗེ་རྣལ་འབྱོར་མ། རིག་པའི་རྒྱལ་པོ། ལོཀྟྲི་རྣམས་ལ་ལོ་སྒྲུབ་དང་ཟླ་དྲུག་མ་ནས་ཟླ་བ་གཅིག་གིས་ཉུང་མཐའ་བྱས་པ་དང་། དེར་མ་ཟད་བདུན་ཕྲག་གཅིག་གིས་མཐའ་བརྟེན་ནས་བསྙེན་པ་བྱས་པའི་ལྷ་ནི་རྣམ་གྲངས་མི་གཅིག་པ་ཉི་ཤུ་རྩ་ལྔ་ཙམ་ལའང་འབྲེལ་པ་རེ་བྱས་གསུང་། དེ་དག་ལས་མཚན་མ་བརྙེས་པའི་ལྷ་ནི། ཐུན་མོང་གི་དངོས་གྲུབ་ཀྱི་མཚན་མ་ཐོབ་པའི་ལྷ་གཉིས་དང་། མཆོག་གི་དངོས་གྲུབ་ཀྱི་ལྟས་ཡིན་ནམ་སྙམ་པ་མི་འདྲ་བ་གསུམ་ལས་བྱུང་། ཞེས་དེ་ཙམ་ལས་ཞལ་གྱིས་མི་བཞེས་སོ། །དེ་ལྟར་སྤྱོད་ལམ་ཀུན་ཏུ་ཟུང་འཇུག་གི་རྣལ་འབྱོར་ལས་གཡོ་བ་མེད་བཞིན་དུ། རྒྱུན་དུ་ཆག་མེད་ཀྱི་ཐུགས་དམ་གྱི་རིམ་པ་ཡང་། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་གཉུག་མའི་ཧེ་རུ་ཀའི་སྐུར་བཞེངས་ནས་སྐྱབས་སེམས་སྔོན་འགྲོའི་རྡོར་སེམས་སྒོམ་བཟླས་ཡིག་བརྒྱ་ཉེར་གཅིག་རེས་ཉུང་མཐའ་མཛད་པ། དེ་ནས་བླ་མའི་རྣལ་འབྱོར་སྒོམ་རིམ་གང་བདེ་དང་། ཕལ་ཆེར་བླ་མ་ཀུན་འདུས་ཨོ་རྒྱན་དུ་བསྒོམས་ནས། བླ་མ་སྐུ་གསུམ་མ་དང་། སྐུ་བཞི་མའི་གསོལ་འདེབས། བཛྲ་གུ་རུ་བརྒྱ་རྩས་ཉུང་མཐའ་མཛད་པ་གསོལ་འདེབས་ཀྱི་ཚུལ་དང་། འོད་ཟེར་སྤྲོ་བསྡུས་དབང་བཞི་བཞེས་རྗེས་གཉིས་མེད་ཀྱི་ངང་དུ་མཉམ་པར་གཞག སླར་ཡང་སྐད་ཅིག་གིས་སྲུང་འཁོར་དང་དྲག་དམར་གསལ་འདེབས་མཛད་དེ། ཨ་རྩིག་ནི་རྩིག་བརྒྱ་རྩས་ཉུང་མཐའ་མཛད་པ་རེ་དང་། སྤྱན་ལྟས་སོགས་དང་སྦྱར་བའི་སྔགས་དམིགས་ཀྱི་སྒྱུར་ཁ་སྐབས་སྦྱར་རེ་མཛད། དེ་རྗེས་རྡོར་སེམས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་སྦྱར་ཏེ་གཙོ་སྔགས་བརྒྱ་རྩ་དང་། ཞི་བ་སྤྱི་སྔགས་ལྔ་བཅུ་རེའི་མཐར་ཉེར་བསྡུ་དང་། དེ་ནས་བཀའ་བརྒྱད་ཀྱི་རྣལ་འབྱོར་དང་སྦྱར་བའི་ཧཱུྃ་སུམ་བརྒྱའི་མཐར་གཙོ་བོའི་སྙིང་པོ་ལྔ་བཅུ་རེ་དང་། དཔལ་བརྒྱད་པོར་ཉེར་གཅིག་རེ་དྲག་སྔགས་སོ་ལྔ་པ་ཉེར་གཅིག་ཙམ་རེའི་མཐར་སྣོད་བཅུད་དག་པའི་དཀྱིལ་འཁོར་དུ་སྦྱངས་ནས། འབྲུ་གསུམ་གྱི་འགོག་བཟླས་དང་། རྡོ་རྗེའི་བཟླས་པ་ཅི་རིགས་མཛད་ནས་འོད་གསལ་དུ་འཇུག་པར་མཛད་རྗེས། ཆོས་ཉིད་དེ་བཞིན་ཉིད་ཁྲེགས་ཆོད་ཀྱི་རྣལ་འབྱོར་ལ་མཉམ་པར་འཇོག་པ་དང་། དེ་ནས་ནམ་སེང་ལ་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་རྣལ་འབྱོར་བཟླས་པ་བརྒྱ་རྩ་དང་རྫོགས་རིམ་གྱི་གཏུམ་མོ་རླུང་སྦྱོར་སོགས་ཅི་རིགས། དེ་ནས་ཡན་ལག་བདུན་པ་སྔོན་འགྲོའི་ཆོ་ག་རྒྱས་བསྡུས་ཅི་རིགས་པས་སེམས་བསྐྱེད་བཞེས། དེ་རྗེས་དཀར་གཏོར་ཛམ་ལྷའི་ཆུ་སྦྱིན་དང་བཅས་པ་མཛད་རྗེས། ཕྱག་དཔེའི་གཟིགས་རྟོག་ཅི་རིགས་མཛད་ནས་ཉིན་མོའི་སྟན་ལ་ཕེབས་ཏེ། ཐོག་མར་ཟབ་ཁྲིད་གསུང་དགོས་ཀྱི་དམིགས་ཐུན་རྣམས་རིམ་ཅན་དུ་གསུང་ཞིང་དེ་ནས་ཀུན་ཏུ་དོན་ཡོད་པའི་མཛད་པ་གང་འོས་སུ་འཇུག་པར་མཛད། དགུང་ཚིགས་དུས་གསོལ་བ་ལ་སློབ་དཔོན་ཆེན་པོའི་པར་སྐུ་བཅུ་རེ་དང་། སཱཙྪ་ལྔ་རེ། དེ་ནས་དགོང་གི་ཆ་ལ་གཟིམས་ཆུང་མགོན་ཁང་དུ་ཕེབས་ཏེ་ཆུ་ལ་ཉ་ལྡང་བའི་ཚུལ་དུ་གཉུག་མའི་ཧེ་རུ་ཀ་དཔལ་ཆེན་པོར་གསལ་བས་ལྗགས་བཟླས་ཅུང་ཟད་ཙམ་དང་བཅས་བདག་བསྐྱེད་སྔོན་འགྲོའི་བླ་མ། ཡི་དམ། ལེགས་ལྡན། ཕྱག་བཞི་པ། མ་ནིང་། ཞལ་བཞི་པ། སྔགས་སྲུང་མ། གཟའ། རྣམ་སྲས། དུར་ཁྲོད་བདག་མོ་རྣམས་དང་། རྗེས་འབྲང་གཞི་བདག་སྤྱི་གཏོར་དང་བཅས་པའི་གཏོར་མ་བསྔོ་བ། དེ་རྗེས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་སྙིང་པོ་ཉེ་སྙིང་། རྩ་སྔགས་རྣམས་ཀྱི་ལྗགས་བཟླས་ཅི་རིགས་མཛད་པའི་མཐར། ཕྱིར་བཟློག་གི་སྒོམ་བཟླས་ཐུན་གཏོར་དང་བཅས་པ། དེ་རྗེས་གཟིམས་མལ་དུ་ཕེབས་ཏེ་རྡོ་རྗེ་ཕུར་པའི་རྣལ་འབྱོར་གྱིས་ཀཱི་ལ་ཡ་ལྔ་བཅུ་རེ་དང་། ཐུགས་རྗེ་ཆེན་པོའི་བཟླས་སྒོམ། ངག་བཟླས། འགོག་པ། རྡོ་རྗེའི་བཟླས་པ་རྣམས་ཅི་རིགས་མཛད་རྗེས། ཉེར་བསྡུའི་རྣལ་འབྱོར་སྟོང་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པར་མཛད་ཅིང་། དེ་དང་མཚན་མོའི་རྣལ་འབྱོར་སྦྲེལ་བའམ་རེས་འགའ་དེ་ལས་གཉུག་མའི་ལྷར་བཞེངས་པའི་ང་རྒྱལ་གྱི་མཐར་མཚན་མོའི་རྣལ་འབྱོར་གང་བདེ་རེ་མཛད་པ་ཡིན། སྐབས་རེ་མཚན་ལམ་སོགས་དང་བསྟུན། ཚེ་སྒྲུབ། སྲུང་བཟློག་སོགས་ཀྱི་བཟླས་སྒོམ་འཕར་མ་ཡང་མཚམས་ཅི་རིགས་པར་མཛད་གསུང་། སྔ་ཕྱིར་ཐུགས་དམ་གྱི་འཁྲིགས་རིམ་བསྒྱུར་ཁ་མི་གཅིག་པ་སྣ་ཚོགས་ཤིག་མཛད་འདུག་ནའང་། འདི་ནི་ད་ལྟའི་དུས་མཛད་བཞིན་པའི་ལུགས་ཡིན་ནོ། །རྒྱུན་དུ་ཐུགས་དམ་གྱི་བར་རྣམས་སུའང་བཀའ་རྩོམ། ཕྱག་བྲིས། གཟིགས་རྟོག ཆོས་འཆད་པ་འབེལ་གཏམ་གྱི་སྒོ་ནས་གཞན་དགེ་བ་ལ་སྦྱོར་བ། བྱ་བ་ལས་ཀྱི་འཁོར་ལོའི་ཞལ་འཁོས་སོགས་ཀྱི་དུས་འདའ་བས་བཏང་སྙོམས་སུ་སྐྱིད་དེ་བར་བཞུགས་པ་མི་སྲིད། དེའི་དོན་གྱིས་རྟག་པར་སྐུ་གསུང་ཐུགས་ཀྱི་རྟེན་བརྟེན་པར་བཅས་པ་བཞེངས་པའི་བཟོ་གྲྭ་མི་ཆག་པ་དང་། དེ་དག་གི་མཐུ་ལས་ལོ་བཅུ་སྐོར་གྱི་ཁོངས་སུ་སྨིན་གྲོལ་གླིང་གི་གཙུག་ལག་ཁང་བླ་བྲང་དང་བཅས་པ་སོ་སོའི་རྟེན་བརྟེན་པར་བཅས་པ་རྒྱ་ཆེ་ཞིང་བཟོ་བཀོད་ཕུན་སུམ་ཚོགས་པ་ལེགས་པར་མཐར་ཕྱིན་པར་གྲུབ་པ་དང་། གཞན་ཡང་སྔ་ཕྱིར་རིན་པོ་ཆེ་དང་སྨན་འདམ་ལས་གྲུབ་པའི་སྐུ་བརྙན་སྟོང་ཕྲག་ཏུ་ཉེ་བ་དང་། བྲིས་ཐང་བརྒྱ་ཕྲག་ཙམ། རྙིང་མ་རྒྱུད་འབུམ་གྱིས་ཐོག་དྲངས་གསེར་དངུལ་ལས་བཞེངས་པའི་གླེགས་བམ་ལྔ་བཅུར་ཉེ་བ་དང་། བཀའ་གཏེར་གྱི་གསུང་རབ་སྐྱ་པོད་ཀྱིས་བཞེངས་པ་བརྒྱ་ཕྲག་ཏུ་བརྒལ་བ་ཙམ་དང་། གཙོ་བོར་ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་པའི་སྡེ་དགེ་འདུན་ཕྱེད་ཉིས་བརྒྱར་ལོངས་པ་གསར་དུ་བསྡུ་བར་མཛད་ཅིང་། གཞི་ཚུལ་ཁྲིམས་རྣམ་པར་དག་པའི་དྭངས་ཚུགས་དང་། འཁོར་ལོ་གསུམ་གྱི་བྱ་བ་ལས་མི་གཡེལ་བར་བསྐུལ་ཞིང་། རྒྱུན་གྱི་ཕོགས་དང་ཇ་ཚུལ། དུས་གཏོར་དང་། སྒྲུབ་མཆོད་སོགས་འདུ་བའི་སྒོ་ཕུན་སུམ་ཚོགས་པས་རྟག་ཏུ་མི་བྲེལ་བ་དང་། གོང་མ་ཡས་ཕྱིན་གྱི་གནང་ཆ་དང་། དད་ཅན་གྱིས་ཕུལ་བ་སོགས་ཕྱག་ཏུ་འབྱོར་བའི་དངོས་རྫས་ཀུན་ཀྱང་བར་མ་དོར་ཆུད་མི་འཛའ་བར་དཀོན་ཅོག་གི་ཆེད་ཁོ་ནར་བསྔོ་སྒྱུར་མཛད་དེ། གོང་དུ་སྨོས་པའི་རྟེན་གསུམ་རྣམས་དང་། དེ་དག་གི་མདུན་སར་བཟང་གོས་ཀྱི་བླ་རེ། འཕན། རྒྱལ་མཚན། ཕྱེ་ཕུར་སོགས་ཀྱིས་རྣམ་པར་བཀྲ་ཞིང་། རྒྱ་བོད་ཀྱི་མཆོད་ཆ་སྣ་ཚོགས་ཚར་དུ་དངར་བ། མར་མེ་ལྷ་བཤོས་སོགས་རྒྱུན་གྱི་མཆོད་པའང་བཟང་ཞིང་བསྟར་ཆགས་པ་དང་། གྲྭ་ཚང་གི་ཉེར་སྤྱད་དུ་སྦུག་སིལ་རྔ་དུང་རོལ་ཆ། སྣམ་སྦྱར། རྟེན་ཁེབས། ཞལ་བརྙན། ཞྭ་ཕོད། སྤྱན་གཟིགས་ཀྱི་བྱེ་བྲག་མང་པོ་དང་། རྒྱན་གོས་ཕྱག་ཆ་སོགས་དབང་དང་སྒྲུབ་མཆོད་རབ་གནས་སོགས་ལ་ཉེ་བར་མཁོ་བའི་ཡོ་བྱད་སོ་སོའི་ཚད་དང་མཚན་ཉིད་ཀྱི་ངེས་པ་དང་འབྲེལ་བ་དཔྱོད་ལྡན་གྱིས་བསྔགས་འོས་སུ་གྱུར་པ་དུ་མའང་སྒྲུབ་པར་མཛད་ཅིང་། དེའི་ཚེ་རྒྱུ་ཡོན་དུ་འོས་པའི་དངོས་པོ་སྐབས་དེ་དང་དེར་ཕྱག་ན་གང་ཡོད་འཕང་མེད་དུ་གཏོང་བ་ལས་ལྷག་མའི་སྲི་ཚགས་མི་མཛད་པས་བཟང་གོས་ལས་གྲུབ་པའི་ན་བཟའ་སོགས་ཀྱང་མཆོད་པའི་རྫས་ཁོ་ནར་བསྔོ་སྒྱུར་མཛད། མདོར་ན་ཟང་ཟིང་གི་དངོས་པོ་དཀོན་ཅོག་ལ་དམིགས་ནས་དངོས་བསྒྱུར་བྱས་པ་རྣམས་རང་ནོར་ཡིན་གྱི། དེ་ལས་གཞན་པ་ཇི་ཞིག་ན་ལོངས་སྤྱོད་རྒྱུར་དམིགས་པའི་གསོག་རུང་བྱེད་པ་ནི་སུའི་ཡིན་ཆ་མི་འཚལ་ལོ་ཞེས་གསུང་བ་བཞིན་ཕྱག་ལེན་དུ་ཐེབས་པ་ནི་ཀུན་གྱིས་གཏན་ལ་ཕེབས་པ་འདིའོ། །དེར་མ་ཟད། རང་གཞན་གྱི་སྡེ་ཆེ་ཆུང་ཀུན་ལའང་གོང་འཕེལ་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་སྒོ་དུ་མ་ནས་ཕན་པའི་ཐབས་སྣ་ཚོགས་སུ་སྩོལ་བ་དང་། བཤད་སྒྲུབ་ཆོས་འཁོར་དང་། ནམ་མཁའ་མཛོད་སྒྲུབ་སྡེ་བས་མཚོན། དགེ་འདུན་གྱི་སྡེ་འཐོར་མ་རག་མང་པོའང་གོང་མའི་ཐུགས་རྗེ་བསྐུལ་ཏེ་སྲོག་རྩ་ནས་འཛིན་པར་མཛད་པ་ལྟ་བུ་དང་། གཞན་ཡང་རབ་བྱུང་དང་ཁྱིམ་པ། ཐ་ན་དུད་འགྲོ་ཕྲ་མོ་ཚུན་ཆད་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་ཕན་འདོགས་པར་མཛད་པ་དང་། གངས་ཅན་གྱི་བདག་པོ་གོང་ཞབས་ཡས་ཕྱིན་གྱིས་གཙོ་མཛད་ཆེ་དགུ་ཀུན་གྱིས་བཏུད་ཅིང་བཀུར་ནའང་དྲེགས་པ་དང་ཁེངས་པ་ཅུང་ཟད་ཀྱང་མི་མངའ་བས་ཀུན་དང་མཉམ་གྲོགས་མཛད་ཅིང་། ཆེ་ཆུང་ཐམས་ཅད་ལ་དབུ་མའི་ལམ་ཁོ་ནར་བཞུགས་པ་དང་། ཆོས་བརྒྱད་ཞིག་པས་ཆོས་དང་མཐུན་པའི་སྤྱོད་ལམ་རྣམ་བཞི་ཤུགས་འབྱུང་འགོག་མེད་རང་བབས་སུ་སྐྱོང་བ་ལས་ཆེད་དུ་བཅོས་པའི་མཛེས་ཁྲིགས་སྤར་ཁབ་ཀྱི་མཐུན་འཇུག་དང་གཡབ་མོ་མི་མཛད། ཆོས་གསུང་བ་ན་ཡང་གདུལ་བྱ་སོ་སོའི་དབང་པོའི་རིམ་དང་འཚམས་པར་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་ཚུལ་གང་ལས་བརྩམས་ཏེ་གསུངས་ཀྱང་མཐར་གྱི་སྙིང་པོའི་དོན་ཁོ་ན་ལ་དཀྲི་བའི་ཐབས་ལ་མཁས་པ་དང་། དབང་བསྐུར་མཛད་པ་ཀུན་ཀྱང་ཆོ་ག་སོ་སོའི་ཕྱག་ལེན་ངེས་པའི་ཁུངས་དང་འབྲེལ་ཞིང་ཡེ་ཤེས་ཕེབས་པ་སོགས་བྱིན་རླབས་ཀྱི་ལྟས་མངོན་སུམ་དུ་སྟོན་ནུས་པ་དང་། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་ཅིང་སྲུང་བཟློག་སོགས་ལས་རབ་འབྱམས་ལ་ཡང་མངའ་དབང་འབྱོར་བས་གོང་མའི་སྐུ་རིམ་དུས་ཅན་དང་དུས་མེད་དུ་འབྱུང་བས་མཚོན་པ་སོགས་གང་དང་གང་ལ་ཡང་དེ་དང་དེའི་ལྷ་སྔགས་ཏིང་ངེ་འཛིན་དང་རྟེན་འབྲེལ་གྱི་གནད་ཟབ་ཅིང་ཕྲ་བ་དག་ཀྱང་འོལ་སྤྱི་ཙམ་མིན་པར་ཕྱག་ལེན་དུ་ཐེབས་པར་མཛད་ཅིང་། འོས་སུ་གྱུར་པ་དག་ལ་ཡང་འདོམས་ཤིང་བགྱིད་དུ་སྩོལ་བ་ལ་བསྙེལ་བ་མི་མངའ་བས་ལས་འབྲས་དོན་ཡོད་དུ་མཛད་པ་ལ་བསྙོན་དུ་མེད། དེ་ལྟ་ནའང་གཟུང་འཛིན་གྱི་མཚན་མ་ལས་གྲོལ་བས་བརྙེད་བཀུར་གྱི་ཆེད་དུ་སྡེ་དགོན་དང་ཆོས་ལུགས་གྲུབ་མཐའ་སོ་སོར་ཆགས་སྡང་གི་ཁ་འཛིན་དང་། དགེ་བའི་བཤེས་གཉེན་གཞན་ལའང་ཞལ་སྐུར་རིས་སུ་གཅོད་པ་སོགས་མི་མཛད་པར་ཐམས་ཅད་ལ་དག་སྣང་སྦྱོང་ཞིང་སྤེལ་བར་མཛད་ནའང་། ཆོས་ཀྱི་གནད་དགོངས་པས་རང་ཉིད་སྒྲུབ་རྒྱུད་ཀྱི་གནས་ལུགས་སྟོན་པའི་ཚུལ་རྣམས་ལ་ཐུགས་འགྲོ་ཞིང་། གཞི་ལམ་འབྲས་གསུམ་གྱི་གྲུབ་མཐའི་བཞག་མཚམས་ཀྱང་ཀུན་མཁྱེན་ཆོས་རྗེའི་ལུགས་ལས་གཞན་དུ་མི་འདའ་བ་དང་། གྲྭ་སློབ་ཡོན་བདག་སོགས་ཀྱིས་སྐུར་འདེབས་དང་ལོག་སྒྲུབ་བགྱིས་པ་རྣམས་ལའང་མནར་སེམས་དང་མི་མཉེས་པ་མི་མངའ་བར་བྱམས་པས་རྗེས་སུ་སྐྱོང་བར་མཛད་པ་དང་། མདོ་སྔགས་རིག་གནས་དང་བཅས་པ་ཐུགས་སུ་ཆུད་པས་གང་ལའང་ཆགས་ཐོགས་མེད་པའི་ངག་གི་དབང་ཕྱུག་ཆེན་པོར་གྱུར་ཏེ་བསྟན་བཅོས་མཛད་པ་ལའང་སྔ་འགྱུར་བཀའ་མའི་སྐོར་ལ། དོང་སྤྲུགས་ཀྱི་དཀྱིལ་ཆོག །ལེགས་ལྡན་གྱི་སྒྲུབ་ཐབས་སོགས་མང་པོ་དང་། གཏེར་རྙིང་བཀའ་བརྒྱད་བདེ་འདུས་སྐོར་ལ་ཁྲོ་བོའི་ལས་བྱང་། ཁྲོ་རོལ་གྱི་ལས་རིམ། དེའི་ལག་ལེན་གསལ་བྱེད་སོགས་དང་། ཕུར་པ་སྤུ་གྲིའི་སྐོར་ལ་ལས་བྱང་། སྒྲུབ་ཁོག གདབ་ཁ། གཏོར་ཟློག་གི་ལས་རིམ་སོགས་དང་། འཁོར་བ་དབྱིངས་སྒྲོལ་གྱི་ས་ཆོག་ཟུར་འདེབས། དམ་ཅན་སྤྱིའི་ལས་བྱང་དང་། བྱེ་བྲག་ཕྱག་བཞི་པ་དང་། དུར་ཁྲོད་བདག་མོའི་མདོས་ཆོག་སོགས་སོ་སོའི་ཆོ་ག་དང་། སྤྱིའི་ཆོ་ག་དང་རྣམ་བཤད་སྐོར་ལའང་དམ་རྫས་བདུད་རྩིའི་སྒྲུབ་ཐབས་རྣམ་བཤད་དུ་མཛད་པ། རབ་གནས་ཀྱི་ཆོ་ག དེའི་ལག་ལེན་རྣམ་བཤད། ཞི་རྒྱས་ཀྱི་སྦྱིན་སྲེག་རྣམ་བཤད་དང་གོ་ཆུ་རུབ་ཏུ་བྱས་པ་དང་། ཞི་རྐྱང་གི་སྲེག་ཆོག གཤིན་པོ་རྗེས་འཛིན་གྱི་ཆོ་ག བསང་མཆོད། ཆུ་གཏོར་ལྷན་ཐབས་དང་བཅས་པ། ཆ་གསུམ་གྱི་ཆོ་ག བརྒྱ་བཞིའི་ཆོ་ག ཞང་བློན་གྱི་རྗེས་གནང་། བྱད་འགྲོལ་གྱི་སྒྲུབ་ཐབས་ལག་ལེན། དགོངས་འདུས་ཀྱི་རྒྱུན་གྱི་ཉམས་ལེན་སོགས་སྒྲུབ་ཐབས་རྒྱུན་ཁྱེར་མཐའ་ཡས་པ། དམ་ཅན་སྤྱིའི་གཏོར་ཆོག་སོགས་གཏོར་ཆོག་གི་སྐོར་མང་པོ། བསྟན་གསོལ་སོགས་གསོལ་ཁ་སྣ་ཚོགས་པ་སྟེ། དེ་དག་ལ་སོགས་པ་ཉེར་མཁོའི་དུམ་དུམ་མཐའ་ཡས་སོ། །གཏེར་གསར་གྱི་ཐུགས་ཐིག་སྐོར་ལ། རིག་འཛིན་ལས་བྱང་། ཚེ་དཔག་མེད་ཀྱི་ལས་བྱང་། དེའི་དབང་ཆོག་དང་བརྟན་བཞུགས་འབུལ་བའི་ཁྲིགས་རིམ། ཞལ་བཞི་པའི་བསྐང་བ་སོགས་སོ། །གཤིན་རྗེ་གཤེད་ཀྱི་སྐོར་ལ། ལས་བྱང་དང་། རྒྱུན་ཁྱེར་སྙིང་པོ་བསྡུས་པ། བསྙེན་ཡིག དཀྱིལ་ཆོག་མནན་སྲེག་འཕང་གསུམ་སོ་སོའི་མན་ངག ལག་ལེན་གསེར་ཐུར། ལས་གཤིན་གྱི་འཕྲིན་ལས་རྣམས་སོ། །གནམ་ལྕགས་བྲག་གི་གཏེར་གསར་སྐོར་ལ། བླ་མ་དྲག་པོའི་ལས་བྱང་། དེའི་བསྙེན་ཡིག བྱིན་རླབས་ཀྱི་མཚམས་སྦྱོར། གཏོར་བཟློག་རྣམས་དང་། རྡོར་སེམས་ཀྱི་བསྙེན་སྒྲུབ་ལས་གསུམ་རྣམས་སོ། །ཤ་འུག་གཏེར་གསར་ལ་བསྙེན་ཡིག་བཀླགས་པས་ཀུན་ཤེས་སོགས་ཡིག་ཕྲན་འགའ། གཞན་ཡང་གཅོད་སོགས་ཀྱི་མན་ངག་ཟབ་གནད་མང་པོ་དང་། བསླབ་བྱ་ཞལ་གདམས་ཀྱི་སྐོར་བདུད་རྩིའི་ཐིགས་པ་རྣམས་སོ། །ཐུན་མོང་ཕྱིའི་གནས་ཀྱི་བསྟན་བཅོས་ལ། སྙན་ངག་མེ་ལོང་གི་དཔེར་བརྗོད་དང་། ཆབ་ཤོག་སྣ་ཚོགས་རྡོ་རྗེ་སྒྲ་མའི་རྒྱུད་མང་། བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་བསྟོད་སྤྲིན་རྒྱ་མཚོའི་རོལ་མོ། རྗེ་ཉིད་ཀྱི་བརྟན་བཞུགས་དང་གསོལ་འདེབས་སྐོར་གསང་གསུམ་མཛེས་རྒྱན། བཤེས་གཉེན་གཞན་གྱི་བསྟོད་པ་དང་བརྟན་བཞུགས་སོགས་དག་སྣང་དད་པའི་མེ་ཏོག གནས་རྟེན་གྱི་དཀར་ཆག་སོགས་ངོ་མཚར་སྙེ་མའི་ཆུན་པོ། རྟེན་གྱི་ཞལ་བྱང་དང་སྙན་ཤལ་སྨོན་ལམ་གྱི་སྐོར་ཚོགས་གཉིས་ལྗོན་པའི་མྱུ་གུ་ལ་སོགས་ཏེ། མདོར་ན་དྲི་མ་མེད་པའི་གསུང་རབ་པོད་ཆེན་གསུམ་དུ་ཉེ་བས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་དང་། ཁྱད་པར་དཔེ་མ ཁྱུད་ཅུང་ཟད་ཙམ་ཡང་མི་མངའ་བར་གདུལ་བྱ་སོ་སོའི་སྣོད་དང་གང་ལ་གང་འཚམས་ཀྱི་ཆོས་སྦྱིན་ཕྱོགས་གང་དུ་ཐེགས་པ་དེ་དང་དེར་གསུང་ཞིང་། བྱེ་བྲག་དབུ་རུ་གྲུ་འཛིན་དང་། གཡོ་རུའི་གདན་ས་གསར་རྙིང་རྣམས་སུ་རྟག་པར་ཆོས་འཁོར་བསྐོར་ཏེ། དེ་ཡང་རྒྱུད་འབུམ་ཚར་གཉིས། དགོངས་འདུས་ཚར་གསུམ་སོགས་མདོ་དབང་མ་གཏོགས་པ་གང་གསན་ལས་ཐ་ན་ཚར་རེ་མ་གསུངས་པ་མེད་པ་ལྟ་བུ་དང་། བཀའ་བརྒྱད་དགོངས་འདུས་སོགས་དཀྱིལ་ཆེན་བརྒྱ་ཕྲག་ཕྱེད་གཉིས་ལྷག་པའི་དབང་སྔ་ཕྱིར་ལན་མང་པོ་དང་། བི་མ་སྙིང་ཐིག་དང་། བླ་མ་ཡང་ཏིག མཁའ་འགྲོ་སྙིང་ཐིག་གི་གཞུང་ཁྲིད་རྣམས་ཚར་གསུམ་དང་། ཡང་ཐིག་གི་ལྷན་ཐབས་སྦྱར་བ་ཚར་གཉིས། རྡོར་སེམས་སྙིང་ཐིག་ཀུན་བཟང་དགོངས་འདུས། རྡོ་རྗེ་ཟམ་པ། དཀོན་ཅོག་སྤྱི་འདུས། ཕྱག་ཆེན་ལྔ་ལྡན་རྣམས་ཚར་རེ་དང་། བྱང་གཏེར་ཐུགས་རྗེ་ཆེན་པོ་དང་། ཡང་ཐིག་གཅེས་སྒྲོན། མ་གཅིག་གི་གཅོད་ཁྲིད་རྣམས་སོ་སོ་ནས་ཚར་གཉིས་རེ། གཏེར་གསར་གྱི་ཁྲིད་བཀའ་ནི་སྔ་ཕྱིར་བསྡོམས་ན་ཚར་བརྒྱ་ཕྲག་ལྷག་པ་སོགས་མདོར་ན་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་སྤེལ་བར་མཛད་ལ། དེའི་དོན་གྱིས་གངས་ཅན་གྱི་བཤེས་གཉེན་དང་། མི་ཆེན་ཀུན་གྱིས་ཞབས་ལ་བཏུད་ཅིང་ཞལ་སློབ་ཏུ་གྱུར་པ་ཤ་སྟག་གོ །ཅི་དེ་ལྟར་ན་ཞལ་སློབ་ཏུ་གྱུར་པ་ནི་འདི་དང་འདིའོ་ཞེས་སྨྲ་རིགས་པ་ཉིད་དོ་སྙམ་དུ་རྟོག་ན། དེའང་བརྗོད་པར་བྱ་སྟེ། སློབ་དཔོན་ཆེན་པོས་རྡོ་རྗེའི་ཚིག་གིས་ལུང་བསྟན་པ་ལས། ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔ འགྲོ་དོན་ནུས་པ་སུམ་ཅུ་ལྔ༔ རང་དོན་གྱུར་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱི་འབྲེལ་བ་སྟོང་ཚོ་གཉིས༔ སྨོན་ལམ་འབྲེལ་པ་ཁྲི་ཁྲག་ལྔ༔ ལས་ཀྱི་འབྲེལ་པ་དྲུག་ཅུ་བདུན༔ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔ བཟང་པོའི་འབྲེལ་ཅན་ཁྲི་ཕྲག་གཉིས༔ ཞེས་གསུང་པ་ལས། དེ་དག་གི་ནང་ནས། སྔར་ཞབས་ལ་ཐུག་སྟེ་རྒྱུད་གྲོལ་བ་དང་། འབྲེལ་བ་ཐོགས་ཙམ་པ་དང་། སྔར་མ་འབྲེལ་བར་ད་དུང་འབྱུང་འགྱུར་སོགས་ཅི་རིགས་པ་ཡོད་མོད་ཀྱང་། དེ་ལས་སྔར་ཆོས་ཀྱིས་རྗེས་སུ་བསྐྱངས་པའི་སློབ་མ་ཡོངས་སུ་གྲགས་པ་ཙམ་ཡང་ཁོ་བོ་ཅག་གིས་འདྲི་བའི་བློ་མཐུ་མ་མཆིས་མོད། དེ་ལྟར་ནའང་། རང་གིས་མཐོང་ཐོས་སུ་གྱུར་པ་ལས། ཕྱོགས་ཕྱོགས་སུ་ཕྲིན་ལས་སྐྱོང་བའི་སློབ་མ་གཙོ་ཆེ་བ་ཙམ་ཞིག་བྲི་བར་འདོད་དོ། །དེ་ཡང་གཙོ་བོར་ནི་སྔོན་ཡོངས་སུ་འཛིན་པའི་བཤེས་གཉེན་དུ་བསྟེན་པར་མཛད་པ་དེ་དག་ལས། རྣམ་པ་ལྔ་ཙམ་མ་གཏོགས་གཞན་ཐམས་ཅད་ཀྱིས་ཀྱང་གསུང་གི་བདུད་རྩི་བཞེས་པ་ཤ་སྟག་སྟེ་དེ་ལའང་། ཡོངས་སུ་འཛིན་པའི་བཤེས་གཉེན་དུ་གྱུར་པ་དང་། ཡོན་བདག་ཏུ་གྱུར་པ་གཉིས། དང་པོ་ལའང་ལྔ་སྟེ། གཙོ་བོར་ལྷ་དང་བཅས་པའི་སྐྱབས་གནས་སུ་གྱུར་པའི་འཇིག་རྟེན་གསུམ་གྱི་མགོན་པོར་གྲུབ་པ་དང་། གདུགས་ཐོགས་ཀྱི་སྐྱེས་ཆེན་གྲགས་འབར་དུ་གྱུར་པ་དང་། བརྒྱུད་འཛིན་ཐུགས་ཀྱི་སྲས་སུ་གྱུར་པ་དང་། སྐྱེ་བརྒྱུད་རིགས་དང་སྦྱངས་པས་ཆེ་བ་དང་། རིག་གནས་སྤྱི་བྱེ་བྲག་གིས་བརྒྱན་པ་དང་ལྔའོ། །དང་པོ་ནི། ཀུན་མཁྱེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་སྨིན་གྲོལ་གདམས་པའི་བདུད་རྩི་མཐའ་ཡས་པ་ཞིག་ཐུགས་དགྱེས་པ་ཆེན་པོས་ཡང་ནས་ཡང་དུ་བཞེས་པ་སྟེ་གང་གི་རྡོ་རྗེའི་གསུང་ལས། ཁྱད་པར་ལམ་འདིའི་སྨིན་གྲོལ་ཟིལ་དངར་བཅུད། །སྐུ་གསུམ་ལང་ཚོའི་སྲོག་སོང་བྱེད་པ་པོ། །སྤྲུལ་པའི་སྐུ་མཆོག་ཆོས་རྒྱལ་གཏེར་བདག་གླིང་། །སེམས་ཉིད་གདོད་མའི་མགོན་ལས་དམིགས་སུ་མེད། །ཅེས་དང་། གཞན་ཡང་། ཡང་སྲིད་ཀུན་ཏུ་རྡོ་རྗེ་འཛིན་ཉིད་ཀྱིས། །དགེ་བའི་བཤེས་མཛད་དབང་ཁྲིད་གདམས་པ་ལུང་། །ཟབ་དོན་ཆོས་ཀྱི་རོ་བརྒྱའི་བདུད་རྩི་ལ། །ངོམས་པ་མེད་པ་ལོངས་སུ་སྤྱོད་པར་ཤོག །ཁྱད་པར་པདྨ་འོད་ཀྱི་གཞལ་ཡས་སུ། །སློབ་དཔོན་པད་འབྱུང་སློབ་མ་གཏེར་བདག་གླིང་། །རྩ་གསུམ་དཀྱིལ་འཁོར་ཆེན་པོ་ཞལ་འབྱེད་པའི། །འདུས་པ་དང་པོའི་འཁོར་དུ་འགྱུར་བར་ཤོག །ཞེས་ཡང་ནས་ཡང་དུ་ཆེད་དུ་བརྗོད་པའི་གསུང་གིས་བསྔགས་པར་མཛད་པས་མཚོན་པ་ཉིད་དོ། །གཉིས་པ་ལ། གངས་ཅན་གྱི་མཐོན་ཀའི་རྒྱན་བཞི། རྣ་བའི་རྒྱན་གཉིས་ཏེ་དྲུག་ལས། རྒྱན་བཞི་ནི། ས་ཕག་སྟག་འབྲི་བཞི་སྟེ། ས་སྐྱ་རྩེ་གདོང་པ་ཁྲི་ཆེན་བསོད་ནམས་བསྟན་འཛིན་དང་། བདག་ཆེན་རྒྱན་པ་ཁུ་དབོན་གསུམ། ལྷ་གཟིགས་ཕག་མོ་གྲུབ་པ་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས། སྟག་ལུང་པ་རྣམ་རྒྱལ་ལེགས་གྲུབ་དང་། བཀྲ་ཤིས་ཆོས་རྒྱལ་ཁུ་དབོན། མ་ཐང་རི་བོ་ཆེ་པ་ངག་གི་དབང་ཕྱུག འབྲི་གུང་པ་དཀོན་ཅོག་ཆོས་གྲགས་རྣམས་སོ། །རྒྱན་གཉིས་ནི། སྒམ་པོ་པ་བཟང་པོ་རྡོ་རྗེ་དང་། འབྲུག་པ་མི་ཕམ་དབང་པོའོ། །གསུམ་པ་བརྒྱུད་འཛིན་ཐུགས་ཀྱི་སྲས་སུ་གྱུར་པ་ལའང་། ལུང་བསྟན་ཐོབ་པ་རིགས་ཀྱི་སྲས་དང་། ཞལ་སློབ་ཆོས་ཀྱི་སྲས་སོ། །དང་པོ་ནི། གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་དེ། སློབ་དཔོན་ཆེན་པོས། རིགས་སྲས་རྟ་མགྲིན་སྤྲུལ་པ་ནི༔ རྡོ་རྗེའི་མིང་གིས་འགྲོ་དོན་སྤྱོད༔ ཅེས་ལུང་བསྟན་པའི་ཕྱིར་རོ། །གཉིས་པ་ནི། རིགས་ཀྱི་གཅུང་པཎ་ཆེན་རྒྱལ་བའི་སྲས་པོ་བསྟན་པའི་ཉི་མ། རྗེ་དབོན་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ། སྤྲུལ་པའི་སྐུ་གཞན་ཕན་དབང་པོ། ཐུ་སྟོན་འཇམ་དབྱངས་བསོད་ནམས་དཔལ་བཟང་། ཨོ་རྒྱན་རྣམ་རྒྱལ་རྡོ་རྗེ། སྙིང་ཕུ་བ་ཨོ་རྒྱན་སངས་རྒྱས་བསྟན་འཛིན། ཉང་སྟོན་ངག་དབང་ཆོས་འཕེལ། སོ་སྟོན་ཨོ་རྒྱན་དཔལ་འབྱོར། ཏམ་ཤིང་པ་ཨོ་རྒྱན་བསྟན་འཛིན་ཆོས་འཕེལ། གསུང་སྙན་པ་འོད་གསལ་ལྷུན་གྲུབ་རྒྱ་མཚོ། ལྷ་གང་པ་བསྟན་འཛིན་ཕྲིན་ལས་དབང་ཕྱུག ཡབ་པ་ཆོས་རྗེ་ངག་དབང་བཀྲ་ཤིས། སྐྱི་སྟོན་པ་ཨོ་རྒྱན་དགེ་ལེགས་དཔལ་འབར་སོགས་ད་ལྟ་སྨིན་གྲོལ་གླིང་དུ་བཞུགས་བཞིན་པའི་དབུ་ཆེ་དང་། ཟུར་འཆད་པ་སོགས་མང་ཞིང་། ཡུལ་ཕྱོགས་གཞན་དུའང་། ཏྲེ་བོ་སྤྲུལ་པའི་སྐུ་བློ་བཟང་ཆོས་དབང་། བྱ་རྒོད་པ་མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན། རྒྱལ་པོ་ཀུན་སྤངས་པ་ལྷ་བཙུན་རྡོ་རྗེ། སྙེ་མདོ་བ་སོ་སྟོན་ཤཱཀྱ་དཔལ་འབར། གློ་བོ་པ་ཀུན་བཟང་ཀློང་ཡངས། ཆོས་སྐུ་ཀློང་ཡངས་འོད་གསལ། རྩེ་ལེ་བ་ཨོ་རྒྱན་མཐུ་སྟོབས་རྣམ་རྒྱལ། འཁྲུལ་ཞིག་རིག་འཛིན་རྣམ་རྒྱལ། ཡིབ་ཕྱི་པ་འོད་གསལ་ཀློང་ཡངས། གོ་འཇོ་བ་མང་ཐོས་ཤེས་རབ་འོད་ཟེར། དགེ་ཡེ་བ་བསོད་ནམས་བཟང་པོ། ཧོར་བླ་མ་བསྟན་འཛིན་འགྱུར་མེད། གངས་རི་བ་ཨོ་རྒྱན་ཕུན་ཚོགས། བྱ་བཏང་སྟག་ཚང་རས་པ། དོལ་པོ་བ་ཚེ་རིང་དཔལ་བཟང་སོགས་རྗེ་འདིའི་གཏེར་གསར་གཙོ་བོར་གྱུར་པའི་ཆོས་བརྒྱུད་འཛིན་པ་མཐའ་ཡས་པ་རྣམས་སོ། །བཞི་པ་སྐྱེ་བརྒྱུད་རིགས་དང་སྦྱངས་པས་ཆེ་བ་ལའང་གཉིས་ཏེ། དབང་ལུང་མན་ངག་རྫོགས་པའི་སློབ་མ་དང་། དབང་ལུང་སྣ་རེ་ཙམ་གྱིས་ཞལ་སློབ་ཏུ་གྱུར་པའོ། །དང་པོ་ནི། རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་པདྨ་ཕྲིན་ལས། ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད། གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ། གནས་གསར་བ་ངག་དབང་བློ་གསལ་མཆོག་ལྡན། ཟུར་ཆེན་སྤྲུལ་སྐུ་ཀུན་དགའ་བསོད་ནམས། ཉང་སྟོན་སྨན་ལུང་པ་ཆེན་པོ་བློ་མཆོག་རྡོ་རྗེ། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། བོན་ལུང་པ་ལེགས་ལྡན་ཚུལ་ཁྲིམས། ཀོང་པོ་རྫོགས་ཆེན་པ་མི་བསྐྱོད་རྡོ་རྗེ། རོང་པ་རྫོགས་ཆེན་པ་སྙན་གྲགས་རྒྱ་མཚོ། ཁྲི་དཔོན་སྔགས་འཆང་མཐུ་སྟོབས་གྲགས་པ། ཟུར་འུག་བྱ་ལུང་པ་ཡབ་སྲས། ཟུར་ཡང་དབེན་པ་ཡབ་སྲས། འབྲོ་སྒྲོལ་མ་བ་མཆེད། ཟུར་ཆུ་མིག་པ་ཁུ་དབོན། སེ་བཀྲ་བཟང་པ། སེ་རྒྱ་མཁར་བ། ཀ་ཚལ་བ་དཀོན་ཅོག་ལྷུན་གྲུབ། སྒོ་མོ་བ་ཤཱཀྱ་རིན་ཆེན། སྤ་ལུང་པ་མདོ་སྔགས་ལེགས་བཤད། འབྲོམ་རྡོ་རྗེ་དབང་གྲགས། རྒྱ་སྟོན་འོད་གསལ་རང་གྲོལ། སྐྱི་སྟོན་པདྨ་དབང་ཆེན། སྐྱི་འཁོར་འདས་རང་གྲོལ། དིང་རི་བ་བློ་གྲོས་བརྟན་པ། གྲུབ་ཆེན་ཀུན་བཟང་ཆོས་རྒྱལ། རྣ་བོ་པ་ངག་དབང་ཆོས་རྒྱལ། གནས་གཞི་པ་བསྟན་པའི་རྒྱལ་མཚན། གོང་མའི་སྤྱན་སྔ་པ་རིག་འཛིན་འཇམ་དབྱངས་གྲགས་པ། གྲྭ་ཚང་ཆེན་མོའི་ཟུར་འཆད་པ་བློ་བཟང་སྐྱེས་མཆོག་དང་། ཕུན་ཚོགས་ལེགས་འབྱོར། ཞ་ལུ་མཁན་ཆེན་འཇམ་དབྱངས་བསྟན་འཛིན། ཕ་བོང་ཁ་གདན་ས་བ་འཇམ་དབྱངས་གྲགས་པ། ཀོང་པོ་ཐང་འབྲོག་སྐུ་སྐྱེ། རི་ལུང་སྦུག་སྐུ་སྐྱེ། འབྲས་ལྗོངས་ཀཿཐོག་པ་མཆེད། མེ་རག་པདྨ་བསྟན་འཛིན། སྐྱིད་གྲོང་འཇམ་དཔལ་གླིང་པ། མོན་པ་སྐུ་སྐྱེ་བསྟན་འཛིན་དབང་སྒྱུར། སངས་རྒྱས་གླིང་པ་རྣམ་རྒྱལ། ཨོ་རྒྱན་གླིང་པ་བཀྲ་ཤིས་མཆེད། བྱ་བཏང་ཀརྨ་དབང་འབྱོར། ཤེལ་བྲག་སྤྲུལ་སྐུ། མདོ་ཁམས་པ་ཁྱབ་བརྡལ་ལྷུན་གྲུབ། བྱ་བཏང་ཆོས་འབྱོར་རྒྱལ་མཚན་དང་། ཆེན་པོའི་གོ་སར་བཞུགས་པ་གོང་མའི་མཆོད་དཔོན་ཆེན་མོ་དང་དབུ་མཛད་ཆེན་མོ། ཞམ་རིང་པ་ངག་དབང་དཀོན་ཅོག་སོགས་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ནི། སྦྱོ་ར་བ་འཇིགས་མེད་གྲུབ་པ་ཡབ་སྲས། བསམ་སྡིངས་པ་བདེ་ཆེན་འཕྲིན་ལས་འཚོ་མོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། དེའི་སྤྲུལ་སྐུ། བདག་པོ་སྤྲུལ་སྐུ། མཐུ་ཆེན་ལྕགས་གཏུན་པ། མདོ་ཆེན་ཀུན་ལྷུན། བསམ་ཡས་བར་ཁང་པ། སྐྱེད་ཚལ་གོང་གི་མཁན་པོ་བརྒྱུད་མར་གསུམ། སྐྱེད་ཚལ་འོག་གི་མཁན་པོ་གཉིས། གསེར་མདོག་ཅན་མཁན་པོ། མངོན་དགའ་རྗེ་དབོན་ནམ་མཁའ་བ། དཔལ་དེའུ་རས་ཆེན། འཕྱོངས་རྒྱས་རས་ཆེན་སོགས་མདོར་ན་དེང་སང་དབུས་གཙང་གི་ལྗོངས་འདིར་གཞན་ཕན་གྱི་ཕྲིན་ལས་མཛད་པའི་བཤེས་གཉེན་གྲགས་ཆེ་བ་ཕལ་མོ་ཆེས་དངོས་དང་བརྒྱུད་པའི་སྒོ་ནས་ཆོས་ཀྱི་བཀའ་དྲིན་མ་ནོད་པ་ནི་མེད་པ་ལྟ་བུ་ཡིན་ཞིང་། དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གྲྭ་ཚང་ཆེན་མོ་ཕན་བདེ་ལེགས་བཤད་གླིང་པ་དང་། ཨོ་རྒྱན་སྨིན་གྲོལ་གླིང་པ་སོགས་འདུས་པའི་སྡེ་མང་པོ་ལའང་དབང་ལུང་མན་ངག་མཐའ་ཡས་པ་སྩལ་བ་དང་། གཞན་ཡང་སྡེ་སྣོད་འཛིན་པའི་མཁས་པ་དང་། ཚེ་བློས་བཏང་གི་གྲུབ་ཆེན། དད་པ་དང་ངེས་ཤེས་ཅན་གྱི་སློབ་མ་སོགས་ནི་མཐའ་ཡས་པའི་ཕྱིར་བརྗོད་པའི་ཡུལ་ལས་ཤིན་ཏུའང་འདས་པ་ཉིད་དོ། །ལྔ་པ་རིག་གནས་ཀྱིས་བརྒྱན་པའི་སློབ་མ་ནི། གནས་ལྔ་རིག་པ་བཤེས་གཉེན་རྣམ་རྒྱལ། རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས། འདར་པ་ལོ་ཆེན་ཕུན་ཚོགས་ལྷུན་གྲུབ། ཧོར་ལོ་ཙཱ་བ་བློ་གྲོས་མཆོག་ལྡན། གྲངས་ཆེན་ལོ་ཙཱ་བ་ཤཱཀྱ་ནོར་བུ། སྟག་ལུང་ལོ་ཙཱ་བ་ངག་དབང་གཟུངས་མཆོག སྨན་མོ་ཆེ་བ་བློ་བཟང་ཆོས་གྲགས། མེས་པོ་མཁས་དབང་དོན་གྲུབ་དབང་རྒྱལ། རྒྱ་སྟོན་ཀརྨ་ཀུན་མཁྱེན། བླ་རྩིས་པ་ངག་དབང་དང་། ལྷུན་གྲུབ་སོགས་དབང་ལུང་མན་ངག་དང་བཅས་པས་བསྐྱངས་པ་དང་། དབང་ལུང་སྣེ་རེ་ཙམ་གྱི་བསྐྱངས་པ་གཞན་ཡང་མང་ངོ་། །མདོར་ན་ཆོས་ཞུ་བ་མང་དུས་ལ་རྩིས་གདབ་མེད་ཅིང་། ཤིན་ཏུ་ཉུང་བའི་དུས་ཀྱང་སུམ་ཅུ་ནས་བཅུ་སྐོར་གྱི་བར་ཙམ་ནི་ཕལ་ཆེར་དུས་འཁོར་མོར་འབྱུང་བ་ལྟ་བུས་མཚོན་ནོ། །གཉིས་པ་ཡོན་བདག་ནི། འདི་དག་གསུང་གི་བདུད་རྩིས་འབྲེལ་བའི་སློབ་མར་གྱུར་པ་ཤ་སྟག་ཡིན་ཡང་། གཙོ་ཆེ་བའི་ངོས་ནས་ཡོན་བདག་ཏུ་བགྲང་བར་བྱ་བ་སྟེ། དེ་ཡང་གཙོ་བོར་ཆོས་ཀྱི་རྒྱལ་པོ་མི་དབང་སངས་རྒྱས་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ནི་རྗེ་འདི་ཉིད་ཀྱི་འཕྲིན་ལས་འདོད་དགུར་སྤེལ་བ་ལ་ལྷུན་གྱིས་གྲུབ་པའི་བཀའ་དྲིན་ཆེན་པོར་གྱུར་པ་སྟེ། དེས་མཚོན་ནས་སྡེ་སྲིད་རིན་པོ་ཆེ་སྔ་མ་གཉིས་ཏེ་མངའ་ཐང་སྤེལ་བའི་མི་ཆེན་གསུམ་དང་། གཞན་ཡང་ས་སྐྱོང་གྲོང་སྨད་པ་ཡུམ་སྲས། ཁྲི་དཔོན་ཡར་འབྲོག་པ་ཁག་གཉིས། ས་སྐྱོང་སྐྱིད་ཤོད་པ། ལྷ་རྒྱ་རི་བ། ཐོན་པ། མདོ་མཁར་བ་སོགས་དཔོན་ཆེན། དཔོན་སྐྱ་ཐམས་ཅད་ཀྱིས་མངོན་པར་དད་པས་སྐྱབས་སུ་གསོལ་ཏེ་ཟང་ཟིང་གི་ཡོ་བྱད་དུ་མའི་བཀུར་སྟིས་མཆོད་ཅིང་བསྟོད་པ་དང་། སྙན་པ་སྒྲོག་པ་ལ་སོགས་པའི་སྒོ་ནས་ཞབས་འདེགས་པ་ལ་བརྩོན་པར་བྱེད་པ་ཤ་སྟག་སྟེ་མང་དུ་བརྗོད་པས་ཅི་ཞིག་བྱ། མདོར་ན་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་ཞིང་དམ་པར་གྱུར་པ། བསྟན་འཛིན་མཁས་གྲུབ་ཀུན་གྱི་གཙུག་གི་ནོར་བུ། སྙན་པའི་བ་དན་ཅན། མཚན་བརྗོད་པར་དཀའ་བའི་དཔལ་ལྡན་བླ་མ་དམ་པ་འདི་ནི། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་ནས་མི་ལོ་ཉིས་སྟོང་ལྔ་བརྒྱ་དང་ཉི་ཤུ་རྩ་དྲུག་འདས་པ་མི་ཟད་པ་མེ་ཁྱིའི་ལོ་ལ་འཇིག་རྟེན་གསུམ་གྱི་མུན་པ་སེལ་བའི་སྒྲོན་མེར་སྐུ་བལྟམས་པ་ནས་བཟུང་། ད་ལྟ་དགུང་ལོ་བཞི་བཅུ་རྩ་བཞི་པའི་ཐོག་ཏུ་ཕེབས་མ་ཐག་གི་བར་སྟོན་པའི་རྒྱལ་ཚབ་ཆེན་པོ་མཛད་བཞིན་པར་འཚོ་ཞིང་གཞེས་པ་འདི་ལགས་ཏེ། ད་དུང་ཡང་བསྟན་པ་དང་འགྲོ་བའི་བསོད་ནམས་ཀྱི་ཉེར་འཚོར་བདག་ཉིད་ཆེན་པོའི་འཕྲིན་ལས་རྒྱ་ཆེ་བ་དང་རྒྱུན་མི་ཆད་པར་ལྷུན་གྱིས་གྲུབ་པ་དེ་སྲིད་དུ་གཟུགས་ཀྱི་སྐུ་འདི་ཉིད་ཀྱང་གཡུང་དྲུང་མི་ཤིགས་པའི་ངོ་བོར་འཕོ་འགྱུར་མེད་པར་བརྟན་པར་བཞུགས་ཏེ། གདུལ་བར་བྱ་བ་རྣམས་རང་རང་གི་སྐལ་བ་དང་འཚམས་པར་ཡོངས་སུ་མ་སྨིན་པ་རྣམས་སྨིན་པ་དང་། སྨིན་པ་རྣམས་རྣམ་པར་གྲོལ་བ་ལ་འགོད་པར་མཛད་པ་གདོན་མི་ཟ་བ་ཉིད་དོ། །དེ་ལྟར་བརྗོད་པའི་རྩོམ་གཞིའི་ས་བོན་ནི་རྒྱལ་དབང་མཆོག་གིས་བཀའ་རྩོམ་གནང་བཞེད་ཀྱི་བཀས་བསྐུལ་བ་ལ་བརྟེན་དགུང་ལོ་བཅོ་བརྒྱད་ཕན་རྗེ་ཉིད་ཀྱིས་ཟིན་བྲིས་སུ་མཛད་པའི་ས་བོན་མདོར་བསྡུས་དང་། དེ་ཕྱིན་གཅུང་རྗེ་དབོན་ཀུན་དགའ་ཚུལ་ཁྲིམས། དབུ་མཛད་ངག་དབང་བཟོད་པ། དགེ་སློང་ངག་དབང་ཀུན་དགའ། གཟིམས་དཔོན་ངག་དབང་འཕྲིན་ལས། དགེ་སློང་བློ་གསལ་རྒྱ་མཚོ་རྣམས་ཀྱིས་ཟིན་རིས་སྔ་ཕྱིར་བཏབ་པ་རྣམས་གུང་བསྒྲིགས་ནས་སྒྲོ་སྐུར་སྤངས་ཏེ་སྲོང་པོའི་ལམ་ནས་བརྗོད་པ་ཡིན་ནོ། །

གང་གི་བརྗོད་དཀའི་མཚན་དབྱངས་རིན་ཆེན་ཏོག །མཐོ་རིས་དབང་པོའི་གཙུག་ན་རྣམ་རོལ་བས། །དྲེགས་ལྡན་རལ་པ་ཀུན་ཀྱང་ཞབས་བརྟེན་དུ། །བུ་གར་ཉི་ཟེར་རྡུལ་བཞིན་འཇུག་པ་ཉིད། །བདག་ཀྱང་དད་གསུམ་དགེ་བའི་གླེགས་བུ་ལ། །རྨད་བྱུང་ཚོན་རིས་གསར་པའི་སྒྱུ་འཕྲུལ་གྱིས། །ངོ་མཚར་ཀུན་ཏུ་བཟང་པོའི་རྟོགས་བརྗོད་གཟུགས། །སྐལ་ལྡན་མིག་ལ་ཀུན་དགའི་དགའ་སྟོན་སྦྱིན། །དེ་ལྟར་ནའང་འཁོས་མེད་སྦྲང་བུ་ཡི། །གཤོག་རྩེ་བསྐྱོད་པས་མཁའ་ལ་གཞལ་བ་བཞིན། །མཚུངས་མེད་ཆོས་ཀྱི་རྒྱལ་པོའི་གསང་གསུམ་མཐའ། །བདག་ལྟ་བྱིས་བློས་གཞལ་འདོད་དེ་འདྲའོ། །འོན་ཀྱང་རྒྱ་མཚོ་ཆེ་ལས་སྙིམ་པས་ཆུ། །བླངས་པ་ཇི་བཞིན་ཆ་ཤས་བརྗོད་འདིར་ཡང་། །མཐོང་ཐོས་མོས་པས་རྗེས་སུ་དྲན་རྣམས་ལ། །རྒྱལ་དང་རྒྱལ་སྲས་ཀུན་ཀྱང་གཟིགས་པར་འགྱུར། །དེ་ལྟར་མི་དབང་བཀའ་འཕྲིན་བྱེད་པོ་ཡིས། །བདག་བློའི་རྣམ་དཔྱོད་ཆུ་གཏེར་ལས་དྲངས་པའི། །རྟོགས་བརྗོད་ཉིན་མོར་བྱེད་པའི་འོད་སྣང་གིས། །སྐྱེ་རྒུའི་སྙིང་གི་མུན་ཆེན་སེལ་བར་ཤོག །དེང་ནས་བདག་ཀྱང་དམ་ཆོས་གྲུར་ཞུགས་ཏེ། །རྣམ་གྲོལ་ནོར་བུ་ལེན་ལ་རབ་བརྩོན་ཞིང་། །ཁྱོད་ཞབས་དེད་དཔོན་སྤངས་ནས་རྣམ་གཞན་དུ། །རེ་བའི་བཤེས་ཀྱང་འཚོལ་བར་མ་གྱུར་ཅིག །ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཡིས། །བརྩེ་ཆེན་ཐུགས་རྗེའི་ལྕགས་ཀྱུས་རྟག་བཟུང་སྟེ། །དུས་རིང་མིན་པར་བླ་མེད་བྱང་ཆུབ་ཆེ། །ཐོབ་ནས་འགྲོ་བའི་འདྲེན་པ་ཉིད་གྱུར་ཅིག །གདོད་ནས་རྣམ་དག་རྟག་བརྟན་འགྱུར་མེད་ཆོས་དབྱིངས་འདུས་མ་བྱས་པའི་སྐུ། །རང་སྣང་ལྷུན་རྫོགས་འཁོར་འདས་རོ་མཉམ་བདེ་ཆེན་རྡོ་རྗེར་ལོངས་སྤྱོད་པོ། །རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་སྐུས་རེ་སྐོང་ཡིད་བཞིན་འབྱུང་བའི་གཏེར། །ཁྱབ་བདག་ཁྱོད་སྐུ་འགྲོ་འདིའི་གླིང་དབུས་རི་དབང་ལྷུན་པོ་ལྟར་བརྟན་ཤོག །ཆོས་ཚུལ་འདིས་ཀྱང་འགྲོ་བའི་རེ་སྐོང་ཡིད་བཞིན་དང་། །ས་བཞིན་བརྟན་གྱུར་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ། །ཐར་གླིང་སྣང་བྱེད་ཉིན་མོར་བྱེད་པའི་དཔལ་གྱུར་ནས། །སྐྱེ་རྒུ་ཀུན་ཀྱང་དགེ་ཞིང་བཀྲ་ཤིས་འབར་གྱུར་ཅིག །མཚན་བརྗོད་པར་དཀའ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དགུང་ལོ་ཞེ་གསུམ་ཕན་གྱི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་ངོ་མཚར་རྨད་དུ་བྱུང་བའི་གཏམ་དད་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། རྗེ་ཉིད་ལ་མི་འཕྲོག་པའི་དད་གུས་དང་ལྡན་ཞིང་། བློ་གྲོས་དང་། སྙིང་རྗེ་དང་། བརྟུལ་ཕོད་པ་དང་། དེས་པ་དང་། གཏོང་བ་ལ་སོགས་པ་ཕུལ་དུ་ཕྱུང་བའི་ཡོན་ཏན་དུ་མས་མངོན་པར་མཐོ་བ་མིའི་དབང་པོ་ཁྲི་དཔོན་ཧེནྡུ་ཤྲཱི་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱིས་བཀའ་སྩལ་ནན་ཅན་བརྒྱུད་མར་ཕེབས་པ་ལྟར་ས་བོན་ཟིན་རིས་སུ་འཁོད་པ་དག་དང་། རང་ཉིད་ཀྱིས་མཐོང་ཐོས་སུ་གྱུར་པ་རྣམས་གུང་བསྒྲིགས། ཧོར་ཁོངས་ལུས་པ་རྣམས་སྤྱན་སྔར་ཆེད་དུ་ཞུས་ཏེ་རྗེ་བཙུན་བླ་མ་མཆོག་གི་རིགས་ཀྱི་གཅུང་དུ་སྐྱེས་ཤིང་བཀའ་དྲིན་གྱིས་འཚོ་བ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོའི་སྡེས། ཧོར་ལུགས་པ་རྣམས་ཀྱི་ས་མོ་སྦྲུལ་ལོ་གསར་དུ་ཚེས་ནས་རིང་པོར་མ་ལོན་པར་དབོ་ཟླ་བའི་ཡར་ངོའི་ཚེས་བཅུ་རེས་གཟའ་ལྷག་པ་དང་རྒྱུ་སྐར་རྒྱལ་འཛོམ་པའི་སྔ་དྲོའི་ཆ་གླང་ཁྱིམ་འཆར་བའི་དུས་སྦྱོར་གྱི་ཐོག འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་རྣམ་པར་དཀར་བ་ཟེམས་ཀྱི་སྟོན་པ་ཨོ་རྒྱན་དཔལ་འབྱོར་གྱིས་གུས་པ་ཆེན་པོས་བགྱིས་པ་སྟེ་བསྐལ་པ་མ་སྟོངས་བར་དུ་མ་རྫོགས་སོ།། །།སརྦ་དིཀྐཱ་ལ་ཤྲེ་ཡ་སྟུ། །


previousམི་ཟད་པ་མེ་ཁྱིའི་ལོ་ནས་དགུང་ལོ་ཞེ་བཞིའི་བར་གྱི་མཛད་པ།next