Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of གཡར་ཁང་
[Clear Hits]


  
  
collapse section
  
collapse section
collapse section
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
དགུང་ལོ་སོ་བཞི་པ།
  
  
  
  
  
  
  
  
  
  
 expand section
  


1 occurrence of གཡར་ཁང་
[Clear Hits]

 
previousདགུང་ལོ་སོ་བཞི་པ།next

དགུང་ལོ་སོ་བཞི་པ།

དགུང་ལོ་སོ་བཞི་པ་ས་མོ་ལུག་གི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྒྱ་ཆེར་མཛད། དེ་ནས་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་རྗེ་ཉིད་འདུས་པར་བཅས་པས་འདུ་ཁང་དུ་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་དཀྱིལ་འཁོར་ལ་བརྟེན་ནས་དེ་ཡན་ཆད་དུ་གྲུབ་པའི་བྲིས་འབུར་གྱི་རྟེན་རྣམས་ལ་རབ་ཏུ་གནས་པའི་ཆོ་ག་ཉིན་གཉིས་མའི་ལུགས་ལྟར་རྒྱས་པར་མཛད་ཅིང་། གོང་ཞབས་ནས་སྡེ་སྲིད་ཁྲི་འདོན་གྱི་སྒོ་དོད་པར་སུ་ལ་འོས་སོགས་བཀའ་བགྲོས་ཀྱི་བཀའ་ཤོག་ཕེབས་པར་བོད་ཀྱི་རྗེར་འོས་པ་རྒྱ་ཅན་དང་གཏེར་ལུང་ནས་བཤད་ཚུལ་སོགས་ཀྱི་ཞུ་བ་ཞིབ་རྒྱས་འབུལ་བར་མཛད། འདི་སྐབས་ཕ་རོལ་པོ་གྲགས་ཅན་ངོས་ཟིན་པ་ཞིག་གིས་རྡོ་རྗེ་ནང་དམེ་བྱས་པའི་མཚན་ལྟས་གསལ་བར་གཟིགས་པ་དྲག་སྔགས་ཀྱི་ཕྱིར་བཟློག་སོགས་མ་མཛད་ཀྱང་སྟོང་པ་ཉིད་དང་སྙིང་རྗེས་ཟིལ་གྱིས་མནན་པས་མི་རིང་བར་རྟགས་མངོན་དུ་གྱུར་པ་ནི་ཀུན་གྱིས་མཐོང་བ་ཉིད་དོ། །དེ་ནས་ཟླ་བ་གསུམ་ལ་ཉེ་བའི་བར་སྐུ་ཕྱི་མཚམས་བཅད་པའི་ཁོངས་ནས་ཕྱོགས་འདུས་འགའ་ལ་འདོད་ཆོས་ཅི་རིགས་པ་དང་གཙོ་བོར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། ཟླ་བ་ལྔ་པའི་འགོར་སྐྱིད་ཤོད་དུ་ཆིབས་བཏེག་པའི་ཕེབས་ལམ་ལ་གྲྭ་ནང་ཕུག་པ་བས་རབ་གནས་ལ་སྤྱན་དྲངས་པ་ལྟར་ཐེགས། རིམ་པར་ལུམ་པའི་གྲུ་བརྒྱུད་སྟོད་ལུང་དུ་གཞོང་པ་ལྷ་ཆུ་མཇལ་དུ་ཕེབས་ཤིང་། ཚེས་བཅུ་བ་མང་པོར་ལེའུ་བདུན་མ་དང་ཐུགས་ཐིག་ལས་བྱང་གི་ལུང་ཡང་སྩལ། དར་ཆེན་འཛུགས་པ་དང་གཏོར་མ་བསྔོ་བ་སོགས་མཛད་དེ་རིམ་པར་ཕོ་བྲང་རྩེར་ཕེབས་མ་ཐག་རྒྱལ་མཆོག་དམ་པའི་ཞབས་དྲུང་དུ་ཕྱག་འབུལ་མཛད་ཅིང་། སེ་བཀྲ་བཟང་པ། ཟུར་ཆུ་མིག་པ། སྒྲོལ་མ་བ། དཀར་པོ་ལྕོག་སྤྲུལ་པའི་སྐུ་སོགས་བླ་མ་མང་པོ་མཇལ་དུ་བྱོན་པ་རྣམས་ཀྱི་རེ་འདོད་སྐོང་བར་མཛད། དེར་གོང་ཞབས་མཆོག་གི་བཀའ་ལས། རེ་ཞིག་གཡེང་བ་ཆེས་པ་བཅས་ལྷོད་ཆགས་པ་ཞིག་མི་འོང་འདུག་པར་མ་ཟད། འབྲི་གུང་ནས་སྤྱན་འདྲེན་གྱི་སྙན་འབུལ་ཡང་ཕུལ་ཡོད་འདུག་ཅིང་འདིར་ཡང་སྤྱན་དྲངས་ཆོག་པ་དགོས་ཚུལ་སྔ་ཕྱིར་བྱུང་བས། ད་ལམ་སྔོན་ལ་འབྲི་གུང་ལ་ཐེགས་ན་འཐད་པའི་བཀའ་ལུང་ཕེབས་པ་ལྟར། རྩེར་ཞག་གསུམ་བཞུགས་ཏེ་ལྷ་གདོང་གྲུ་བརྒྱུད་ཆིབས་བཏེག་པའི་ལམ་དུ་ལ་མོ་ཆོས་སྐྱོང་གིས་སྤྱན་དྲངས་ཏེ་ཞབས་ནས་བཏེག དེར་འབྲི་གུང་ནས་ཞབས་བསུར་སྤྲིན་ཆེན་པ་དཔོན་གཡོག་འབྱོར། ཀ་ཚལ་དུ་རིག་འཛིན་དཀོན་ཅོག་ལྷུན་གྲུབ་དང་། ཀ་ཚལ་ཁྲི་པས་དབུས་སྐྱ་སེར་སུམ་བརྒྱ་སྐོར་ལ་ཚེ་དབང་དང་། ཀ་ཚལ་ལྷ་ཁང་མཇལ་བར་མཛད་ནས་རིམ་པར་ཞྭ་ལྷ་ཁང་མཇལ་དུ་ཐེགས། དེ་སྐབས་ལྷ་ཁང་དུ་ཕེབས་པ་དང་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་སྤྲིན་འཁྲིགས་ཤིང་ཁྱད་པར་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་འཇའ་ཁ་དོག་ལྔ་ལྡན་ཞིག་ཏལ་གྱིས་བྱུང་། དེ་ནུབ་དེར་བཞུགས་ནས་ཕྱག་མཆོད་དང་ཁྱབ་མཇུག་གི་བསྐང་གསོ་མཛད། ནངས་པར་ཕེབས་ལམ་དུ་འགའ་ཞིག་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྩལ་ནས་རིམ་པར་བུ་ཆེན་དྲུང་འཁོར་དང་བཅས་པའི་ཆིབས་བསུ་སོགས་བཀུར་སྟི་ཆེན་པོས་སྤྲོ་ལུང་དུ་གདན་དྲངས། དེར་ཕེབས་སྤྲོའི་སྟོན་མོ་བཟང་པོ་བསྟབས་ནས་སྐུ་དྲུང་དུ་ཕྱག་མཛོད་ཕྱག་འབུལ་དུ་བྱུང་། དེ་རྗེས་དབུ་ཆེ་དྲུང་འཁོར་སོགས་ཀྱིས་ཞབས་བསུས་ནས་མཆོག་སྤྲུལ་ཉིད་ཀྱི་ཞབས་དྲུང་དུ་སྤྱན་དྲངས་ཏེ་ཁྲི་མཉམ་རྒྱག་དང་བཞེངས་པ་སོགས་བཀུར་ཟོས་ཆེན་པོ་ཕུལ། ཐོག་མར་མཇལ་སྐབས་ཆར་ཆེན་པོ་བབས་པས་རྟེན་འབྲེལ་བཟང་ཞེས་གླེང་། ནངས་པར་སྒར་གྲྭ་ཚང་གི་གྲྭ་སློབ་རྣམས་ལ་གཤིན་རྗེའི་ལུང་དང་ཤོག་སེར་གྱི་བྱིན་རླབས་མཛད། དེ་ནས་མཆོག་སྤྲུལ་ཉིད་སྔོན་ལ་ཕེབས། རྗེ་དཔོན་སློབ་རྣམས་ཀྱིས་རྟིང་ལ་བཏེག་སྟེ་རིམ་པར་མངའ་རིས་རྒྱལ་སྲས་པ་སོགས་དབུ་ཆེ་དྲུང་འཁོར་གྱི་ཆིབས་བསུ་མང་པོ་དང་། དུང་རྒྱ་གླིང་བསང་རྒྱག་སོགས་བཀུར་སྟི་ཆེན་པོས་མདུན་བསྟར་ཏེ་རྩེ་པ་སྲ་བསྟན་རྡོ་རྗེའི་ཕོ་བྲང་དུ་ཕེབས་ནས་མཆོག་སྤྲུལ་ཉིད་ལ་ཐོག་མར་སྐུ་ཚེའི་རྟེན་འབྲེལ་སྒྲིག་པའི་བརྟན་བཞུགས་མཛད་རྗེས་ཐུགས་ཐིག གཤིན་རྗེ་འཇོམས་བྱེད། གནམ་ལྕགས་བྲག་གི་གཏེར་གསར་རྣམས་ཀྱི་དབང་ལུང་དང་། རྒྱལ་མཆོག་དམ་པའི་གཟིགས་སྣང་རྒྱ་ཅན་སྐོར་གྱི་རྩ་བ་ཆོག་བསྒྲིགས་དང་བཅས་པའི་ལུང་དང་དབང་བཀའ་བཅུ་བདུན་ཙམ་འབུལ་བར་མཛད། ཞབས་ཏོག་དང་འབུལ་ནོད་ཕུན་སུམ་ཚོགས་པ་བྱུང་ཞིང་། སྐུ་གསུང་ཐུགས་རྟེན་འགན་འབྱར་བཞུགས་གདན་སོགས་དངོས་པོ་སྤམ་མཐོ་བ་བཏེག་སྟེ་ཞབས་པད་རིང་འཚོའི་རྟེན་འབྲེལ་ཡང་བ སྒྲིགས། ཟུར་ཆུ་མིག་པ་དང་ཡིབ་ཕྱི་བླ་མ་ལ་རྡོར་སེམས་ཀྱི་དབང་ལུང་ཡང་གནང་། ཟླ་བ་དྲུག་པའི་ཚེས་གཅིག་ལ་ཆིབས་སྐྱེལ་བ་སུམ་ཅུ་སྐོར་དང་བཅས་ཏེ་ཆིབས་བཏེག་དུས་གཞིས་ཀའི་སྟེང་ནས་མཆོག་སྤྲུལ་ཉིད་ཀྱིས་དར་དཀར་གྱི་གཡབ་མོའང་མཛད། དེ་ནས་ཡིབ་ཕྱི་དགོན་དུ་བླ་མ་འོད་གསལ་ཀློང་ཡངས་པས་སྤྱན་དྲངས། དེར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་འདུས་པ་ཁྲི་ཕྲག་ཙམ་དང་མར་ལམ་ང་རུ་བའི་གཞིས་རྣམས་སུ་ཚེ་དབང་མཛད། རིམ་པར་ཡེར་པ་མཇལ་དུ་ཐེགས། དེ་དུས་ནམ་མཁའ་ཤིན་ཏུ་དྭངས་པར་ཡོད་ཀྱང་ཡེར་པ་གཟིགས་པ་དང་སྐད་ཅིག་ལ་ཡུལ་དེ་ཁོ་ནར་སྒེར་དུ་ཆར་བབས་པ་ན་བཀའ་ལས། མ་དང་མཁའ་འགྲོའི་བསུ་བར་འདུག་གསུང་། དེ་ནུབ་ཟླ་བ་ཕུག་ཏུ་ཚོགས་ཀྱི་མཆོད་པ་བརྒྱ་ཚར་མཛད། དེའི་གྲལ་དུ་ཐུགས་ཉམས་བཞེངས་པའི་སྐུའི་རྣམ་འགྱུར་དང་ཞལ་ནས་ཀྱང་། ད་རེས་འདིར་ཚོགས་གྲལ་དུ་འཁོད་པ་ཐམས་ཅད་ཕྱི་མ་ང་དང་མཉམ་དུ་རྔ་ཡབ་གླིང་དུ་འགྲོ་བའི་རྟེན་འབྲེལ་ཡོད་གསུང་པ་སོགས་ངེས་པ་ཅན་གྱི་བཀའ་ལུང་མང་དུ་ཕེབས། ནངས་པར་གནས་རྣམས་ཞིབ་མཇལ་དང་། ཡེར་པའི་གྲྭ་པ་འགར་རྟ་མགྲིན་སྐྱེར་སྒང་ལུགས་དང་བསམ་པ་ལྷུན་གྲུབ་མའི་ཆོས་འབྲེལ་མཛད། དེ་ལྟར་དབུར་སྟོད་ཀྱི་ཡུལ་སོ་སོར་ཡང་དད་ཅན་མང་དུ་འདུས་ཏེ་གཤིན་གསོན་གྱི་བསྔོ་བ་དང་ཆོས་འབྲེལ་དཔག་ཏུ་མེད་པ་མཛད་ནས་སེམས་ཅན་མཐའ་ཡས་པ་མཐོ་རིས་དང་ཐར་པའི་ཐེམ་སྐས་ལ་བཀོད་དེ་ཚེས་བཞི་ལ་ཕོ་བྲང་ཆེན་པོར་ཕེབས། དེ་ཉིན་ལྷ་སྲས་མུ་ཁྲི་བཙན་པོ་སླར་ཡང་གངས་ཅན་པ་རྣམས་ཀྱི་རྗེ་བོར་བྱོན་པ་ད་ལྟའི་སྡེ་སྲིད་རིན་པོ་ཆེ་འདི་ལ་རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་གི་བཀའི་ལུང་གི་ཅོད་པན་བཅིངས་ཏེ་ཕུན་སུམ་ཚོགས་པའི་རྒྱལ་ཐབས་ལ་དབང་བསྐུར་བའི་དགྱེས་སྟོན་ཐོག་མའི་དུས་དང་འགྲིག ཕེབས་མ་ཐག་གོང་ཞབས་ཡས་ཕྱིན་དུ་ཕྱག་འབུལ་དུ་ཐེགས། སྐབས་དེར་སྡེ་སྲིད་སྐུ་ཞབས་སུ་མངའ་དབང་རིན་ཆེན་འབར་བ་འབུལ་བར་མཛད་ཅིང་། དེའི་ཚུལ་ཡང་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་དུ་གོང་ཞབས་མཆོག་ཀྱང་བཞུགས་ཁྲིར་ཕེབས། རྗེ་ཉིད་ལའང་ཁྲི་རྒྱུན་ལས་ཆེས་མཐོ་བ་ཞིག་བཤམས་པ་ལ་བཞུགས་སུ་གསོལ་ཞིང་། དེ་ནས་ཐོག་མར་སྡེ་སྲིད་རིན་པོ་ཆེ་སྟན་དམའ་བ་ལ་བཞུགས་པར་བགེགས་སྐྲོད་ཁྲུས་གསོལ་སོགས་མཛད་རྗེས་བཞུགས་ཁྲིའི་སྟེང་དུ་ཕེབས། དེ་ལ་མངའ་དབང་རིན་ཆེན་འབར་བ་ཞེས་བྱ་བ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཆོ་ག་བྲམ་ཟེ་སོགས་ལ་གྲགས་པ་ལས་ཁྱད་པར་དུ་གྱུར་པའི་དབང་བཀའ་དང་གདེངས་ཅན་གྱི་གཙུག་གི་ནོར་བུ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེས་ཅུང་ཟད་ཀྱང་འབུལ་བར་མཛད་ཅིང་། སྲས་དང་བཅས་པའི་རྒྱལ་བ་ཐམས་ཅད་དང་ཕྱོགས་གཅིག་པར་གོང་མ་རྒྱལ་བའི་དབང་པོས་ཀྱང་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་འབེབས་པ་སོགས་བཀྲ་ཤིས་པའི་ཚོགས་མངའ་གསོལ་བར་མཛད་དོ། །དེའང་སློབ་དཔོན་ཆེན་པོས། མུ་ཁྲིའི་སྤྲུལ་པ་བློ་ཆེན་རྒྱལ་པོའི་ཚུལ༔ བུདྡྷའི་མིང་ཅན་ཁྲིམས་ཀྱི་ཁ་ལོ་འཛིན༔ ཞེས་གསལ་བར་བསྟན་པའི་དོན་གཏན་ལ་ཕེབས་པ་འདིའོ། །ཆུ་གཏེར་བཞིས་སྤྲས་ནོར་འཛིན་ཡངས་པའི་ལྟོར། །མངའ་དབང་སྒྱུར་པའི་རིན་ཆེན་མུ་ཀུ་ཊ། །བཅིངས་ཚེ་ང་ལས་ནུ་ཡི་གྲགས་དཀར་འོད། །ཉིན་བྱེད་འབར་བས་ཟླ་བ་ཇི་བཞིན་གྱུར། །དེ་ནས་ཁྲི་འབུལ་བཞེས་རིང་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ་དང་གུང་ཐང་སྤྲུལ་པའི་སྐུར་དོང་སྤྲུགས་ཀྱི་དབང་། ཏྲེ་བོ་སྤྲུལ་པའི་སྐུར་འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་། ཐུགས་སྲས་སྤྲུལ་པའི་སྐུར་གནམ་ལྕགས་བྲག་གཏེར་གསར་གྱི་དབང་ལུང་། ཡར་འབྲོག་ཁྲི་དཔོན་གླིང་པ་ལ་ཚེ་དབང་སོགས་ཁྲི་འབུལ་དུ་བྱོན་པའི་བླ་མ་སློབ་དཔོན་སྡེ་དཔོན་དྲུང་འཁོར་སོགས་མང་པོར་སོ་སོའི་རེ་བ་སྐོང་བའི་ཆོས་འབྲེལ་དང་གཞི་ལེན་འཁོས་སུ་ཕེབས་པ་སྩལ། ཆོས་རྗེ་བཀྲ་བཟང་པ་སྙུན་དྲག་པོས་ཐེབས་པའི་དྲུང་དུ་སྤྱན་དྲངས་ཤིང་། དེར་བྱང་ཆུབ་གླིང་པའི་ཕྱག་རྡོར་གྱི་དབང་དང་བྱད་འགྲོལ་སོགས་མཛད་པས་མི་རིང་བར་དྭངས། དེ་ནས་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ལྔ་བཅུ་སྐོར་ལ་ཞག་སྦྲེལ་ནས་དབང་བཀའ་མཛད་པ་ལ། འཇམ་དཔལ་ཚེ་བདག་གི་དབང་། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་། འཆར་ཀའི་ཟོར་དབང་། བཀའ་བརྒྱད་གསང་རྫོགས་དང་། ཐུགས་སྒྲུབ་ཀྱི་རྩ་དབང་སྒྲུབ་པ་སྡེ་བརྒྱད། སྡེ་དྲུག་བྱིན་རླབས་ཐུགས་དབང་དང་བཅས་པ། བྱང་གཏེར་སྔགས་བསྲུངས་མ་དང་གནུབས་ལུགས་སྟག་བཞོན་གྱི་རྗེས་གནང་། བྱང་གཏེར་ཕུར་པ་སྤུ་གྲི། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་དང་། འཁོར་བ་དབྱིངས་སྒྲོལ། འཇམ་དཔལ་རྫོགས་ཆེན། གཤིན་རྗེ་དྲེགས་འཇོམས། ཚེ་དཔག་མེད་འཆི་མེད་འོད་སྣང་དང་། དྭངས་མ་བཅུད་འདྲེན། དྲང་སྲོང་ལོཀྟྲི། རྡོ་རྗེ་གྲོ་ལོད། ཡང་གསང་དྲག་པོ་རྣམས་ཀྱི་དབང་། ཞིང་སྐྱོང་། བེ་ཧཱ་ར། རྡོར་ལེགས། ཐང་ལྷ་རྣམས་ཀྱི་སྲོག་གཏད་སྨིན་རྒྱས་སུ་སྩལ། དེ་རྗེས་སླར་ཡང་མཆོད་ཁང་དམར་པོའི་བཀའ་འགྱུར་ཁང་དུ་སྐུ་ཞབས་གྲྭ་ཚང་གི་ཚོགས་ཆེན་ཡོངས་སུ་རྫོགས་པའི་སྟེང་སྔགས་འཆང་གཞིས་ཀ་ཤར་པ་མེས་ཚན་སོགས་དབང་ཞུ་ཉིས་བརྒྱ་སྐོར་ལ་རྒྱ་ཅན་གྱི་དབང་བཀའ་བྱིན་རླབས་བརྒྱ་ཕྲག་ཏུ་ཉེ་བ་ལུང་དང་བཅས་པ་ཞག་བཅུ་སྐོར་དུ་སྦྲེལ་ནས་གནང་ཞིང་ཛབ་དབྱངས་རོལ་མོ་སོགས་ཀྱི་སྤྲོས་པའང་རྒྱས་པར་མཛད། དེ་དུས་ཚུར་གསན་པ་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུར་བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ལུང་དང་གཏད་རྒྱ་གསང་མཚན་མ། རྒྱ་སྟོན་འོད་གསལ་རང་གྲོལ་ལ་སྒྱུ་འཕྲུལ་ཞི་ཁྲོ་དང་ཚེ་དབང་། གོང་གི་ལུང་གིས་བསྐུལ་ཏེ་ཆོས་རྗེ་གནས་གཞི་བར་བླ་མ་གསང་འདུས་ཀྱི་དབང་། ཟུར་ཀུན་དགའ་རིག་འཛིན་ལ་སྒྱུ་འཕྲུལ་ཚེ་དབང་། སེ་བཀྲ་བཟང་པ་ལ་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་དབང་ལུང་། མདོ་བོ་ཆེ་པ་དཀོན་ཅོག་ལྷུན་གྲུབ་ལ་སྒྱུ་འཕྲུལ་ཕྲ་མོའི་སྐོར་གྱི་ལུང་འགའ་རེ་བཅས་གསན། ཟླ་བ་བདུན་པའི་ཚེས་གཅིག་ལ་སྡེ་སྲིད་རིན་པོ་ཆེ་ཁྲིར་ཕེབས་པའི་ཐོག་མའི་གནང་སྦྱིན་ལེགས་སྐྱེས་སུ། ཁ་བཏགས་ཀུན་བཟང་མ། གན་གོས་བཟང་པོའི་སྐུ་ཕྱར་སོགས་ན་བཟའ་ཆ་ཚང་། གསེར་སྲང་ལྔ། རྩེ་ཇ་འཁོར་དྲུག་མ། ཁ་ཐི་རྙིང་པ་ཡུག་བཅས་སྤམ་མཐོ་བ་སྩལ། དེ་ནས་གོང་གི་སྐུ་རིམ་དུ་འཇོམས་བྱེད་ཀྱི་གཏོར་བཟློག་བདུན་ཕྲག་གཅིག་མཛད་པ་གྲོལ་རྗེས། ཏྲེ་བོ་སྤྲུལ་པའི་སྐུར་ཕྱག་བཞི་པ། བྱང་གཏེར་དང་གཏེར་གསར་གྱི་སྔགས་བསྲུང་མ། ཞིང་སྐྱོང་རྣམས་ཀྱི་དབང་དང་། གཏེར་གསར་དྲག་དམར་དང་། རྫོགས་ཆེན་གྱི་ལུང་རྣམས་མཛད། ཚུར་ཡང་ཁྲིད་བརྒྱའི་ལུང་གསན། གཞན་ཡང་སྟག་ལུང་ཕྱག་མཛོད་དང་ལྷ་སའི་གནས་ཆེན་པ་སོགས་སྐྱེ་བོ་མང་པོ་ལ་ཚེ་རྟ་གུར་དྲག་ལ་སོགས་པའི་དབང་བྱིན་རླབས་དང་གཤིན་གསོན་གྱི་བསྔོ་བ་དཔག་ཏུ་མེད་པ་གནང་། ཞག་བཞིའི་བར་སྐུ་མཚམས་བཅད་དེ་བུམ་སྒྲུབ་མཛད་རྗེས་གོང་ཞབས་ཡས་ཕྱིན་དུ་བྱད་འགྲོལ་དང་། དེའི་ཕྱི་ཉིན་མི་དབང་ཆེན་པོའི་སྲས་ལ་གོང་གི་གཟིམ་ཆུང་དུ་བྱད་འགྲོལ་མཛད། དེ་ནས་ནོར་བུ་གླིང་དུ་ཆབ་ཞུགས་ལ་ཐེགས་ཤིང་། ཏྲེ་བོ་སྤྲུལ་པའི་སྐུ་དང་གང་སྟེང་གཟིམ་དཔོན་སོགས་མང་པོར་དབང་ལུང་མཛད། སླར་ཡང་རྩེར་གོང་ཞབས་སུ་རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས་དང་། གསང་འདུས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་ངན་སོང་ཀུན་སྐྱོབ་རྣམས་ཀྱི་དབང་ལུང་འབུལ་བར་མཛད་ཅིང་རྒྱལ་བ་རྒྱ་མཚོ་སོགས་དབང་འགའ་ཞིག་ལ་གནས་གསར་དབོན་རིན་པོ་ཆེ་ཡང་ཞབས་ཕྱིར་ཕེབས། དེ་ནས་གོང་གི་སྐུ་རིམ་དུ་ཞབས་ཕྱིར་གྲྭ་པ་བཅོ་ལྔ་ཙམ་གྱིས་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་དང་གོང་ཞབས་ཡས་ཕྱིན་དུ་ཚེ་དཔག་མེད་དང་གུར་དྲག་གི་དབང་བཀའ། འཆི་བསླུ་བྱད་གདོན་འགྲོལ་བ། ཀླུའི་གདོན་འགྲོལ་སོགས་སྐུ་རིམ་མང་པོ་དང་། གཞིས་ཀའི་ཞལ་ངོ་རྣམས་ཀྱི་སྐུ་རིམ་དུའང་འཆི་བསླུ་གདོན་འགྲོལ་སོགས་མཛད། ལྷ་སར་བྱང་གླིང་། གཞིས་ཀ་ཤར། ཀླུ་ཁང་པ་སོགས་གནས་ཆེན་པ་མང་པོས་སྤྱན་དྲངས་ཏེ་ཚེ་རྟ་གུར་དྲག་གི་དབང་ལ་སོགས་པས་སོ་སོའི་རེ་འདོད་སྐོང་བར་མཛད། ཟླ་བ་དགུ་པའི་མཇུག་ཏུ་གོང་ནས་ཕེབས་རྫོངས་ཀྱི་གནང་སྦྱིན་གསེར་དངུལ། གོས་ཕྱི་ནང་། རྟ་ཇ་སིག་སྤམ་མཐོ་བ་དང་། ཞབས་སྐྱེལ་དུ་ཆིབས་དྲེལ་དོ་དམ་པ་དང་བཅས་གནང་སྟེ་སྒྲགས་ལ་བརྒྱུད་གདན་སར་ཕེབས། མི་རིང་བར་གོང་ནས་གསོལ་ཆས་ཀྱི་མཐུན་རྐྱེན་སོགས་སྩལ་ཏེ་འོལ་ཀའི་ཆབ་ཚན་ལ་ཆིབས་བཏེག་པའི་ལམ་དུ་སྣེ་གདོང་རྩེ་དང་ཟངས་རི་སོགས་སུ་སྤྱན་འདྲེན་ཞུས་ཤིང་ཞབས་ཏོག་རྒྱ་ཆེར་བསྟབས། རིམ་པར་འོལ་ཁར་ཐེགས་ཏེ་ཞག་བདུན་གྱི་བར་ཆབ་ཚན་གྱི་འཕྲོད་བཞེས་མཛད། དེར་རྫོང་ནས་གསོལ་ཆས་དང་རྫོང་དཔོན་ནས་ཀྱང་ཇ་ཞུ་འབུལ་ནོད་རྒྱ་ཆེར་བསྒྲུབས། དེའི་དཀོན་གཉེར་བ་རྣམས་ཀྱིས་ཚེས་བཅུ་མཆོད་པའི་ཐེབས་ཤོར་བ་གཞུང་དུ་ཞུ་གྲོགས་དགོས་ཚུལ་བྱུང་བ་ལྟར་ཕྱིས་གོང་གི་ཐུགས་རྗེ་བསྐུལ་ཏེ་རེ་འདོད་གང་བར་མཛད། ཕྱིར་ལམ་ཡང་ཟངས་རིར་སྤྱན་དྲངས་ཏེ་རྟེན་མང་པོར་རབ་གནས་དང་སྡེ་སྲིད་རིན་པོ་ཆེར་ཚེ་དཔག་མེད། བླ་མ་དྲག་པོ། ལོཀྟྲི་སོགས་ཀྱི་དབང་རྗེས་གནང་མང་དུ་སྩལ་ཅིང་ཟངས་རི་ཁང་དམར་གྱི་གནས་མཇལ་ཡང་མཛད། སྙིང་ཕུ་དགོན་དུ་ནང་ཞིག་གི་སྐྱོན་ལས་སྤྲུལ་སྐུར་བཀའ་ཁྲིམས་ཀྱི་ནན་ཏུར་བབས་ལྕི་བ་བྱུང་བར་བརྟེན། སྐྱབས་ཞུ་མིའི་བང་ཕྱིན་འབྱོར་བར། གོང་དུ་དགོངས་ཁྲེལ་བསང་བའི་ཞུ་བ་རིམ་པར་མཛད་པས། རེ་ཞིག་ཆུ་ཤུར་དུ་དམ་རྩིར་བཞུགས་པ་ཙམ་ལས་སྐུ་སྲོག་ལ་འཇིགས་པ་མེད་པའི་བཀའ་དྲིན་སྩལ། གདན་ས་ཐེལ་དང་སྣེའུ་གདོང་རྩེ་རྣམས་སུ་སྤྱན་དྲངས་པ་ལྟར་ཐེགས། སྣེ་གདོང་དུ་སྡེ་སྲིད་རིན་པོ་ཆེར་ཚེ་དཔག་མེད་དང་། ཕྱག་བཞི་པའི་དབང་བཀའ་མཛད་དེ་རིམ་པར་གདན་སར་ཕེབས་ནས། འབྲོམ་སྟོན་གཞན་ཕན་རྣམ་རོལ་སྤྱན་འདྲེན་མཛད་དེ་རྡོ་རྗེ་གླིང་པའི་གཏེར་ཆོས་ཀྱི་འཕྲོ་རྣམས་ཚང་མར་གསན་ནས་དར་ལྡིངས་སུ་གཟན་དབང་དང་བསྟུན་འདུམ་པོར་ཡང་སྐོར་ཙམ་ཐེགས། ཟླ་བ་བཅུ་གཉིས་པའི་འགོར་རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་ཚོམ་བུ་ཚོགས་སྒྲུབ་དང་དཀྱིལ་འཁོར་དེའི་སྟེང་ནས་གྲྭ་ཚང་ལ་དབང་བཀའ་མཛད་ཅིང་ཟླ་མཇུག་ལ་དུས་རིམ་ཆེན་མོའི་རྡོ་རྗེ་སློབ་དཔོན་དུའང་ཕེབས། དེ་དུས་ཨུ་ར་གདུང་ཆེད་དུ་བྱིན་རླབས་ཞུ་བར་བྱུང་བ་ལ་ཚེ་དཔག་མེད། གུ་རུ་དྲག་པོ། ལོཀྟྲི་རྣམས་ཀྱི་དབང་དང་བྱད་འགྲོལ་མཛད། སྐབས་འདིར་ནཻ་པཱ་ལའི་བཟོ་རིག་མཁས་པ་གསུམ་གྱིས་རྒྱུ་གསེར་དངུལ་ལ་རིན་པོ་ཆེ་དུ་མའི་ཕྲས་སྤུད་པའི་སྐུ་རྒྱན་འདི་ཉིད་སྒྲུབ་པའི་ཞལ་བཀོད་ཀྱང་གནང་།


previousདགུང་ལོ་སོ་བཞི་པ།next