Nitartha Digital Library
Tibetan
 
previousདགུང་ལོ་ཞེ་བཞི་ནས་ང་གཅིག་བར་གྱི་རྣམ་པར་ཐར་པ།next

དགུང་ལོ་ཞེ་བཞི་ནས་ང་གཅིག་བར་གྱི་རྣམ་པར་ཐར་པ།

༄༅། །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དད་པའི་ཤིང་རྟ་ཉིད་ཀྱི་འཕྲོས་ནས་བརྗོད་པ་དུམ་བུ་གཉིས་པ་བཞུགས་སོ། །

༄༅། །ཛྙེ ཡ ས རྦེ ཥཱཾ ཏ ཏྭ ཡ ཤྱཱི། །ཀཱ རུ ནཻ སྶཾ ས ཏྭཱ བི ཤུ དྡྷ། །

༄༅། །ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །རྣམ་དག་ཐུགས་རྗེས་ལུས་ཅན་ཀུན། །

༄༅། །བཻ ན ཡཱ ཎཱཾ ཀ རྨོ བ ར དྷྲི ཀ྄ ཛྱེ ཥྛ ནི དྷྱུ ཏྟ ཪྱཾ པྲ ཎ མྱཾ། །

༄༅། །འདུལ་བའི་ཕྲིན་ལས་མཆོག་མངའ་བ། །གཏེར་ཆེན་བླ་མ་ལ་ཕྱག་འཚལ། །གང་ཞིག་མཁའ་ཁྱབ་བདེ་བར་གཤེགས་ཀུན་གྱི། །ཕུལ་བྱུང་མཁྱེན་པས་གཞལ་དཀའི་ཡོན་ཏན་གཏེར། །སྙན་སྒྲོག་ཡི་གེའི་དཔྱིད་དུ་འཕོས་པ་གང་། །དེ་ཀུན་མགོན་འདིའི་ཡོན་ཏན་བསྔགས་པར་ཟད། །འོན་ཀྱང་བདག་བློའི་བུ་ག་ཆེས་ཕྲ་བར། །གང་གི་ཡོན་ཏན་འོད་དཀར་ཆ་ཤས་ཙམ། །ཞུགས་པ་འདིས་ཀྱང་མོས་དགེ་སྣང་བའི་སྐབས། །སྟེར་ཕྱིར་ཚུལ་འདི་འདྲི་བ་སུ་ཡིས་འགོག །དེ་སླད་ཉམ་ཆུང་སྦྲང་བུའི་འཕུར་རྩལ་གྱིས། །དཔག་ཡས་ནམ་མཁའི་མཐའ་ཡངས་འཚོལ་འདོད་བཞིན། །བློ་དམན་བདག་ཀྱང་རབ་གུས་དྭངས་བ་ཡིས། །ངོ་མཚར་རྟོགས་བརྗོད་གཏམ་བཟང་དེང་འདིར་གླེང་། །དེ་ཡང་འདི་ལྟར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་པས་སེམས་ཅན་གྱི་དུས་ན་འཆིང་གྲོལ་མེད་པའི་གནས་ལུགས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་མེད་སྣང་གློ་བུར་གྱི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཀྱིས་སྤངས་ཐོབ་མེད་པའི་རང་བཞིན་མངོན་དུ་མཛད་པ་ལས། རྣམ་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་སྤངས་པ་རྣམ་པར་གྲོལ་བའི་སྐུ་ནི་སྤོང་བ་ཆེན་པོ་དང་། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་མངོན་སུམ་དུ་གཟིགས་པ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡང་དག་པའི་སྐུ་ནི་རྟོགས་པ་ཆེན་པོ་དང་། དེ་ཉིད་ཀྱི་མཐུ་ལས་མཐའ་ཡས་པའི་འགྲོ་བའི་ཁམས་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་རྣམ་པར་རོལ་པ་ཚད་མེད་གྲངས་མེད་པའི་ཚུལ་གྱིས་རབ་ཏུ་འཇུག་ཅིང་རྒྱུན་མི་ཆད་པས་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ནི་སེམས་ཆེན་པོ་སྟེ། ཆེན་པོ་གསུམ་གྱི་མཚན་ཉིད་ཀྱིས་འབྲས་བུའི་མཆོག་ཡོངས་སུ་རྫོགས་པར་གསུངས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་གི་ངང་ཚུལ་མདོར་བརྗོད་པ་ཡིན་ལ། དེའི་ཕྱིར་བདག་ཅག་གི་རྣམ་འདྲེན་མཚུངས་ཟླ་དང་བྲལ་བ་མཚན་བརྗོད་པར་དཀའ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བ་མཆོག་གི་དཔལ་ལྡན་བླ་མ་དམ་པ་འདིའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ འང་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པ་དང་རོ་གཅིག་པའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར། དེ་ཉིད་ཚུལ་ཇི་ལྟ་བར་བརྗོད་པ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་མ་གྱུར་ན་བདག་ཅག་སོ་སོ་སྐྱེ་བོ་རྣམས་ཀྱིས་ཆ་ཙམ་ཡང་བརྗོད་པར་མི་ནུས་མོད་ཀྱི་འོན་ཀྱང་གདུལ་བྱ་ཐུན་མོང་བའི་མོས་པ་དང་འཚམས་པར་སྤྲུལ་པའི་གཟུགས་བརྙན་ཅི་རིགས་པར་བསྟན་པའི་མཛད་པ་ཇི་སྙེད་པ་དག་ལས། རེ་ཞིག་ཞིང་འདིར་གདུལ་བྱའི་ཆ་ཤས་འགའ་ཞིག་འདུལ་བ་དང་མཐུན་པར་འཇུག་པའི་རྣམ་ཐར་སྐུ་ཚེ་སྔ་མའི་ལོ་རྒྱུས་ཟུར་ཙམ་དང་། སྐུ་ཚེ་འདིའི་རྣམ་པར་དག་པའི་ཀུན་ཏུ་སྤྱོད་པའི་རབས་ལས་མི་ཟད་པ་མེ་ཁྱིའི་ལོ་ལ་སྐུ་བལྟམས་པ་ནས་བཟུང་སྟེ། དགུང་ལོ་ཞེ་བཞི་པ་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་དཔྱིད་ར་དབོ་ཟླ་ལ་ཐུག་གི་བར་དེ་སྲིད་ཀྱི་མཛད་པ་མདོ་ཙམ་ཞིག་རིས་མེད་བསྟན་པའི་སྦྱིན་པོ་ཡར་འབྲོག་ཁྲི་དཔོན་གྱི་གསུང་ངོར་ཁོ་བོ་ཅག་གིས་སྔར་སྤེལ་བ་ཉིད་དབང་རིགས་གྲུབ་པའི་ཁྱུ་མཆོག་པདྨ་རྒྱལ་མཚན་གྱིས་དྲི་མ་མེད་པའི་དད་གུས་ཆེན་པོས་ཀུན་ནས་སློང་སྟེ་གླ྄ེགས་བམ་གྲངས་མེད་པར་འཆར་བའི་ཕྱི་མོ་ཟད་པ་མེད་པའི་ཆོས་སྦྱིན་གྱི་པར་དུ་སྤེལ་བར་མཛད་ཅིང་། དེ་ཕྱིན་ནས་ད་ལྟ་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་བར་གྱི་རྣམ་ཐར་རྣམས་ཀྱང་པར་དུ་སྒྲུབ་པར་འདོད་པས་རྩོམས་པར་གྱིས་ཤིག་ཅེས་ནན་ཏན་ཆེན་པོས་བསྐུལ་བར་མཛད་པ་དང་། གཞན་ཡང་ཟུར་གྱི་སྔགས་འཆང་དཔལ་ནོར་བུ་སོགས་སྐལ་བ་དགེ་བ་ཅན་དུ་མས་ཀྱང་བསྐུལ་བ་ལྟར་སྔར་གྱི་འཕྲོ་ཉིད་ནས་བརྗོད་པར་བྱ་སྟེ།

དགུང་ལོ་ཞེ་བཞི་པ་མུ་མཐུད།

ས་སྦྲུལ་ཧོར་ཟླ་གསུམ་པའི་ཚེས་གསུམ་ནས་བཟུང་གོང་ཞབས་ཡས་ཕྱིན་གྱི་སྐུ་ཚེའི་སྒྲུབ་པ་ཞག་བཅུའི་བར་སྐུ་མཚམས་ཀྱི་ཁོངས་དེ་ཉིད་དུ་མཛད། དེ་དུས་ཚེས་བཞིའི་ནུབ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེའི་ཡུམ་ལ་སྐུ་ཆགས་ཤིན་ཏུ་བདོ་བ་བཟློག་ཏུ་མེད་པའི་མནལ་ལྟས་འཚུབ་པ་བྱུང་གསུང་། ཚེས་བཅུ་གསུམ་གྱི་སྔ་དྲོ་གཟའ་སྐར་དགེ་བ་ལ་སྐུ་བཅད་རྒྱའི་ནང་མཚམས་བཀྲོལ་ཏེ་གདུང་བརྒྱུད་རིན་པོ་ཆེ་ལྗགས་ཀློག་སྦྱོང་བའི་སྐར་འཛིན་ཙམ་གནང་ཞིང་། དེ་ཉིན་ཆུ་བཟང་ནས་ཡུམ་དྲུང་སྐུ་མཆེད་ཀྱི་ཁ་བཏགས་ཆེ་བ་དགུ། གོས་དར་ཡུག་བཅུ་གསུམ། ཇ་མར་སོགས་འབུལ་མི་འབྱོར་བ་ལྟར་སྐུ་རྐྱང་གིས་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་ཚེ་སྒྲུབ་མཛད་ཅིང་། གྲྭ་པ་བདུན་གྱིས་ཡང་སྙིང་ཀུན་འདུས་དང་། གསུམ་གྱིས་བདུད་རྩི་བུམ་ཆུང་གི་ཚེ་སྒྲུབ་བགྱིད་དུ་སྩལ་ནས་ལོ་གཉིས་གསུམ་ཚུན་སྐུ་མཆེད་གཉིས་ཀའི་སྐུ་ཚེ་ལ་བར་ཆད་མི་འབྱུང་བའི་ལུང་བསྟན་དང་བཅས་གནས་ཚུལ་འབུལ་མི་བརྫངས། ས་སྐྱ་ནས་ལྷ་གཟིགས་ལྕམ་གྱི་མགུལ་བསྲུང་ཞུ་མི་དང་། གླིང་ནས་ཕྱག་མཛོད་ནང་སོ་སོགས་མཇལ་མི་ངོ་ཆེན་འགའ་ཞིག་ལ་བུག་སྒོ་ནས་མཇལ་ཁ་དང་བྱིན་རླབས་སོགས་ཀྱིས་རེ་བ་ཆོས་བཞིན་དུ་སྐོང་བར་མཛད། གོང་དུ་ཚེ་རྫས་འབུལ་མི་ཆེད་དུ་གནང་བའང་འཁོར་ཏེ་ཡས་ཕྱིན་གཉིས་ཀ་ནས་ཤིན་ཏུ་མཉེས་པའི་བཀའ་ཤོག་དང་། ན་བཟའ་ཆ་ཚང་། བཟང་ཇ་གོས་དར་སོགས་གནང་སྦྱིན་ཕུན་སུམ་ཚོགས་པ་འབྱོར། ཨེ་པའི་ཡིག་མཁན་རྣམས་ཀྱིས་བཀའ་འགྱུར་བཞེངས་པའི་ལས་འཕྲོ་དང་། ཞོ་ར་བ་རྣམས་ཀྱིས་བསི་ཐང་གྲུ་བཞི་མའི་བྲིས་བཀོད་ཇི་ལྟ་བའི་ཐུབ་ཆེན་གནས་བརྟན་བཅུ་དྲུག་དང་བཅས་པའི་ཐང་སྐུ་གྲ་ཚར་ཉི་ཤུ་རྩ་གཅིག་བཞེངས་པའི་སྐྱ་རིས་ཚུགས་པའི་ཞལ་བཀོད་མཛད། ས་ག་ཟླ་བའི་ཚེས་གཅིག་གི་སྔ་དྲོ་སྐུ་ཞང་ཚེ་དབང་མི་འགྱུར་རབ་བརྟན་གྱིས་སྟན་དཀར་དྲི་མ་མེད་པ་རྡོ་རྗེའི་རེ་ཁཱ་ཅན་དང་། འབུལ་བའི་དངོས་པོ་བཟང་ཞིང་རྒྱ་ཆེ་བ། འདུས་ཚོགས་སུ་མང་ཇ་སྦྱོར་སྦྲེལ་ཐོག་ཕྱག་འགྱེད་དང་། གཟིམས་ཆུང་འགག་ཏུའང་གསོལ་འདེབས་པའི་གྲྭ་པ་བཅུ་ལ་འགྱེད་འཕར་མ་དང་བཅས་ཏེ་ཞབས་བརྟན་ཕུལ། ཚེས་ལྔའི་ཉིན་རེས་གཟའ་འོད་དཀར་ཅན་རྒྱལ་གྱི་དགའ་མ་དང་བརྩེ་བའི་དུས་སྦྱོར་དགེ་བར། སྔར་སྙིང་པོའི་རྒྱུད་འདོན་པ་ཉི་ཤུ་སྐོར་ཙམ་ཡོད་པ་ལ་བདེ་འདུས་རྩ་རྒྱུད་དང་། དེ་ཕྱིན་གྱི་གྲྭ་པ་རགས་རིམ་ཕལ་ཆེ་བར་སྒྱུ་འཕྲུལ་རྩ་རྒྱུད་དེ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་རྩ་བར་གྱུར་པའི་བླ་ན་མེད་པའི་རྒྱུད་ཆེན་གཉིས་པོ་སོ་སོའི་འདོད་ཐབས་ཀྱི་མན་ངག་དང་བཅས་ཏེ་ཟླ་བ་ངོ་རེ་བཞིན་གྱི་དུས་བཟང་གསུམ་ལ་སྟར་ཆགས་སུ་འདོན་པའི་རྒྱུན་ཚུགས་པར་ཇ་དར་ཚན་གྲངས་ཀྱི་འགྱེད་དཔངས་གཏོད་པ་སྩལ། ཆོས་འཁོར་ཡང་རྩེའི་དགེ་སློང་སྤོང་བ་ལ་བློ་མཆོག་ཏུ་གཞོལ་བ་གསུམ་ལ་ཐུགས་ཐིག་གི་དབང་ཁྲིད་གནང་། ཐན་པ་ཆེས་པས་ཞིང་པ་ཀུན་མྱ་ངན་གྱིས་གདུངས་པ་ལ་སྙིང་རྗེའི་སྟོབས་ཆེན་པོས་ཐུགས་དྲངས་ཏེ་ཉི་ཤུའི་སྔ་དྲོ་ལྷ་སྲིན་དམ་འདོགས་མཛད་པས་དེ་འཕྲལ་འཇམ་ཆར་ཅུང་ཟད་ཙམ་དང་། དེ་ནས་མུ་མཐུད་དེ་ཆར་ཤིན་ཏུ་གཤིམ་པ་བབས། ཟླ་མཇུག་ནས་རྒྱ་ཧོར་གྱི་གོས་བཟང་པོའི་རྒྱུ་ལས་གུ་རུ་མཚན་བརྒྱད་ཀྱི་ཡོལ་ཐང་བཞེངས་པའི་དྲ་ཚེམ་དང་། ཨེ་པ་དབུ་མཛད་དཔལ་འཛིན་སོགས་ཀྱིས་མ་མགོན་ལྕམ་དྲལ་གསུམ་གྱི་འཆམས་སྐུ་བཞེངས་པའིི་བཟོ་གྲྭ་འཛུགས་པར་མཛད། ཟླ་བ་ལྔ་པའི་ནང་དུ་བོ་དོང་མངའ་བདག་བྲག་པ། ཆོས་འཁོར་ཡང་རྩེའི་དགེ་སློང་གསུམ། ཁམས་པ་ཀུན་བཟང་རིག་འཛིན་སོགས་ལ་གུར་དྲག་དང་རྡོར་སེམས་ཀྱི་དབང་ལུང་། བཀའ་འབུམ་གྲས་ནས་ཨོ་རྒྱན་གསོལ་འདེབས། དྲག་པོ་སྡེ་ལྔའི་བསྐང་གསོ། བསང་མཆོད་ལ་སོགས་པའི་ལུང་ཕྲན་མང་པོ་དང་། གྲྭ་ཚང་ཆེན་མོའི་གྲྭ་པ་ངག་དབང་དཔལ་མགོན་ལ་རྒྱ་ཅན་གྱི་ཕྱག་རྡོར་དྲེགས་འདུལ་གྱི་དབང་དང་དམིགས་རིམ་གྱི་ཁྲིད། དམག་ཟོར་མའི་མདོས་ཆོག་གི་ལུང་རྣམས་མཛད་ཅིང་། སྤ་ལུང་སྤྲུལ་སྐུའི་ཞབས་བརྟན་འབུལ་མི་དང་། ཆུ་བཟང་ནས་ཡུམ་དྲུང་སྐུ་མཆེད་ཀྱིས་འཚམས་དྲིའི་ཞུ་འཕྲིན་གོས་དར་གྱི་འབུལ་བ་གྱ་ནོམ་པ། སྟག་རྩེ་ཞབས་དྲུང་མ་ཆེན་གཤེགས་པའི་བསྔོ་རྟེན་དཔངས་གཏོད་པ་བཅས་འབྱོར་བར་གང་ལ་གང་འཚམས་ཀྱི་བཞེད་པ་ཆོས་བཞིན་སྐོང་བར་མཛད། ཧོར་ཟླ་དྲུག་པའི་ཚེས་བཞིའི་ནུབ་གདུང་བརྒྱུད་རིན་པོ་ཆེའི་ཡུམ་ལ་བར་ཆད་ཀྱི་དབང་དུ་ཐལ་བའི་མཚན་ལྟས་ཤིན་ཏུ་ངན་པ་དང་། སང་ནུབ་དེ་ཡང་ད་རེས་བཅོས་སུ་མེད་པ་དང་སླད་ཀྱི་དོན་སྒྲུབ་པ་ལ་སོགས་པའི་མནལ་ལམ་འཚུབ་ཅིང་མཚར་བ་བྱུང་། ཚེས་བདུན་བརྒྱད་ཙམ་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་ཅུང་ཟད་སྐུ་ཁམས་མ་བདེ་བ་ལ་སྤྱོད་ལམ་ལོག་པས་གཉན་ཚད་ཀྱི་སྙུང་གཞི་ཐུ་མོར་སོང་སྟེ། ད་རང་ཞལ་མི་འཚོ་བ་འདྲ་སྙམ་དུ་ཐམས་ཅད་སེམས་ཁོང་དུ་ཆུད་པ་ན། རྗེ་རིན་པོ་ཆེའི་ཞལ་ནས། ནད་བབས་ལྕི་ཡང་སྐྱོན་པའི་ངེས་པ་མེད་པས་རིམ་གྲོ་ལ་འབད་རྩོལ་ཐོན་ཅིག་པའི་ཞལ་ཏ་ཕེབས་པ་ལྟར་གྲྭ་ཕྱི་ནང་གི་དགོན་སྡེ་ཆེ་ཕྲ་ཐམས་ཅད་ལ་མང་ཇ་དང་། དར་གླིང་དང་འདི་གའི་མགོན་ཁང་སྟེང་ཤོད་དུ་སྲུང་མ་རྣམས་ཀྱི་བསྐང་བཤགས་ཀྱི་རྒྱུན། གྲྭ་ཚང་འདུས་ཚོགས་ཀྱིས་བཀའ་འགྱུར་གསུང་སྒྲོག་དང་ཡང་བཟློག་གི་སྔགས་རྒྱུན། བདག་གིས་ཁྲོས་ནག་གི་མེ་མཆོད་སྟོང་ཚར། བདེ་གཤེགས་ཀུན་འདུས་དང་མཁའ་འགྲོའི་ཚོགས་བརྒྱ། མཁྱུད་སྤྱད་ནས་འབྱུང་བའི་འཆི་བསླུ། ན་བཟའ་དཀོར་ཆ་བཟང་པོ་དང་བཅས་པའི་སྐུ་གླུད་རྟ་དང་བཅས་པ་གླིང་ཁའི་བར་སྐྱེལ་བའི་རྟེན་འབྲེལ་དང་། དགེ་སློང་གཉིས་དང་རབ་འབྱམས་པ་གཉིས་ཀྱིས་བླ་བྲང་གི་སྒོ་འཕྱོར་དུ་ས་སྡེ་བཙུགས་ཏེ་གསེར་འོད་གསུང་མི་ཆད་དུ་སྒྲོག་པ་དང་། ནུབ་རེ་བཞིན་སྐུ་གླུད་དང་ཆ་གསུམ་གཏོར་མ། གཞན་ཡང་བརྒྱ་བཞི་དང་སྔགས་རྩིས་ལས་འབྱུང་བའི་མདོས་ཕྲན་མང་པོ་དང་། རི་མཐོ་རྣམས་སུ་དར་འཕན་འཛུགས་པ། ལྷ་བསངས། ཆུ་གཏོར། སྲོག་བསླུ། ལམ་འཕྲང་བསལ་བ་སོགས་སྣ་མ་འགགས་པ་དང་། ཁྱད་པར་རྗེ་ཉིད་ནས་འཆི་བསླུ། བྱབ་བ ཀྲུ། དབང་བྱིན་རླབས་སོགས་མཛད་ཅིང་། དཔོན་ཚང་ཆོས་མཛད་ཀྱིས་སྨན་བཅོས་ཀྱང་དྲག་ཏུ་ཕུལ་བས་གདུང་བརྒྱུད་རིན་པོ་ཆེའི་སྐུ་ལ་འཕྲོད་ངོ་ཅུང་ཟད་བ ལྟས་པ་དང་། ཡུམ་ཉིད་གློ་བུར་དུ་སྙུང་དྲག་པོས་ཐེབས་ཏེ། བཅུ་དགུའི་ཉིན་དེར་བྱིན་རླབས་མཛད་དུ་ཕེབས་སྐབས་བཀའ་ལས། ཁ་སང་ནས་རྨི་ལྟས་སོགས་གང་ལ་བརྟགས་ཀྱང་ད་རེས་འགོ་འཐོན་པ་ཞིག་མི་འོང་ཞེས་གསུང་པ་ལྟར་སྐུ་རིམ་སྨན་དཔྱད་སོགས་ཐབས་གང་གིས་ཀྱང་ངོ་མ་བལྟས་པར་སྙུང་ཡུན་ཡང་ཞག་བཞི་ལྔ་ཙམ་ལས་མ་བྱུང་སྟེ། ཉི་ཤུ་གཅིག་གི་ཉིན་སྔར་ལས་སྐུ་བདེ་ཉམས་ཆེ་ཞིང་སྲོད་དུས་སྔ་ཆའི་བར་མནལ་ཀྱང་འཇམ་པར་གྱུར། དེ་ནས་སྲོད་འཁོར་ཙམ་ན་མནལ་སད་ནས་ཅུང་ཟད་ཙོག་ཙམ་མཛད་པའི་མོད་དེ་ག་ལ་སྙུང་ཟུག་སོགས་ཅི་ཡང་མེད་པར་ལྷན་ཅིག་སྐྱེས་མའི་ཞིང་ཁམས་ག་ལ་བ་དེར་སྤྲུལ་པ་བསྡུས་ཏེ་གཤེགས། དེའི་ཚེ་རྗེ་ཉིད་ནས་རང་བཞིན་གྱི་འོད་གསལ་སྒྲིབ་བྲལ་རྣམ་པར་དག་པའི་ཡེ་ཤེས་འཆར་བར་འགྱུར་བ་གང་གསལ་འདེབས་པ་སོགས་དུས་དེར་འཕྲོད་པའི་གདམས་པས་རྗེས་སུ་འཛིན་པར་མཛད་ཅིང་། གནས་སྐབས་སུ་སྲས་ཀྱི་སྐུ་རིམ་འགྱུར་བ་ལྟ་བུ་ཞིག་བྱུང་ཡང་། དོན་ལ་རྗེ་རིན་པོ་ཆེ་འདི་ཉིད་ཀྱི་སྐུ་ཆགས་འགྱུར་བ་ཡིན་པར་སྣང་སྟེ། སྔ་ལོ་རྒྱལ་གྱི་ཟླ་བར་མནལ་ལྟས་སུ་སྤྱིར་བསྲུང་མ་རྣམས་གྲིབ་འཁོན་གྱིས་འཁངས་པའི་ལྟས་དང་། ཁྱད་པར་མི་ཆས་གོས་གཟབས་འཕྱོར་ཅན་ངོ་མི་མཁྱེན་པ་མང་པོས་རྟ་དཀར་པོ་སྒ་ཆས་ལེགས་པ་སྤྲད་པ་ཞིག་ཁྲིད་ནས་རྗེ་ཉིད་རང་མྱུར་སྟབས་ཀྱིས་སྤྱན་འདྲེན་དུ་བྱུང་བར་རྟ་དེ་ལ་ཆིབས་ནས་ཐེགས་རྩིས་ལ། ཆིབས་མ་ཚར་ཙམ་དེར་གཞིས་སུ་བསླབ་སྟོན་འདྲ་གནང་དགོས་པ་ཡོད་དགོངས་ཏེ། ལྗགས་བཀོད་གནང་ཁུལ་གྱི་མུར་མནལ་སད་པ་སོགས་མནལ་ལམ་འཚུབ་པར་རྟེན་དེ་ལ་དམིགས་པའི་ཐུགས་དམ་དང་། ཞབས་བརྟན་སྐུ་རིམ་སོགས་ལ་འབད་རྩོལ་བསྐྱེད་པས་མཚན་ལྟས་འགྱུར་ཏེ། ཕྱིས་དབོ་ཟླ་དང་ཆུ་སྟོད་ཅན་གྱི་ཚེས་བཞི་སོགས་ལ་ཡུམ་ཉིད་ཁོ་ན་ལ་བཟློག་ཏུ་མེད་པའི་མཚན་ལྟས་འཚུབ་ཅིང་མཚར་བ་དག་བྱུང་བས་མཚོན་ཅིང་། ཁྱད་པར་གཅུང་རྒྱལ་སྲས་རིན་པོ་ཆེ་དང་མ་གཅིག་སྔ་མ་གཉིས་སྐུ་ཚེ་ཐུང་བ་ལྟར་སྣང་བའང་སྔར་དར་གླིང་དུ་བཞུགས་དུས་རྟེན་འབྲེལ་གྱི་སྒྲིག་ཐབས་ཤིག་ལ་དམ་སྲིའི་བར་གཅོད་ཀྱིས་གླགས་རྙེད་དེ་རྐྱེན་ཆེར་མེད་པར་ཐུགས་འུར་ནས་གཏེར་ཤོག་ཞུགས་ལ་འབུལ་བར་མཛད་པ་སོགས་རྐྱེན་འགས་རྟེན་འབྲེལ་གྱི་སྣ་ལོག་པ་ཡིན་པར་སྣང་ངོ་། །དེ་སྐབས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེའི་སྙུང་གཞི་བདེ་འགོ་གཏད་པ་ཙམ་ལས་དྭངས་བསྐྱེད་ཆེར་མེད་པར་བརྟེན། རེ་ཞིག་གི་བར་དུ་ཡུམ་གཤེགས་པ་ཉིད་ཤིན་ཏུ་གསང་དམ་པར་མཛད་དེ། སྐུ་རིམ་ལ་བསྙད་ནས་ལྷ་ཁང་རྣམས་སུ་མཆོད་འབུལ། གྲྭ་ཚང་དུ་ཇ་ཚུལ་འཕར་མ་བཙུགས་ཏེ་ཕུང་པོ་གསུམ་པའི་ཞལ་འདོན་དང་དྲི་མེད་བཤགས་རྒྱུད་ཀྱི་གསུང་སྒྲོག གཞན་ཡང་ཆུ་གཏོར། ཁྲོས་ནག་གི་མེ་མཆོད། མཁའ་འགྲོ་ཆེན་མོའི་སྒོ་ནས་ཚོགས་བརྒྱ་སོགས་སྒྲུབ་ཏུ་སྩལ་ཅིང་། ཉེར་བཞིའི་ཉིན་རྗེ་ཉིད་ནས་རིག་འཛིན་བླ་མའི་དཀྱིལ་འཁོར་ལ་བརྟེན་ནས་སྒྲིབ་སྦྱོང་གསལ་འདེབས་དང་། ཉེར་ལྔའི་ཉིན་བདག་གིས་སྐུ་གདུང་གི་དྲུང་དུ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་ག་དང་འབྲེལ་བར་ཐུགས་དམ་བསྐུལ་ཞིང་མཆོད་པ་ཕུལ། དེ་ནུབ་མནལ་བའི་འོད་གསལ་གྱི་གཟིགས་སྣང་ལ། ཡུམ་ཉིད་མཛེས་ཉམས་ཅན་དཔྲལ་བར་ལི་ཁྲིའི་ཐིག་ལེ་བསྐུས་པ་སྐུ་མདུན་དུ་བྱོན་ནས་ཕྱི་རྟགས་ཀྱི་ལུང་བསྟན་དང་བར་གཅོད་བསལ་བའི་མཚན་མ་ངོ་མཚར་བ་དག་བསྟན། ཟླ་བ་བདུན་པའི་ཚེས་གསུམ་ལ་གསང་རྒྱ་བཀྲོལ་ཏེ། དེ་ནུབ་ནས་ཞག་ཉི་ཤུ་རྩ་བཞིའི་བར་སྐུ་གདུང་གི་དྲུང་དུ་ཆོ་ག་བ་གྲངས་བཅད་སོ་སོས་ཞི་ཁྲོ་དོང་སྤྲུགས་དང་། དགོངས་འདུས་ཀྱི་སྐོང་བཤགས། ཞི་ཁྲོ་དགོངས་པ་རང་གྲོལ། ཚོགས་པ་བྱིངས་ཀྱིས་འདུ་ཁང་དུ་ཞི་ཁྲོ་རིགས་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་ལ་སོགས་ཏེ་གདུང་མཆོད་འཛུགས་པར་མཛད། ཚེས་བཞིའི་ཉིན་གོང་ཞབས་ནས་ཐུགས་དམ་བརྟག་པའི་བཀའ་ཤོག་གནང་ཆའི་སྐྱེས་བཟང་པོ་དེ་བཞིན་གཤེགས་པའི་འཕེལ་གདུང་དང་བཅས་པ། མི་དབང་ཆེན་པོས་བཟང་གོས་ཀྱི་བཞུགས་སྟན་ལ་སོགས་ཏེ་དངོས་པོ་གྱ་ནོམ་པ་དང་བཅས་བརྟན་བཞུགས་འབུལ་བར་ཆེད་དུ་གནང་བའང་ཕེབས། ཡུམ་གྱི་སྐུ་རྗེས་སུ་རིས་མེད་པའི་དགེ་འདུན་གྱི་སྡེ་གྲགས་ཆེ་བ་རྣམས་དང་། ལྷོ་ཁའི་དགོན་ཆེ་ཕྲ་ཕལ་ཆེ་བར་མང་ཇ་རྣམ་བཞག་བསྔོ་རྟེན་དང་བཅས་པ། གོང་མ་རྒྱལ་བའི་དབང་པོ་སོགས་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱན་སྔར་བསྔོ་རྟེན། མཆིམས་ཕུ་དང་བསམ་ཡས་སོགས་སུ་བརྒྱ་མཆོད་ཀྱིས་མཚོན་གནས་ཆེན་ཀུན་ཏུ་སྙན་དར་དཀར་མེ་ཅོད་པན་ལ་སོགས་པའི་མཆོད་འབུལ། གྲྭ་ཕྱི་ནང་མོན་མཁར་རྣམས་ཀྱི་སྡེ་ཆེ་ཕྲ་ཕལ་ཆེ་བ་སྤྱན་དྲངས་ནས་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་དང་སྨོན་ལམ་ཁྱད་པར་ཅན་རྣམས་འདོན་པ་སོགས་སྐུ་ཚིགས་སོ་སོ་དང་། སྐུ་འདད་དངོས་གཞིའི་སེར་ཚོགས། ནང་རྟེན་རབ་གནས་ཀྱི་བར་དེ་སྲིད་དུ་མཆོད་པ་དང་དགེ་འདུན་གྱི་བསྙེན་བཀུར་སོགས་སྔར་ཁྲི་ལྕམ་དེ་ཉིད་ཀྱི་གཤེགས་རྫོངས་ལ་ཆ་བཞག་པ་དང་། ཚེས་བཅོ་བརྒྱད་ཀྱི་ནུབ་སྐུ་གདུང་མཆིམས་ཕུར་སྤྱན་དྲངས་ཏེ། གུར་དཀར་ཕུག་གི་འདབས་སློབ་དཔོན་ཆེན་པོས་ལྷ་ལྕམ་པདྨ་གསལ་གྱི་སྤུར་ཞུགས་ཀྱིས་སྦྱོང་བའི་ཚུལ་བསྟན་པའི་གནས་དེ་ཉིད་དུ་མཁའ་འགྲོའི་དཀྱིལ་འཁོར་བཞེངས་པ་ལ་བཞུགས་སུ་གསོལ་ནས་བླ་མ་དང་རྣལ་འབྱོར་མ་ལྷ་དགུའི་ཆོ་ག་དང་འབྲེལ་བར་སྤུར་སྦྱོང་བའི་ཞབས་ཏོག་མཐར་ཕྱིན་པར་བསྒྲུབས་ཏེ་དབུ་ཐོད་སྤྱན་དྲངས་པ་ནི་དེང་སང་བདེ་སྐྱོང་དུ་གྲགས་པ་མཁྲེགས་ཤིང་ལྗིད་དང་ལྡན་ལ་དབྱིབས་མདོག་ལེགས་པས་མཐོང་བ་ཙམ་གྱིས་ཡིད་འཛིན་པ་དཔྲལ་བའི་ཕྱོགས་ན་ཧྲཱིཿཡིག་གསལ་པོར་དོད་པ་འདི་ཡིན་ཞིང་། དད་པ་ཅན་དག་གི་ལག་ཏུ་བྱུང་བའི་ཚེམས་ལ་ཡང་འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་བྱོན་པ་ལ་སོགས་པ་དང་། དུས་དེར་ས་ཕྱོགས་ཐམས་ཅད་ཆར་ཟིམ་གྱི་ར་བས་བསྐོར་བ་ལས་གནས་དེ་རང་གི་ཐད་ཀྱི་ནམ་མཁའ་ཤིན་ཏུ་དྭངས་པ་སོགས་ངོ་མཚར་བའི་དགེ་མཚན་མང་དུ་བྱུང་བར་སྣང་ཞིང་། གདུང་ཆོག་གྲོལ་ནས་ཀྱང་ནམ་མཛོད་སྒྲུབ་སྡེ་པ་བསྙེན་སོང་བཞིས་ཞག་ཉི་ཤུ་རྩ་ལྔའི་བར་ཀུན་རིག་གི་སྒྲུབ་མཆོད་དང་། སྟན་གཅིག་པའི་དགེ་འདུན་བརྒྱད་ཀྱིས་ཞག་བཅུ་སྐོར་བདེ་གཤེགས་བརྒྱད་ཀྱི་ཐུགས་དམ་བསྐུལ་བའི་ཆོ་ག སྨིན་གྲོལ་གླིང་དུ་ཇི་སྲིད་བར་དུས་མཆོད་ལ་གསང་བ་སྙིང་པོ་དང་བདེ་འདུས་རྩ་རྒྱུད་ཀྱི་རྒྱུད་འདོན་ཆག་མེད་དང་ལི་མ་ལྷ་ཁང་དུ་མར་མེ་རྒྱུན་འཛུགས་སོགས་གཤེགས་རྫོངས་ཕུལ་དུ་བྱུང་བ་སྒྲུབ་པར་མཛད། དེ་དག་གི་སྐབས་སུ་གཙོ་བོར་གོང་ཞབས་ཡས་ཕྱིན་ནས་གྲུབ་རྒྱལ་གླིང་པ་མི་སྣར་གནང་བའི་གནང་ཆ་བཟང་ཞིང་སྤམ་མཐོ་བ་དང་། གཞན་ཡང་ཐུགས་འབྲེལ་ཅན་ཐམས་ཅད་ཀྱིས་ཀྱང་སྐུ་ཚིགས་གསོལ་བ་དང་གདུང་འབུལ་སྙེལ་ཇ་འབུལ་བ་སོགས་མང་དུ་བྱུང་ཞིང་། གྲུབ་རྒྱལ་གླིང་པར་གུར་དྲག་གི་དབང་དང་། ཁམས་པ་བླ་མ་ཆོས་རྒྱལ་གླིང་པའི་འབུལ་སྐྱེལ་བ་དང་འབྲས་ལྗོངས་པདྨ་ཡང་རྩེའི་དབུ་མཛད་སོགས་ལ་རྡོར་སེམས་ཀྱི་བཀའ་ལུང་སྩལ། ཟངས་རི་སྡེ་སྲིད་གནམ་དུ་གཤེགས་པའི་བསྔོ་རྟེན་གཡང་ཊིའི་ཞལ་དཀར་སོགས་དངོས་སྤྱད་བཟང་ཞིང་རྒྱ་ཆེ་བ་འབྱོར་བར་བྱང་ཆེན་དུ་བསྔོ་སྒྱུར་མཛད། འདི་སྐབས་ལྷོ་བྲག་གནས་གཞིའི་གུ་རུ་བའི་གདུང་བརྒྱུད་རྫོགས་པར་བརྟེན་རྗེ་ཉིད་གཏེར་ཁ་གོང་འོག་གཉིས་ཀའི་ཆོས་ཀྱི་བདག་པོར་གྱུར་པ་ལ་ཆེད་དུ་དགོངས་ཏེ་གཞུང་ས་མཆོག་ནས་གནས་གཞིའི་དགོན་མ་ལག་ཆོས་གཞིས་རྟེན་གསུམ་ནང་སྤྱད་དང་བཅས་པ་སྦྱོར་འཇགས་ཀྱི་བཀའ་ཤོག་ཕེབས་པ་ལྟར་རྩིས་ལེན་པའང་རྫོང་སྟ་གནང་ཞིང་། ཀཿཐོག་པ་བླ་མ་བྱང་ཆུབ། དོལ་པོ་བླ་མ་ཚེ་རིང་དཔལ་བཟང་། བདུད་འདུལ་རྡོ་རྗེའི་སྲས་རྣམས་ཀྱི་འབུལ་སྐྱེལ་བ་སོགས་རིམ་པར་འབྱོར་བ་ལ་རྡོར་སེམས་ཀྱི་ལུང་དང་། ནམ་མཛོད་སྒྲུབ་སྡེ་བའི་གྲྭ་པ་བཞི་ལ་འཕོ་བ་འཇག་ཚུགས་མ། སྐུ་ཞང་ཚེ་དབང་མི་འགྱུར་ལ་ལོ་མ་གྱོན་མའི་རྗེས་གནང་། ཡིག་དྲུག་གི་བཟླས་ལུང་། ལེའུ་བདུན་མ་སོགས་འདོན་ཆོས་མང་ཞིག་གི་བཀའ་ལུང་། བླ་མ་འདུས་ཆེན་རབ་རྒྱས་པ་དང་ཐེ་སེ་འོར་སྒྲུབ་སྡེའི་བླ་མ་གཉིས་འཁོར་གསུམ་ཡོངས་དག་གི་འབུལ་བ་རྒྱ་ཆེར་བཏེག་སྟེ་འབྱོར་བ་དང་། བོ་དོང་མངའ་བདག་བྲག་པ་སོགས་དད་འདུས་ཅན་མང་པོར་ཐུགས་ཐིག་གི་དབང་ལུང་། འཇོམས་བྱེད་ཀྱི་དབང་གུར་དྲག་དང་རྡོར་སེམས་ཀྱི་ལུང་རྣམས་སྩལ། ཟངས་རི་སྡེ་སྲིད་ཀྱི་བསྔོ་རྟེན་བསྐྱར་མ་དང་འདུས་ཚོགས་སུ་སྐོང་བཤགས་སོགས་འཛུགས་པའི་ཡོ་བྱད་ཕུན་སུམ་ཚོགས་པ་འབྱོར་བ་ལྟར་ཆོ་ག་སྨིན་རྒྱས་སུ་སྒྲུབ་ཏུ་སྩལ་ཅིང་དགེ་ཚོགས་རྫོགས་བྱང་དུ་བསྔོ་བ་དང་། སྨོན་གྲུབ། ཕུན་རབ། ཕུག་ནས་སོགས་ཞལ་མཇལ་ཞུ་མི་རྣམས་ལའང་རྐྱེན་སེལ་གྱི་དབང་སོགས་གང་ལ་གང་འཚམས་པས་སོ་སོའི་རེ་འདོད་སྐོང་བར་མཛད། ཟླ་བ་དགུ་པའི་ནང་དུ་ཆུ་བཟང་ནས་སེམས་མ་དགེ་བའི་ཐུགས་ཅན་ཡུམ་དྲུང་སྐུ་མཆེད་ཀྱིས་ཞབས་པད་རིང་འཚོའི་གསོལ་བ་འདེབས་པ་དག་གདུང་བརྒྱུད་རིན་པོ་ཆེ་བསྙུན་དྭངས་པའི་ལེགས་སོ་བཅས་ཡབ་སྲས་གཉིས་ཀར་འབུལ་བ་རྒྱ་ཆེ་བ་འབྱོར་ཞིང་། གཞན་ཡང་སྐབས་འདི་དག་ཏུ་ཏྲེའོ་སྤྲུལ་སྐུ་རིན་པོ་ཆེ་དང་། བོན་ལུང་སྤྲུལ་པའི་སྐུ། གནས་གཞི་སྤྱི་སོ་རྣམས་ཀྱི་ཞབས་བརྟན་དང་། གསུང་སྙན་བླ་མ་སོགས་མཇལ་ཁ་ཞུ་མི་མང་པོ་ལ་ཡང་དེ་དང་དེར་གང་འཚམས་ཀྱི་བཞེད་དོན་སྒྲུབ་པའི་བཀའ་དྲིན་དང་། གླིང་གྲྭ་ཚང་ནས་བརྒྱད་སྟོང་པ་རྒྱུགས་འབུལ་མིར་ཡང་གནང་ཆ་རྒྱས་པར་སྩལ། རྡོ་རྗེ་བྲག་ཏུ་རིག་འཛིན་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་ལ་ཞབས་བརྟན་འབུལ་མི་ཆེད་དུ་རྫོང་སྟ་གནང་ཞིང་། ཚེས་བརྒྱད་ཀྱི་ཉིན་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་བསྙུན་ལས་རྣམ་པར་གྲོལ་བའི་གཏང་རག་ཏུ་མགོན་ཁང་སྟེང་ཤོད་རྣམས་སུ་དར་ཚོན་གྱི་སྙན་ཤལ། རལ་གྲི། གོ་ཁྲབ། སག་ཐག་སོགས་སྤྱན་གཟིགས་དང་གཏོར་ཚོགས་རྒྱ་ཆེར་བསྟར་ཏེ་བསྐང་གསོ་རྒྱས་པར་མཛད། བཅུ་བཞི་ལ་ཉིད་ཀྱི་ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མས་ཡབ་སྲས་གཉིས་ཀ་ལ་སྟན་དཀར་དྲི་མ་མེད་པ་རྡོ་རྗེའི་རེ་ཁཱ་ཅན་སོགས་འབུལ་བ་ཚོགས་འཁོར་ཆོ་ག་བ་རྣམས་ལ་ཡོན་གྱི་དངོས་པོ་སོགས་རྒྱས་པར་བཏེག་སྟེ་འཆི་མེད་ཡང་སྙིང་འདུས་པའི་སྒོ་ནས་ཞབས་བརྟན་འབུལ་བར་མཛད་ཅིང་། དེ་ཉིན་མདོར་ཇ་ལེན་གྱི་ཚོང་པ་དཔོན་གཡོག་རྣམས་ལ་ཚེ་དབང་སྩལ། ཟླ་མཇུག་ལ་ཡུམ་རིན་པོ་ཆེ་སྐུ་མཆེད་ཀྱིས་གསེར་དང་། ཤེལ་བུམ་ཁྱད་མཚར། གོས་དར་སོགས་ཀྱི་འབུལ་བ་དང་ཚོགས་བརྒྱ་སྒྲུབ་པའི་ཡོ་བྱད་རྒྱ་ཆེ་བ། ཧོར་ཁོར་ཚ་རུ་རྙིང་ནས་དགེ་སློང་འགྱུར་མེད་ཅན་གྱི་རྟ་འབུལ་དང་། དཔོན་སྒྲོལ་མ་འདས་པའི་བསྔོ་རྟེན་བཅས་འབྱོར་ཞིང་། འབྲོམ་སྟོན་གཞན་ཕན་རྣམ་རོལ་མཇལ་དུ་བྱུང་བར་ཁོང་པའི་གསུང་གིས་བདག་རང་ན་སོ་ཡར་སླེབས་པས་ད་འཆད་ཉན་ཕེར་བ་ཞིག་མི་འདུག རིགས་བརྒྱུད་རྣམས་ནི་ལས་སུ་མ་རུངས་པས། ད་ནི་ཆོས་བདག་པོ་ཉིད་ཀྱི་ཕྱག་ཏུ་འབུལ་བ་ཡིན་གསུངས་ཏེ་རྡོར་གླིང་གཏེར་ཆོས་ཀྱི་གླེགས་བམ་ཡོངས་སུ་རྫོགས་པ་ཤིན་ཏུ་དགྱེས་པ་དང་བཅས་པས་ཕུལ་བར་མཉེས་ཐུབ་པའི་གནང་སྦྱིན་སོགས་རྒྱ་ཆེར་སྤྲོ་བར་མཛད། ཟླ་བ་བཅུ་པའི་ཚེས་གཉིས་ཀྱི་ཉིན་ཡུམ་དྲུང་སྐུ་མཆེད་ནས་གོས་དར་བསེ་སྒམ་ལ་སོགས་པའི་འབུལ་བ་དང་འདུས་ཚོགས་སུ་མང་འགྱེད་དང་བཅས་རྒྱ་ཆེར་འབྱོར་ཞིང་། ཉེ་འཁོར་དུ་འབྲུམ་ནད་ཐོར་བུ་སླེབ་པར་བརྟེན་འབྲུམ་ཡོལ་ལ་གནས་གཞན་དུ་ཐེག་པ་འགམ་བམ་མི་འགབ་ཐུགས་དམ་བརྟག་པ་མཛད་པ་ན། མནལ་ལམ་དུ་གདུང་བརྒྱུད་རིན་པོ་ཆེའི་རྨོ་རྨོ་དེ་ཡིན་དགོངས་པའི་བུད་མེད་གཟི་མདངས་ཅན་ཞིག་གིས་བླ་བྲང་བར་ཁྱམས་ཀྱི་བྱ་གདང་སྟེང་ནས་རས་ཡུག་དྲི་མ་ཅུང་ཟད་ཡོད་པ་ཞིག་ཕྲག་པར་བཀལ་བའི་བརྡ་དང་བཅས་ཏེ་སྐས་ལ་བབས་ནས་ལངས་སོང་བས་ཐེགས་ན་བཟང་བར་དགོངས་ཏེ། ཞབས་ཕྱིར་ཐོར་པ་མ་ཐར་བའི་གྲྭ་པ་རྣམས་འཁྲིད་པར་མཛད་ནས་ཚེས་བདུན་གྱི་ཉིན་གྲྭ་མང་རྣམས་སྐྱིད་རུ་དང་། རྗེ་ཉིད་ཡབ་སྲས་འབྲས་བུ་བདེ་བ་ཅན་དུ་དཔགས་ཏེ་ནངས་པར་དར་རྒྱས་ཆོས་གླིང་དུ་ཕེབས། ཚེས་བཅུ་གཉིས་ནས་བཟུང་བདུན་ཕྲག་གསུམ་གྱི་བར་དུ་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོ་མཛད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། དེ་གྲོལ་མཚམས་འདུམ་པོའི་ཞལ་ངོ་རྣམས་མཇལ་དུ་བྱུང་བར་ཚེ་དབང་དང་བཀའ་བསྒོ་སོགས་རྐྱེན་སེལ་གྱི་བྱིན་རླབས་མཛད། ཟླ་བ་བཅུ་གཅིག་པའི་ནང་དུ་གཞུང་དུ་ཞུ་ཡིག་འབུལ་མི་མངགས་པར་དགྱེས་བཞིན་པའི་བཀའ་ལུང་རྒྱས་པར་ཕེབས་ཤིང་། དར་གླིང་གཞི་བའི་བཙུན་པ་རྣམས་ལ་ཐུགས་ཐིག་གི་དབང་དང་ལས་བྱང་གི་ལུང་། གྲྭ་བཙུན་ཐམས་ཅད་ལ་པད་གླིང་བླ་མའི་གཏོར་དབང་དང་འདོན་ཆ་སྐོར་གྱི་ལུང་རྣམས་མཛད། གྲྭ་པ་རགས་བསྡུས་ལ་ཆོ་གའི་ལག་ལེན་འཆམས་དབྱངས་སོགས་བར་སྐབས་སུ་རྒྱུན་ཇེ་ཕྲར་གྱུར་པ་རྣམས་ཉམས་གསོའི་བསླབ་སྦྱོང་བགྱིད་དུ་སྩལ་ཅིིང་རང་དགོན་གྲྭ་པ་ཆེ་ཁག་ཕལ་ཆེ་བར་མང་ཇ་བརྒྱ་རེ་དར་འགྱེད་དང་བཅས་པ་དང་། བྱིངས་ལ་མང་ཇ་ཉི་ཤུ་རེ་དང་དར་འགྱེད། ཇོ་སྟན་ཚོགས་པ་སོགས་གྲྭ་ནང་གི་དགོན་པ་གཞན་རྣམས་ལའང་མང་ཇ་སྦྱོར་བཅུ་རེ་གནང་། ཟླ་བ་བཅུ་གཉིས་པའི་འགོར་གྲྭ་ཚང་གི་གྲྭ་པ་རྣམས་དུས་རིམ་གྱི་སྟབས་ཕྱིར་སློག་པར་མཛད་རྗེས། ཉིད་ཀྱི་ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་དང་སྐུ་ཞང་བསོད་ནམས་རབ་བརྟན་གཉིས་ལ་ཐུགས་ཐིག་གི་རྫོགས་རིམ་སྨིན་ཁྲིད་དུ་སྩལ་ཅིང་། ཞབས་ཕྱིའི་ཁྲོད་ནས་དྲུང་འཚོ་ཆོས་མཛད། དགེ་སློང་བློ་གསལ། མཆོད་དཔོན་རྣམས་དང་། གཞི་བའི་གྲྭ་པ་ཁ་ཤས་བཅས་པར་ཨ་ཏི་ཟབ་དོན་སྙིང་པོའི་ཀ་དག་གི་ཁྲིད། རྩེ་ལེ་བླ་མ་ལྷ་ས་ནས་ཚུར་འཁོར་ནས་ཆེད་དུ་གསོལ་བ་བཏབ་པ་ལྟར། ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་རྩེ་ལེ་བ་དང་ཞབས་ཕྱི་ནང་སྐོར་བ་བདུན་ཙམ་དང་བཅས་པར་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྒྱུ་འཕྲུལ་ཞི་བའི་ཕན་ནུས་ཀྱི་དབང་། ཁྲོ་བོའི་ཕན་ནུས་ཟབ་མོའི་དབང་། ཁྲོ་རོལ་ལྗགས་བསྒྲིགས་མའི་ལུང་རྣམས་མཛད། གཞི་བའི་སྒྲུབ་མཆོད་དང་མ་ཎི་བ་རྣམས་ལའང་ཚོགས་འཁོར་དང་ཉིན་རེ་བཞིན་མང་ཇ་ཐུག་ཚུལ་སོགས་རྒྱས་པར་སྩལ་ཅིང་། ཡབ་རྗེའི་ལོ་མཆོད་ཟླ་བ་གཉིས་པའི་ཉེར་གཉིས་དང་། གདུང་བརྒྱུད་རིན་པོ་ཆེའི་ཡུམ་གྱི་ལོ་མཆོད་ཟླ་བ་དྲུག་པའི་ཉེར་གཅིག་གི་དུས་མཆོད་སྟར་ཆགས་སུ་འཛུགས་པར་མཛད་པའི་ཆ་རྐྱེན་གྱི་ཇ་རྣམས་ངོ་ཐོག་དང་། དེ་ཕྱིན་གྱི་གཏོང་སྒོ་ཆེ་ཕྲ་གཞན་རྣམས་ཀྱི་ཐེབས་སུ་ས་ཞིང་གི་སྦྱོར་འཇགས་ཀྱང་མཛད།

དགུང་ལོ་ཞེ་ལྔ་པ།

དགུང་ལོ་ཞེ་ལྔ་པ་ལྕགས་རྟ་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་ཡང་གནས་དེ་ཉིད་དུ་གནང་ཞིང་། དེ་ནས་བཟུང་ཉིན་སྟར་བླ་མ་གོང་མ་མང་པོའི་གདུང་རུས་དང་། གདུང་བརྒྱུད་རིན་པོ་ཆེའི་ཡུམ་གྱི་སྐུ་རུས་ལ་སྦྱང་འདུལ་གྱི་ཆོ་ག་སྔོན་དུ་འགྲོ་བས། ཨོ་རྒྱན་སངས་རྒྱས་གཉིས་པ། འོད་དཔག་མེད། སྤྱན་རས་གཟིགས། སྒྲོལ་མ་རྣམས་ཀྱི་པར་སྐུ་དང་། སཱཙྪ་རྣམས་ཆག་མེད་དུ་འདེབས་པར་མཛད་པ་གྲངས་ཉིས་འབུམ་དུ་ལོངས་པའི་སཱཙྪ་རྣམས་ལ་སོ་ལེགས་པར་བཏང་སྟེ་དྲི་མེད་ཀྱི་གཟུངས་དང་རྟེན་འབྲེལ་སྙིང་པོའི་ནང་གཟུངས་ཅན་ཤ་སྟག་པ་ཐམས་ཅད་ཀྱང་གསེར་གངུལ་ཟངས་གསུམ་ཅི་འོས་ཀྱི་ན་བཟའ་གསོལ་བ་མཆོད་རྟེན་ཆེན་མོའི་གཟུངས་སུ་མངགས་པ་སྒྲུབ་པར་མཛད་ཅིང་། སྔར་གསོལ་ཚིགས་ཀྱི་དུས་སུ་ཟན་ལས་ཨོ་རྒྱན་གྱི་སྐུ་དང་སཱཙྪའི་པར་འདེབས་པར་མཛད་པ་ཉིད་འདི་ནས་བཟུང་སྟེ་སྨན་འདམ་ལ་སྒྱུར་ནས་དགུང་ཚིགས་རྗེས་ཀྱི་ཞབས་འཆག་གྲུབ་རྟིང་འོད་དཔག་མེད། སྤྱན་རས་གཟིགས། ཨོ་རྒྱན། གུར་དྲག སྒྲོལ་དཀར་རྣམས་ཀྱི་སྐུ་ལྔ་རེ་དང་། སཱཙྪ་བཅུ་རེ་དེང་སང་གི་བར་ཆག་མེད་དུ་འདེབས་པར་མཛད་པ་ཡིན་ནོ། །དེར་རྣམ་འཇོམས་ཀྱི་ཁྲུས་ཆོག་རྒྱས་བསྡུས་ཀྱི་བཀའ་རྩོམ་ཡང་གནང་། ཟླ་བ་གཉིས་པའི་གཤམ་ནས་བཟུང་ཐུགས་དམ་ལས་མི་གཡོ་བཞིན་དུ་གསོལ་དཔོན་རབ་བརྟན་ལ་ཞལ་འཁོས་ཀྱིས་ཁྱབ་པར་མཛད་ནས་གཙུག་ལག་ཁང་གི་ཞིག་གསོ་དགོས་པ་རྣམས་རིམ་པར་སྒྲུབ་ཏུ་སྩལ་ཅིང་། སྐུ་རྟེན་རྙིང་པ་ཉམས་གསོ་དགོས་པ་རྣམས་ཀྱང་ལེགས་པར་གསོས་ཏེ་ཞལ་གསེར་སྤྱན་འབྱེད་དང་། མགོན་ཁང་ཆེན་མོར་མགོན་པོ། སྔགས་སྲུང་མ། གཟའ། དུར་ཁྲོད་བདག་མོ་རྣམས་ཀྱི་རྟེན་མདོས་དང་། གཏེར་སྒྲོམ་དུ་ཆོས་སྐྱོང་སོ་སོའི་རྟེན་གཏོར་རྣམས་ཀྱང་མན་ངག་གི་ངེས་པ་ཇི་ལྟ་བ་བཞིན་དུ་འཛུགས་པར་མཛད་ནས། གནམ་རྒྱན། གོ་མཚོན། དར་ཁ་དོག་སྣ་ཚོགས་པ་ཉིས་བརྒྱ་བརྒལ་བའི་སྤྱན་གཟིགས་རྣམས་ཀྱིས་མཛེས་པར་བརྒྱན་ཏེ། ཐམས་ཅད་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར་བ་དང་། གཏོར་འབུལ་བསྐང་གསོ་ཕྲིན་བཅོལ་སོགས་ལེགས་ཚོགས་ཀྱི་རྟེན་འབྲེལ་སྒྲིག་པར་མཛད་ཅིང་། འདི་དག་གི་སྔ་ཕྱི་ཅི་རིགས་པར་གཞི་བའི་གྲྭ་པ་གྲངས་བཅད་ཀྱིས་ཁྲོ་རོལ། གསུང་སྒྲོག ཆུ་གཏོར། བསྐང་གསོ། ཚོགས་པ་བྱིངས་ཀྱིས་བསམ་པ་ལྷུན་གྲུབ་མ་དང་ཤེར་སྙིང་། བཛྲ་གུ་རུ་བསགས་པ་སོགས་སྐུ་རིམ་མང་པོ་སྒྲུབ་ཏུ་སྩལ་ནས་སོ་སོར་ཡོན་གྱི་དངོས་པོས་ཚིམ་པར་མཛད། ཟླ་བ་གསུམ་པའི་འགོར་གོང་མའི་སྐུ་རིམ་དུ་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གི་བར་མཛད་ནས་ཚེ་རྫས་རྣམས་འབུལ་མི་མངགས་པའི་ཞུ་ལན་དགྱེས་པ་འཁྲུངས་པའི་བཀའ་མཆིད་སྩལ་བའང་ཕེབས། ཚེས་བཅུ་གསུམ་ལ་:ཟླུམ་༼འདུམ་༽ པོར་སྤྱན་དྲངས་ཏེ་ཞག་དྲུག་བདུན་ཙམ་སྟན་འཇགས་ནས་རྟེན་གསར་བཞེངས་རྣམས་ལ་རབ་གནས་དང་། དཔོན་གཡོག་ཐམས་ཅད་ལ་རྐྱེན་སེལ་གྱི་དབང་དང་བཀའ་བསྒོ་ལ་སོགས་པས་རེ་བ་ཆོས་བཞིན་དུ་སྐོང་བའི་ཕན་པ་སྒྲུབ་པར་མཛད་ཅིང་། བསྙེན་བཀུར་འབུལ་བའི་དངོས་པོ་ཕུལ་དུ་བྱུང་བ་དང་། ཁྱད་པར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་ཐོག་མར་ཕེབས་གཤིས་ཕར་གནང་ཚུར་འབུལ་གྱི་སྐྱེས་སོགས་བཟང་ཞིང་རྒྱ་ཆེ་བ་སྤྲོས། ཚེས་ཉི་ཤུ་ལ་དར་གླིང་དུ་ཕྱིར་ཕེབས་ནས་གོང་མའི་སྐུ་རིམ་དུ་ཚེ་སྒྲུབ་གནང་དགོས་པའི་དགོས་ཆ་དོ་དམ་པ་བཅས་འབྱོར་དོན་བཞིན་དུ་ས་ག་ཟླ་བའི་ཚེས་གཅིག་ནས་བཟུང་དཔོན་སློབ་ཉི་ཤུ་སྐོར་གྱིས་བདུན་ཕྲག་གཅིག་གི་རིང་སྐུ་ཚེའི་སྒྲུབ་པ་སྨིན་རྒྱས་སུ་གནང་བར་དགེ་བའི་མཚན་མ་བཟང་པོ་གཟིགས་ཤིང་། གཞིས་ཁའི་ཡུམ་ཆེན་མོའི་སྐུ་རིམ་ཇ་ཚུལ་གྱི་ཐེབས་བཟང་ཇ་འཁོར་དྲུག་མ་མང་བ་དང་། གོས་དར་གྱི་འབུལ་བའང་རྒྱ་ཆེར་འབྱོར་ཞིང་། དེ་ཉིད་དུ་སྟན་འཇགས་རིང་ཕྱོགས་འདུས་པ་གླིང་ཕྱག་མཛོད་ནང་སོ། སྣ་དཀར་རྩེ་ནས་དཔོན་ཚང་འཇམ་དབྱངས། ཧོར་བླ་ཆུང་ལ་སོགས་པ་སྔ་ཕྱི་ངེས་མེད་དུ་འབྱོར་བའི་མཇལ་མི་མཐའ་ཡས་པ་དང་། དེ་སྐོར་གྱི་སྦྱིན་བདག་དགོན་པའི་གྲྭ་བཙུན་སོགས་ཆེ་ཕྲ་ཚང་མས་དད་གུས་ཤིན་ཏུ་ཆེ་བས་ཞབས་ནས་བཏེག་ཅིང་། ཆོས་འབྲེལ་དང་བྱིན་རླབས་བསྔོ་བ་སོགས་རྣམ་པར་དཀར་བའི་ཕྲིན་ལས་རྨད་དུ་བྱུང་བས་སོ་སོའི་རེ་འདོད་ཡོངས་སུ་ཚིམ་པའི་བཀའ་དྲིན་སྩལ། ཚེས་བཅུ་དགུ་ལ་གདན་ས་ཆེན་པོར་ཕྱིར་ཕེབས་ཏེ་ཉེར་གཅིག་གི་ཉིན་གཟའ་སྐར་དུས་སྦྱོར་ཕུན་སུམ་ཚོགས་པ་ལ་མགོན་ཁང་སྦུག་ཏུ་མདོས་གཏོར་རྟེན་རྫས་རྣམས་ལ་མངའ་གསོལ་གྱི་བསྐང་བ་དང་ཕྲིན་བཅོལ་རྒྱས་པར་གནང་། ཉེར་གསུམ་ནས་བཟུང་མཚན་བརྒྱད་གོས་སྐུའི་གོང་ཤམ་གྱི་མཇུག་སྐྱོང་རྣམས་བགྱིད་དུ་སྩལ་ནས་བདུན་ཕྲག་གཅིག་གི་བར་གོང་མའི་སྐུ་ཚེའི་སྒྲུབ་པ་སྨིན་རྒྱས་སུ་མཛད་ཅིང་། ཁམས་པའི་གྲྭ་རྒྱུན་རང་ཡུལ་དུ་ལོག་མི་མང་པོར་དབང་རྗེས་གནང་བཀའ་ལུང་སོགས་ཅི་རིགས་པའང་སྩལ། ཨེ་ལྷས་སྒང་སྤྲུལ་སྐུའི་ཞབས་བརྟན་འབུལ་མི་དང་འཕྱོངས་རྒྱས་རྫོང་དཔོན་དར་བྱུང་པ་གླིང་ཕྱག་མཛོད་ནང་སོ་སོགས་མཇལ་མི་སོ་སོར་རེ་བ་སྐོང་བའི་བཀའ་དྲིན་མཛད། ཟླ་བ་ལྔ་པའི་འགོར་སྤོ་བོ་བྱ་རྒོད་དབོན་པོ་འབྱོར་བའི་དངུལ་གཙོ་བོར་གྱུར་པའི་འབུལ་བ་རྒྱ་ཆེར་ཕུལ་ཞིང་དད་རྟེན་དང་བཅས་པའི་ལན་ཡང་སྩལ། ཚེས་ལྔ་ལ་མཆོད་དཔོན་ངག་དབང་ཚུལ་ཁྲིམས་ཀྱིས་ཞབས་བརྟན་ཕུལ་ཞིང་། དེ་ཉིན་ལྷ་ཁང་སྟེང་ཤོད་ཀུན་ཏུ་མཆོད་འབུལ་དང་སྙན་ཤལ་སྒྲོན་པ། མགོན་ཁང་སྦུག་ཏུ་བསྐང་བ་དང་བསྟུན་སྤྱན་གཟིགས་དང་གསེར་དངུལ་གྱི་རྟེན་འཛུགས་པ་སོགས་ཀྱི་སྲོལ་རྒྱུན་འཛུགས་པར་མཛད། ཚེས་བདུན་ནས་བཟུང་ལོ་སྔ་མར་བཞེངས་པར་མཛད་པའི་གནས་བཅུའི་བྲིས་ཐང་རྣམས་ལ་གོང་ཤམ་སྒྲུབ་པའི་ཞལ་བཀོད་དང་། གྲྭ་པ་རགས་བསྡུས་ཀྱིས་ཕུར་དབྱངས་གསར་སློབ་བྱས་པ་རྣམས་སྤྱན་སྔར་སྟར་བར་གཟིགས་ཤིང་། ཚེས་བཅུའི་ཆོ་གའི་ཚོགས་དབུ་ལ་ཕེབས་ཏེ་གསོལ་འདེབས་མཆོད་འབུལ་དང་། འདུས་པའི་ཚོགས་དང་དད་ལྡན་གྱི་སྐྱེ་བོ་མང་པོར་ཡང་དངོས་གྲུབ་ལེན་པ་དང་རྗེས་འབྲེལ་གྱི་གཏོར་དབང་དང་ཕྱི་ནང་འདུ་བའི་རྟེན་འབྲེལ་གྱི་མཐུ་ལས་ལྷན་སྐྱེས་བདེ་བ་ཆེན་པོའི་རོལ་མོར་འཆར་བའི་ཡེ་ཤེས་ལ་དགྱེས་དགུར་སྤྱོད་པས་དེ་ཁོ་ན་ཉིད་ཀྱི་ལྷ་ཚོགས་མཆོད་པ་ལའང་ཡང་དག་པར་སྦྱོར་བར་མཛད། ནངས་པར་སྨོན་གྲུབ་ནས་དང་། བསམ་དགོན་ནས་འཇམ་དབྱངས་དཔོན་སློབ་འབྱོར་བར་མཇལ་ཁ་གནང་ཞིང་། གོང་དུ་ཚེ་རྫས་འབུལ་མི་སྩལ་བའི་འབྱོར་ལན་བཀའ་ཤོག་གོས་དར་བཟང་པོའི་གནང་སྐྱེས་དང་བཅས་པའང་ཕེབས། ཚེས་བཅུ་གསུམ་ནས་བཟུང་བླ་བྲང་ཚོམས་ཆེན་དུ་གྲྭ་ཚང་ཡོངས་རྫོགས་ཀྱིས་ཞག་བཅུ་གཉིས་ཀྱི་བར་བཀའ་འགྱུར་གྱི་གསུང་སྒྲོག་ཚུགས་པར་རྒྱུན་གྱི་ཇ་ཐུག་ཐོག་ཉིན་རེ་བཞིན་ཧུབ་ཇའི་མང་ཇ་འཕར་མ་གཉིས་དང་འཇམ་རེ་རྣམས་སྟར་ཆགས་དང་ཡོན་གྲྭ་པ་རེའི་ཕྱག་ཏུ་ཁལ་གསུམ་རེ་འབབ་རྩིས་ཀྱི་ན་བཟའ་ཇ་གོས་དར་ལ་སོགས་པ་རྒྱས་པར་སྩལ་ཅིང་། ཚེས་བཅོ་ལྔའི་ཉིན་མཚན་བརྒྱད་ཀྱི་གོས་སྐུ་ལེགས་པར་གྲུབ་སྟེ་རབ་ཏུ་གནས་པའི་མེ་ཏོག་ཀྱང་འཐོར། སྐབས་དེ་དག་ཏུ་ཡར་འབྲོག་ནས་སྒྲུབ་སྡེ་བསམ་གཏན་རྫོང་པའི་བརྟན་བཞུགས་འབུལ་མི་འབྱོར་བར་མཇལ་ཁ་དང་། སྒྲུབ་སྡེ་བསམ་གཏན་རྩེ་པའི་བཙུན་མ་རྣམས་ལ་འདོད་ཆོས་ཀྱི་བཀའ་ལུང་འགའ་ཤས་སྩལ་ཅིང་། གཞན་ཡང་ཕྱོགས་འདུས་ཀྱི་མཇལ་མི་དང་ཆོས་ཞུ་བ་སྔ་ཕྱི་ངེས་མེད་ཅི་རིགས་སུ་འབྱོར་བར་སོ་སོའི་རེ་འདོད་ཀྱི་འབྲས་བུ་ཡིད་བཞིན་དུ་སྐོང་བར་མཛད་ཅིང་། ཆར་ཤིན་ཏུ་དཀོན་པར་བརྟེན་ཉེར་གཅིག་གི་སྔ་དྲོ་བླ་བྲང་རྩེར་བསང་དང་ལྷ་སྲིན་དམ་འདོགས་ཀྱི་བཀའ་བསྒོ་མཛད་པས་དེ་ཕྲལ་ནས་ཞོད་འགོ་ཚུགས་ཏེ་ཐམས་ཅད་དགའ་ཞིང་ངོ་མཚར་བའི་གནས་ལ་བཀོད། ཟླ་བ་དྲུག་པའི་ཚེས་གཅིག་གི་དུས་དགེ་བ་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཅའ་ཡིག་གསར་དུ་བཀའ་རྩོམ་མཛད་པ་ཉིད་ཚོགས་ཀྱི་དབུས་སུ་ལྗགས་སྒྲོག་དང་། དོན་རེ་རེ་ནས་བྱ་བར་རིགས་པ་དང་མི་རིགས་པ་ཆ་ཕྲ་མོ་ཚུན་ཆད་ལའང་འདོར་ལེན་ཇི་ལྟར་བྱ་ཚུལ་གྱི་གནང་བཀག་གི་མཚམས་མ་འདྲེས་པར་སོ་སོར་ཕྱེ་ནས་སྒོ་གསུམ་འདུལ་བའི་ཐབས་གསལ་བར་སྟོན་པའི་གསུང་བཤད་རྒྱ་ཆེར་གནང་ཞིང་། ཁྱད་པར་སོ་སོ་ཐར་པའི་བསླབ་བྱའི་ཐད་རྣམས་སུ་ཁྱིམ་པས་རབ་བྱུང་གི་དབུས་སུ་ཞུ་བ་མ་འབྲེལ་ཡང་སེམས་དགེ་བ་ལ་ཉེས་པ་མེད་ཅེས་སོགས་ཁེངས་སྐྱུང་བ་སྔོན་དུ་འགྲོ་བས་མི་ཚེ་རིལ་འདུལ་བ་ལ་སྦྱངས་པ་དག་གིས་ཀྱང་སྒྲུན་དུ་མེད་པའི་བགྲོས་རྨད་དུ་བྱུང་བས་ཚོགས་པ་ཐམས་ཅད་བློ་ལ་འཛིན་བདེ་ཞིང་གོ་སླ་ལ་ཕུལ་ཆེ་བ་ཤ་སྟག་ཏུ་སྩལ་ནས་ཐམས་ཅད་བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་པ་ལ་སྦྱོར་བར་མཛད་པས་འདི་ཙམ་གྱི་བཀའ་འདྲིན་ཡང་མཐའ་ཡས་པར་མཐོང་ངོ་། །བླ་ན་མེད་པའི་དམ་ཚིག་རྒྱ་མཚོ་ཆེར། །འོག་མིན་འདུལ་སྡོམ་ཆུ་ཀླུང་ཀུན་འཇུག་ཅིང་། །ཕྲ་མོའི་བླང་དོར་གནད་ཀྱི་ཟེགས་མས་ཀྱང་། །སེམས་རྒྱུད་འདུལ་བའི་གདུང་སེལ་མཆོག་གཅིག་པུར། །དགོངས་ནས་སྡོམ་གསུམ་བསླབ་བྱའི་གནད་མ་ལུས། །འགལ་མེད་གཅིག་ཏུ་སྡུད་པའི་མན་ངག་གིས། །གནང་བཀག་ཕྱོགས་རེར་ཞེན་པའི་བློ་གྲོས་མུན། །ལེགས་བཤད་འོད་སྣང་སྤྲིན་གྱིས་རྣམ་པར་བསལ། །དེ་ཉིན་དབྱར་གནས་འཛུགས་པའི་ཞལ་བཀོད་དང་དཔེ་འཛིན་གྱི་སྐར་གནོན་ཡང་མཛད་ནས་གཞན་རྐྱེན་ལ་ལྟོས་པ་མ་མཆིས་ནའང་བསྟན་པ་ལ་རང་དགར་འཇུག་པ་དགག་པའི་ཕྱིར་དགེ་འདུན་སྒང་ནས་གནས་བརྟན་ཞིག་སྤྱན་དྲངས་ཏེ་དབྱར་གནས་དང་དགག་དབྱེའི་ཕྱག་ལེན་གྱི་རྒྱུན་གྲྭ་ཚང་དུ་འབུལ་དུ་སྩལ་ཅིང་། ཟླ་བ་དྲུག་པའི་ནང་དུའང་བར་འཐེན་གྱི་རྣམ་པས་ཆར་དཀོན་པར་ཆབ་གཏོར་དང་རྟེན་འབྲེལ་གྱི་སྒོ་ནས་ཆར་འབེབས་པར་མཛད་པས་ཞོད་ཆེར་རྒྱས། ཚེས་བཅོ་ལྔ་ནས་གྲྭ་ཚང་དུ་དབྱར་གནས་ཚུགས་པར་དུས་གསུམ་གྱི་སྟོན་མོ་དང་དབྱར་གྱི་རྙེད་པ་སྟོབ་པ་སོགས་ཁྲིགས་སུ་བཅད་པ་དང་། དུས་བཞིའི་ཆོས་གྲྭའི་རྒྱུན་མི་ཉམས་པའི་སྲོལ་བཟང་པོའང་འཛུགས་པར་མཛད། ཚེས་བཅུ་བདུན་ལ་ཀུན་དགའ་བློ་གྲོས་ཀྱིས་གྲྭ་ཚང་དུ་ཞབས་ཏོག་ཞུས་པའི་གྲལ་དབུར་ཕེབས་ཤིང་། དེ་ཉིན་གྲུབ་པའི་དབང་ཕྱུག་རས་ཆེན་རིག་འཛིན་རྣམ་རྒྱལ་བྱོན་པ་ལ་མཇལ་ཁ་མཛད། ཕྱག་རྟེན་དུ་གསེར་དངུལ་གཡུ་སོགས་ཀྱི་འབུལ་བ་རྒྱ་ཆེ་བ་དང་། ཚེས་ཉི་ཤུ་ལ་ཚོགས་འཁོར་འབུལ་བ་བཟང་པོ་དང་བཅས་ཏེ་ཞབས་བརྟན་ཕུལ་ཞིང་། ཕར་ཡང་བྱིན་རྟེན་གནང་ཆ་དང་བཅས་པ་རྒྱ་ཆེར་སྩལ། ཉེར་གཅིག་གི་ཉིན་གདུང་བརྒྱུད་རིན་པོ་ཆེའི་ཡུམ་གྱི་ལོ་མཆོད་ལ་བླ་བྲང་ཚོམས་ཆེན་དུ་བརྒྱ་མཆོད་དང་ཚོགས་འཁོར་བསྙེན་བཀུར་འབུལ་འགྱེད་དང་བཅས་པ་སྤམ་མཐོ་བ་སྩལ་ནས་གྲྭ་ཚང་ཚོགས་ཆེན་གྱིས་དོང་སྤྲུགས་ཀྱི་སྐོང་བཤགས་དང་། ཁྱམས་སུ་སྒྲུབ་སྡེའི་མ་ཇོ་རྣམས་ཀྱིས་ཆབ་གཏོར་སོགས་བགྱིད་དུ་སྩལ། ཉེར་གཉིས་ལ་གནས་བཅུའི་ཐང་སྐུ་གྲྭ་ཚར་དང་མ་མགོན་ལྕམ་དྲལ་གྱི་འཆམས་སྐུ་སོགས་སྐུ་བརྙན་མང་པོར་གྲྭ་ཚང་གི་དབུ་ཆེ་དང་བགྲེས་ཁ་རགས་བསྡུས་ཀྱི་སློབ་དཔོན་བདག་གིས་ཞུས་ཏེ་རབ་ཏུ་གནས་པའི་ཆོ་ག་བགྱིད་དུ་སྩལ་བར་བསྙེན་བཀུར་དང་ཆོག་ཡོན་ཡང་རྒྱས་པར་གནང་། སྲས་སྒར་གྲྭ་ཚང་གི་བླ་མ་ཟུར་པ་བསམ་དགོན་དཔོན་སློབ་ཀྱང་མཇལ་དུ་བྱུང་བར་ཡུལ་དུས་འཚམས་པའི་གསུང་མོལ་དང་གནང་སྦྱིན་བཟང་པོའང་སྩལ། ཉེར་གསུམ་ནས་བཟུང་དགེ་འདུན་སྒང་པའི་ཇོ་སྟན་བརྒྱད་གྲྭས་ཟླ་ཕྱེད་ཀྱི་བར་སྨན་བླའི་མདོ་ཆོག་དང་རྣམ་སྲས་ཀྱི་བསྐང་གསོ་མཛད་པར་རྒྱུན་གྱི་བསྙེན་བཀུར་དང་ཡོན་གྱི་དངོས་པོ་གྱ་ནོམ་པའང་སྩལ། འདི་དག་གི་ཚེ་མོན་བོད་ཀྱི་སྐལ་ལྡན་མང་པོ་ལ་ཐུགས་ཐིག་གི་ཉམས་ཁྲིད་མཛད་ཅིང་། དར་ལུང་ཨོ་རྒྱན་ཆོས་སྡིངས་པ་དང་སྒྲུབ་སྡེ་བསམ་གཏན་རྩེ་པ་རྣམས་ཀྱིས་ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་བསྒྲུབས། ཟླ་བ་བདུན་པའི་ཚེས་དྲུག་ལ་འཆམས་སྐུ་རྣམས་མགོན་ཁང་ཆེན་མོར་བསྐང་བ་རྒྱས་པ་དང་བསྟུན་སྤྱན་འདྲེན་པར་མཛད་ཅིང་། ཕྱིར་འབྲང་གི་བགེགས་སྐྲོད་མངའ་གསོལ་དང་། མགོན་ཁང་སྦུག་ཏུ་གསེར་ཕུད་སྤྱན་གཟིགས་དང་བཅས་ཏེ་བསྐང་གསོ་ཡང་མཛད། དེ་ཉིན་མཆོད་རྟེན་ཆེན་མོའི་བཀོད་པའི་དཔེ་སྟོན་དུ་བྱང་ཆེན་མཆོད་རྟེན་བཞེངས་པའི་སར་ལྟོ་འཕྱེ་བརྟག་པ་སོགས་སའི་ཆོ་ག་སྔོན་དུ་འགྲོ་བས་རྨང་གཏིང་། ཚེས་བདུན་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་བདག་ཅག་བཅུ་སྐོར་ཙམ་ལ་མཁན་ཆེན་ཤུད་བུ་བའི་སྙན་བརྒྱུད་ཀྱི་ལུང་གནང་བའི་འགོ་ཚུགས་ཤིང་། སང་ཉིན་དེ་གྲྭ་གསེར་ཁུང་ཚེས་བཅུ་བ་རྣམས་ལ་ཟླུམ་པོ་བཞི་དབང་དང་ལས་བྱང་གསོལ་འདེབས་དང་བཅས་པའི་ལུང་སྩལ། སྔ་ཕྱིར་ཆར་འབེབས་གནང་བས་ཆར་ལེགས་པར་བབས་པ་ལ་ཡུལ་མི་ཐམས་ཅད་དགའ་ཞིང་མོས་པས་ཚེས་བཅུའི་ཉིན་གྲྭ་ཕྱི་ཕུ་མདའི་རྒན་པོ་རྣམས་བཀའ་དྲིན་མི་བརྗེད་པའི་གཏང་རག་འབུལ་དུ་བྱུང་བའང་བདག་གིར་བཞེས། ཚེས་བཅུ་གསུམ་ལ་དཔེ་འདྲ་མཆོད་རྟེན་གྱི་སྲོག་ཤིང་དང་། གསེར་དངུལ་གྱི་གཟུངས་སྔགས་ཁྱད་པར་ཅན་མང་པོ་གནོད་སྦྱིན་འཁོར་ལོ་དང་བཅས་པ་འདྲི་ཞིང་གཟུངས་ཀྱི་དཀོར་ནོར་གསོག་པ་རྣམས་གནང་སྟེ་ཕྱི་ཉིན་ནས་དེ་དག་གི་སྒྲུབ་པ་མཛད། བཅུ་དྲུག་གི་ཉིན་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་བདག་ཅག་རྣམས་ལ་ཕྱག་རྡོར་སྙན་བརྒྱུད་ཀྱི་དབང་བཀའ་རྣམས་རྫོགས་པར་སྩལ་ཅིང་སྐབས་དེ་དག་ཏུ་ཡར་སྟོད་ཀརྨ་ལྷ་ཁང་པའི་བླ་མ་ཡབ་སྲས་དང་། འདི་ཁའི་མངའ་འབངས་ཀྱི་མི་སེར་རྣམས་རང་རང་གི་འབྱོར་པ་དང་བསྟུན་པའི་འབུལ་བ་དང་བཅས་མཇལ་དུ་བྱུང་བར་གང་ལ་གང་འཚམས་ཀྱིས་རེ་བ་སྐོང་བར་མཛད་ཅིང་། འབྲས་ཡུལ་སྐྱིད་མོས་ཚལ་དང་ར་བ་སྨད་སོགས་ཀློག་པའི་གྲྭ་ས་རྣམས་ནས་བསོད་སྙོམས་སུ་ལྷགས་པའི་དགེ་འདུན་རྣམས་ལ་སོ་སོའི་བསམ་པ་ཚིམས་པའི་བསྙེན་བཀུར་དང་། གཞིས་བྱེས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་བགྲོ་གླེང་མཛད་པ་ལའང་གཟིགས། ཉེར་བཞི་ལ་བདུད་འདུལ་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ་དང་གཟུངས་རྣམས་མན་ངག་གི་ངེས་པ་ཇི་ལྟ་བ་བཞིན་འབུལ་བར་མཛད། དེ་ཉིད་ཕུན་རབ་ཀྱི་སྲས་པོ་མཆེད་ཀྱིས་དཀར་སྤྲོ་དང་བཅས་མཇལ་དུ་བྱུང་བ་གཟུངས་ཞལ་བསྲོའི་རྟེན་འབྲེལ་དུ་ལེགས་པར་འགྲིག་ཅིང་། ཕྱི་ཉིན་ར་འོར་སྒོ་བརྒྱད་བཅས་པའི་ཚེས་བཅུ་པ་རྣམས་ལ་དབང་ལུང་དང་། བསམ་དགོན་ནས་ལྕམ་སྲིང་མ་བསོད་ནམས་དཔལ་འཛོམ་བྱོན་པར་མཇལ་ཁ་དང་ཐུགས་ལ་བཅགས་པའི་བཀའ་མཆིད་གནང་། སྐབས་འདི་དག་གི་ཚེ་ཁྲི་དཔོན་སྣ་དཀར་རྩེ་པས་མཆོད་རྟེན་བཞེངས་པར་བཞེད་པའི་དགེ་བའི་ལས་ལ་ཐུགས་ཀྱི་དང་བ་སྟོབས་སུ་གྱུར་པས་དྲངས་ཏེ་ཟླ་གཅིག་ཙམ་གྱི་བར་འུ་ལག་བརྒྱ་སྐོར་གྱི་དང་བླངས་ཕུལ་བ་དང་། རང་ཞབས་ཀྱི་ལྷ་འབངས་རྣམས་ཀྱིས་ཀྱང་མཆོད་རྟེན་ཆེན་མོའི་རྒྱུའི་རྡོ་གསོག་སྐབས་ཅི་རིགས་པར་བགྱིད་དུ་སྩལ། དར་རྒྱས་ཆོས་གླིང་པ་རྣམས་ཀྱིས་མཁའ་འགྲོའི་བསུན་མ་བཟློག་པའི་ཆོ་ག་དང་འབྲེལ་བར་ཞབས་བརྟན་ཕུལ་ཞིང་། ཐང་འབྲོག་གསོལ་དཔོན་སོགས་ཕྱོགས་འདུས་ཀྱི་མཇལ་མི་མང་པོ་ལའང་གང་ལ་གང་འཚམས་ཀྱི་ཞལ་ཏ་དང་ལུང་བསྟན་གནང་སྦྱིན་སོགས་ཀྱིས་སོ་སོའི་བསམ་པ་ཚིམ་པར་མཛད། ཟླ་བ་བརྒྱད་པའི་འགོར་མི་དབང་ཆེན་པོའི་ཡུམ་གྱིས་གོས་དར་ཁྱད་པར་ཅན་གྱི་འབུལ་སྐྱེས་དང་བཅས་བསྲུང་འཁོར་སྙེལ་གསོའི་གསོལ་འདེབས་སུ་འབྱོར་བར་ཐུགས་བཞེས་བསྒྲུབ་པའི་བཀའ་མཆིད་སྐུ་བསྲུང་དང་བཅས་པ་སྩལ་ཅིང་བདག་གིས་ཡི་གེའི་ཞབས་ཕྱི་ཞུས་ཏེ་སྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་ཀྱི་བཀའ་རྩོམ་མཛད་པའང་ལེགས་པར་གྲུབ། དེ་ནས་དཔེ་སྟོན་གྱི་བདུད་འདུལ་མཆོད་རྟེན་ལེགས་པར་གྲུབ་སྟེ་རྗེ་ཉིད་ཀྱིས་མེ་ཏོག་འཐོར་བས་ཤིན་ཏུ་དགེ་མཚན་གྱིས་འཕགས་པར་གྱུར་དུ་ཟིན་ཀྱང་། གནས་སྐབས་དྲང་དོན་གྱི་ངོར་བཀའ་སྩལ་ལྟར་བདག་ཅག་གྲྭ་ཚང་གི་གྲྭ་པ་རྒན་འགོ་རགས་བསྡུས་ཀྱིས་ཚེས་བརྒྱད་ཀྱི་ཉིན་རབ་གནས་ཀྱི་ཆོ་ག་དང་འབྲེལ་བར་ལྷག་གནས་ཀྱི་མེ་ཏོག་ཕུལ། ཉེར་ལྔ་ལ་ཡང་བཟློག་གི་པུ་རི་དཀར་ནག་དང་འཁོར་ལོ་རྣམས་ཀྱི་བཅའ་གཞི་སྒྲིག་པར་མཛད་ཅིང་། ཉེར་དྲུག་གི་སྔ་དྲོ་རྒྱལ་ཕུར་འགྲུབ་སྦྱོར་དང་བསྟུན་མཆོད་རྟེན་ཆེན་མོའི་གཟུངས་སུ་མངགས་པའི་གནོད་སྦྱིན་འཁོར་ལོ་གསེར་དངུལ་ཞོ་བཅུ་རེའི་བྱང་བུ་ལ་ཕྱག་བསྟར་གྱིས་འདྲི་བ་གནང་ཞིང་བུམ་གཏེར་དང་དཀོར་ཆ་གསོག་པ་རྣམས་མཛད། དེའི་ཕྱི་ཉིན་ཆུ་བཟང་ནས་ཡུམ་དྲུང་སྐུ་མཆེད་ཀྱིས་གྲྭ་ཚང་དུ་མང་ཇ་དར་འགྱེད་དང་། གོས་དར་གྱི་འབུལ་བ་རྣམས་གྲངས་བརྒྱ་ཕྲག་ཏུ་ལོངས་པ་འབྱོར་བ་གནོད་སྦྱིན་འཁོར་ལོའི་ལོངས་སྤྱོད་ཀྱི་རྟེན་འབྲེལ་དུ་ཆེད་དུ་བསྒྲིགས་པ་ལྟ་བུའི་ལ་ཉེ་བཟང་བ་བྱུང་ཞིང་། དེ་དག་གི་ཚེ་ཧོར་བླ་ཆུང་མཆེད་གྲྭ་སློབ་སྦྱིན་བདག་འགའ་དང་བཅས་པའི་ཀོང་པོའི་འགྲུལ་པ་དང་། ཀོང་པོ་བདེ་ཆེན་བླ་མ་སོགས་མཇལ་མི་ཆེ་ཕྲ་མང་པོར་ཡང་སོ་སོའི་དབང་པོ་དང་འཚམས་པའི་ཆོས་འབྲེལ། བསྔོ་བ་འཇུག་ལྡོག་གི་བསླབ་བྱ་སོགས་ཀྱིས་རེ་བ་སྐོང་བར་མཛད། གནམ་གང་ལ་ཟླུམ་པོའི་རྟེན་གསར་བཞེངས་རྣམས་ཀྱི་རབ་གནས་ལ་གྲྭ་ཚང་དང་ཆབས་ཅིག་པར་སྤྱན་དྲངས་པ་ལྟར་དེ་ནུབ་སྟོན་འཁོར་ཐམས་ཅད་སྐྱིད་རུར་བཞུགས། ནངས་པར་བཀྲ་ཤིས་སུམ་མདོའི་གླིང་ཁར་གསོལ་ཚིགས་ཐོག་སྐུ་ཞང་དཔོན་གཡོག་གིས་ཆིབས་བསུ་ཇ་ཞུ་དང་། གཞིས་ཀར་ཕེབས་པར་ཉེ་བ་ན་རྔ་དུང་དར་འཕྱར་གྱི་ཞབས་བསུ་བའི་བཀོད་པ་དང་བཅས་པས་སྤྱན་དྲངས་ནས་ཕེབས་སྤྲོའི་སྟོན་མོ་རྒྱས་པར་སྟོབ། རྗེ་ཉིད་ཀྱིས་དབུས་དཔོན་སློབ་བཞི་བཅུ་སྐོར་གྱིས་ཚེས་གཉིས་ལ་རབ་གནས་ཀྱི་སྟ་གོན་དང་། གསུམ་ལ་དངོས་གཞིའི་ཆོ་ག་མཐའ་རྒྱས་སུ་སྩལ་ཅིང་། ཚོགས་པ་བྱིངས་ཀྱིས་དོང་སྤྲུགས་ཀྱི་ཆོ་ག་མཛད། ཚེས་བཞི་ལ་ཡར་འབྲོག་སྒྲུབ་སྡེ་སྤྲུལ་སྐུ་མཚམས་ཡུན་རིང་མཛད་པ་ལས་གཞན་མ་དང་མ་འཕྲད་པའི་མུ་ཡིན་ཡང་རྗེ་ཉིད་ཞལ་མཇལ་བར་ཆེད་དུ་དུངས་པའི་མཚན་འགྲོས་ཀྱིས་བྱོན་ནས་འབུལ་བ་རྒྱས་པར་ཕུལ་ཞིང་དབང་བཀའ་སོགས་ཐུགས་ཀྱི་བཞེད་པའི་རེ་བ་ཡོངས་སུ་སྐོང་བར་མཛད། ཡོན་བདག་ཞལ་ངོ་ཚང་མར་ཚེ་རྟ་གུར་དྲག་སོགས་ཀྱི་བྱིན་རླབས་དང་བཀའ་བསྒོ། དོན་ཉེར་ཅན་འགའ་ལ་ཨ་གྷོ་རའི་ལས་བྱང་དང་འདོན་ཆོས་སྐོར་གྱི་ལུང་ཕྲན་མང་པོའང་སྩལ། དེ་བར་བསྙེན་བཀུར་གྱི་གདུགས་ཚོད་དང་། རབ་ཡོན་གྱི་དངོས་པོ་སྤམ་མཐོ་བས་མཆོད་ཅིང་། དགེ་རྩ་བླ་ན་མེད་པའི་བྱང་ཆེན་དུ་བསྔོ་བའི་བཀའ་དྲིན་མཛད་ནས་སོ་སོར་དམ་རྫས་ཕྱག་མདུད་དང་གནང་སྦྱིན་ཡང་སྩལ། ཚེས་བདུན་ལ་ཆིབས་ལམ་ཀླུངས་སྐོར་གྱི་དེ་ནུབ་དགེ་འདུན་སྒང་པའི་ཀུན་རར་སྤྱན་དྲངས་ཏེ་སྤྱི་སྒེར་ཐམས་ཅད་ཀྱིས་ཤིན་ཏུ་དད་པ་དང་འབྱོར་པའི་མཆོད་པ་ཕུན་སུམ་ཚོགས་པས་བསྙེན་བཀུར། རྟེན་གསུམ་རྣམས་མཇལ་བར་མཛད་ཅིང་མཆོད་རྫས་མཚར་བ་རྣམས་ཀྱང་སྤྱན་ལམ་དུ་ཕབ། ཕར་ཡང་གང་ལ་གང་འཚམས་ཀྱི་གནང་སྦྱིན་དང་འདུས་པར་མང་ཇ་འགྱེད་དང་བཅས་པའི་ལན་ཡང་རྒྱས་པར་གནང་ནས། ནངས་པར་བྱམས་པ་གླིང་གི་གནས་མཇལ་དུ་ཕེབས་ཏེ་མཆོད་རྟེན་ཆེན་མོ། བྱམས་ཁང་། དུས་འཁོར་མཆོད་རྟེན། གཙུག་ལག་ཁང་དང་བཅས་པ་རྣམས་དང་། ཁྱད་པར་མཆོད་རྟེན་ཆེན་མོ་ཞིབ་མཇལ་མཛད་ཅིང་། སྒྲུབ་སྡེ་དང་བྱམས་གླིང་གཉིས་ཀར་མང་འགྱེད་དང་གྲྭ་ས་གཉིས་ཀྱི་སྤྱི་སྒེར་སོ་སོ་དང་ཞོལ་བའི་མཇལ་མི་ཡང་མང་དུ་བྱུང་བར་རེ་བ་ཇི་ལྟ་བར་ཚིམ་པའི་གནང་སྦྱིན་སོགས་སྩལ་ནས་ཞག་གཅིག་སྟན་འཇགས་ཏེ་ནངས་པར་སྨིན་གྲོལ་གླིང་དུ་ཕེབས། ཚེས་བཅུ་གཅིག་གི་ཉི་ཤར་བརྟན་པ་སྡིག་པའི་དུས་སྦྱོར་ལ་བབས་པ་རེས་གཟའ་པ་སངས་མོན་དྲེ་དང་བརྩེ་བ་ལང་ཚོའི་སྦྱོར་བ་ལ་སྤྱོད་པའི་དུས་དགེ་བར་མཆོད་རྟེན་ཆེན་མོའི་སྤོམ་གཏའ་:སྔོམ་༼སྡོམ་༽པ་དང་ས་ཡུལ་འཛིན་པའི་སྐར་གནོན་ཙམ་གནང་ཞིང་། བཅུ་གསུམ་ལ་ཡང་བཟློག་མཆོད་རྟེན་གྱི་ནང་གཟུངས་རྣམས་ཕྱག་བསྟར་དུ་བཞེངས་ནས་འཇུག་པ་སོགས་མན་ངག་གི་གནད་ཇི་ལྟ་བ་བཞིན་དུ་སྒྲུབ་པར་མཛད། འདི་སྐབས་གཞུང་ས་མཆོག་ནས་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་གཟུགས་རྗེ་ཐམས་ཅད་མཁྱེན་པའི་ཞབས་བརྟན་དུ་མཆོད་སྡོང་ཆེན་པོ་འཛམ་གླིང་རྒྱན་གཅིག་བཞེངས་པར་མཛད་པ་ལ་ཡིད་ཆེས་ཀྱིས་གཏན་ལ་ཕབ་པའི་དང་བའི་སྟོབས་ཆེན་པོས་ཐུགས་དྲངས་ཏེ་ཞབས་འདེབས་སྐུ་རྒྱུར་དངུལ་སྲང་བརྒྱ། གསེར་ཞོ་བཅུ། གཡུ་དང་། སྤོས་ཤེལ། ཤེལ་རིགས་སོགས་སྤམ་མཐོ་བ་འབུལ་བར་ཆོས་མཛད་ཕྲིན་ལས་རྫོང་སྟ་གནང་ཞིང་། མགོན་ཁང་ཆེན་མོའི་གཏོར་གཞི་སྤོ་བའི་ཤོམས་མཛད་ནས་ཚེས་ཉི་ཤུ་ལ་བསྐང་གསོ་དང་བསྟུན་སྤྱན་གཟིགས་རྒྱས་པར་བསྟར་བ་དང་། མགོན་ཁང་སྦུག་ཏུ་རྗེ་ཉིད་སྐུ་རྐྱང་གིས་བསྐང་བ་རྟེན་རྫས་འབུལ་བ་སོགས་ཀྱང་མཛད། སྐབས་འདིར་རྡོ་རྗེ་བྲག་ཏུ་སྤྲུལ་སྐུ་རིག་འཛིན་ཆེན་པོར་ཞབས་བརྟན་འབུལ་ནོད་དང་གྲྭ་ཚང་ལ་མང་འགྱེད་བཅས་འབུལ་བར་འཚོ་བྱེད་དམ་དཔལ་རྫོང་སྟ་གནང་ཞིང་། རྣམ་སྲས་གླིང་རྒྱལ་བུ་མཇལ་དུ་བྱུང་བར་ཡང་ཐུགས་བཞེད་ཀྱི་རེ་བ་ཡོངས་སུ་སྐོང་བའི་བཀའ་དྲིན་སྩལ། ཉེར་གསུམ་ལ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་བདག་སོགས་གྲྭ་ཚང་གི་རྒན་འགོ་རྣམས་ལ་ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་དང་། པུ་རི་དཀར་པོའི་རབ་གནས་ཀྱང་གནང་ཞིང་། འདི་ཉིན་གོང་ནས་བཀའ་ཤོག་ན་བཟའ་ཆ་འགྲིག་བཅས་པའི་ཟླ་ཐེབས་ཀྱི་འབྱོར་ལན་ཡང་ཕེབས། ཕྱི་ཉིན་སྔར་གྱི་དབང་ཞུ་མི་རྣམས་ལ་ཡང་བཟློག་གི་ལུང་རྣམས་སྩལ། བྱམས་གླིང་མཁན་པོ་རྒྱ་ནས་འཁོར་བའི་སྐྱེས་གོས་དར་གྱི་འབུལ་བ་དང་གྲྭ་ཚང་དུ་མང་ཇ་དར་འགྱེད་བཅས་གནང་མི་དང་། ཧོར་ཡུལ་ནས་དགེ་སློང་འགྱུར་མེད་དཔོན་སློབ་འབྱོར་བའི་རྟ་ནོར་མར་སོགས་བྱང་ཟོག་གིས་འབུལ་བ་རྒྱ་ཆེར་ཕུལ་བ་རྣམ་མཁྱེན་གྱི་སར་བསྔོ་བར་མཛད་ཅིང་། གནམ་གང་ནས་བཟུང་ནམ་མཛོད་སྒྲུབ་སྡེ་བ་བསྙེན་ཆེན་ཐེམས་པ་བཞི་གྲས་མཆོད་རྟེན་གྱི་ས་གཞིར་ཀྱཻ་རྡོར་གྱི་སྒོ་ནས་ཞི་བའི་བསྲེག་བླུགས་ཀྱི་ཆོ་ག་བདུན་ཕྲག་གཅིག་གི་བར་སྦྲེལ་བ་དང་། ཟླ་བ་བཅུ་པའི་ཚེས་གཅིག་ལ་ཧོར་བླ་མ་དཔོན་སློབ་ཀྱིས་རྟ་ནོར་མར་ཕྱུར་གྱིས་མཚོན་པའི་འབུལ་བ་རྒྱ་ཆེན་པོ་དང་ཚོགས་འཁོར་ཡོན་སོགས་ཀྱང་རྒྱས་པར་བསྟར་ཏེ་བླ་བྲང་ཚོམས་ཆེན་དུ་གྲྭ་ཚང་ཡོངས་རྫོགས་ཀྱིས་ཡང་སྙིང་ཀུན་འདུས་ཀྱི་ཚེ་ཆོག་དང་འབྲེལ་བའི་བརྟན་བཞུགས་ཕུལ། ཚེས་གསུམ་ལ་ལེགས་པ་གླིང་པའི་ཨ་མ་བགྲེས་མོ་འདའ་ཁར་ཉེ་བར་ཚེ་རྟ་ཕྱག་རྡོར་གྱི་དབང་སོགས་བྱིན་རླབས་ཞུ་བའི་ཕྱིར་སྤྱན་དྲངས་པ་ལྟར་ཐེགས་ཏེ་རྗེས་སུ་བཟུང་། ཚེས་བཞི་ནས་བཟུང་ཞ་ལུ་རིན་པོ་ཆེ་བྱང་མ་བ་རིན་ཆེན་བཟང་པོ་ལ་འོད་ཟེར་དྲི་མེད་དང་། གཙུག་ཏོར་དྲི་མེད་ཀྱི་དབང་། སྒྲུབ་སྐོར་གྱི་ལུང་དང་བཅས་པ་རྣམས་རིམ་པར་ཞུ་བར་མཛད་ཅིང་། ཕར་ཡང་གཏེར་གསར་གྱི་དབང་བཀའ་ཅི་རིགས་དང་། རྣམ་སྲས་ཡང་གསང་གི་རྗེས་གནང་སྒྲུབ་སྐོར་གྱི་ལུང་དང་བཅས་པའི་བཀའ་ཆོས་དང་། ན་བཟའ་ཆིབས་གོས་དར་ལ་སོགས་པའི་སྐྱེས་ཀྱི་བདོག་པ་རྒྱ་ཆེ་བས་ཀྱང་མཉེས་པར་མཛད་ནས་ཕྱིར་ཐེགས། སྐབས་ཅི་རིགས་པར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་དོན་གཉེར་ཅན་འགའ་ལ་གཟའ་རྒོད་མིག་དམར་གྱི་སྲོག་གཏད་ལ་སོགས་པའི་ཟབ་མོའི་ཆོས་བཀའ་མང་པོའང་སྩལ། ཧོར་བླ་མ་རུ་བ་གསར་རྙིང་དང་བཅས་པའི་ཡོན་བདག་སོ་སོས་བདོག་དགུས་མཆོད་ཅིང་དེ་དག་ལའང་དབང་བཀའ། རྗེས་གནང་། ཟབ་ཁྲིད། བཀའ་ལུང་སོགས་གང་ལ་གང་འཚམས་པའི་བཀའ་ཆོས་དང་། བསྔོ་བ། གསོན་བྱང་། གཏན་གྱི་བདེ་བ་ལ་བཀྲི་བའི་ཞལ་བཀོད། ལུང་བསྟན། གནང་ཆ་དང་རྟེན་སོགས་ཀྱིས་སོ་སོའི་བསམ་པ་ཚིམ་པའི་བཀའ་དྲིན་སྩལ་ནས་རྫོང་སྟ་མཛད། ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་སྒྲགས་མདའ་ལགས་དང་ནཱ་ལེནྡཱའི་གྲྭ་པ་འགའ་ལ་གསང་འདུས་ཟླུམ་པོ་བཞི་དབང་། ཚེས་བཞི་ལ་ཕུན་རབ་ཞལ་ངོ་རྣམས་ཕྱག་རྟེན་བཟང་པོ་བཅས་མཇལ་དུ་བྱུང་བར་ཚེ་རྟ་སོགས་རྐྱེན་སེལ་གྱི་དབང་དང་གནང་ཆ་རྒྱས་པར་སྩལ་ཅིང་། བདག་གིས་གསང་སྙིང་སྤྱི་དོན་གསར་རྩོམ་གྲུབ་པར་ལྗགས་བསྔོ་ཞུས་པས་དགེ་རྩ་བྱང་ཆེན་དུ་བསྔོ་བའི་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་། སྐབས་འདི་དག་ཏུ་བཀྲ་ཤིས་མཐོང་སྨོན་གྱི་རིན་པོ་ཆེ་དང་། ཆོས་སྟེང་སྐུ་སྐྱེ་སོགས་ཆོས་དོན་དུ་གཉེར་པ་ཇི་སྙེད་འདུས་པ་རྣམས་ལ་ཐུགས་ཐིག་དང་རྡོར་སེམས་སོགས་གཏེར་གསར་གཙོ་བོར་གྱུར་པའི་ཆོས་སྦྱིན་ཅི་རིགས་པས་སྐལ་བ་ཇི་ལྟ་བ་བཞིན་ཚིམ་པར་མཛད། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་བཀྲ་ཤིས་མཐོང་སྨོན་པས་ཚེ་ཆོག་དང་འབྲེལ་བར་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས། ཚེས་གསུམ་ལ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་རྡོ་འཕགས་པ་གླིང་གི་བླ་མ་མཆེད་སོགས་བདག་ཅག་དོན་གཉེར་ཅན་འགའ་ལ་རཏྣའི་རྟ་མགྲིན་གསང་འདུས་ཀྱི་དབང་ལུང་དང་། ཚེས་དགུ་ལ་ལེགས་གླིང་གི་མ་བགྲེས་མོ་འདས་པའི་འདད་ཀྱི་གྲལ་དབུར་ཆིབས་བསྐྱོད། བཅུ་ནས་བཟུང་སྒྲུབ་སྡེ་བསམ་གཏན་རྩེ་པའི་བཙུན་མ་འགའ་ལ་ཐུགས་ཐིག་གི་ཁྲིད་བཀའ་སྨིན་པར་སྩལ། ཟླ་མཇུག་ལ་གཙུག་ལག་ཁང་ཕྱོགས་སུ་བཞུགས་གནས་སྤོས་ཏེ་ལོ་མཇུག་དུས་རིམ་ཆེན་མོའི་ས་ཆོག་ནས་བཟུང་གཏོར་འབུལ་བར་གྱི་སློབ་དཔོན་དུ་ཕེབས་ཤིང་། ཉེར་དགུའི་སྔ་དྲོ་འཇམ་མགོན་མིའི་དབང་པོའི་སྐུ་ཞབས་ནས་སྐྱེས་ཐོབ་ཀྱི་བློ་གྲོས་ཕུལ་དུ་བྱུང་བའི་རབ་འབྱམས་སྨྲ་བ་ཆག་པ་ཆོས་འཕེལ་ལ་གསང་སྔགས་ཀྱི་དབང་ལུང་དང་། རིག་གནས་གསན་སྦྱོང་ལ་རྫོང་སྟ་གནང་བ་ལྟར་ཕེབས་པར་མཇལ་ཁ་གནང་ཞིང་། གནམ་གང་གི་སྔ་དྲོ་ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་དགེ་བར་ཆོས་འཕེལ་ལགས་ལ་ཆོས་འབྲེལ་གྱི་སྐར་འཛིན་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ལུང་སྩལ།

དགུང་ལོ་ཞེ་དྲུག་པ།

དགུང་ལོ་ཞེ་དྲུག་པ་ལྕགས་ལུག་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་ལའང་འདུས་པའི་ཚོགས་དབུར་ཞབས་པད་བསྐྱོད་པར་གཉུག་མར་གནས་པའི་དགེ་བཤེས་རྣམས་ཀྱིས་བཤད་པ་དང་རིགས་ལུང་འབུལ་བ་དང་། སང་ཉིན་བླ་བྲང་དུའང་བཞུགས་གྲལ་སོགས་སྔར་འཁྱུད་ལྟར་མཛད། ཚེས་གསུམ་ལ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་དང་ཆོས་འཕེལ་ལགས་སོགས་དོན་གཉེར་ཅན་མང་པོར་གཡུ་ཐོག་སྙིང་ཐིག་གི་དབང་གནང་ཞིང་། དེ་ཉིན་སྐུ་ཞང་འདུམ་པོ་བས་ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་བསྒྲུབས། ཚེས་བརྒྱད་ལ་ཆོས་ཞུ་བ་སྔར་གྱི་སྟེང་དུ་བདག་ཅག་དོན་གཉེར་བ་འགའ་དང་བཅས་པར་རྡོར་འབུམ་ཆོས་གྲགས་ཀྱི་གཏེར་མ་བདུད་རྩི་བུམ་པའི་དབང་དང་། ཆོས་སྟེང་སྐུ་སྐྱེ་སོགས་ལ་འཇོམས་བྱེད་ཀྱི་དབང་ལུང་དང་། གནམ་ལྕགས་བྲག་གཏེར་གསར་གྱི་ལུང་རྣམས་སྩལ་ཅིང་། ཚེས་བཅུའི་སྔ་དྲོ་བླ་བྲང་ཚོམས་ཆེན་དུ་མཆོད་བཀོད་རྒྱས་པ་ཚར་དུ་དངར་བ་དང་བཅས་ཏེ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་བདག་ཅག་གྲྭ་ཚང་གི་གྲྭ་པ་ཡོངས་རྫོགས་དང་། གཞན་ཡང་ཉིད་ཀྱི་ཡུམ་ལ་སོགས་ཏེ་འདུས་པ་རྒྱ་ཆེ་བར་སློབ་དཔོན་ཆེན་པོ་ཞི་བ་ལྷའི་བཞེད་གཞུང་ཇི་ལྟ་བའི་ཆོ་ག་ལ་བརྟེན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་སྩལ། དེ་དུས་ནམ་མཁའ་གཡའ་དག་ཅིང་རླུང་བསེར་བུ་ཙམ་ཡང་མི་རྒྱུ་བ་སོགས་དགེ་མཚན་ཕུན་སུམ་ཚོགས་པས་ཐམས་ཅད་དད་པའི་གནས་ལ་བཀོད་ཅིང་། རྒྱལ་བའི་སྲས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ལ་དངོས་སུ་བསླབ་པ་དང་། ཐ་ནའང་བསླབ་པར་མོས་པའི་དད་པ་རང་དབང་མེད་པར་འདྲེན་པ་ལ་ལེགས་པར་སྦྱོར་བའི་བཀའ་དྲིན་མཛད་པ་ཡིན་ནོ། །སྡུག་བསྔལ་རྒྱ་མཚོར་གཡེངས་པའི་མ་རྒན་འགྲོར། །བཟོད་མེད་སྙིང་རྗེའི་བ་དན་གྱིས་བསྐུལ་ཏེ། །བྱང་ཆུབ་སེམས་ཀྱི་གྲུ་གཟིངས་ལ་བརྟེན་ནས། །རྣམ་གྲོལ་ཐར་པའི་གླིང་དུ་བཀྲི་བའི་ཐབས། །འཛམ་གླིང་རྒྱན་མཆོག་ཤིང་རྟ་ཀླུ་སྒྲུབ་དང་། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཞི་བ་ལྷ། །འཇིགས་བྲལ་དྲི་མེད་མཁྱེན་པའི་འོད་ཟེར་ཅན། །རྣམ་གསུམ་དགོངས་པ་གཅིག་ཏུ་གཏན་ཕབ་ནས། །རྒྱལ་སྲས་སྤྱོད་མཆོག་ཚུལ་ཁྲིམས་མ་སྨད་པས། །གདུལ་བྱའི་རིགས་ཀྱི་ནུས་པ་སད་པར་མཛད། །དེ་ཚེ་དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་ཀྱི། །མངོན་པར་དགའ་བའི་དགེ་མཚན་ལྷག་པར་བསྟན། །དེ་སྐབས་རྡོ་རྗེ་བྲག་ནས་སྤྱན་འདྲེན་བྱུང་བ་བཞིན་ཚེས་བཅུ་གསུམ་ལ་ཆིབས་བཏེག་པའི་དེ་ནུབ་སྒྲགས་མདར་བཞུགས། སང་ཉིན་བྲག་ཕུར་བུའི་དབྱིབས་ཅན་གྱི་གོང་ཙམ་དུ་ཕྱག་མཛོད་ཀྱི་དབུས་དྲུང་འཁོར་གྱི་ཆིབས་བསུ་རྒྱས་པ་དང་། དགོན་པར་ཕེབས་པར་ཉེ་བ་ན་སྟེང་ནས་བསང་དུད། ཨེ་ཝཾ་འདུས་པའི་ཚོགས་ཀྱི་དགེ་འདུན་སྣམ་སྦྱར་ཅན་མཆོད་པའི་བྱེ་བྲག་དུ་མ་ཐོགས་པའི་སེར་སྦྲེངས་ཚར་དུ་དངར་བ་དང་། མཆོད་རྟེན་རྩར་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་རབ་ཏུ་དང་བའི་ཐུགས་མངའ་བས་ཞབས་ཟུང་བསྐྱོད་པའི་བསུ་བ་དང་བཅས་ཏེ་གཟིམས་ཆུང་ཆོས་དབྱིངས་ཕོ་བྲང་དུ་སྤྱན་དྲངས་ནས་ཕེབས་སྤྲོའི་སྟོན་མོ་རྒྱས་པར་སྤྲོས་ཏེ་གཟིམས་ཆུང་རབ་གསལ་དུ་སྟན་ཕབ། རིམ་བཞིན་མཆོག་སྤྲུལ་ཞམ་རིང་པ་ཁ་ཤས་བཅས་པར་བྱད་འགྲོལ་དང་། གཏེར་གསར་ཚེ་དབང་བརྒྱ་རྩ། གུར་དྲག་གི་དབང་། བྱང་གཏེར་བྱང་ཆུབ་སེམས་དཔའི་གཅོད་དབང་ལུང་དང་བཅས་པ། པད་གླིང་ཚེ་ཁྲིད་རྡོར་ཕྲེང་གི་དབང་ལུང་ཚང་མ་སོགས་དགོངས་པ་ཇི་ལྟ་བར་སྐོང་བའི་ཆོས་ཀྱི་སྐྱེས་འབུལ་བར་མཛད་ཅིང་། ཚུར་ཡང་ཉང་གཏེར་གུར་དྲག་གི་གཏོར་དབང་། ཚེ་དབང་འཆི་མེད་དཔལ་སྟེར། པུ་ཏྲའི་སྲོག་གཏད་རྣམས་ལེགས་པར་གསན། དེ་བར་རྒྱུན་གྱི་བསྙེན་བཀུར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ཕེབས་རྫོངས་ཀྱི་སྟོན་མོ་འབུལ་བའི་དངོས་པོ་གྱ་ནོམ་པ་བཅས་སྩལ་ཅིང་། ཕར་ཡང་གྲྭ་ཚང་དུ་ཧུབ་ཇའི་མང་ཇ་མཧཱཉྩའི་ཁ་འགྱེད་རྣམ་བཞག་དང་བཅས་པ། འབུལ་བའི་ཚན་གྲངས་རྒྱས་པའི་ཤངས་ལེན་གྱིས་སྐྱེས་དང་འབྲེལ་བར་བརྟན་བཞུགས་ཀྱི་རྟེན་འབྲེལ་སྒྲིག་པར་མཛད། ཚེས་ཉི་ཤུ་ལ་ཆིབས་སྐྱེལ་རྒྱས་པ་དང་བཅས་ཏེ་ཕྱིར་ཕེབས་པའི་དེ་ནུབ་སྒྲགས་མདར་ཞག་ས་མཛད་ནས་ཉེར་གཅིག་ལ་གདན་སར་ཕེབས། ཉེར་གཉིས་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་དང་། ཆོས་འཕེལ་ལགས་སོགས་བདག་ཅག་དོན་གཉེར་ཅན་མང་པོར་གཡུ་ཐོག་སྙིང་ཐིག བདུད་རྩི་བུམ་པ། སྨན་གྱི་རྒྱུད་བཞི་ལ་སོགས་པའི་བཀའ་ལུང་དང་། བསམ་གཏན་རྩེའི་མ་ཇོ་ངེས་དོན་ལ་བློ་གཞོལ་བ་མང་པོར་རྫོགས་ཆེན་གྱི་མྱོང་ཁྲིད་རྣམས་རིམ་པར་སྩལ། ཟླ་བ་གཉིས་པའི་ཚེས་གཅིག་ནས་སྒྲུབ་སྡེའི་གྲྭ་པ་བསྙེན་སོང་བཞིས་གནོད་སྦྱིན་འཁོར་ལོའི་སྒྲུབ་པ་བཤད་ཚོད་ཇི་ལྟ་བ་བཞིན་དུ་བདུན་ཕྲག་གསུམ་གྱི་བར་བགྱིད་དུ་སྩལ་ཞིང་། ཚེས་བཞི་ལ་དཔལ་རི་སྤྲུལ་པའི་སྐུ་ཞབས་ཕྱིར་གྲྭ་ཚང་གི་གྲྭ་པ་རགས་བསྡུས་བཅས་འདོད་ཆོས་ཁ་ཤས་གསན་བཞེད་ཀྱིས་ཕེབས་པར་དག་པའི་སྣང་བ་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཁོ་ནས་བསུ་བ་སོགས་མཐོང་ཟོས་ཆེན་པོའི་བཀུར་ཆས་དབུགས་དབྱུང་བར་མཛད་ཅིང་། དཔོན་སློབ་ཐམས་ཅད་ལ་ཚེ་དཔག་མེད་སྐུ་གསུམ་འདུས་པ་དང་། ནག་པོ་སུམ་དྲིལ་གྱི་དབང་ལུང་། སྤྲུལ་པའི་སྐུ་ཕྱག་ཕྱི་ནང་འཁོར་བ་དང་བཅས་པར་ཚེ་དབང་བརྒྱ་རྩ་དང་། བྱད་འགྲོལ་སོགས་ཀྱིས་འདོད་དོན་སྐོང་བར་མཛད་ནས། ཞག་གསུམ་བཞུགས་རིང་འཁོས་སུ་ཕེབས་པའི་ཞབས་ཏོག་དང་། སྐུ་གསུང་ཐུགས་རྟེན། གོས་བེར། ཞལ་དཀར། ཆིབས་པ་སོགས་དངོས་སྤྱད་ཀྱི་སྐྱེས་རྫོངས་བའི་སྟོན་མོ་དང་བཅས་པ་སྔར་རྒྱུན་ལ་དམིགས་པའི་གཞུང་བཟང་པོས་རྒྱ་ཆེར་སྩལ་ཏེ་མཉེས་པར་མཛད་ནས་ཕྱིར་ཐེགས། དེ་ནས་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་དགེ་བ་གཟའ་སྐར་ཕུན་སུམ་ཚོགས་པའི་སྔ་དྲོའི་ཆར་སྤྱིར་བསྟན་པ་རིན་པོ་ཆེ་བླ་ནས་བླར་འཕེལ་ཞིང་། བསྟན་པའི་རྩ་ལག་གོང་ཞབས་ཡས་ཕྱིན་གྱི་ཞབས་ཟུང་མི་གཡོ་བར་བརྟན་པའི་ཆེད་དང་། བསམ་སྦྱོར་དག་པས་ལས་བགྱིས་པ་སོགས་མཐོང་ཐོས་དྲན་རེག་གི་གདུལ་བྱ་རྣམས་ལ་ཐར་པའི་ས་བོན་འཇོག་ཅིང་། ཁྱད་པར་ལུང་བྱང་ལས། བྱང་ཤར་རྒྱལ་བའི་མཆོད་རྟེན་བཞེངས༔ མཐའ་དམག་བཟློག་པའི་དགོས་པ་ཡོད༔ ཅེས་གསུངས་པ་ལྟར་གངས་ལྗོངས་སྐྱེ་འགྲོའི་ཕན་བདེ་སྤེལ་བའི་ཉེར་འཚོར་གཙུག་ལག་ཁང་གི་བྱང་ཤར་གྱི་ཕྱོགས་སུ་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་ཁྱད་པར་དུ་བྱས་པའི་ཆོས་སྐུའི་རྟེན་སྐུ་འབུམ་ཆེན་མོ་བཞེངས་པའི་ས་ཡུལ་ག་ལ་བ་དེར་གྲྭ་ཚང་གིས་བཀྲ་ཤིས་ཀྱི་གསོ་སྦྱོང་དང་། དེ་རྗེས་རྗེ་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་ས་ཆོག་མཛད་ཅིང་། དེ་དང་རྗེས་སུ་འབྲེལ་བར་བདག་ཅག་གྲྭ་ཚང་གི་གྲྭ་པ་བརྒྱད་ཀྱིས་འོད་ཟེར་དྲི་མེད་ཀྱི་སྒོ་ནས་སའི་ཆོ་ག་དང་། གཞན་ཡང་ལྷ་བསངས། ཆུ་གཏོར། འབུམ་སྡེ་ལྔའི་གསུང་སྒྲོག་སོགས་རྒྱ་ཆེར་བགྱིད་དུ་སྩལ་ཞིང་། དེ་དུས་དཔྱིད་རླུང་ལྡང་བས་ནམ་ཟླ་ངན་པའི་དུས་ཡིན་ནའང་དེའི་ཉིན་རངས་པོ་ནམ་མཁའ་དྭངས་ཤིང་ཉི་མའི་དཀྱིལ་འཁོར་རབ་ཏུ་གསལ་བས་ས་གཞི་སྣུམ་པའི་མདངས་དང་ལྡན་པ། དྲི་བཞོན་གྱིས་ཀྱང་བསང་དར་གྱི་འཕུར་རྩེ་རྣམས་དལ་གྱིས་བསྐྱོད་ནུས་པ་ཙམ་མ་གཏོགས་རབ་ཏུ་ཞི་བས་འཇམ་པར་གྱུར་ཅིང་། ཁྱད་པར་གྲྭ་ཚང་གི་གསོ་སྦྱོང་ལ་འདུ་བའི་གཎྜི་བསྐུལ་བ་དང་ལྷན་ཅིག་འབྲས་སྤྱི་ལྡེའི་རི་བོའི་གཙུག་ཏུ་ཉིན་མོར་བྱེད་པའི་འོད་ཟེར་ལྷག་གིས་ཤར་བ། སོ་ཐར་གྱི་མདོའི་ཐོག་མ། སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། །ཞེས་པའི་མདོ་ཚིག་འདོན་པ་དང་། ས་དེར་ཉི་མ་ཤར་བ་དུས་མཉམ་དུ་བྱུང་ཞིང་། རྗེ་ཉིད་ས་ཆོག་གི་སར་ཞབས་བསྐྱོད་པའི་ཚེ་ཡང་གཟིམས་ཆུང་ནས་ཕེབས་པ་དང་གྲྭ་ཚང་གི་ཚོགས་དུང་བུས་པ། སྐས་གཤམ་དུ་བསོད་ནམས་ཚེ་དབང་བྱ་བས་དར་དཀར་བདེ་ལེགས་ཀྱི་རི་མོས་མཚན་པའི་མཇལ་དར་དང་། གསུང་ཆོག་གི་སྟན་ལ་ཕེབས་པ་ན་སྨྲ་བའི་དབང་ཕྱུག་ཆག་པ་ཆོས་འཕེལ་གྱིས་ཨ་རུ་ར་དང་རྒྱའི་ཤིང་འབྲས་ཀྱིས་གཏམས་པའི་ཡོལ་གོ་དང་རྫོགས་ཆེན་པ་ཡེ་ཤེས་ལྷུན་གྲུབ་བྱ་བས་དཀར་འཇམ་དྲི་མ་མེད་པའི་ཕྱག་རྟེན་ཕུལ་བ་སོགས་ལ་ཉེ་བཟང་ཞིང་། ས་ཆོག་དུས་ལྟོ་འཕྱེ་བརྟགས་ཏེ་ཆུ་སའི་སྒོ་ནས་པྲ་བརྟགས་པ་སོགས་རྒྱུད་སྡེ་ནས་ཇི་སྐད་གསུངས་པ་ལྟར་ཕྱག་ལེན་དུ་བཏབ་པའི་ཚེ་ཡེ་ཤེས་ཀྱི་གཟིགས་སྣང་དཔག་པར་དཀའ་བ་མང་དུ་བྱུང་བར་སྣང་སྟེ་མ་སྤྲོས་ལ། མཐུན་སྣང་དུ་གྲུབ་པ་ལའང་ཆུ་གཡས་སུ་འཁྱིལ་བའི་དབུས་ཀྱི་ལྦུ་བ་ལ་སཾ་ཡིག་ལཉྩ་ནའི་གཟུགས་ཀྱི་རྣམ་པར་ཤར་བ་སོགས་དགེ་མཚན་གྱི་ལྟས་ཁྱད་པར་ཅན་མང་དུ་བྱུང་ཞིང་། གནས་དེར་འདུས་པ་ཐམས་ཅད་ལ་བཟའ་བཏུང་གི་ཁྱད་པར་ཇི་སྙེད་པའི་དགའ་སྟོན་ཕུན་སུམ་ཚོགས་པ་དང་བཅས་ཏེ་རྨང་གི་ཐིག་རྣམས་ཀྱང་ཕྱག་བསྟར་གྱིས་འདེབས་པར་མཛད་ནས་གཏེར་གཞུག་ཅིང་ཤིས་པའི་མིས་ཕྱོགས་སོ་སོ་ནས་བླངས་པའི་འགྲམ་རྡོ་བཞི་བཞག་པ་སོགས་རྟེན་འབྲེལ་གྱི་ཅ་གའི་གནད་ཀྱང་མང་དུ་གནང་། སྐབས་འདི་དག་ཏུ་ཟངས་ལ་མཁར་གྱི་གྲྭ་པ་དང་ཁམས་པ་མེ་རག་བླ་མ་སོགས་ལ་འདོད་ཆོས་ཀྱི་དབང་ལུང་ཁ་ཤས་རིམ་པར་སྩལ་ཅིང་། གདུང་བརྒྱུད་རིན་པོ་ཆེ་དང་ཆོས་འཕེལ་ལགས་སོགས་ལ་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་དང་། དེ་དག་གི་སྟེང་དུ་སྤྱན་གཡས་མཁན་པོ་འཕྱོས་པ་སྐུ་སྐྱེས་ཆེད་དུ་གསོལ་བ་བཏབ་སྟེ་བཀའ་ཐང་ཤེལ་བྲག་མའི་ལུང་སོགས་དང་། གཞན་ཡང་སྔ་ཕྱི་ངེས་མེད་དུ་འབྱོར་བའི་ཆོས་ཞུ་བ་དོན་གཉེར་ཅན་མང་པོར་གཏེར་གསར་གྱིས་མཚོན་པའི་དབང་བཀའ། ཁྲིད་བཀའ། ལུང་བཀའ་སོགས་སྟར་ཆགས་སུ་སྩལ། གོང་མའི་བཀའ་ལུང་ལྟར་ཉེར་དགུ་ལ་ཁྲ་འབྲུག་ཏུ་ཆིབས་བསྐྱོད་དེ་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གི་བར་སྨིན་རྒྱས་སུ་མཛད་ཅིང་། སྣེ་གདོང་རྫོང་དཔོན་རབ་འབྱམས་པ་ཕུན་ཚོགས་ལེགས་འབྱོར་སོགས་ཚོགས་ཆེན་པ་དང་། བན་གཙང་པའི་གྲྭ་པ། འཕྱོངས་རྒྱས་རྫོང་དཔོན་དང་། ཁེ་གསུམ་པ་སོགས་ཡུལ་གྱི་མཆོག་དམན་བར་མའི་སྐྱེ་བོ་ཀུན་གྱིས་གུས་པས་མཇལ་ཞིང་། དོན་གཉེར་ཅན་མང་པོར་བླ་མ་གསང་འདུས་ཀྱི་ཐོད་ཕྲེང་རྩལ་གྱི་དགོས་དབང་། ལས་བྱང་གི་ལུང་། རྟ་མགྲིན་གསང་སྒྲུབ་དང་ཚེ་དཔག་མེད་འཆི་མེད་འོད་སྣང་གི་དབང་། ལོ་ཀྟྲིའི་རིག་གཏད། དྲི་མེད་བཤགས་རྒྱུད་དང་། ལེའུ་བདུན་མའི་ལུང་སོགས་ཆོས་འབྲེལ་དང་། བཀའ་བསྒོ་བྱིན་རླབས། འདི་ཕྱིར་སྨན་པའི་ཞལ་ཏ་གནང་སྦྱིན་སོགས་གང་ལ་གང་འཚམས་པའི་ཕྲིན་ལས་རྣམ་པར་དཀར་བས་སོ་སོའི་རེ་བ་ཇི་ལྟ་བ་བཞིན་དུ་སྐོང་བའི་བཀའ་དྲིན་དང་། མཆོད་ཁང་དུ་སྙན་ཤལ་བརྒྱ་མཆོད་དང་འབྲེལ་བར་གནས་དེར་སྐུ་རིམ་དུ་ཚོགས་པའི་དར་རྒྱས་གླིང་པ་སོགས་ལ་མང་ཇ་གནང་ནས་སྨོན་ལམ་གྱི་ཞལ་འདོན་བགྱིད་དུ་སྩལ། ཚེས་བཅུ་གཅིག་ལ་ཕྱིར་ཕེབས་པའི་དེ་ནུབ་རྣམ་སྲས་གླིང་དུ་སྤྱན་དྲངས་ཏེ་འཁོས་སུ་ཕེབས་པའི་བསྙེན་བཀུར་སྟོབ་ཅིང་། ཞལ་ངོ་རྣམས་ལ་རྐྱེན་སེལ་གྱི་ཚེ་དབང་བཀའ་བསྒོ་སོགས་མཛད་ནས་གདན་སར་ཕེབས། དེའི་སང་ཉིན་ལེགས་གླིང་སྐྱིད་བདེ་སྦུག་པའི་དགེ་བའི་གྲལ་དབུར་ཐེགས་ཤིང་། འདི་སྐབས་མཆོད་རྟེན་གྱི་ས་འཛིན་དང་སེང་ཁྲི་ཕྱི་ནང་གི་རྩིག་པ་རྣམས་མི་གང་ཙམ་སྒོར་མོར་ལྷོངས་པ་ལ་ཕྱག་ནས་འཐོར་ཞིང་རྟེན་འབྲེལ་གྱི་ཅ་ག་སོགས་ཀྱང་མཛད། ཚེས་བཅོ་ལྔ་ལ་མཆོད་རྟེན་གྱི་དགེ་ལས་པ་རྣམས་ལ་སྨོན་གྲུབ་ནས་ཨར་སྟོན་རྒྱས་པར་བསྟར་ཞིང་། ཁོང་པའི་མི་སེར་རྣམས་ཀྱིས་དང་བླངས་ཀྱི་ལག་གཡོར་ཡང་ཞག་བཅོ་ལྔ་སྐོར་ཞུས། དུང་དགོན་བླ་མ་དང་། དར་བྱུང་བྱང་གླིང་གི་དགེ་སློང་རྒྱུད་པ་བ་སོགས་ལ་གཏེར་གསར་སྐོར་གྱི་དབང་ལུང་ཅི་རིགས་པ་དང་། རྒྱུད་པ་དགེ་སློང་ལ་དགེ་སྦྱོར་གྱི་འཕྲང་ལས་སྒྲོལ་བའི་གེགས་སེལ་གནད་ཐོག་གི་མེ་བཙའ་ལྟ་བུའང་སྩལ། དགེ་སློང་བློ་གསལ་གྱིས་ཨོ་རྒྱན་ཆེན་པོའི་རྣམ་ཐར་ཟངས་གླིང་མ་ཉིན་གཉིས་ལ་བྲིས་ཚར་མི་ཚར་གྱི་རྒྱལ་བྱས་ཏེ་བྲིས་པས་བདེ་བར་ཚར་བ་ལ་མཚར་ཁ་ཡང་གནང་། སྐབས་དེར་གོང་ཞབས་ཡས་ཕྱིན་ནས་བཀའ་ཤོག་གནང་རྟེན་བཟང་པོ་དང་བཅས་པ་ཕེབས་ཤིང་། ཉེར་གཅིག་ནས་བཟུང་ཞག་བཅུའི་བར་ཀོང་ཕྱོགས་ཟི་བུན་ལ་ཆེད་དུ་དམིགས་ཏེ་རྗེ་ཉིད་གཙོ་བོར་བཞུགས་པའི་འདུས་ཚོགས་ཀྱིས་བླ་བྲང་ཚོམས་ཆེན་དུ་ཨར་གཏད་ཀྱི་སྒྲུབ་པ་མཛད་པའི་མཐའ་སྡུད་ཀྱི་སྦྱིན་སྲེག་ལས་སྦྱོར་བགེགས་སྐྲོད་ལ་དམིགས་ནས་མཆོད་རྟེན་སེང་ཁྲིའི་ནང་དུ་གནང་བར་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་མཚན་མ་མངོན་དུ་གྱུར། དེ་ཉིན་གོང་དུ་ཚེ་རྫས་འབུལ་མི་མངགས་པའང་འབྱོར་ཏེ་ལོ་དུས་འཆར་ཅན་གྱི་སྐུ་སྲུང་མང་བར་རབ་གནས་དགོས་པའི་བསླབ་སྟོན་གོས་ཕྱི་ནང་ཡུག་རྙིང་མ། གསེར་སྲང་འཁོར། རྩེ་ཇ་སིག་གི་གནང་སྐྱེས་བཅས་ཕེབས་པ་ལྟར་རིམ་པར་སྒྲུབ་པ་རྣམས་སོ་སོའི་མན་ངག་གི་ངེས་པ་ཇི་ལྟ་བ་བཞིན་དུ་ལྟབ་ཆིངས་ཀྱི་བར་རུ་ང་མཛད་ནས་ཕྱིས་འབུལ་མི་རྫོང་སྟ་གནང་བར་དགྱེས་པ་འཁྲུངས་པའི་བཀའ་ལན་ན་བཟའ་ཆ་འགྲིག་དང་བཅས་པ་ཕེབས། ཟླ་བ་བཞི་པའི་ཚེས་གསུམ་ལ་ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད་ལྷ་སར་ཐེགས་པའི་ཕྱིར་ལམ་ཕེབས་པར་བསྙེན་བཀུར་དང་འབུལ་བ་སོགས་ཀྱིས་དགྱེས་པ་བསྐྱེད་ཅིང་། ཞག་བཞི་བཞུགས་རིང་ཕན་ཚུན་ཐུགས་གཅུགས་པའི་བཀའ་མཆིད་ཀྱིས་དུས་འདའ་བར་གྱུར། ཆུ་བཟང་ནས་ཡུམ་དྲུང་སྐུ་མཆེད་ཀྱིས་སྐུ་རིམ་ཚོགས་གསོག་གི་ཆ་རྐྱེན་དུ་ཇ་འཁོར་དྲུག་མ་མང་བ་དང་། གོས་དང་། མཆོད་རྟེན་ཞབས་འདེབས་སུ་གསེར་སྲང་བདུན། གོས་དར་མང་བ་བཅས་འབུལ་མི་ཆེད་མངགས་ཀྱིས་འབྱོར་བར་བྱིན་རྟེན་གྱི་སྐྱེས་དང་བཅས་པའི་ལན་འབུལ་བར་མཛད་ཅིང་། ཚེས་བཅུ་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས། ནམ་མཛོད་སྒྲུབ་སྡེའི་གྲྭ་པ་བཅུ་སྐོར། བདག་སོགས་གྲྭ་ཚང་གི་གྲྭ་པ་འགའ་རེ་བཅས་པར་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སྔོན་དུ་འགྲོ་བའི་ཁྲིད་རྒྱས་པ་རྒྱབ་རྟེན་ལུང་དང་བཅས་པ་མཚར་ལུགས་བཞིན་ཞག་བཅུ་བདུན་ལ་རྫོགས་པར་སྩལ། དེ་དག་གི་ཚེ་སྨན་ཆབ་ཀྱི་འཕྲོད་བཞེས་ཀྱང་མཛད་ཅིང་། འབྲས་མོ་ལྗོངས་རྒྱལ་པོའི་མི་སྣར་བླ་མ་ངག་དབང་རྒྱལ་པོའི་ཞུ་ཡིག་དངུལ་རྒྱ་དར་སྨན་སོགས་ཀྱི་འབུལ་བ་རྒྱ་ཆེ་བ་བཅས་འབྱོར། མཆོད་རྟེན་གྱི་ལས་མི་རྣམས་ལ་ཟངས་མཚོ་སྤྱི་སོ་དང་། ལེགས་པ་གླིང་པ་གཉིས་ཀྱིས་ཨར་སྟོན་རྒྱས་པར་བཏང་། ཐུགས་སྲས་སྤྲུལ་པའི་སྐུ་གྲྭ་མདའ་བརྒྱུད་སྐྱིད་རུང་ཕེབས་པར། གཅུང་ཀུན་དགའ་ཚུལ་ཁྲིམས་གཞི་ལེན་ཞུ་བར་རྫོང་སྟ་གནང་། ཚེས་བཅུ་བཞི་ནས་བརྩམས་ཏེ་འབྲས་ལྗོངས་བླ་མ་སོགས་ཕྱོགས་འདུས་ཀྱི་སྐལ་བ་དགེ་བ་ཅན་མང་པོར་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་བཀའ་འཛུག་པར་མཛད་ཅིང་། བཅོ་ལྔའི་ནུབ་བྱམས་པའི་ཕྱག་མཚན་ཀླུ་ཤིང་གི་མེ་ཏོག་ལོགས་བྲིས་ལས་ཐེ་ཚོམ་བསལ་བའི་གཟིགས་སྣང་ཡ་མཚན་པ་བྱུང་། བཅུ་དྲུག་ལ་ཕུན་རབ་ཞལ་ངོ་རྣམས་ལ་གུར་དྲག རྣམ་འཇོམས། ཕྱག་རྡོར། ཚེ་རྟ་སོགས་རྐྱེན་སེལ་གྱི་དབང་དང་བྱིན་རླབས་མང་དུ་སྩལ། ཚེས་ཉི་ཤུ་དྲང་སྲོང་ཕུར་བུ་དར་བའི་དུས་དགེ་བ་ལ་མཆོད་རྟེན་ཆེན་མོའི་སེང་ཁྲིའི་དབུས་བྲེ་རྩིག་གི་རྨང་དུ་ཕྱག་རྡོར་དྲེགས་འདུལ་ནས་བཤད་པའི་ཀླུའི་བུམ་གཏེར། དེའི་སྟེང་དུ་ས་བདག་གི་རྟེན་འཛུགས་རྣམས་མཛད་པར་སྔ་དྲོ་ནམ་མཁའ་ཤིན་ཏུ་དྭངས་པ་ལས་སྐད་ཅིག་དེར་ཆུ་འཛིན་འཁྲིགས་པའི་འཇམ་ཆར་ཤིན་ཏུ་གཤིམ་པ་བབས་ཤིང་། ཉེར་གཅིག་གི་ནུབ་འཁོར་ལོ་ཐ་མ་ངེས་དོན་དབུ་མ་ཆེན་པོར་འགྲེལ་བའི་སེང་གེའི་ང་རོ་སྒྲོག་པ་ལ་བློ་གྲོས་ཀྱི་མཐུ་མཆོག་ཏུ་གྲུབ་པའི་དམ་པ་ཁྱད་པར་ཅན་ཞིག་གིས་ཐུགས་རྒྱུད་བྱིན་གྱིས་རླབས་པའི་མནལ་ལྟས་བཟང་པོ་ཤར་གསུང་། ཉེར་ལྔ་ལ་གོང་གི་མཁའ་སྤྱོད་མའི་ཁྲིད་ཞུ་མི་རྣམས་ལ་པུ་ཏྲའི་རྗེས་གནང་ཟུར་བཀའ་སྒྲུབ་སྐོར་གྱི་ལུང་དང་བཅས་པ། གཞན་ཡང་དོན་གཉེར་ཅན་མང་པོར་ལེའུ་བདུན་མ་སོགས་འདོན་ཆོས་ཀྱི་བཀའ་ལུང་ཡང་ཅི་རིགས་པ་སྩལ། ཉེར་བདུན་ལ་གནོད་སྦྱིན་གྱི་བུམ་གཏེར་རྣམས་བཅའ་སྒྲིག་མཛད། དེའི་སང་ཉིན་གོང་ནས་ཞུ་ལན་བཀའ་ཤོག་གནང་སྐྱེས་བཟང་པོ་དང་། མཆོད་རྟེན་གྱི་གཟུངས་སུ་འོས་པའི་བྱིན་རྟེན་འགངས་ཆེ་བ་བུམ་གཏེར་དང་བཅས་པ་གནང་བ་ཕེབས་ཤིང་། ཕུན་རབ་ནས་མཆོད་རྟེན་གྱི་ལས་མི་རྣམས་ལ་ཨར་སྟོན་རྒྱས་པར་སྤྲོས། ཟླ་བ་བཞི་པ་རྟིང་མའི་ཚེས་གསུམ་ལ་མཆོད་རྟེན་གྱི་གཟུངས་སུ་འཇུག་རྒྱུའི་ཆོས་སྐྱོང་རྣམས་ཀྱི་སྲོག་འཁོར་བླ་རྡོ་སོགས་རྟེན་རྫས་རྣམས་སྐྱི་སྟོན་པ་དང་དགེ་སློང་བློ་གསལ་གཉིས་ཀྱིས་ཞབས་ཕྱི་ཞུས་ཏེ་སོ་སོའི་མན་ངག་གི་གནད་དང་ལྡན་པ་བཞེངས་པར་མཛད། ཚེས་ལྔ་རེས་གཟའ་པ་སངས་དང་ཟླ་བ་རྒྱུ་སྐར་རྒྱལ་གྱི་ཁྱིམ་དུ་སྤྱོད་པའི་གཟའ་ཚེས་བཟང་པོར་མཆོད་རྟེན་གྱི་སེང་ཁྲིའི་ནང་གི་བྲེ་གཤམ་དུ་གནོད་སྦྱིན་གྱི་བུམ་གཏེར་རྣམས་བཅུག་པའི་སྟེང་དུ་ཁྲོ་རྙིང་ཆེ་བ་འབྲུ་སྣ་དང་དཀོར་ཆ་དུ་མས་གཏམས་པའི་དབུས་སུ་གནོད་སྦྱིན་འཁོར་ལོ་གོས་དར་དུ་མའི་ཚས་ཀྱིས་གྲིལ་བ་བཞུགས་སུ་གསོལ་བའི་མཐར་ཡོ་བྱད་ཀྱི་ཁྱད་པར་བཟང་ཞིང་སྣ་འཛོམ་པ་དུ་མས་འཕྱུར་བུར་གཏམས་ཤིང་། རྗེ་ཉིད་ཀྱི་ཞབས་ཕྱིར་གྲྭ་ཚང་གི་གྲྭ་པ་གནས་བརྟན་སྡོམ་བརྩོན་དུ་མ་དང་བཅས་པས་ཤིས་བརྗོད་ལྷག་གནས་ཀྱི་མེ་ཏོག་འཐོར་ཞིང་། དེར་ཚོགས་བཟོ་བོ་དགེ་ལས་པ་ཐམས་ཅད་ཀྱང་བཟའ་བཏུང་གི་ཁྱད་པར་དུ་མས་ཚིམ་པར་མཛད་ཅིང་། ཟླུམ་པོ་ནས་གནོད་སྦྱིན་རྟེན་རྫས་སུ་རིན་པོ་ཆེ་སོགས་དཀོར་ཆའི་ཟླ་ཐེབས་དང་། འབུལ་སྐྱེས་ཀྱི་དངོས་པོ་བཟོ་བོ་ལས་མི་དང་བཅས་པར་ཨར་སྟོན། གྲྭ་ཚང་དུའང་མང་ཇ་ཚོགས་འཁོར་བཅས་བཟང་ཞིང་རྒྱ་ཆེ་བ་སྟོབ། ཚེས་བརྒྱད་ལ་འགོ་གསུམ་ལགས་ལགས་སོགས་ཉེ་འཁོར་གྱི་ཚེས་བཅུ་པ་ཁག་ལྔས་དབང་གཞི་བཏེག་པར་གྲྭ་ཕྱི་ནང་སོགས་ཁད་ཉེའི་སྐྱེ་བོ་ཁྲི་ཕྲག་ཏུ་ལོངས་པའི་འདུས་པར་གཙུག་ལག་ཁང་གི་མདུན་ངོས་ཁོར་ས་ཆེན་མོར་ཁྲོམ་དབང་རྒྱས་པར་གནང་ཞིང་། ཞལ་མཇལ་ཕྱག་དབང་དང་འདོན་ཆའི་བཀའ་ལུང་སོགས་ཞུ་མི་མཐའ་ཡས་པ་སོ་སོར་ཡང་རེ་འདོད་ཚུལ་བཞིན་དུ་སྐོང་བའི་བཀའ་དྲིན་མཛད། གླིང་ནས་ཕྱག་མཛོད་ནང་སོ་མངགས་པའི་མཆོད་རྟེན་གྱི་དགེ་ལས་ལ་ལེགས་སྐྱེས་དང་བཟོ་རིག་པ་རྣམས་ལའང་གནང་སྦྱིན་གྱི་ཚན་གྲངས་གྱ་ནོམ་པ་སྩལ་ཅིང་། འདི་སྐབས་མོན་སྟག་ཚང་བླ་མ་ལྷོ་ཟོག་གི་འབུལ་བ་བཟང་ཞིང་རྒྱ་ཆེ་བ་དང་བཅས་འབྱོར་བར་ཁོང་པས་མཚོན་ཕྱོགས་འདུས་པ་མང་པོར་གཏེར་གསར་གཙོ་བོར་གྱུར་པའི་དབང་ལུང་ཟབ་ཁྲིད་མཐའ་ཡས་པ་མཛད། ཚེས་བཅུ་དགུ་རྟིང་མ་པ་སངས་གྲོ་ཞུན་དང་འཛོམ་པའི་གཟའ་སྐར་བཟང་པོ་ལ་མཆོད་རྟེན་ཆེན་མོའི་བང་རིམ་གྱི་གཟུངས་རྣམས་འབུལ་བར་མཛད་ཅིང་། བསྟན་འཛིན་རབ་འཕེལ་གྱིས་དགེ་འདུན་ལ་ཞབས་ཏོག་ཞུས་པའི་གྲལ་དབུར་ཡང་ཞབས་པད་བསྐྱོད། ཉེར་གཅིག་གཉིས་ལ་གོང་གི་རྫོགས་ཆེན་གྱི་ཁྲིད་བཀའ་ཞུ་མི་རྣམས་ལ་ཀ་དག་དང་ལྷུན་གྲུབ་ཀྱི་ངོ་སྤྲོད་གདབ་པར་མཛད། དེ་སྐབས་ཤེལ་བྲག་བླ་མ་ཡབ་སྲས་རྣམས་ཀྱང་བཀའ་ཆོས་གསན་བཞེད་ཀྱིས་བྱོན་པར་འབྲས་ལྗོངས་པ་རྣམས་དང་ལྷན་ཅིག་ཏུ་ཐོག་མར་ནང་རྟེན་རྣམས་ཀྱི་བྱིན་རླབས་དང་། ཉེར་བཞི་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་ཆོས་འཕེལ་ལགས་དང་ཤེལ་བྲག་བླ་མ་སོགས་གཞིས་བྱེས་ཀྱི་ཆོས་ཞུ་བ་དོན་གཉེར་ཅན་མང་པོ་ལ་རཏྣའི་གུར་དྲག་དང་། ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལུང་རིམ་པར་སྩལ་ཅིང་། ཤེལ་བྲག་པ་དང་ཐར་རྩ་བ་སོགས་ཕྱོགས་འདུས་པ་མང་པོར་ཨ་ཏིའི་ཁྲིད་བཀའ་ཡང་དབུ་ཚུགས། འབུམ་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་གིས་གཞུང་དུ་འབུམ་གྱི་རྒྱུགས་འབུལ་གྲུབ་ནས་ཕྱིར་འཁོར་བར་ལེགས་སྐྱེས་ཀྱི་གནང་ཆའང་སྩལ་ཅིང་། ཆུ་བཟང་ནས་ཡུམ་དྲུང་གིས་གསེར་གྱི་འབུལ་བ་རྒྱ་ཆེ་བའང་འབྱོར། ཟླ་བ་ལྔ་པའི་ཚེས་ལྔ་ལ་རྒྱལ་པོ་ཀུན་སྤངས་པ་ལྷ་བཙུན་རྡོ་རྗེ་མཇལ་དུ་བྱུང་བའི་ཕྱག་རྟེན་དུ་གསེར་སྦྲམ་མགུར་མོའི་ཞོ་དྲུག་ཅུ། གཡུ་རྙིང་ཤེལ་རིགས་སོགས་འབུལ་བ་བཟང་ཞིང་རྒྱ་ཆེ་བ་ཕུལ་ཞིང་། ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་དང་རྒྱལ་པོ་ལྷ་བཙུན་སོགས་ལ་དྲང་སྲོང་ལོཀྟྲི། དུར་ཁྲོད་མ་མོ། གཟའ་རྒོད་དུག་གི་སྤུ་གྲི་རྣམས་ཀྱི་དབང་ལུང་ཆ་ཚང་དང་། མེ་ལོང་རྡོ་རྗེའི་མགུར་འབུམ། གནུབས་ལུགས་བཙན་རྒོད་ཀྱི་སྒྲུབ་ཐབས་ཀྱི་ལུང་རྣམས་དང་། བླ་མ་ཐར་རྩ་པ་སོགས་ལ་འཇམ་དཔལ་རྡོ་རྗེའི་ཐུགས་རྗེ་ཆེན་པོའི་དབང་ལུང་སོགས་རིམ་པར་སྩལ་ཅིང་། རྡོ་འཕགས་པ་གླིང་གི་བླ་མ་ཁྲིད་ཞུ་བར་ཆེད་དུ་བྱོན་པ་ལྟར་ཚེས་དྲུག་ནས་ཨ་ཏིའི་ཁྲིད་བཀའ་ཞིག་ཀྱང་འཛུགས་པར་མཛད། མཆོད་རྟེན་ཆེན་མོའི་བང་རིམ་བཞི་པ་མན་ལོངས་ནས་སྨད་ཆའི་གཟུངས་རྣམས་མན་ངག་གི་ངེས་པ་བཞིན་དུ་བཞུགས་སུ་གསོལ་ཏེ། ཚེས་བརྒྱད་ལ་བུམ་བརྟེན་གྱི་ནང་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྒྲུབ་མཆོད་ཀྱི་ཆོ་གའི་ཚེ་དེའི་ཐད་དུ་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པའི་དགེ་མཚན་མངོན་དུ་སྣང་། ཚེས་དགུ་ལ་དེའི་སྟེང་དུ་འོད་ཟེར་དྲི་མེད་ཀྱི་སྟ་གོན་དང་། བཅུ་ལ་དཀྱིལ་འཁོར་བཞེངས་པའི་དབུས་སུ་སྲོག་ཤིང་བཙུགས་ཏེ་མཐའ་སྐོར་དུ་སྤྱི་དང་ཁྱད་པར་གྱི་མཆོད་རྫས་རྣམས་ཚོགས་པར་བཤམ་ནས་སྒྲུབ་ཅིང་མཆོད་པ་དང་། སྲོག་ཤིང་བརྟེན་པའི་ཆོ་ག་མཛད་ཅིང་། དེའི་ཚེ་སྲོག་ཤིང་འཐེན་པའི་ཐག་པ་ཕྱོགས་བཞི་ནས་མི་མང་པོས་འཐེན་དགོས་པ་ལ་ཐོག་མར་དཀའ་ཚེགས་ཆེ་བ་ལྟར་སྣང་བ་ལས། ཇི་ཞིག་ན་ཁ་བའི་མདོག་ལྟ་བུའི་མེ་ཏོག་གི་ཆར་ཟིམ་འཇམ་པོ་དང་བཅས་ཏེ་དེའི་ཐད་དུ་འཇའ་སྤྲིན་མཚར་བ་ཞིག་མདུང་ཚུགས་སུ་ཟུག་པ་དང་མཉམ་དུ་ཡུད་ཙམ་ལ་འཐེན་ཐུབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པར་སྣང་ལ། དེའི་ཚེ་སློབ་དཔོན་ཆེན་པོས་སྲོག་ཤིང་འཛུགས་པ་དང་རྒྱལ་བ་མ་ཕམ་པས་མེ་ཏོག་འཐོར་བ་སོགས་ཐུན་མོང་མ་ཡིན་པའི་གཟིགས་སྣང་ངོ་མཚར་བའང་ཡེ་ཤེས་སྒྱུ་མའི་རོལ་རྩལ་ལ་འགག་མེད་དུ་ཤར་བར་སྣང་སྟེ་འདིར་མ་སྤྲོས་སོ། །དེ་ཉིན་དགེ་ལས་པ་རྣམས་ལ་བསམ་དགོན་ནས་ཨར་སྟོན་བཟང་ཞིང་རྒྱས་པ་དང་། བྲོ་པའི་ཤིང་རྩེད་ཀྱི་ལྟད་མོ་སོགས་ལ་མ་བསྒྲིགས་ལྷུན་གྲུབ་ཀྱི་མིའི་འདུ་བ་དང་། ཕྱི་དྲོ་འཇམ་ཆར་ཤིན་ཏུ་གཤིམ་པ་བབས་པ་སོགས་རྟེན་འབྲེལ་གྱི་ལ་ཉེ་ཡང་བཟང་བར་བྱུང་ཞིང་། སྤྱིར་མཆོད་རྟེན་གྱི་རྨང་བཏིང་པ་ནས་བཟུང་སྟེ་བདག་གིས་འགོ་བྱས་གྲྭ་ཚང་གི་དབུ་ཆེ་དང་དགེ་བཤེས་བརྒྱད་གྲས་ཟླ་བ་ངོ་རེ་བཞིན་གྱི་ཚེས་བརྒྱད་དང་བཅོ་ལྔ་ལ་སཱཙྪ་བདུན་ཅུ་རྩ་བདུན་དང་། དགུ་བཅུ་རྩ་དགུ་གདབ་པའི་ཆོ་ག་དང་། དེ་དང་འབྲེལ་བར་རབ་འབྱམས་པ་གཉིས་ཀྱིས་དྲི་མེད་རྣམ་གཉིས་དང་ཤེར་སྙིང་ལ་སོགས་པའི་མདོ་ཀློག་པ་དང་། བུམ་པ་བཅས་ལ་འཛབ་གྲྭ་བྱ་བ་སོགས་དང་། སྲོག་ཤིང་བཙུགས་པ་ནས་བཟུང་སྟེ་སྲོག་ཤིང་བརྟན་པའི་ཆོ་གའང་ཟླ་བ་ངོ་རེ་བཞིན་ཚར་རེ་རེ་སྟེ་ཇི་སྲིད་མཆོད་རྟེན་རྫོགས་པར་མ་གྲུབ་ཀྱི་བར་བགྱིད་དུ་སྩལ་ཞིང་། འཆར་ཅན་གྱི་ཚེས་བཅུ་ཆེན་མོའི་ཆོ་ག་འདི་ལོ་ཕྱིར་ནུར་ཏེ་ཚེས་བཅུ་གཅིག་ལ་མཛད་པའི་ཚོགས་དབུར་ཞབས་པད་བསྐྱོད་ནས་ཚོགས་པ་དང་ཕྱི་ནང་གི་དད་འདུས་ཅན་མང་པོ་ལ་གཏོར་དབང་ཡང་སྩལ། ཚེས་བཅུ་གཉིས་ནས་བཟུང་བད་ཀན་སྨུག་པོའི་སྙུན་རོ་ལངས་ཏེ་སྐུ་སྙུང་བར་བྱུང་བ་ལ་འཚོ་བྱེད་གཞན་ཕན་གྱིས་གསོ་སྨན་ཕུལ་ཏེ་འཕྲོད་བཞེས་དང་སྦྲགས་སྔར་གྱི་ཆོས་ཞུ་བ་རྣམས་ལ་དབང་ལུང་གི་འཕྲོ་ཡང་ཐུན་མ་ཆག་པར་མཛད་ཅིང་། ཉེར་གཅིག་ལ་གྲྭ་ཚང་གི་རྒྱུད་གྲྭ་གཉིས་པོར་ཇ་འཕར་མ་དང་ཡོན་གྱི་དངོས་པོའང་རྒྱས་པར་སྩལ། ཉེར་གཉིས་ལ་གྲྭ་ཕྱི་ནང་གི་སྡེ་དགོན་རིས་སུ་མ་ཆད་པ་ཐམས་ཅད་ལ་མང་ཇ་སྤྱི་འགྱེད་དང་། འདི་ག་འདུས་ཚོགས་སུ་མང་ཇ་དང་ན་བཟའི་སྤོམ་དག་མཆོད་རྟེན་གྱི་དགེ་ལས་པ་རྣམས་ལ་སྟོན་མོ་མང་འགྱེད་དང་བཅས་པ་གནང་ཞིང་། ཉེར་ལྔ་ལ་གྲྭ་ཚང་གིས་ཡང་སྙིང་ཀུན་འདུས་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་ཞབས་པད་བརྟན་པའི་གསོལ་འདེབས་དང་། བདག་གིས་སྐུ་རིམ་དུ་མཁའ་འགྲོ་གྲིབ་སེལ་གྱི་ཆོ་གའང་ཞུས། ཉེར་དྲུག་སོགས་ལ་གཞན་ཕན་ལགས་དང་། བསམ་དགོན་པ། སྐྱི་སྟོན་པ་རྣམས་ཀྱིས་གཟིམས་ཆུང་བརྟན་བཞུགས་ཀྱང་རིམ་པར་ཕུལ་ཞིང་། ཉེར་བརྒྱད་ཀྱི་ཉིན་མཆོད་རྟེན་བུམ་སྨད་ཀྱི་གཟུངས་རྣམས་ཀྱང་འབུལ་བར་མཛད། ཟླ་བ་དྲུག་པའི་ཚེས་གཅིག་རྒྱལ་ཕུར་འགྲུབ་སྦྱོར་གྱི་དུས་དགེ་བར་ལྷ་ཆེན་གྱི་རྟེན་རྫས་གསར་བཞེངས་རབ་གནས་ཀྱི་མཐར་ཐུག་པ་མཛད་ཅིང་། འདི་ཉིན་ནས་བཟུང་བླ་བྲང་ཚོམས་ཆེན་དུ་ཞག་བདུན་གྱི་བར་གྲྭ་ཚང་ཚོགས་ཆེན་གྱིས་བཀའ་འགྱུར་ཡོངས་རྫོགས་ཀྱི་སྟེང་འབུམ་དང་བརྒྱད་སྟོང་པ་གཉིས་གྲངས་ཅི་རིགས་བསག་པ་བཅས་གསུང་སྒྲོག་བགྱིད་དུ་སྩལ་བར་རྒྱུན་ཇའི་ཐོག་ཧུབ་ཇའི་མང་ཇ་འཕར་མ་གཉིས་རེ་དང་གྲོ་འཇམ་རེ། ཡོན་གྱི་དངོས་པོ་ན་བཟའ་དང་། རྒྱུ་དང་ཁ་དོག་གིས་རུང་བའི་གོས་རྫས་བཟང་ཇ་སོགས་འགྱེད་ཐོབ་ཆེ་བ་གནང་ཞིང་། ཚེས་ལྔ་ལ་མཁའ་སྤྱོད་བདེ་ཆེན་ནས་ཕུན་རབ་ཆོས་དྲུང་གིས་གཟིམས་ཆུང་བརྟན་བཞུགས་ཕུལ། དེའི་སང་ཉིན་ཐེ་སེ་འོར་བླ་མ་ཆོས་མཛད་ཀྱིས་དངུལ་གྱི་ཡོལ་གོ་ཆེ་བ་ཁ་ཤས་དང་། རས་ཆ་སོགས་ཀྱིས་མཚོན་པའི་འབུལ་བ་བཟང་ཞིང་རྒྱ་ཆེ་བ་ཕུལ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་གྲུང་པོར་བསྔོ་བའི་བཀའ་དྲིན་མཛད། ཚེས་བཅུ་ལ་དགེ་ཡེའི་སློབ་དཔོན་བ་བསོད་ནམས་བཟང་པོས་འབུལ་བ་དང་གྲྭ་ཚང་འདུས་པར་ཚོགས་འཁོར་སོགས་དཔངས་གཏོད་དེ་བླ་བྲང་ཚོམས་ཆེན་དུ་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་ཕུལ། སྐབས་འདི་དག་ཏུ་དགེ་སློང་བློ་གྲོས་དང་དགེ་སློང་རིག་འཛིན་གཉིས་རྡོར་སེམས་ཀྱི་བསྙེན་མཚམས་སུ་ཞུགས་པར་དམིགས་སྐྱོར་དང་། སྔ་ཕྱིར་འདུས་པའི་ཆོས་ཞུ་བ་མང་པོ་ལ་གཏེར་ཁ་གསར་རྙིང་ཅི་རིགས་པའི་དབང་ལུང་སྣ་ཚོགས་དང་ཁྲིད་བཀའ་སོགས་སོ་སོའི་འདོད་མོས་ཀྱི་རེ་བ་ཡོངས་སུ་སྐོང་བའི་བཀའ་དྲིན་མཛད་ཅིང་། ཚེས་བཅུ་གསུམ་ལ་དོལ་པོ་བླ་མ་ཚེ་རིང་གིས་གསེར་དངུལ་གྱི་འབུལ་སྐྱེལ་དང་། སྙེ་མདོ་ནས་གཟིམས་ཆུང་བརྟན་བཞུགས་རྒྱས་པ་ཨར་སྟོན་དང་བཅས་པ་སྟོབ་ཅིང་། ཚེས་བཅུ་བཞིར་གསང་སྔགས་བྱང་ཆུབ་གླིང་བླ་མ་ཆོས་ཞུར་བྱུང་བར་མཇལ་ཁ་དང་། དེའི་སང་ཉིན་ནས་བཟུང་ཁོང་པ་དང་ཆོས་འཕེལ་ལགས་སོགས་མང་པོར་མཁའ་འགྲོ་སྙིང་ཐིག་གི་ལུང་དང་ཁྲིད་ཀྱི་དབུ་ཚུགས། ཉེར་གཅིག་ལ་ཆོས་སྐྱོང་གི་རྟེན་རྫས་མཆོད་རྟེན་གྱི་སེང་ཁྲིའི་ཟུར་བཞིར་བཞུགས་རྒྱུ་རྣམས་སྒྲུབ་ཁང་ནས་སྤྱན་དྲངས་པ་དང་འབྲུག་སྒྲ་ཆེན་པོ་གྲག་ཅིང་ཕྱོགས་གཅིག་པའི་རླུང་གིས་མཆོད་རྟེན་གྱི་བར་བསུས་པ་ལྟ་བུ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པའི་ངོ་མཚར་དང་བཅས་ཏེ་སོ་སོའི་གནས་སུ་བཞུགས་སུ་གསོལ་ཞིང་། བསྐང་བ་གཉེར་གཏད་བརྟན་བཞུགས་སོགས་སྨིན་རྒྱས་སུ་མཛད་ནས་མི་མངོན་པར་རྒྱས་འདེབས་པར་མཛད། དེ་དུས་དམ་ཅན་དངོས་སུ་ཐིམ་པའི་གཟིགས་སྣང་ཁྱད་པར་ཅན་ཡང་བྱུང་བར་སྣང་། ཉེར་བཞི་ལ་བྱང་གླིང་བླ་མ་སོགས་ལ་མཁའ་འགྲོ་སྙིང་ཐིག་གི་དབང་གི་སྟ་གོན་དང་། སང་ཉིན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྤྲོས་བཅས་ཀྱི་དབང་མཆོག་དབང་གོང་མ་དང་བཅས་པ་མཐའ་རྒྱས་སུ་སྩལ་ཅིང་། ཁྲིད་ཁག་སྔ་མ་རྣམས་ལ་ཨ་ཏིའི་ངོ་སྤྲོད་ཀྱང་འདེབས་པར་མཛད། འབྲས་ལྗོངས་པདྨ་ཡང་རྩེའི་བླ་མ་སོགས་རྒྱལ་པོས་མངགས་པ་རྣམས་ཀྱིས་འབུལ་བ་བཟང་པོ་བཅས་མཇལ་དུ་བྱུང་ཞིང་ཁོང་པ་ཚོ་དང་གོང་གི་ཆོས་ཞུ་བ་རྣམས་ལ་གཏེར་གསར་གྱི་དབང་ལུང་དང་། ཁྱད་པར་འབྲས་མོ་ལྗོངས་པ་རྣམས་ལ་ཉེར་བརྒྱད་ནས་བཟུང་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་བཀའ་ཞིག་འཛུགས་པར་མཛད་ཅིང་། གཞན་ཡང་གྲྭ་པའི་འཛམ་དམར་གྱི་རྗེས་གནང་ལུང་དང་བཅས་པ། རྣམ་འཇོམས་ཀྱི་རྗེས་གནང་སོགས་སོ་སོའི་བློའི་རེ་བ་ཡོངས་སུ་སྐོང་བའི་འདོད་ཆོས་མང་པོའང་སྐབས་སེང་ཅི་རིགས་པར་སྩལ། ཟླ་བ་བདུན་པའི་ཚེས་གསུམ་གྱི་ནུབ་མི་དབང་ཆེན་པོའི་ཡུམ་ལ་སྤྱན་ལྟས་ཤིན་ཏུ་རྩུབ་པ་ཤར་བ་ལྟར་སྐུ་རིམ་གནང་དགོས་པའི་གནས་ཚུལ་འབུལ་མི་ཆེད་དུ་གནང་ཞིང་། ཚེས་བཞི་ལ་མཆོད་རྟེན་བྲེ་སྟོད་ཀྱི་གཟུངས་རྣམས་འབུལ་བར་མཛད། དེ་ཉིན་ར་བ་སྨད་ཀྱི་སློབ་དཔོན་རྩེ་ཐང་པ་ཀུན་དགའ་བསམ་གཏན་མཇལ་དུ་བྱུང་བར་ཁོང་པ་གྲགས་པ་ཆེ་ཞིང་ཐུགས་རྒྱལ་ཀྱང་ཆེ་བ་བཅས་:བཀའ་༼དཀའ་༽གནད་རྣམས་ལ་འདྲིས་པར་ཡོད་དམ་དགོངས་ཏེ་ནམ་མཁའི་སྙིང་པོའི་མདོ་ནས་འབྱུང་བའི་བྱང་སྡོམ་གྱི་རྩ་ལྟུང་ནང་དུ་སྡོམ་པ་ཉི་ཤུ་པའི་རྩ་ལྟུང་བསྡུ་ཚུལ་དང་། སྔགས་སྡོམ་སྔོན་ཐོབ་ཀྱིས་ཕྱིས་སོ་ཐར་དང་བྱང་སྡོམ་བླངས་ན་སྡོམ་པའི་གནས་འགྱུར་ལུགས་ཇི་ལྟར་བྱེད་པ་སོགས་ཀྱི་བཀའ་འདྲིའི་འབེལ་གཏམ་མང་དུ་མཛད་པ་ན་བཤད་ཡམས་ཀྱི་ཞུ་བ་ལས་གནད་འདྲིལ་བའི་བཀའ་ལན་འབུལ་རྒྱུས་ཕོངས་པས་དྲེགས་པ་བཅོམ། ཚེས་བདུན་ལ་ཟལ་བ་ལགས་ཚེ་དབང་གིས་གཟིམས་ཆུང་བརྟན་བཞུགས་ཕུལ་ཞིང་། ཚེས་བརྒྱད་ལ་ཆུ་བཟང་ནས་བང་ཕྱིན་ཕྱིར་འཁོར་བའི་ཐུགས་དམ་བརྟག་པའི་དོན་བཞིན་ཡུམ་དྲུང་སྐུ་བསྙུན་བབས་ལྕི་བར་བྱུང་བ་ནས་སྐུ་རིམ་གནང་རྒྱུ་དང་སྲུང་འཁོར་སྐྱབས་འཇུག་ཞུ་བའི་རྟེན་འབུལ་ཡོན་གྱི་དངོས་སྤྱད་བཟང་ཞིང་གྱ་ནོམ་པ་བཅས་འབྱོར། ཚེས་བཅུ་ལ་ལྷོ་ཁང་གསར་ནས་རྒྱལ་བུའི་སྐོར་ལ་གསུང་བརྟག་ཞུ་མི་བྱུང་བར་ཐུགས་དམ་བརྟག་པར་གང་ཤར་ལ་མཛེས་ཁྲིག་མེད་པར་འབུལ་བར་མཛད་པས་ཕྱིས་མངོན་དུ་གྱུར་པའང་བྱུང་། ཚེས་བཅུ་གཉིས་ལ་ཞབས་དྲུང་ཏྲེ་བོ་རིན་པོ་ཆེ་ཕེབས་པར་ཆིབས་བསུ་བསང་དུང་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ། ཞག་གསུམ་བཞུགས་རིང་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ཀྱི་གསུང་མོལ་ཁོ་ནས་དུས་འདའ་བར་གྱུར་ཅིང་། འདུས་པ་མདོ་དབང་ཆེན་མོ་སོགས་ཆོས་བཀའ་མང་པོའི་སྙན་གསན་ཕབ་ནས་རེ་ཞིག་ཡར་འབྲོག་ཕྱོགས་སུ་ཐེགས། དེ་ཉིན་འབྲས་ལྗོངས་པ་རྣམས་ལ་ཁྲིད་ཀྱི་ངོ་སྤྲོད་ཀྱང་འདེབས་པར་མཛད། ཚེས་བཅུ་དྲུག་ལ་རྟ་ནག་སྒྲོལ་མ་བའི་ཞབས་དྲུང་སྐུ་འབྲིང་འགྱུར་མེད་རྡོ་རྗེ་མཇལ་དུ་བྱུང་བར་སྒྱུ་འཕྲུལ། ལམ་རྣམ་བཀོད་སོགས་འདོད་ཆོས་ཁ་ཤས་དང་། གནང་སྦྱིན་རྒྱས་པར་སྩལ། བྱ་རྒོད་མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་སྦས་ཡུལ་མཁན་པ་ལུང་དུ་ལོ་སྔ་མ་རྟ་ལོ་ཧོར་ཟླ་བཅུ་གཅིག་པའི་ཉེར་དགུ་ལ་སྐུ་གཤེགས་པའི་བསྔོ་རྟེན་ཡང་འདི་སྐབས་འབྱོར་ཞིང་། དབོན་པོ་ཀུན་དགའ་ཕུན་ཚོགས་སོགས་བསྔོ་རྟེན་འབུལ་མི་རྣམས་ལ་གཏེར་གསར་སྐོར་གྱི་དབང་ལུང་ཡང་མང་དུ་མཛད། ཉེར་བཞི་ལ་ཡབ་སྲས་ལྷན་དུ་མཆོད་ཁང་ཐམས་ཅད་ལ་སོ་སོར་མཆོད་པ་སྤྱན་གཟིགས་དང་བཅས་མཇལ་དུ་ཕེབས་ཤིང་། མགོན་ཁང་སྦུག་ཏུ་བསྐང་གསོ་ཕྲིན་བཅོལ་ཡང་གནང་། ཉེར་ལྔ་ལ་མཆོད་རྟེན་ཆེན་མོའི་བྲེ་སྟོད་བྲེ་འགྱོགས་ཀྱི་གཟུངས་རྣམས་དང་། ཟླ་བ་བརྒྱད་པའི་ཚེས་གཉིས་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་ལ་ཆོས་འཁོར་གྱི་གྱོ་བ་རྣམས་དང་ནང་གཟུངས་རྣམས་ལ་བགེགས་སྐྲོད་དང་རབ་གནས་གནང་སྟེ་ཚེས་གསུམ་ནས་གཟུངས་རྣམས་འབུལ་བཞིན་དུ་འཁོར་ལོ་རྣམས་རིམ་པར་བསྒྲིགས་ཤིང་། ཁམས་ནས་དགེ་སློང་སྙིང་པོ་ཅན་གྱིས་གྲྭ་ཚང་དུ་མང་འགྱེད་དང་བཅས་གྲལ་དབུར་སྤྱན་དྲངས་ནས་འབུལ་དངོས་རྒྱས་པར་སྟོབ་ཅིང་། ཁམས་པའི་གྲྭ་རྒྱུན་གསར་པ་འགའ་ཞིག་གི་སྐྲ་ཕུད་ཀྱང་བཞེས། ཚེས་དྲུག་ལ་ཡར་འབྲོག་ནས་ཏྲེ་བོ་སྤྲུལ་པའི་སྐུ་ཕེབས་པ་དང་། དཔལ་རི་གདན་ས་བ་གྲྭ་པ་ཁ་ཤས་དང་བཅས་འབྱོར་པ་རྣམས་ལ་མཇལ་ཁ་མཛད་ཅིང་། དེ་ནས་རྫོགས་པའི་སངས་རྒྱས་སྐུ་བལྟམས་པའི་ཟླ་མཆོད་ཀྱི་དབང་དུ་མཛད་དེ། ཚེས་བདུན་རེས་གཟའ་སྙན་ངག་མཁན་གདུ་བུའི་མཛེས་མ་ལ་དབང་བྱེད་པའི་དུས་སྦྱོར་བཟང་པོར་འདུས་པ་མདོ་དབང་ཆེན་མོའི་སྔོན་འགྲོ་གླིང་བཞིའི་མདོས་དང་། དཔང་སྐོང་སོགས་དགེ་བའི་དཔུང་བསྐྱེད་པ་ནས་བརྩམས་ཏེ། བླ་བྲང་ཚོམས་ཆེན་དུ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་གྲྭ་ཚང་གི་གྲྭ་པ་ཡོངས་སུ་རྫོགས་པ་དང་། ཉིད་ཀྱི་ཡུམ་ལ་སོགས་ཏེ་གཉུག་མར་གནས་པ་དང་། ཞབས་དྲུང་ཏྲེ་བོ་རིན་པོ་ཆེ་དང་། རབ་འབྱམས་སྨྲ་བ་ཆག་པ་ཆོས་འཕེལ་ལགས། དཔལ་རི་གདན་ས་བ་སོགས་ཕྱོགས་འདུས་པ་མང་པོ་དང་བཅས་དབང་ཞུ་མི་ཕྱེད་དང་སུམ་བརྒྱ་བརྒལ་བར་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དབང་གིས་སྒོ་དབྱེ་བར་མཛད་ཅིང་། དབང་ཞུ་མི་རིགས་མི་གཅིག་པ་ཐ་དད་ནས་དབང་ཡོན་དུ་བུམ་པ། དབུ་རྒྱན་དར་དཔྱངས། རྡོར་དྲིལ། ཀ་པཱ་ལ། གར་ཕོད། སྣམ་སྦྱར་སོགས་ཉེར་སྤྱད་མང་པོ་དང་ཨ་ཇོ་རྫོང་སྤྲུལ་པའི་སྐུའི་ཞབས་བརྟན་འབུལ་མི་ཡང་འབྱོར་བ་བཅས་རྟེན་འབྲེལ་གྱི་ལ་ཉེ་ལེགས་པར་སྣང་ཞིང་། དེ་ཉིན་ཞབས་དྲུང་གདུང་བརྒྱུད་སྐུ་འབྲིང་པོའང་མཁའ་སྤྱོད་བདེ་ཆེན་དུ་སྐུ་བལྟམས་ཏེ། འདི་ནི་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཆོས་སྐྱོང་རྒྱལ་མཚན་ཉིད་རྗེ་རིན་པོ་ཆེ་འདི་ལ་ཐུགས་ལྷག་པར་མོས་པས་གང་གི་བསྟན་པ་ལ་བྱ་བ་མཛད་པར་དགོངས་པའི་ཐུགས་བསྐྱེད་ཀྱི་སྨོན་ལམ་དང་ཕུལ་དུ་བྱུང་བའི་སྐུ་བསོད་ཀྱི་སྟོབས་ཆེན་པོས་མཚམས་སྦྱར་ནས་རྗེ་འདིའི་སྲས་སུ་འཁྲུངས་པ་ཡིན་པར་སྣང་སྟེ། དགུང་ལོ་བཞི་ལྔ་ཙམ་གྱི་ཚེ་སྐུ་སྔ་མའི་དུས་ཀྱི་ཉེར་སྤྱད་དང་གྲྭ་སློབ་ཀྱི་མིང་སོགས་གསལ་པོར་གསུང་ཞིང་། སྔར་སྐུ་གོང་མས་རྗེ་བཙུན་དམ་པ་འདིའི་དྲུང་དུ་བཀའ་བརྒྱད་བདེ་འདུས་ཀྱི་དབང་གསན་པའི་ནུབ་མོ་མནལ་ལམ་དུ་ཁོང་རང་བྱ་རྒོད་ན་བཞུགས་འདུག་པའི་ཐུགས་ཀ་ནས་འོད་ཟི་ཁྲོམ་ཁྲོམ་བྱེད་པ་ལས་ཟླ་དཀྱིལ་ལྟ་བུ་ཞིག་ཤར་ཕྱོགས་སུ་ཐོན་སོང་བའི་མོད་ལ་སྐུའི་འོད་དེ་ཉམས་པ་ཞིག་བྱུང་གསུང་བའང་ད་ལྟ་བལྟས་ན་སྐུ་སྐྱེ་འདིར་འཁྲུངས་པ་འདི་ལ་བལྟ་བར་སྣང་ངོ་། །དེ་ནས་ཚེས་བརྒྱད་ཀྱི་ཉིན་ལྷ་མི་དང་། ཉན་ཐོས་རང་རྒྱལ་གསུམ་གྱི་དབང་མཛད་ཅིང་། ཕྱི་ཉིན་སྤོ་བོ་བྱ་རྒོད་སྐུ་སྐྱེ་དཔོན་སློབ་རྣམས་དངུལ་ལྷད་བྲལ་སྲང་ཆེན་བརྒྱ་ཕྲག རྟ་དྲེལ་སོགས་འབུལ་བའི་དངོས་པོ་རྒྱ་ཆེར་བཏེགས་ནས་མཇལ་དུ་བྱུང་ཞིང་། དེ་ཉིན་བྱང་སེམས། ཀྲྀ་ཡ། ཨུ་པ་གསུམ་དང་། ཚེས་བཅུ་ལ་ཡོ་ག་སྟེ་མདོ་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱི་དབང་རྣམས་ནུབ་བཞི་པ་ཡན་ལ་རྫོགས་པར་མཛད་དེ། ཚེས་བཅུ་གཅིག་ལ་མདོ་རྩ་བའི་དཀྱིལ་འཁོར་བཞེངས་པའི་ཁྱད་པར་གྱི་སྔོན་འགྲོ་ལྷག་གནས་དང་མཚམས་ཀྱི་རིམ་པ་རྣམས་མཛད་ནས་བཅུ་གཉིས་སྔ་མར་དཀྱིལ་འཁོར་བྲིས་ཤིང་། དེ་ཉིན་དཔལ་རི་གདན་ས་བས་གཟིམས་ཆུང་བརྟན་བཞུགས་རྒྱས་པར་ཕུལ། བཅུ་གཉིས་རྟིང་མ་ནས་བཟུང་སྟེ། ཞི་ཁྲོའི་བསྙེན་སྒྲུབ་འབྲས་བུ་སྒྲུབ་པ་ཆེན་པོའི་ཡན་ལག་དང་དོན་དུ་དངོས་གྲུབ་ལེན་པ་རྣམས་མཛད་རྗེས་འཇུག་པ་ནས་བརྩམས་ཏེ་ཕྱི་དབང་བཅུ། ནང་དབང་བཅུ་གཅིག སྒྲུབ་དབང་བཅུ་གསུམ། གསང་དབང་ཐུན་མོང་པ་གཉིས་རྣམས་ཚེས་བཅུ་དྲུག་གི་ཉིན་རྫོགས་པར་མཛད་ནས། དེ་ནུབ་ཐུན་མོང་མ་ཡིན་པའི་ཟབ་དབང་གི་དཀྱིལ་འཁོར་གཉིས་བཞེངས་ཏེ་ཁྱད་པར་གྱི་གསང་དབང་དང་། ནངས་པར་དེང་སང་རྫོགས་ཆེན་གྱི་དབང་ཞེས་ཐ་སྙད་འདོགས་པ་དོན་ལ་ལྟ་བ་ཡེ་འབྱམས་སོགས་གབ་པའི་དབང་ལེའུ་ཕྱི་མ་གསུམ་དུ་བསྟན་པའི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ་མ་འདྲེས་ཡོངས་རྫོགས་རང་གནས་ཀྱི་དོན་གཏན་ལ་འབེབས་པ་སྟེ་ཆུ་བོ་ཆེན་པོ་བཞིའི་དབང་རྣམས་མཐའ་རྒྱས་སུ་སྩལ་ཅིང་། འདི་ཉིན་ཏྲེ་བོ་རིན་པོ་ཆེས་སྟོན་འཁོར་ཐམས་ཅད་ལ་ཚོགས་ཀྱི་འཁོར་ལོ་ཟླ་མེད་པ་དང་ཡོན་གྱི་སྐྱེས་བཟང་ཞིང་རྒྱ་ཆེ་བ་ཕུལ། ཚེས་བཅོ་བརྒྱད་ལ་ཚེའི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་པའི་མཐའ་རྟེན་གྱི་ཚེ་དབང་དང་། མར་མེ་སྨོན་ལམ་ཤིས་བརྗོད་དགའ་སྟོན་སོགས་མཐའ་རྒྱས་རྣམས་རྒྱས་པར་མཛད། དེ་ལ་སྤྱིར་འདུས་པ་ཆེན་པོ་མདོ་དབང་གི་ཕྱག་བཞེས་ལ་དེང་སང་བདེ་ལེགས་པ་དང་རྡོར་བཟང་པའི་ཡི་གེ་ལ་བརྟེན་པའི་ལུགས་སྲོལ་གཉིས་ཞེས་འདྲེན་ཅིང་། དེ་གཉིས་ཀ་ལ་སྐྱེས་བུ་དམ་པ་བཟང་ཟ་ར་ཚགས་སུ་བྱོན་པས་བྱིན་རླབས་ཀྱི་བརྒྱུད་པ་རྨད་དུ་བྱུང་བ་ཡིན་མོད་ཀྱི། དེ་ལྟ་ནའང་དབང་ཆོག་གི་ཡིག་ཆའི་ཆ་ནས་དཀྱིལ་འཁོར་གྱི་དབྱེ་བ་སོགས་ཧ་ཅང་སྤྲོས་པ་ཐལ་བ་དང་། དེ་ལ་བརྟེན་ནས་ཕལ་ཆེ་བའི་བསམ་པར་ཐེག་བརྒྱད་དགོས་ཆོས་སྦྱར་བའི་ཐེག་དགུའི་དབང་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བ་སོགས་མདོར་ན་རྩ་བའི་མདོ་དང་། གབ་པའི་དབང་ལེ། བདེ་བ་གསལ་མཛད་ཀྱི་ལས་ཐོ་དང་། དབང་དོན་བསྡུས་པ། ངེས་འབྱེད་སོགས་རྩ་བའི་ཡི་གེ་རྣམས་ཀྱི་དགོངས་པ་དང་འགལ་ཆར་འགྲོ་བ་ཡང་མང་དུ་སྣང་བས་ན་འདིར་ནི་དཀྱིལ་འཁོར་གྱི་དབྱེ་བསྡུ་སོགས་ཕྱག་བཞེས་ཕལ་ཆེར་ལུགས་འདི་ལ་ཚད་མར་གྱུར་པ་ལྷ་རྗེ་འགར་གྱི་ལས་ཐོ་དང་། གླན་རྡོ་རྗེ་འོད་ཀྱི་ཕྱག་བཞེས་འགོས་ཀྱིས་ཟིན་ཐོར་བཀོད་པ་སོགས་སྒྲོལ་ཆེན་ཡན་ཆད་ལ་ཕྱག་སྲོལ་མགྲིན་གཅིག་པ་ལྟ་བུར་སྣང་བའི་རྗེས་སུ་འབྲངས་ཏེ་སྨིན་པར་སྩལ་ཅིང་། དེ་དུས་ཡིག་རྙིང་དང་མཐུན་པའི་དབང་ཆོག་ཅིག་མཛད་ན་བསྟན་པ་ལ་ཕན་པར་འདུག་ཞུས་པས་ཅི་འགྲུབ་བྱེད་གསུང་བ་ལས་སྔ་ཕན་མཛད་པ་མ་བྱུང་ངོ་། །དེ་ནས་ཚེས་བཅུ་དགུ་ལ་མཆོད་རྟེན་ཆེན་མོའི་ཆར་ཁེབས་ག་ཊི་ར་དང་བཅས་པ་སྒྲོན་ཅིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད། འདི་སྐབས་ཐོག་མར་རླུང་གིས་ལས་ཁྲིའི་ཁར་བཟོ་བོ་སོགས་འགྲོ་མི་ནུས་པ་ལྟ་བུ་ལ་གསོལ་འདེབས་བདེན་ཚིག་བརྗོད་པར་མཛད་པས་རླུང་ཞི་ནས་བདེ་བར་སྒྲོན་ཐུབ་ཅིང་། སྒྲོན་ཚར་མ་ཐག་འབྲུག་སྒྲ་དྲག་པོ་དང་བཅས་ཏེ་ཆར་བབས་པའི་དགེ་མཚན་བཟང་པོ་བྱུང་། ཉེར་གཅིག་ལ་གོང་གི་ཆོས་ཞུ་བ་རྣམས་ལ་འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གནོན་གྱི་དབང་དང་། གྲྭ་ཚང་ཚོགས་ཆེན་སྟེང་ཕྱོགས་འདུས་ཀྱི་དབང་མི་གཙོ་ཆེ་བ་ཉུང་བསྡུས་བཅས་པར་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་བཞི་དྲག་པོ་སྒྲོལ་དབང་མཐའ་རྟེན་དུ་ནུབ་དགོན་ལུགས་ཀྱི་གཏོར་དབང་དང་བཅས་ཏེ་གཉིས་ཀ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྩལ། ལེགས་ལྡན་གྱི་དབང་མཛད་ཁར་འཚུབ་ལྷོངས་ཀྱི་རྣམ་པ་ཤིན་ཏུ་ཆེ་བ་བྱུང་ཞིང་། ཕྱིས་སུ་བཀའ་ལས་ཆོས་སྐྱོང་འདི་ངེད་རང་ལ་འགོ་བ་ཞིག་འདུག་པས་འདིའི་དབང་ནམ་བྱས་དུས་འཚུབ་ཀྱི་རྣམ་པ་རེ་ངེས་པར་འོང་བ་ཡིན་གསུང་། དེ་དུས་ཕུལ་དུ་བྱུང་བའི་རྣམ་དཀར་གྱི་ལས་ལ་དཀར་བའི་ཕྱོགས་ཀྱི་ལྷ་རྣམས་གཡེལ་བ་མེད་པར་སྐྱོང་བའི་མཐུ་ལས་ས་རྡོ་དང་ཆུ་སོགས་ཉེ་འདབས་ནས་འབད་མེད་དུ་ཐོན་པ་དང་། ལས་བྱེད་པ་རྣམས་ཀྱང་སྐྱོ་ང ལ་མེད་ཅིང་གཅིག་ཏུ་འདུན་པས་གླུ་གཞས་ཀྱི་དགའ་སྤྲོ་དང་མ་བྲལ་བའི་ངང་ནས་བརྩིགས་པས་དེ་བཞིན་གཤེགས་པ་མ་ལུས་པའི་ཆོས་ཀྱི་སྐུའི་རྟེན་བཀྲ་ཤིས་པའི་སྒོ་མང་པོ་ཅན་གཙང་ཞིང་མཛེས་ལ་ལྷུན་ཆགས་པ། ཕྱི་རོལ་ཏུ་མུ་ཁྱུད་ཀྱིས་བསྐོར་བའི་འཁོར་སའི་ཕྱོགས་མཚམས་བརྒྱད་ཀྱི་མདུན་མར་སྐལ་ལྡན་རྣམས་ལ་ཆོས་སྦྱིན་སྩལ་བའི་སེང་ཁྲི་བྱ་འདབ་ལ་སོགས་པའི་བཀོད་པས་འཕགས་པ་དང་། ཕྱོགས་གཞན་བདུན་པོར་དེ་བཞིན་གཤེགས་པའི་མཆོད་རྟེན་ལྷག་མ་བདུན་པོ་བཞེངས་པའི་ཁྲི་སྟེགས་ཀྱིས་སྤྲས་པའི་ཕྱི་ཁོར་ཡུག་གི་ཁྱམས་དང་བཅས་པ་རྣམས་ལས་མི་ཉུང་ངུས་དབྱར་ངོ་གཅིག་པོ་དེར་གྲུབ་པའི་ཆོ་འཕྲུལ་དང་། ཉེར་གསུམ་རེས་གཟའ་ཟླ་བ་རྒྱུ་སྐར་རྒྱལ་དང་འཛོམ་པའི་དུས་དགེ་བར་རབ་ཏུ་གནས་པའི་ཆོ་ག་མཛད་དེ། བུམ་ཐོག་ཏུ་རྗེ་རིན་པོ་ཆེ་ཉིད་ཀྱི་ཞབས་ཕྱིར་གྲྭ་ཚང་གི་དབུ་ཆེ་དང་བསྙེན་སོང་སུམ་ཅུ་སྐོར་གྱིས་བླ་མ་རིག་འཛིན་ཀུན་འདུས་ཀྱི་གསུང་ཆོག་དང་། བང་རིམ་དུ་སྤྲུལ་པའི་སྐུ་གཞན་ཕན་དབང་པོས་དབུ་མཛད་གྲྭ་ཚང་གི་ཆེ་བགྲེས་ཤས་ཆེ་བའི་གྲྭ་པ་སུམ་ཅུ་སྐོར་གྱིས་ཞི་ཁྲོ་རིགས་བསྡུས། སེང་ཁྲིའི་ནང་དུ་བདག་གིས་འགོ་བྱས་གྲྭ་པ་བཞི་བཅུ་སྐོར་གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོ་ག་སྟེ། དཀྱིལ་འཁོར་ཆོག་ཁག་གསུམ་ལ་བརྟེན་པའི་རབ་ཏུ་གནས་པའི་ཆོ་ག་སོ་སོ་ནས་སྨིན་རྒྱས་དང་། གྲྭ་མང་བརྒྱད་ཅུ་སྐོར་གྱིས་རིག་འཛིན་བླ་མའི་བདག་བསྐྱེད་དང་འབྲེལ་བར་རྟེན་འབྲེལ་སྙིང་པོས་མེ་ཏོག་སྒྲུབ་པ་སོགས་མཆོད་རྟེན་གྱི་སྟེང་ཤོད་ཐམས་ཅད་ཆོ་ག་བས་གང་བར་མཛད་ཅིང་། ཁྱད་པར་དུའང་ལྷག་གནས་ཀྱི་མེ་ཏོག་འཐོར་བ་དེར་འདུས་ཀྱི་ཆོག་ཁག་ཐམས་ཅད་སྡེབས་དྲིལ་དུ་མཛད་པར་དགེ་འདུན་ཐམས་ཅད་ཀྱིས་སྣམ་སྦྱར་མནབས་ཤིང་། རྒྱལ་མཚན། འཕན་གདུགས་ཕྱེ་འཕུར་སོགས་དང་རོལ་མོའི་ཁྱད་པར་དུ་མ་ཐོགས་པའི་སེར་སྦྲེངས་ཀྱི་བཀོད་པ་ཚར་དུ་དངར་བ་དང་བཅས་ཏེ་བཀྲ་ཤིས་པའི་མེ་ཏོག་གི་སིལ་མ་ཆར་བཞིན་དུ་ཕབ་ནས་སྲུང་མ་དང་ཡོན་བདག་བསྒོ་བ་སོགས་མཐའ་རྒྱས་སུ་མཛད་ཅིང་། དེའི་ཚེ་འདུས་པ་ཐམས་ཅད་ལ་གདུགས་ཚོད་ཀྱི་ཞབས་ཏོག་ནི་ཡབ་རྗེའི་དུས་ནས་ཞབས་ཕྱི་ནང་མར་གྱུར་པ་གཉེར་པ་བསྟན་རྒྱས་ཀྱིས་དད་པའི་མོས་པས་ཡིད་དྲངས་ཏེ་བཟང་ཞིང་རྒྱས་པ་སྟོབ་པས་ཡོན་སྦྱོར་བ་པོའི་པྲ་རྟགས་ལས་ཀྱང་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས་བཀྲ་ཤིས་པའི་ཆོས་ཀྱི་སྒོ་འཕར་མང་པོ་ཅན་གྱི་ཆོས་གཟུགས་ཆེན་པོ་འདི་ཉིད་ཀྱི་མཐུ་ལས་བསྟན་པ་རིན་པོ་ཆེ་ཕྱོགས་དང་དུས་ཐམས་ཅད་དུ་དབྱར་གྱི་ཆུ་བོ་བཞིན་དུ་རྒྱས་པར་གདོན་མི་ཟ་ཞིང་། དེ་ཉིན་འཇའ་འོད་ཀྱི་གུར་ཁྱིམ་དང་ཆུ་འཛིན་འཇམ་པོ་གདུགས་དང་བུམ་པ་སོགས་བཀྲ་ཤིས་པའི་རྟགས་ཀྱི་དབྱིབས་ཅན་དང་ཁོར་ཡུག་འོད་ཟེར་དཀར་པོའི་ཕྲེང་བས་ཡོངས་སུ་བསྐོར་བ་སོགས་ངོ་མཚར་བའི་དགེ་མཚན་མཐའ་ཡས་པ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པར་བསྟན་ཅིང་། དེ་ནུབ་འོད་གསལ་གྱི་གཟིགས་སྣང་ལ་རིགས་བརྒྱ་འདུས་པའི་བདག་ཉིད་འོད་སྣང་མཐའ་ཡས་ཀྱིས་ལུང་བསྟན་དབུགས་དབྱུང་མཛད་པ་སོགས་ཡ་མཚན་པ་དག་བྱུང་བར་སྣང་ངོ་། །གཟོད་ནས་དགོངས་ཟབ་ཆོས་དབྱིངས་ཀློང་གྲོལ་བས། །རྟོགས་པ་ཡེ་ཤེས་སྐུ་ཡི་མཆོད་རྟེན་ཆེ། །རང་བཞིན་ལྷུན་གྲུབ་བརྒྱད་ཁྲི་བཞི་སྟོང་གི །ཆོས་སྒོའི་འབྱུང་གནས་རང་གིས་མངོན་མཛད་མོད། །དེ་ལྟ་ནའང་གཞན་སྣང་ལེགས་བྱས་ཀྱིས། །སྲིད་ཞིའི་ངོ་མཚར་མ་ལུས་བསྡུས་པའི་དཔྱིད། །གཟུགས་སྐུའི་མཆོད་རྟེན་དཔལ་གྱི་ལྷུན་པོ་ཆེ། །རིས་མེད་འགྲོ་འདིའི་བསོད་ནམས་མགྲོན་དུ་བྱོན། །དེ་ཉིད་སྔགས་དང་ཕྱག་རྒྱའི་ཆོ་འཕྲུལ་གྱིས། །འཁོར་བ་དེ་སྲིད་ཞལ་དྲོ་བྱིན་ཆེ་ཞིང་། །བཀྲ་ཤིས་འབྱུང་བའི་ཆོས་སྒོ་ཟླ་མེད་དུ། །བསྒྲུབས་པས་བསྟན་འགྲོའི་ཉེར་འཚོ་བླ་ན་མེད། །དེ་ཚེ་བསྟན་ལ་མངོན་པར་དགའ་བའི་ལྷས། །རྡུལ་བྲལ་དག་པའི་མཁའ་ལ་འཇའ་ཚོན་ལྔའི། །གུར་ཕུབ་བཀྲ་ཤིས་རྟགས་ཀྱི་རེ་ཁཱ་དང་། །དཀར་འཇམ་སྤྲིན་ཕྲེང་ར་བས་ཡོངས་སུ་བྲེས། །དེའི་སང་ཉིན་དཔལ་རི་གདན་ས་བ་དང་བྱ་རྒོད་སྐུ་སྐྱེ་སོགས་མང་པོར་ཐུགས་ཐིག་གི་ཁྲིད་བཀའ་འཛུགས་པར་མཛད་ཅིང་། ཆོས་ཞུ་བ་གོང་གསལ་རྣམས་ལ་རྗེ་ཉིད་ཀྱི་བཀའ་འབུམ་ལས་ཁྲོ་རོལ་དང་སྨན་སྒྲུབ་སོགས་རགས་རིམ་གྱི་བཀའ་ལུང་། ཏྲེ་བོ་སྤྲུལ་སྐུ་རིན་པོ་ཆེ་སོགས་དོན་གཉེར་ཅན་འགའ་ལ་རྡོར་སེམས་དང་དྲག་དམར་གྱི་དབང་། ཀུན་རིག་རྣམ་གྲོལ་སྒོ་ཅན་གྱི་ལུང་སོགས་རིམ་པར་སྩལ་ཅིིང་། ཏྲེ་བོ་སྤྲུལ་པའི་སྐུ་དཔོན་སློབ་ལ་ཕེབས་རྫོངས་རྒྱས་པས་མཉེས་པར་མཛད་ནས་ཉེར་དགུ་ལ་ཕྱིར་ཐེགས། དེ་ཉིན་ཧོར་རུ་རྙིང་གི་བླ་མ་ཡོན་བདག་དང་བཅས་པ་འབྱོར་ཞིང་སོ་སོས་རྟ་ནོར་མཛོ་ཕྱུགས་གཙོ་བོར་གྱུར་པའི་འབུལ་བའི་དངོས་པོ་སྤམ་མཐོ་བས་མཆོད་པར། བསྔོ་བ་དང་དབང་ལུང་འཕོ་ཁྲིད་སོགས་རིམ་པར་སྩལ་བས་རེ་འདོད་ཡིད་བཞིན་དུ་སྐོང་བའི་བཀའ་དྲིན་སྩལ། ཟླ་བ་དགུ་པའི་འགོར་བཀྲ་ཤིས་རྩེ་དབོན་རིན་པོ་ཆེ་མཇལ་དུ་ཕེབས་བྱུང་བར་བཀུར་བསྟི་སྔར་གཅེན་ལ་ཇི་ལྟར་གནང་སྲོལ་ལྟར་མཇལ་ཁ་མཛད་ཅིང་། ཐུགས་ཐིག་གི་རྩ་དབང་དང་ཚེ་དབང་། སྟག་ཞོན་གྱི་སྲོག་གཏད་རྣམས་གནང་ཞིང་ཞག་གཉིས་བཞུགས་རིང་ཞབས་ཏོག་དང་རྫོངས་བའི་གནང་སྐྱེས་ཀྱང་བཟང་བར་སྩལ་ནས་ཕྱིར་ཐེགས། བྱ་རྒོད་སྐུ་སྐྱེ་དཔོན་སློབ་ལ་གཏེར་གསར་གཙོ་བོར་གྱུར་པའི་དབང་ལུང་ཟབ་ཁྲིད་སོགས་ཆོས་བཀའ་མང་པོ་རིམ་པར་མཛད་ཅིང་། འཆམས་ཆས་དང་རྟེན་སོགས་རྫོངས་བའི་གནང་ཆ་ཡང་རྒྱས་པར་སྩལ། ཚེས་བཅུ་གཅིག་ནས་བཟུང་ཞག་བདུན་གྱི་བར་རྗེ་ཉིད་ཀྱི་ཞབས་ཕྱིར་བསྙེན་སོང་བཅུ་སྐོར་ཙམ་དང་བཅས་པས་ཞབས་བརྟན་མཆོད་སྡོང་ཆེན་མོ་འཛམ་གླིང་རྒྱན་གྱི་རྨང་དུ་གནོན་རྒྱུའི་མནན་པ་རྣམས་ཡང་གསང་གི་སྒོ་ནས་ནུས་ལྡན་དུ་སྒྲུབ་པར་མཛད་ཅིང་། འདི་སྐབས་བྱེ་རྫིང་ཚོགས་པའི་མཁན་པོ་སོགས་མཇལ་མི་མང་པོར་ཡང་མཇལ་ཁ་དང་རྐྱེན་སེལ་གྱི་དབང་དང་བྱིན་རླབས། ཞབས་དྲུང་རིན་པོ་ཆེས་དབུས་ཧོར་བླ་མ་སོགས་བདག་ཅག་བཅུ་སྐོར་ལ་ཀུན་རིག་གི་དབང་ཡང་སྩལ། ཚེས་བཅུ་དགུའི་ཉིན་གུང་སྔ་ཆ་ཏཏྐཱལ་ཆུ་སྲིན་ལ་བབས་པའི་དུས་སྦྱོར་དགེ་བར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེའི་གཙུག་ཕུད་འབུལ་བ་དང་སྒྲགས་ཡབ་སྲས་ལྷན་ཅིག་ཏུ་ཕོ་བྲང་ཆེན་མོར་ཕེབས་རྒྱུའི་སྐར་འཛིན་ལ་སྐུ་འབུམ་ཐང་དུ་འདི་ཁའི་ནང་སྐོར་གྱི་སྐྱ་སེར་ཐམས་ཅད་དང་། ཟླུམ་པོ་ནས་སྐུ་ཞང་སོགས་སོ་སོས་ལེགས་སྐྱེས། གྲོང་པ་རྣམས་ཀྱང་རང་དབང་བའི་གོས་རྒྱན་གྱིས་མཛེས་པར་ཀླུབས་ནས་གླུ་ཤོན་གྱི་ལྟད་མོའི་ཁྱད་པར་སོགས་དགའ་སྟོན་རྒྱ་ཆེན་པོ་དང་བཅས་ཏེ་ཞབས་བསྐྱོད་ཅིང་། ཉེར་གཅིག་ལ་གྲྭ་ཚང་ལ་མང་འགྱེད་དང་། ལྷ་ཁང་མགོན་ཁང་སོ་སོར་སྙན་ཤལ་མཆོད་འབུལ་ཕྲིན་བཅོལ་མཛད་ནས་ཆིབས་བཏེག་པར་ཕུན་རབ་སྡེ་པས་དགའ་སྤྲོ་དང་བཅས་ཏེ་སྐྱེལ་ཐུང་ཕུལ་ཞིང་། ཡང་ཁ་ལྕོག་ཕུག་ཏུ་ཞག་བཞུགས་ཀྱི་སར་རྣམ་སྲས་གླིང་པ་སོགས་མཇལ་ཕྱག་ཞུ་མི་ཡང་མང་དུ་བྱུང་། ནངས་པར་འགར་ཚ་ཁང་གསར་པས་གསོལ་ཚིགས་ཀྱི་སྟོན་མོ་དང་། སྐྱིད་གཤོངས་སུ་ཞག་བཞུགས་སར་ནང་སོ་བསམ་གྲུབ་པས་ཚོགས་ཀྱི་འཁོར་ལོ་རྒྱས་པར་སྟོབ་ཅིང་། རིམ་པར་ལུམ་པའི་གྲུས་ལུ་ཧི་ཏའི་ཆུ་ཀླུང་བརྒལ་ཏེ་འཕྲང་གོང་དང་ར་མ་སྒང་དུ་ཞག་ས་མཛད་ནས་ཉེར་ལྔའི་སྔ་དྲོ་སྐྱིད་ཆུའི་རབ་ཁར་ཡུམ་དྲུང་སྐུ་མཆེད་ཀྱིས་ཞབས་པད་བསུ་མི་ཆེད་དུ་གནང་ཞིང་། ཤར་མར་ཕོ་བྲང་རྩེར་ཕེབས་ནས་དེ་འཕྲལ་གོང་ས་མཆོག་གི་མཇལ་ཕྱག་ཞུ་བ་གནང་། ཉེར་དྲུག་གི་སྔ་དྲོ་ཡས་ཕྱིན་ལྷན་རྒྱས་ལ་ཚེ་དབང་དང་། ཕྱི་དྲོ་རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་འབུལ་བ་མཛད་པར་རྩེ་ཤོད་སོ་སོ་ནས་ཁ་བཏགས་ཁྱད་མཚར། གསེར་སྲང་དངུལ་གྱི་མཎྜལ་གན་གོས་ཡུག་རྣམས་དབང་རེ་རེར་སྔ་རྒྱུན་ལྟར་སྩལ་ཅིང་། དེ་ཉིན་ཞབས་ཕྱི་རྣམས་དང་བཅས་ཏེ་སྡེ་སྲིད་སྐུ་ཞབས་ཀྱི་མཇལ་ཕྱག་ཀྱང་ཞུ་བར་མཛད། ཉེར་བདུན་བརྒྱད་ལ་རྩེར་རྣམ་འཇོམས་ཀྱི་བྱབ་ཁྲུས་དང་ཁ་འབར་མའི་འཆི་བསླུ་འབུལ་བ་གནང་ཞིང་། ཟླ་བ་བཅུ་པའི་ཚེས་གཉིས་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ལང་ཚོར་སྤྱོད་པ་དགེ་ལེགས་ཀྱི་དུས་སྦྱོར་དང་ལྡན་པའི་སྔ་ཆར་གཟིམས་ཆུང་ཁམས་གསུམ་དུ་གོང་མ་རྒྱལ་བའི་དབང་པོའི་སྤྱན་སྔར་གདུང་བརྒྱུད་རིན་པོ་ཆེའི་གཙུག་ཕུད་ཕུལ་བར་མཚན་པདྨ་འགྱུར་མེད་རྒྱ་མཚོ་ཞེས་སྩལ་ནས་དེ་བཞིན་གཤེགས་པའི་འཕེལ་གདུང་ལ་སོགས་པ་བྱིན་རྟེན་ཁྱད་འཕགས་མང་པོ་དང་རྒྱའི་ཤིང་འབྲས་སོགས་རོ་བདའ་བའི་བཞེས་སྤྲོ་ཁྱད་མཚར་ཅན་དུ་མ་ཡང་སྩལ་ཅིང་། དྲི་མ་མེད་པའི་བཀའ་ལུང་ལས་སྐུ་བསྐྱེད་ཆེ་ཞིང་ཐུགས་དྭངས་པར་འདུག་ཅེས་རབ་ཏུ་དགྱེས་པའི་ཉམས་དང་ཐུགས་གཉེར་ལེགས་པོ་གནང་དགོས་ཞེས་བརྩེ་བ་ཆེན་པོའི་བསླབ་སྟོན་ཡང་རྒྱས་པར་གནང་ཞིང་། དེ་ནས་ཕྱིར་ཕེབས་ཀྱི་གཟིམས་ཆུང་ཁམས་གསུམ་གྱི་འགག་དེར་ཐོག་མར་གསོལ་དཔོན་ཆེན་མོས་ཁ་བཏགས་ཁྱད་པར་ཅན་གྱི་མགུལ་དར་སྒྲོན་པས་མཚོན་དགེ་སློང་ངག་དབང་དཀོན་མཆོག ཨེམ་ཆི་ལགས་མགྲོན་གཉེར་དྲུང་ཡིག་སོགས་གོང་མའི་ཞབས་རིམ་པ་ཕལ་ཆེ་བ་དང་། སྐུ་ཞབས་གྲྭ་ཚང་སྤྱི་སོ་དང་སྒེར་གྱི་གྲྭ་པ་ཅི་རིགས། གཞིས་ཀའི་ཡུམ་རིན་པོ་ཆེ། ཆོས་འཕེལ་ལགས་སོགས་ཀྱིས་ཀྱང་ཤིན་ཏུ་མཉེས་པའི་ཐུགས་ཀྱི་དང་བས་དྲངས་པའི་ལེགས་སྐྱེས་དང་། གཞན་ཡང་གཞིས་ཀ་ཤར། ཆུ་མིག་ཁ། བྱང་གླིང་སོགས་ཐུགས་འབྲེལ་ཅན་ཚང་མས་ལེགས་སོ་རིམ་པར་ཕུལ་ཞིང་། དེ་ཉིན་ནས་བཟུང་སྐུ་ཞབས་གྲྭ་ཚང་ཆེན་མོའི་གྲྭ་གསར་གཙོ་བོར་གྱུར་པའི་བརྒྱད་ཅུ་སྐོར་ལ་ཚོམས་ཆེན་དུ་བླ་མ་གསང་འདུས། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ། གཤིན་རྗེ་ཁྲོ་ཆུ་ཡང་བཟློག་རྣོན་པོ་ནང་གཅོད། རྒྱ་ཅན་གྲོ་ལོད། དྭངས་མ་བཅུད་འདྲེན། ཡང་གསང་དྲག་པོ། རྟ་མགྲིན་ཁམས་གསུམ་ཟིལ་གནོན། བཀའ་བརྒྱད་ཀྱི་མགྱོགས་དབང་། འཆར་ཀའི་ཟོར་དབང་། ལོཀྟྲི། ཞིང་སྐྱོང་། སྟག་ཞོན། སྔགས་སྲུང་མ། དམག་ཟོར་མ། དཔལ་ལྷ། རྡོར་ལེགས། རྒྱལ་བཙན། བརྟན་མའི་སྲོག་དབང་རྣམས་ཉིན་ལྔའི་བར་འབྲེལ་ཆགས་སུ་གནང་ཞིང་། ཚེས་ལྔ་ལ་གྲྭ་ཚང་ཆེན་མོའི་ཀི་ཀང་གི་མཚམས་ཁག་པ་རྣམས་ལ་རླུང་བྲུབ་ཀྱི་ལུང་དང་དམིགས་རིམ་གྱི་ཁྲིད་སྩལ། ཚེས་བདུན་ནས་བཟུང་ཞབས་ཕྱིའི་གྲྭ་པ་རྣམས་ཀི་ཀང་གི་སྒྲུབ་པ་ལ་ཞུགས་ཤིང་། རྗེ་ཉིད་སྐུ་རྐྱང་གིས་ཞག་ལྔའི་བར་བྱད་འགྲོལ་གྱི་བུམ་སྒྲུབ་གནང་སྟེ་ཚེས་བཅུ་གཉིས་ཀྱི་ཉིན་གོང་ཞབས་ཡས་ཕྱིན་དུ་བྱད་འགྲོལ། མཁའ་འགྲོ་གྲིབ་སེལ། རྒྱ་ཅན་གྲོ་ལོད་ཀྱི་དབང་རྣམས་དང་དེའི་སང་ཉིན་སྔ་དྲོ་རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་དབང་མདའ་འཕེལ་མ་རྣམས་འབུལ་བར་མཛད་ཅིང་དབང་ཡོན་ཡང་དངུལ་གྱི་མཎྜལ་སོགས་རྒྱ་ཆེར་སྩལ། ཕྱི་དྲ་ོས་སྐྱ་ཕྱག་མཛོད་དང་སྣ་དཀར་རྩེའི་རྒྱལ་བུ་སོགས་མ ཇལ་དུ་བྱུང་བར་རྐྱེན་སེལ་གྱི་ཚེ་དབང་སོགས་ཀྱིས་ཐུགས་བཞེད་སྐོང་བར་མཛད། ཚེས་བཅུ་བཞིར་གྲྭ་ཚང་ཆེན་མོའི་གྲྭ་པ་ལྔ་བཅུ་སྐོར་ལ་ལོཀྟྲིའི་ངག་འདོན་སྐོར་གྱི་ལུང་དང་དམིགས་རིམ་གྱི་ཁྲིད། རབ་འབྱམས་པ་ཐོགས་མེད་ཅན་ལ་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་དང་ཁྲིད་ཡིག་གི་ལུང་རྣམས་གནང་། བཅོ་ལྔ་ནས་བཟུང་རྗེ་ཉིད་ཀྱང་མནན་པ་སྒྲུབ་པའི་སློབ་དཔོན་དུ་ཕེབས་ཏེ་ཉེར་དགུའི་བར་སྒྲུབ་པ་སྔགས་རྒྱུན་གསུང་མི་ཆད་ཀྱི་ཐུན་སྒྲུབ་གནང་བར་ངོ་མཚར་བའི་ལྟས་མཚན་ཡང་མང་དུ་བྱུང་ཞིང་། ཉེར་དགུའི་ཉི་ཤར་ནས་བཟུང་གནམ་གང་གི་ཐོ་རེངས་བར་གསེར་གདུང་ཆེན་མོའི་འོག་གི་ས་ཁུལ་དང་། ཟུར་ཆེན་བཞི་སོགས་ཀྱི་མནན་པའི་ལས་སྦྱོར་ཁག་ལྔ་མཛད་པར་མནན་རྟགས། གཏོར་ཟོར་གྱི་མེ་པྲ་སོགས་ཤིན་ཏུ་བཟང་ཞིང་། ཉེར་དགུའི་སྲོད་ཀྱི་མནན་པ་གནང་སྐབས་ལྷོ་ནུབ་ཟུར་གྱི་རྩིག་སྟེང་ནས་ལྷོ་པ་བསྟན་འཛིན་བསམ་གྲུབ་ཟེར་བ་རྔ་དང་བཅས་ཏེ་ཐོག་སོ་ལྔར་ལྷུངས་པར་ཉེས་སྐྱོན་ཆ་ཙམ་ཡང་མ་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར་ཅིང་། གནམ་གང་ཉིན་གྲྭ་ཚང་གི་གྲྭ་པ་བགྲེས་ཁ་འགའ་ཤས་ལ་དྲི་མེད་བཤགས་རྒྱུད་ཀྱི་ལུང་སོགས་བཀའ་ལུང་མང་དུ་མཛད། ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ལ་གྲྭ་ཚང་ཆེན་མོའི་སློབ་དཔོན་དགེ་སློང་ཕྱག་རྡོར་དབང་ཕྱུག་སོགས་ལ་ལོཀྟྲིའི་དམིགས་སྐོར་ཞིབ་ཁྲིད་དང་། གྲྭ་པ་ཁ་ཤས་ལ་བྱད་འགྲོལ་དང་ལུང་སོགས་ཅི་རིགས་པའང་གནང་། དེ་ནས་བཟུང་ཞག་བདུན་གྱི་བར་སྐུ་ཚེ་སྒྲུབ་པའི་སྐུ་རིམ་མཛད་པ་ཚེས་བརྒྱད་ལ་གྲོལ་ཏེ། དེ་ཉིན་བྱ་བཏང་ཆོས་འབྱོར་རྒྱལ་མཚན་གྱི་སྐྱེ་བའི་གཙུག་ཕུད་བཞེས་ཤིང་། འབྲས་སྤུངས་ཀྱི་གྲྭ་པ་སོགས་དོན་གཉེར་ཅན་མང་པོར་ཐུགས་ཐིག་གི་དབང་བཀའ་ཆ་གཉིས་དང་། གུར་དྲག་གི་དབང་། ཚེ་དབང་སོགས་དབང་ལུང་མང་པོས་སོ་སོའི་རེ་བ་སྐོང་བར་མཛད། གོང་གི་སྤྱན་སྔ་པ་དགེ་སློང་ངག་དབང་དཀོན་མཆོག་ལ་ཐུགས་ཐིག་གི་ཁྲིད་བཀའ་ཚུགས་ཤིང་ཚེ་དབང་དང་གུར་དྲག་གི་དབང་ཡང་རྩལ། ཚེས་དགུར་གོང་ཞབས་ཡས་ཕྱིན་དུ་སྐུ་གསུམ་རིགས་འདུས་དང་། བདུད་རྩི་བུམ་པ། གཡུ་ཐོག་སྙིང་ཐིག་གི་དབང་བཀའ་ཡོངས་སུ་རྫོགས་པ་རྣམས་འབུལ་བར་མཛད་ཅིང་། ཚེས་བཅུར་རྩེའི་གནས་གཟིགས་རྣམས་མཛད་པའི་ཚེ་རང་བྱོན་འཕགས་པའི་སྐུ་མདུན་དུ་དགེ་སློང་ངག་དབང་དཀོན་མཆོག་གིས་རྒྱ་སྦུག་ལེགས་པ་སོགས་ཀྱི་འབུལ་བ་དང་། ཞབས་ཕྱི་གྲྭ་པ་རྣམས་ལའང་བཟང་གོས་ཁ་རེའི་འགྱེད་དང་བཅས་རྒྱས་པར་སྟོབ། ཚེས་བཅུ་གཅིག་ནས་ལོཀྟྲིའི་བསྙེན་པ་ཞལ་གསོའི་ངོས་བཅུ་གཉིས་ལ་གོང་ཞབས་ཡས་ཕྱིན་དུ་གཡུ་ཐོག་སྙིང་ཐིག་གི་ལུང་། བཅུ་གསུམ་ལ་བདུད་རྩི་བུམ་པའི་ལུང་དང་ལོཀྟྲིའི་རིག་གཏད་རྣམས་འབུལ་བར་མཛད་ཅིང་། དེ་ཉིན་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པ་དང་། རྡོ་རྗེ་སྒྲ་དབྱངས་གླིང་གི་སློབ་དཔོན་པར་རཏྣའི་བླ་མ་ཞི་བའི་དབང་བཀའ་གནང་། ཚེས་བཅུ་བཞིར་ཡུམ་དྲུང་གིས་ཆུ་བཟང་དུ་སྤྱན་དྲངས་ཏེ་རྐྱེན་སེལ་གྱི་དབང་བཀའ་མང་དུ་ཞུས་ཤིང་། ཕུན་སུམ་ཚོགས་པའི་བསྙེན་བཀུར་དང་གོས་དར་སོགས་དངོས་པོ་མཚར་ཆེ་བའི་འབུལ་སྐྱེས་ཀྱང་རྒྱ་ཆེར་བ སྟབས་པར་དད་རྟེན་སྲུང་མདུད་སོགས་རྒྱས་པར་སྩལ་ཏེ་ཕྱིར་ཕེབས་པ་ན་ཡུམ་ཉིད་ཐུགས་ཤིན་ཏུ་འཕྲེེང་བས་དད་པའི་སྤྱན་ཆབ་ཆུ་རྒྱུན་ལྟར་འབེབས་བཞིན་པར་ཞབས་སྐྱེལ་དང་། སྐྱེ་བ་ནས་ཚེ་རབས་ཀྱི་ཕྲེང་བར་རྗེས་སུ་འཛིན་པར་བློ་གཏད་ཆིག་དྲིལ་གྱིས་ཞུ་བ་མཛད་ཅིང་། ཕྱིར་ལམ་ཕེབས་ཞོར་གྱི་ལམ་མི་ཆག་ཏུ་ཕ་བོང་ཁར་གྲུབ་རྒྱ་དགེ་སློང་ཉིད་བྲོ་ནད་དམ་པོས་གཙེས་ནས་ཡུན་རིང་སོང་བའི་སར་སྤྱན་དྲངས་ཏེ་བྱང་ཆུབ་བར་གྱི་སྐྱབས་གསོལ་ཞིང་། རྐྱེན་ངན་ལམ་དུ་ལེན་ཚུལ་ལས་བརྩམས་པའི་ཐུགས་དམ་གྱི་གེགས་སེལ་བོགས་འདོན་ཞིབ་མོར་སྩལ་ནས་ཕོ་བྲང་ཆེན་པོར་ཕེབས་ཏེ། དེའི་སང་ཉིན་གོང་ཞབས་ཡས་ཕྱིན་དུ་བྱད་འགྲོལ་དང་། ཀླུའི་གདོན་འགྲོལ། ནཱ་ག་རཀྴའི་རྗེས་གནང་རྣམས་དང་། སྔར་གྱི་ལུང་འཕྲོ་རྣམས་འབུལ་བར་མཛད། འདི་སྐབས་ནས་བཟུང་ཞབས་དྲུང་གདུང་བརྒྱུད་སིབ་བུའི་ཐོར་ནད་ཀྱིས་སྙུང་བར་སྐུ་གླུད། འཆི་བསླུ། དབང་བཀའ། རྗེས་གནང་སོགས་སྐུ་རིམ་དང་། སྐུ་ཞབས་ཤོད་ཀྱི་ཕྱག་ནས་གསོས་སྨན་དང་བཅས་དགའ་ལྡན་སྨན་བླ་འཕྲལ་འཕྲལ་རྫོང་སྟ་སྩལ་ཏེ། སྨན་བཅོས་ཀྱི་འཕྲོད་བཞེས་དྲག་པོ་མཛད་པས་ཟླ་ཕྱེད་སྐོར་ལ་གཞི་མེད་དུ་དྭངས་ཤིང་། ཚེས་བཅོ་བརྒྱད་ཀྱི་སྔ་དྲོ་གོང་ཞབས་རྩེ་ཤོད་དུ་སྒྲ་མི་སྙན་པའི་ཚེ་དབང་། འཆི་བསླུ། གཟའི་དུག་འབྱིན་སོགས་དང་། ཕྱི་དྲོ་མན་ངག་ཐོར་བུ་དུ་མའི་ལུང་། ཉེར་གཅིག་ལ་རཏྣའི་གུར་དྲག་གི་དབང་རྣམས་འབུལ་བར་མཛད་ཅིང་། དེ་ཉིན་སྡེ་སྲིད་སྐུ་ཞབས་ནས་ཕེབས་རྫོངས་ཀྱི་གནང་ཆར། གསེར་སྲང་གསུམ། དངུལ་བྲ་ཆེན། ན་བཟའ་ཆ་ཚང་གཉིས། གོས་དར་ཟབ་རས། བུ་དཀར་ལྟང་རྩེ། ཇ་སོགས་བཟང་ཞིང་སྤམ་མཐོ་བ་དཔོན་སློབ་ཕྱག་ཕྱི་རྣམས་དང་བཅས་པ་ཐམས་ཅད་ལ་ཚིམ་པ་ཐོབ་པ་སྩལ། ཉེར་གཉིས་ལ་གོང་ཞབས་ཡས་ཕྱིན་དུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་དང་། འཕོ་ཁྲིད་སོགས་འབུལ་བར་མཛད། ཉེར་བཞི་ལ་ཆབ་མདོ་རྒྱལ་བ་འཕགས་པ་ལྷས་གསེར་དང་ཇ་སོགས་ཀྱི་འབུལ་སྐྱེས་དང་བཅས་ཕེབས་པ་དང་མཇལ་འཕྲད་གནང་ཞིང་། ཁོང་དཔོན་སློབ་རྣམས་ལ་ཚེ་རྟའི་དབང་ཡང་མཛད། ཉེར་དགུ་ལ་ཆུ་མིག་ཁ་དཔོན་སའི་དྲུང་གིས་དངུལ་གདུང་གིས་དབུས་གོས་དར། ཇ་སྣམ་རས། ཁྲབ་རྨོག་སོགས་དངོས་སྤྱད་རྒྱ་ཆེར་ཕུལ་བ་རྣམ་བྱང་གི་རྒྱུར་བསྔོ་བའི་བཀའ་དྲིན་མཛད། གནམ་གང་གི་ཉིན་སྐུ་ཞབས་གྲྭ་ཚང་སྤྱི་སོས་བཟང་གོས་ཡུག་ཆེན་སོགས་འབུལ་བའི་དངོས་པོ་གྱ་ནོམ་པ་བསྟབས་ཤིང་། གྲྭ་ཚང་རྟེན་སྒམ་དུ་བཞུགས་རྒྱུའི་དད་རྟེན་ཞུས་པར་ཕྱིས་དགོན་པ་ནས་སྐུ་འགག་དང་དབུ་སྐྲ། གཏེར་བྱོན་དམ་རྫས་དང་བཅས་འབུལ་བར་མཛད། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ནས་བརྩམས་ཏེ་གྲྭ་ཚང་ཆེན་མོའི་གྲྭ་པ་མང་བ་དང་། རྣོན་ཁྲི་ལྕམ་སོགས་དོན་གཉེར་ཅན་མང་པོར་རཏྣའི་རྟ་ནག་དང་རྟ་མགྲིན་གསང་སྒྲུབ་ལ་སོགས་པ་རེ་བ་སྐོང་བའི་དབང་ལུང་དམིགས་རིམ་གྱི་ཁྲིད་དང་བཅས་པ། ཚེས་བཞི་ལ་དགེ་སློང་འཇམ་དབྱངས་གྲགས་པར་རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་དང་མ་ནིང་གི་སྲོག་དབང་རྣམས་སྩལ། ཚེས་ལྔའི་སྔ་དྲོ་གོང་ཞབས་ཡས་ཕྱིན་དུ་ཞང་བློན་གྱི་རྗེས་གནང་དང་བྱད་འགྲོལ་འབུལ་བ་གནང་ཞིང་། ཕྱི་དྲོ་གྲྭ་ཚང་ཆེན་མོའི་གྲྭ་པ་སུམ་ཅུ་སྐོར་ལ་དཔལ་ལྷ། དམག་ཟོར་མ། བརྟན་མ། རྡོར་ལེགས་རྣམས་ཀྱི་སྲོག་གཏད་དང་། དེ་ནུབ་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་དང་དྲུང་ཡིག་བསྟན་འཛིན་དབང་པོ་གཉིས་ལ་ཞང་བློན་གྱི་རྗེས་གནང་མཛད། ཚེས་དྲུག་གི་སྔ་ཆར་ལྷ་ས་དཔལ་རབ་ཁང་གསར་དུ་སྤྱན་དྲངས་པའི་ཕེབས་ཞོར་ལ་དགེ་སློང་ངག་དབང་དཀོན་མཆོག་གི་གཞིས་དང་བསོད་ནམས་སྒྲོལ་མའི་ཁྱིམ་དུའང་སྤྱན་དྲངས་ཏེ་སོ་སོར་རྐྱེན་སེལ་གྱི་དབང་བཀའ་མཛད་ཅིང་བརྙེན་བཀུར་དང་འབུལ་ནོད་རྒྱ་ཆེར་སྟོབ། དེ་ནུབ་དཔལ་རབ་ཁང་གསར་དུ་བཙུན་མོ་ཡུམ་སྲས་ལ་གུར་དྲག ལོཀྟྲི། ཚེ་དཔག་མེད་ལྕགས་སྡོང་མ། རྟ་མགྲིན་གསང་སྒྲུབ། འཆི་མེད་དཔལ་སྟེར་སོགས་རྐྱེན་སེལ་གྱི་དབང་བཀའ་བྱིན་རླབས་མང་པོ་འབུལ་བར་མཛད་ཅིང་། བྱང་གླིང་དང་བཙུན་མོ་སྐུ་གཞོན་པས་ལྷོ་ཁང་གསར་དུའང་སྤྱན་དྲངས་ཏེ་སོ་སོ་ནས་ཕུན་སུམ་ཚོགས་པའི་བསྙེན་བཀུར་དང་འབུལ་དངོས་རྒྱ་ཆེར་སྟབས་ཤིང་གུར་དྲག་དང་ཚེ་དབང་སོགས་ཀྱིས་སོ་སོའི་ཐུགས་བཞེད་སྐོང་བར་མཛད། དེ་ནུབ་སླར་ཡང་དཔལ་རབ་ཁང་གསར་དུ་ཕེབས་ཏེ། བྱང་ཆུབ་གླིང་པའི་ཕྱག་རྡོར་དང་གཏེར་གསར་ཚེ་དབང་སོགས་འབུལ་བར་མཛད་ནས་སང་ཉིན་ལྕགས་གྲོང་དུ་ཚེས་བཅུ་བ་རྣམས་ཀྱིས་སྤྱན་དྲངས་ཏེ་ཟླུམ་པོ་བཞི་དབང་དང་ཚེས་བཅུའི་འདོན་ཆ་སྐོར་གྱི་ལུང་རྣམས་སྩལ་ཅིང་། ཚུར་ལམ་ར་མོ་ཆེའི་རྟེན་མཇལ་གནང་ནས་སླར་ཡང་དཔལ་རབ་ཁང་གསར་དུ་སྲས་ཡུམ་ལ་ནཱ་ག་རཀྴའི་རྗེས་གནང་དང་ཚེ་དབང་གནང་ཞིང་བསྙེན་བཀུར་འབུལ་ནོད་ཀྱི་རིམ་པ་དཔེ་ཟླ་དང་བྲལ་བ་སྟོབ་པར་མཛད་པ་བདག་གིར་བཞེས་ཏེ། སྲུང་མདུད་དད་རྟེན་དང་བཀའ་བསྒོའང་སྩལ་བས་ཐུགས་བཞེད་གང་བར་མཛད་ནས། ཚེས་དགུའི་ཉི་ཤར་ལ་བླ་བྲང་གཟིམས་ཆུང་ཉི་འོད་འཁྱིལ་བར་མི་དབང་ཆེན་པོ་བཞུགས་པའི་སྤྱན་སྔར་ཤར་མར་ཕེབས་ཏེ་སྨན་གྱི་རྒྱུད་བཞིའི་ལུང་འབུལ་བར་མཛད་པར་ན་བཟའ་ཆ་འགྲིག གན་གོས་ཡུག་ཆེན། གསེར་དངུལ་སོགས་ཆོས་ཡོན་ཡང་རྒྱ་ཆེ་བ་སྩལ་ཅིང་། ཞག་བཞུགས་ལྟག་སྒོ་ཁང་གསར་དུ་གནང་བའི་མཚན་མོ་གསོལ་ཐབ་པ་སོགས་དྲུང་འཁོར་ཁ་ཤས་ལ་རྐྱེན་སེལ་གྱི་དབང་དང་བྱིན་རླབས་མཛད། དེ་ནས་ཚེས་བཅུ་དང་བཅུ་གཅིག་ལའང་རྒྱུད་བཞིའི་ལུང་གི་འཕྲོས་དང་མན་ངག་མང་པོའི་ལུང་འབུལ་བར་མཛད་ཅིང་། ཕྱི་དྲོ་བར་སྐོར་བདེ་ཐབས་ལྷ་ཁང་གི་མདུན་དུ་གསར་བཞེངས་ཀྱི་སྐུ་ཐང་མང་པོ་དང་བཅས་པར་སྒྲུབ་ཆེན་བདེ་གཤེགས་འདུས་པའི་སྒོ་ནས་རབ་གནས་སྟ་གོན་དང་། བཅུ་གཉིས་ལ་དངོས་གཞིའི་ཆོ་ག་ཤིས་བརྗོད་ཀྱིས་མཐའ་བརྟེན་པ་སྨིན་རྒྱས་སུ་མཛད་པར་སྟོན་མོ་དང་རབ་ཡོན་ཡང་རྒྱས་པར་སྩལ། དེ་དག་གི་ཚེ་སྡེ་པ་བསྟན་འཛིན་ཕུན་ཚོགས། གཉེར་པ་པ་ར་ནས། ལྷ་སའི་བསྙེན་གནས་པ་དང་རི་མོ་བ་སོགས་མང་པོར་ཡང་ཚེ་རྟ་གུར་དྲག་གི་དབང་སོགས་མཛད་ཅིང་། ཚེས་བཅུ་གསུམ་ལ་གཟིམས་དཔོན་བསམ་འགྲུབ་ཀྱིས་ཁྱིམ་དུ་སྤྱན་དྲངས་ཏེ་ཁང་པ་ལ་ཕྱག་ནས་དང་ཚེ་དབང་མཛད་ནས། དགའ་ལྡན་ཁང་གསར་དུ་གོས་སྐུ་དང་བཀའ་འགྱུར་གསར་བཞེངས་རྣམས་ལ་རབ་གནས་མདོར་བསྡུས་ཤིག་གནང་ཞིང་། དེར་ཆག་པ་ཆོས་འཕེལ་ལགས་ཀྱིས་ཀྱང་ཇ་ཞུ་འབུལ་སྐྱེས་བཅས་བསྟབས་ནས་རྩེར་ཆིབས་བསྐྱོད་པའི་ཕེབས་ཞོར་དུ་བསོད་ནམས་དོན་གྲུབ་ཀྱིས་བྲག་སྒོར་སྤྱན་དྲངས་ཏེ་ཚེ་དབང་མཛད་ནས་ཕོ་བྲང་རྩེར་ཕེབས། བཅུ་བཞིའི་སྔ་དྲོ་གོང་ཞབས་ཡས་ཕྱིན་དུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་འབུལ་བར་མཛད་ཅིང་། ཕྱི་དྲོ་སྐུ་ཞབས་གྲྭ་ཚང་གི་ཕུར་པའི་བྲུབ་འཆམས་ལ་གཟིགས་མོར་ཕེབས། བཅོ་ལྔ་ནས་བཟུང་ཨེམ་ཆི་དར་མོ་ནས་དང་དགེ་སློང་ཕྱག་རྡོར་དབང་ཕྱུག་སོགས་གྲྭ་ཚང་གི་གྲྭ་པ་བགྲེས་གཞོན་ཅི་རིགས་པ་མང་པོ་དང་། འཆི་མེད་དགའ་ཚལ་གྱི་བཙུན་མོ་སྐུ་གཞོན་པ་དཔོན་ས་སྒྲོན་སྒྲོན་དྲུང་། རྨོག་ལྕོག་སྤྲུལ་སྐུ་སོགས་ལ་སོ་སོའི་ཐུགས་བཞེད་ལྟར་འདོད་ཆོས་ཀྱི་དབང་ལུང་དམིགས་རིམ་སོགས་མང་པོ་རིམ་པར་སྩལ་ཅིང་། ལྕགས་ཟམ་སྤྲུལ་པའི་སྐུ་ཕེབས་པ་དང་ཡང་དགྱེས་པར་མཇལ། གྲྭ་ཚང་ཆེན་མོའི་བགྲེས་གསུམ་རྣམས་ཀྱིས་ཚོགས་དུང་རྒྱ་ཧོར་གྱི་སྦུག་སིལ་སོགས་རོལ་ཆ་མཚར་བ་རྣམས་ཀྱི་གཟིགས་མོ་ཕུལ་ཞིང་། གོང་ཞབས་ཡས་ཕྱིན་དང་རྗེ་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་ཀྱི་ལུང་ཡང་སྩལ། བཅུ་དྲུག་ལ་ཡས་ཕྱིན་དུ་གཏེར་གསར་ཚེ་དབང་བརྒྱ་རྩ་དང་། མན་ངག་ཟབ་བསྡུས་སྣ་ཚོགས་པའི་ལུང་འབུལ་བ་གནང་ཞིང་། ཚེས་བཅུ་བདུན་ལ་གོང་ནས་ཕེབས་རྫོངས་ཀྱི་གནང་ཆ་གསེར་དངུལ་གོས་དར་རོལ་ཆ་ན་བཟའ་ཇ་ལ་སོགས་པ་དངོས་པོ་བཟང་ཞིང་སྤམ་མཐོ་བ་སྩལ། བཅོ་བརྒྱད་ལ་ཡང་གྲྭ་ཚང་གི་གྲྭ་པ་ཁ་ཤས་ལ་དབང་ལུང་གི་འཕྲོ་རྣམས་མཛད་ཅིང་། བཅུ་དགུའི་སྔ་དྲོ་གོང་ཞབས་ཡས་ཕྱིན་དུ་གཅོད་ཡུལ་གྱི་དམིགས་ཁྲིད་དང་། རྡོར་སེམས་དང་། ཚེ་དཔག་མེད་ཀྱི་སྒོམ་རིམ་ཉམས་ལེན་གྱི་དམིགས་པ་གནད་དྲིལ་དུ་འབུལ་བ་མཛད་པར་ཁ་བཏགས་ཁྱད་ཅན་ཟུང་འབྲེལ། དར་རྙིང་དང་ལིང་ཡུག་ཟུང་འབྲེལ། གསེར་སྲང་བཞི་སོགས་ཀྱི་གནང་ཆ་དང་ཚིག་ཙམ་མ་ཡིན་པར་གཏན་བདེ་ལ་སྦྱོར་བའི་འདས་མ་འོངས་ཀྱི་བསླབ་སྟོན་ཡང་ཞིབ་རྒྱས་ཐུགས་ཡིད་ཚིམ་པར་སྩལ་ཅིང་། དེ་ཉིན་ཕོ་བྲང་ཆེན་མོ་ནས་ཆིབས་བཏེག་སྟེ་ཕེབས་ལམ་དུ་ཞུགས་པའི་གྲུ་ཁར་ཆུ་བཟང་ནས་དཔོན་སའི་དྲུང་འབུལ་སྐྱེས་བཟང་པོ་དང་བཅས་སྐྱེལ་ཐུང་དུ་ཕེབས་པས་མཚོན་ཆིབས་སྐྱེལ་དང་ཇ་ཞུ་སོགས་མང་དུ་བྱུང་ཞིང་། དེ་ནུབ་གསང་མདར་གནས་ཚང་པས་ཚོགས་ཀྱི་འཁོར་ལོ་སྟོབ་པ་སོགས་ཞབས་ཏོག་གཡོ་མེད་དུ་བསྒྲུབས་ཤིང་ཚེ་དབང་དང་གུར་དྲག་གི་བྱིན་རླབས་ཀྱང་མཛད། སང་ཉིན་གངས་རི་བླ་མས་དངོས་གྲུབ་དགོན་དུ་སྤྱན་དྲངས་ནས་དགོན་ཕན་ཚུན་གྱི་གྲྭ་རིགས་རྣམས་ཀྱིས་གུས་པར་མཆོད་ཅིང་། བསྔོ་བྱང་གི་རྒྱས་འདེབས་སོགས་སོ་སོའི་བསམ་པ་ཚིམ་པའི་བཀའ་དྲིན་སྩལ། བླ་མས་ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་བསྒྲུབས་ཤིང་ཞག་གཉིས་བཞུགས་ནས་ཕྱིར་ལམ་ཡོན་བདག་གཉིས་ཀྱི་ཁྱིམ་དུ་ཡང་གདན་དྲངས་ཏེ་གུས་པར་མཆོད་ནས་འཕྲང་གོང་དུ་བཞུགས། རིམ་པར་ལུམ་པའི་གྲུ་བརྒྱུད་སྐྱིད་གཤོངས་སུ་ཞག་ས་མཛད་ཅིང་། ར་བ་སྨད་པའི་བླ་མས་དགོན་པར་སྤྱན་དྲངས་ཏེ་གུས་པར་མཆོད་ཅིང་སྐྱེས་ལན་དུ་མང་འགྱེད་དང་གནང་སྦྱིན་རྒྱས་པར་སྩལ་ནས་དོལ་ས་འབོར་དང་ཡང་ཁ་ལྕོག་སྦུག་རྣམས་སུ་རིམ་གྱི་ཞག་ས་མཛད་དེ། ཉེར་ལྔ་ལ་ཕུན་རབ་ལེགས་གླིང་སོགས་སྦྱིན་བདག་རྣམས་ཀྱིས་ཆིབས་བསུ་དང་། གྲྭ་ཚང་གི་དབུ་ཆེ་དང་ལས་སྣེའི་ཆིབས་བསུ་རིང་ཐུང་དང་སྣམ་སྦྱར་ཅན་གྱིས་དགེ་འདུན་མཆོད་རྫས་ཀྱི་བྱེ་བྲག་ཐོགས་པའི་སེར་སྦྲེངས་གི་བཀོད་པ་ཚར་དུ་དངར་བ། ལྷ་འབངས་དང་ཡུལ་པ་རྣམས་ཀྱི་རྔ་ཤོན་སོགས་དད་ཅན་གྱི་སྐྱེ་བོའི་འདུ་བ་ལམ་མི་ཤོག་པ་ཙམ་གྱིས་སྔུན་བསུས་ནས་གདན་སར་ཕེབས་ཏེ་གཞིས་བཞུགས་རྣམས་ཀྱི་མཇལ་ཕྱག་བཞེས་ཤིང་སྐུ་སྐྱོས་ཀྱི་སྐྱེས་ཀྱིས་སོ་སོར་ཚིམ་པར་མཛད། འདི་སྐབས་གྲྭ་ཚང་གི་དུས་རིམ་ཚུགས་བཞིན་པའི་སྐབས་ཡིན་པ་ནས་ཉེར་བརྒྱད་དགུ་གཉིས་ཀྱི་གདབ་ཁ་རྒྱས་པ་དང་ཟོར་འཕང་གི་ཕྱག་བཞེས་སྤྲོས་བཅས་ཅན་གྱི་གཟིགས་མོ་དང་། གནམ་གང་གི་གཏོར་འབུལ་དང་འབྲེལ་བར་རྟེན་འཛུགས་ཀྱི་ཚོགས་དབུ་རྣམས་སུ་ཞབས་པད་བསྐྱོད།

དགུང་ལོ་ཞེ་བདུན་པ།

དགུང་ལོ་ཞེ་བདུན་པ་ཆུ་སྤྲེལ་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་ཐོག་མའི་བཞུགས་གྲལ་ལ་འདུ་ཁང་ཆེན་མོར་ཚོགས་དབུར་ཕེབས་ཤིང་། ཚེས་གཉིས་ཀྱི་བཞུགས་གྲལ་བླ་བྲང་གི་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ་སྔར་འཁྱུད་བཞིན་གནང་། ཚེས་གསུམ་ལ་ཞབས་སྐྱེས་ཀྱི་ཆིབས་ཁལ་དོ་དམ་པ་རྣམས་གོང་ཞབས་ཡས་ཕྱིན་དུ་ཞུ་ཡིག་བཅས་རྫོང་སྟ་གནང་ཞིང་། གདན་སར་ཕྱག་ཕེབས་པའི་ནུབ་མོ་གཞིས་ཀའི་ཡུམ་དྲུང་ལ་སྤྱན་ལྟས་ཤིན་ཏུ་རྩུབ་པ་ཞིག་བྱུང་བས་དེ་དུས་སྐུ་རིམ་ལ་ཐུགས་རྩོལ་དགོས་པའི་སྙན་སྐུལ་ཡང་མཛད། ཚེས་བཞི་ལ་ཕུག་ནས་སྡེ་པ་གཞིས་རྩེར་འདས་པའི་འདད་ཀྱི་གྲལ་དབུར་ཆིབས་བསྐྱོད། ཚེས་བརྒྱད་ཀྱི་ནུབ་མནལ་ལམ་དུ་གོང་ནས་སིལ་སྙན་གཉིས་འདམ་ཁ་གནང་བ་ལས་གཅིག་འདམས་པའི་མཚན་ལམ་བྱུང་གསུང་བ་ལྟར་ཚེས་དགུའི་ཉིན་ཧོར་སིལ་བསེ་ཤུབས་མར་གྲགས་པ་སྣེའུ་གདོང་པའི་ཁྱད་ནོར་དེ་སྐྱེལ་མི་ཆེད་གཏད་གནང་བ་ཕེབས་པས་ཐམས་ཅད་ངོ་མཚར་བར་གྱུར། འདི་དག་གི་ཚེ་གྲྭ་ཚང་གིས་དབུས་རང་ཞབས་ཀྱི་དགོན་པ་དང་ལྷ་འབངས། བསམ་དགོན། ཡབ་པ། ལྷས་སྒང་པ་སོགས་དབུ་ཆེ། འདུམ་པོ། ཕུན་རབ། སྨོན་གྲུབ་སོགས་ཡོན་བདག་ཆེ་ཕྲ། རྡོ་རྗེ་བྲག ཏྲེ་བོ་རིན་པོ་ཆེ། བཀྲ་ཤིས་ཆོས་སྡེ། སྣ་དཀར་རྩེ། བདེ་ཆེན་ཆོས་འཁོར། རྣམ་སྲས་གླིང་པ་སོགས་ཕྱོགས་ཀྱི་ཐུགས་འབྲེལ་ཅན་མང་པོས་ཀྱང་གདུང་བརྒྱུད་རིན་པོ་ཆེར་ལེགས་འབུལ་རིམ་པར་བྱུང་ཞིང་། དེ་དུས་རྣམ་གླིང་སྡེ་པར་གཏེར་མགོན་ཕྱག་བཞི་པའི་དབང་དང་ལས་བྱང་གི་ལུང་ཡང་སྩལ། རས་ཆེན་རིག་འཛིན་རྣམ་རྒྱལ་གྱི་དབོན་མོས་ཚོགས་འཁོར་འབུལ་བ་དང་བཅས་ཞབས་བརྟན་ཕུལ་ཞིང་ཕྱོགས་འདུས་ཆོས་ཞུ་བ་ཅི་རིགས་ལ་ཐུགས་ཐིག་དང་རྫོགས་ཆེན་གྱི་ཤར་ཁྲིད། གཏེར་གསར་ཚེ་གུར་དང་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་སོགས་སོ་སོའི་དབང་པོ་དང་འཚམས་པའི་ཆོས་བཀའ་ཅི་རིགས་པས་རེ་བ་སྐོང་བར་མཛད། ལྷོ་རྒྱུད་བཀྲ་ཤིས་མཐོང་སྨོན་ནས་སྤྱན་འདྲེན་སྔ་ཕྱིར་ནན་ཆགས་བྱུང་བ་ལྟར་ཉེར་གཅིག་ལ་ཆིབས་བཏེག་པའི་དེ་ནུབ་རྣམ་སྲས་གླིང་དུ་བཞུགས་ཏེ་ཞལ་ངོ་རྣམས་ལ་ཚེ་དབང་ཡང་མཛད། སང་ནུབ་ཁྲ་འབྲུག་ཏུ་སྣེ་རྩེ་རྫོང་བཞུགས་ཀྱིས་གསོལ་ཆས་རྒྱས་པ་དང་བཅས་མཇལ་ཞིང་། དེ་སྐོར་གྱི་དད་ཅན་མང་པོ་མཇལ་དུ་བྱུང་བར་ཡང་སོ་སོའི་བསམ་པ་ཚིམ་པའི་གཤིན་གསོན་གྱི་བསྔོ་བ་དང་ཞལ་ཏ་སོགས་གང་ལ་གང་འཚམས་སུ་སྩལ་ནས། རིམ་པར་ཁྲོམ་ས་དང་ར་མོ་ལྷ་ཁང་རྣམས་སུ་ཞག་བཞུགས་སར་དར་རྒྱས་གླིང་པ་སོགས་མཆོག་དམན་མང་པོས་མཆོད་ཅིང་རྒྱ་རབ་ཀྱི་ཕུ་ནས་ཆོས་འཁོར་སྟེང་དུ་སྤྱན་དྲངས་ཏེ་བླ་གྲྭ་ཐམས་ཅད་ཀྱིས་གུས་པས་ཞབས་ཏོག་དང་འབུལ་ནོད་རྒྱ་ཆེར་བསྒྲུབས། སང་ནུབ་ཤེལ་མཁར་དུ་བཀྲ་ཤིས་མཐོང་སྨོན་པའི་ཐབ་བསུ་དང་། ལྷུན་རྩེ་ཀླུ་ཁང་དུ་ཞག་ས་མཛད་པའི་སར་རྫོང་བཞུགས་ཀྱིས་གསོལ་ཆས་དང་བཅས་མཇལ་ཞིང་བསྔོ་བྱང་མཇལ་ཕྱག་ཞུ་མི་ཡང་མཐའ་ཡས་པ་བྱུང་། དེ་ནས་ནངས་པར་ཚེམས་ཀྱི་ཕུར་རིན་པོ་ཆེ་སོགས་བཀྲ་ཤིས་མཐོང་སྨོན་པའི་ཆིབས་བསུ་བཅས་ཞག་སར་གུར་གཡོབ་ཀྱི་བཀོད་པས་མཛེས་པར་ཚོགས་ཀྱི་འཁོར་ལོའི་སྟོན་མོ་བཟང་ཞིང་རྒྱ་ཆེ་བས་མཆོད། གནམ་གང་ལ་བཀྲ་ཤིས་མཐོང་སྨོན་དུ་སེར་སྦྲེངས་ཀྱི་ཞབས་བསུ་རྒྱས་པ་དང་བཅས་ཕེབས་ཤིང་ལི་མ་ལྷ་ཁང་དུ་ཕེབས་སྤྲོའི་སྟོན་མོ་བཟང་པོ་ཞུས། ཟླ་བ་གཉིས་པའི་ཚེས་གཅིག་ལ་ལྷ་ཁང་སྟེང་ཤོད་སོགས་མཇལ་བར་མཛད་ཅིང་། དེ་ནུབ་ཆུ་བཟང་དུ་ཡུམ་དྲུང་ལ་འཕོ་བ་གསལ་འདེབས་མཛད་པའི་མནལ་ལམ་ཡང་བྱུང་། ཚེས་གཉིས་ལ་མགོན་ཁང་དམ་འབྱར་མ་མཇལ་བར་ཕེབས་ཏེ་གཏོར་འབུལ་དང་བསྐང་གསོ་ཕྲིན་བཅོལ་མཛད། ཚེས་བཞིའི་སྔ་དྲོ་འདུ་ཁང་དུ་སྤྱན་དྲངས་ནས་གྲྭ་ཚང་སྒྲུབ་སྡེ་ཐམས་ཅད་ཀྱིས་བརྟན་བཞུགས་རྒྱས་པར་ཕུལ་ཞིང་། དེའི་སང་ཉིན་གྲྭ་ཚང་རྣམས་ཀྱིས་རྔ་འཆམས་བྲུབ་འཆམས་སོགས་གཟིགས་ལམ་དུ་བསྟར་བ་གྲྭ་གྲིག་ཅེས་མཉེས་པར་མཛད། ཚེས་དྲུག་ལ་གྲྭ་ཚང་བ་རྣམས་ལ་གཏེར་གསར་བླ་མ་ཞི་དྲག་དང་། གཤིན་རྗེ་དྲེགས་འཇོམས་ཀྱི་དབང་། ཕྲིན་ལས་སྐོར་གྱི་ལུང་དང་བཅས་པ་གནང་ཞིང་། ཚེས་བདུན་ལ་སྦྱོ་ར་མཆོད་ཡོན་གྱིས་སྤྱན་འདྲེན་བྱུང་བ་བཞིན་ཆིབས་བསྐྱོད་པར་སྡེ་པ་རྒྱས་བུ་བློན་པོར་བཅས་པ་དང་རྩེའི་དྲུང་འཁོར་རྣམས་ཀྱི་ཆིབས་བསུ་རྒྱས་པ་ཆོས་སྡེའི་སེར་སྦྲེངས་དང་བཅས་པས་མདུན་བསུས་ཏེ་ཆོས་སྡེའི་བླ་བྲང་དུ་སྤྱན་དྲངས། སྤྲུལ་སྐུ་རིན་པོ་ཆེ་ཉིད་ཀྱིས་ཞབས་བསུ་དང་ཕྱག་རྩེ་མཐུན་གྱིས་མཇལ་ཞིང་ཕེབས་སྤྲོ་རྒྱས་པར་སྟོབ། ཚེས་དགུར་གནས་རྟེན་དང་ནང་རྟེན་རྣམས་མཇལ་བར་མཛད་ནས། ཤངས་ལེན་གྱི་སྐྱེས་སུ་གྲྭ་ཚང་ལ་མང་འགྱེད་དང་སྤྲུལ་སྐུར་ཚན་གྲངས་རྒྱས་པར་སྩལ་ཅིང་། གཏེར་གསར་གྱི་ཆོས་བཀའ་འགའི་ལུང་གིས་ཐུགས་བཞེད་ཇི་ལྟ་བ་བཞིན་སྐོང་བར་མཛད་ནས། དེའི་སང་ཉིན་ཕེབས་རྫོངས་ཀྱི་སྟོན་མོ་དང་འབུལ་བའི་དངོས་པོ་རྒྱས་པར་ཕུལ་ཞིང་། སྡེ་པས་སྤྱན་དྲངས་པ་ལྟར་ཞོལ་དུ་ཞབས་བསྐྱོད་དེ་ཞལ་ངོ་རྣམས་ལ་གུར་དྲག་དང་ཚེ་དཔག་མེད་ཀྱི་དབང་སྩལ་ཅིང་བསྙེན་བཀུར་དང་འབུལ་བ་སྤམ་མཐོ་བས་མཆོད། སྡེ་པ་རྣམས་ལ་སྲིད་ཀྱི་རྟེན་འབྲེལ་བྱིན་རླབས་མཛད་པས་ལོ་དུས་མ་འགྱངས་པར་རྒྱལ་བུ་ཡང་བྱུང་བར་སྣང་ངོ་། །དེར་ཚེས་བཅུ་གཅིག་གི་ཉིན་ཆུ་བཟང་དུ་ཡུམ་རིན་པོ་ཆེ་སྐུ་གཤེགས་པའི་བསྔོ་བྱང་ཞུ་བའི་རྟེན། རྒྱ་མུ་ཏིག་རྡོག་པོ་རྒྱ་སྲན་ཙམ་པ་ཤ་སྟག་གི་ལྷུག་བརྒྱུས། མགུལ་ཤེལ་ཁྱད་ཅན་སོགས་སྐུ་རྒྱན་དང་། ན་བཟའ་སྐོར། གོས་དར་རྙིང་མ་ཁྱད་འཕགས་སོགས་ནོར་རྙིང་འགངས་ཆེ་བའི་འབུལ་བ་རྣམས་འབྱོར་བར། དེ་འཕྲལ་དུ་བྱང་བུ་བཞུ་བའི་ཆོ་ག་དང་། བསྔོ་སྨོན་གྱི་མཚམས་སྦྱོར་ཡང་རྒྱས་པར་མཛད། ཡུམ་རིན་པོ་ཆེ་དེ་ཡང་སྤྱིར་དགེ་བའི་ཐུགས་དང་ལྡན་ཞིང་། ཁྱད་པར་རྗེ་བཙུན་དམ་པ་འདི་ཉིད་ལ་སངས་རྒྱས་དངོས་ལྟ་བུའི་འདུ་ཤེས་ལས་རྐྱེན་གང་གིས་ཀྱང་མི་ཕྱེད་པའི་ཐུགས་མོས་བརྟན་པོ་མངའ་བས་ཡང་དག་པའི་ལམ་གྱི་བཀའ་དྲིན་སྩལ་བ་ཡང་གནད་དུ་སོང་སྟེ། སྐུ་གཤེགས་དུས་བསམ་གཏན་གྱི་འདུག་སྟངས་ལས་མི་གཡོ་ཞིང་དབུ་གཙུག་འཕར་བ་སོགས་འཕོ་བ་འབྱོངས་པའི་རྟགས་མངོན་གྱུར་དུ་བྱུང་བར་སྣང་ཞིང་། རྗེ་ཉིད་ཀྱང་ཡུམ་འདི་རང་ཅག་ལ་བློ་གཏད་ཆིག་དྲིལ་གྱི་སྐྱབས་སུ་བརྟེན་པ་ཡིན་ཞེས་རྟག་པར་ཐུགས་རྗེའི་སྤྱན་རས་ཀྱི་བཙའ་བ་དུས་ལས་མི་ཡོལ་བར་རྗེས་སུ་འཛིན་པའི་བཀའ་དྲིན་མཛད་པ་ཡིན་ནོ། །དེ་ནས་རྩེ་ཞོལ་གྱི་ཆིབས་སྐྱེལ་བཅས་བཀྲ་ཤིས་མཐོང་སྨོན་དུ་ཕྱིར་ཕེབས་ནས་ཆུ་བཟང་དུ་འབྱོར་ལན་དང་གདུང་འབུལ་སྙེལ་ཇ་སོགས་འབུལ་མི་རྫོང་སྟ་གནང་། བྱམས་ཆེན་པ་དང་སྔགས་གྲྭའི་བླ་མ་སོགས་མཇལ་ཕྱག་ཞུ་མི་སོ་སོའི་རེ་བ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ཅིང་། བཅུ་གསུམ་ལ་མཐོང་སྨོན་གྲྭ་ཚང་དུ་གུར་དྲག་གི་ཆོ་ག་གསར་དུ་ཚུགས་པའི་ཚོགས་དབུར་ཕེབས་ནས་དངོས་གྲུབ་བླང་བ་དང་རྗེས་འབྲེལ་དུ་དེར་འདུས་རྣམས་ལ་གཏོར་དབང་ཡང་སྩལ། ཚེས་བཅུ་བཞི་ལ་དྲུང་འཁོར་རྣམས་ཀྱི་ཆིབས་བསུ་རྒྱས་པ་དང་བྱ་པ་ཞབས་དྲུང་ཉིད་ཀྱི་ཞབས་བསུ་མཇལ་ཕྱག་བཅས་པས་མདུན་བསྟར་ཏེ་སྒྲོ་གཞིས་ཀར་སྤྱན་དྲངས་ནས་མཆོག་ཏུ་གུས་པས་བསྙེན་བཀུར་དང་འབུལ་སྐྱེས་ཀྱི་ཞབས་ཏོག་རྒྱ་ཆེན་པོས་མཆོད་ཅིང་། ཞབས་དྲུང་སྐུ་མཆེད་ཁྲི་ལྕམ་བཅས་པར་ཚེ་དབང་དང་ལེའུ་བདུན་མའི་ལུང་སོགས་དཔོན་བློན་ཐམས་ཅད་ལ་གང་ལ་གང་འཚམས་ཀྱི་བྱིན་རླབས་གནང་སྦྱིན་སོགས་སོ་སོའི་ཐུགས་བཞེད་ཚིམ་པར་སྩལ། དེར་ཆུ་བཟང་ནས་སྐྱབས་འཇུག་ཞུ་བའི་བསྔོ་རྟེན་བསྐྱར་མ་ཡང་རྒྱས་པར་འབྱོར། ནངས་པར་ཆིབས་སྐྱེལ་དང་བཅས་ཏེ་ཕྱིར་ཕེབས་ཀྱི་ལམ་ཞོར་ལ་སྦུས་ལམ་མཆོད་ཁང་མཇལ་བར་མཛད་དེ་བཀྲ་ཤིས་མཐོང་སྨོན་དུ་ཕེབས། བཅོ་བརྒྱད་ལ་ཨེ་པ་སྐུ་སྐྱེ་བསྟན་འཛིན་ཕྲིན་ལས་དབང་ཕྱུག་ལ་བསྐོ་འཇའ་དང་བཅས་ཏེ་གྲྭ་ཚང་གི་སློབ་དཔོན་དུ་བསྐོ་བར་མཛད་པར་རྗེ་ཉིད་ཚོགས་དབུར་ཞབས་བསྐྱོད་ནས་བཀྲ་ཤིས་པའི་མེ་ཏོག་འཐོར་ཞིང་། དེར་བཞུགས་རིང་གྲྭ་ཚང་ལ་མང་ཇ་མང་བ་དང་ཚོགས་སུ་ཚེ་དཔག་མེད་དང་རྡོར་སེམས་ཀྱི་དབང་། སྒེར་པ་སོ་སོར་ཡང་རང་རང་གི་བློའི་རིམ་པ་དང་རྗེས་སུ་མཐུན་པའི་ཆོས་སྦྱིན་འཁོར་མར་སྩལ་ཅིང་། རིན་པོ་ཆེ་པས་དབུས་གྲྭ་ཚང་ནས་ཀྱང་རྒྱུན་གྱི་ཞབས་ཏོག་དང་འབུལ་བ་སྟོན་མོ་རྒྱས་པའི་ཕེབས་རྫོངས་དང་བཅས་སྟོབ་ནས་ཉེར་བཞི་ལ་གྲྭ་ཚང་ལ་མང་ཇ་དང་ཇ་དར་གྱི་འགྱེད་མཆོད་རྫས་སྤྱན་གཟིགས་ཀྱི་གནང་ཆ་གྱ་ནོམ་པ་དང་། གཏན་གྱི་བདེ་བ་ལ་བཀྲི་བའི་འཇུག་ལྡོག་གི་བསླབ་སྟོན་སོགས་རྒྱས་པར་སྩལ་ཏེ་ཆིབས་བཏེག དེ་ནུབ་འཚེམས་ཕུར་བཞུགས་པའི་སར་བྱ་བའི་གཞིས་ལེན་འབུལ་མི་དྲུང་འཁོར་གཉིས་འབྱོར་ཞིང་། སང་ཉིན་སྐྱེས་མཆོག་གྲོ་ལུང་པའི་གདན་ས་དྲེའུ་ལྷས་སུ་ཆིབས་བསུ་དང་སྤྲུལ་སྐུས་ཞབས་བསུ་བཅས་སྤྱན་དྲངས་ཏེ་བསྙེན་བཀུར་དང་འབུལ་བ་བཟང་པོས་མཆོད་པར་སྐྱེས་ལན་དུ་འབུལ་བ་མང་འགྱེད་སོགས་ལེགས་ཆར་སྤེལ་ཞིང་གནས་རྟེན་རྣམས་ཀྱང་མཇལ་བར་མཛད་ནས་ལྷུན་རྩེ་རྗོང་དུ་སྡེ་པ་སྐྱིད་ཕུག་པས་གདན་དྲངས་ཏེ་འབུལ་བསྙེན་རྒྱས་པར་སྟོབ་ཅིང་། བཀའ་བསྒོ་བྱིན་རླབས་སོགས་ཀྱིས་བསམ་པ་ཚིམ་པར་མཛད་ནས་དེ་ནུབ་ཤོ་པོར་བཞུགས། དེ་ནས་རིམ་པར་ཡར་སྟོད་བརྒྱུད་པའི་འབྲས་མོ་ཆུ་སྐོར། ཁྲ་འབྲུག མོན་མཁར་རྣམས་སུ་ཞག་བཞུགས་གནང་བར། སྣེ་གདོང་རྫོང་དཔོན་སོགས་ལམ་དུ་འཁོད་པའི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་སོ་སོའི་བདོག་དགུས་གཡོ་མེད་དུ་མཆོད་ཅིང་། ཆོས་འབྲེལ། བསྔོ་བྱང་། ཐབས་ལ་མཁས་པའི་ཞལ་བཀོད། གནང་སྦྱིན་སོགས་གང་ལ་གང་འཚམས་པའི་གཞན་དོན་བར་མེད་ཀྱིས་ཐམས་ཅད་ཚིམ་པར་མཛད་ནས། ཟླ་བ་གསུམ་པའི་ཚེས་གཅིག་ལ་གདན་སར་ཕེབས། དེ་སྐབས་ཡུམ་དྲུང་གི་སྐུ་རྗེས་སུ་གྲྭ་ཚང་འདུས་པར་སྐོང་བཤགས་ཟླ་ཆོས་མ་ཞིག་ཚུགས་སྐབས་ནས་དོ་དམ་པ་སེ་རའི་གྲྭ་པ་སོགས་ཕྱོགས་འདུས་པ་མང་པོར་མཇལ་ཁ་དང་ཆོས་འབྲེལ་ཡང་ཅི་རིགས་པ་སྩལ། ཚེས་བཞི་ལ་ཆུ་བཟང་དུ་གདུང་ཆོག་པ་རྣམས་ལ་མང་འགྱེད་དང་། ར་ས་འཕྲུལ་སྣང་གི་རྟེན་གསུམ་རྣམས་ལ་མཆོད་འབུལ་སྙན་ཤལ། གོང་མ་རྒྱལ་མཆོག་དམ་པའི་སྐུ་ཞབས་སུ་བསྔོ་རྟེན་རྣམས་འབུལ་བ་དང་། ཁྱད་པར་མི་དབང་ཆེན་པོར་ཞབས་བརྟན་འབུལ་བ་བཅས་གཟིམས་དཔོན་ཆོས་མཛད་རྫོང་སྟ་གནང་། དེ་དུས་དགེ་སློང་ཐུབ་བསྟན་ནད་དྲག་པོས་བཏབ་པའི་སར་ཐེགས་ནས་བྱིན་རླབས་མཛད་ཅིང་ཉིད་ཀྱི་ཡུམ་ཐོག་མར་མགུལ་ཆམ་སྙུང་བས་རྐྱེན་བྱས་ནས་འདི་དུས་ཤིན་ཏུ་བསྙུན་པར་བྱུང་བ་ལ་བྱིན་རླབས་དང་གླུད་རྫོངས་ཤིག་མཛད་པས་འཕྲལ་དུ་བདེ་དྭངས་སུ་གྱུར་པའི་ངོ་མཚར་བ་བྱུང་། ཚེས་བརྒྱད་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་བཟང་པོ་ལ་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་བཀའ་རྩོམ་གྱི་སྐར་འཛིན་ཙམ་དང་། དེ་ནས་བཟུང་སྟེ་བླ་བྲང་གི་ལྟེ་བའི་འཁོར་ས་ཉིས་ཐོག་གི་སྟེང་དུ་རྩེ་སྒྲོན་པའི་ཡང་ཐོག་དབང་ཁང་སོགས་གསར་རྒྱག་གི་ལས་གྲྭ་འཛུགས་པར་མཛད་ཅིང་། ཉང་བན་ལེགས་བཤད་རྒྱ་མཚོ་དང་གཉན་ར་རྡོ་བ་སོགས་དོན་གཉེར་ཅན་ཉི་ཤུ་སྐོར་ལ་ཐུགས་ཐིག་གི་ལུང་དང་ཁྲིད་བཀའ། ཕུན་རབ་ནས་སོགས་མཇལ་མི་མང་པོར་སོ་སོའི་རེ་བ་དང་སྦྱར་བའི་དབང་བྱིན་རླབས་བཀའ་བསྒོ་ཀུན་ཏུ་སྨན་པའི་ཞལ་ཏ་སོགས་གང་ལ་གང་འོས་སུ་སྩལ་ཅིང་། སྐུ་ཞབས་གྲྭ་ཚང་ཆེན་མོའི་གྲྭ་པ་བློ་བཟང་བཀྲ་ཤིས་ས་གདོན་གྱི་དོགས་སེལ་དུ་ཕེབས་པར་ནཱ་ག་རཀྴའི་རྗེས་གནང་དང་བསྙེན་སྒྲུབ་ཀྱི་ཕྱག་བཞེས་ཞིབ་ཁྲིད་དུ་གནང་ནས་ཟླ་ཤས་ཉམས་ལེན་གྱི་བསྲང་དུ་བཅུག་པས་གཞི་མེད་དུ་དྭངས། ཚེས་ཉི་ཤུ་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་བདག་ཅག་གྲྭ་ཚང་གི་རྒན་འགོ་དང་དབུ་ཆེ་ཁ་ཤས། གློ་བོ་བླ་མ་དང་། ཤངས་མཁར་ཁ་པ། ཇོ་ནང་ལྷ་ཆུ་བ། གཉན་ར་རྡོ་བ་སོགས་ཕྱོགས་འདུས་ཀྱི་སྐལ་བ་དགེ་བ་ཅན་མང་པོར་ཆོས་དབང་གི་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་བཀའ་ལུང་ཚུགས་ཤིང་། འདི་དག་གི་ཚེ་ཐུགས་བརྩོན་ཆེན་པོས་ཕྱོགས་ཀུན་ནས་སྤྱན་འདྲེན་མཛད་པའི་བཀའ་མའི་གླེགས་བམ་མང་པོ་ལ་ཁ་གསོ་དང་། ཁྲིགས་བསྒྲིག་པ། གླེགས་ཤིང་གླེགས་ཐག་དང་ན་བཟའ་འབུལ་བ་སོགས་ཀྱང་མཛད། ཉེར་བརྒྱད་ལ་གཟིམས་དཔོན་འཇམ་ཀུན་ནད་དྲག་པོས་བཏབ་སྟེ་རླུང་ཐལ་བ་ལྟ་བུས་འཆི་ལ་ཐུག་པར་བྱིན་རླབས་མཛད་པས་གསོས་པའི་ངོ་བླངས་ཤིང་། དེ་ནས་བཟུང་ཇི་སྲིད་ནད་ལས་མ་གྲོལ་གྱི་བར་དེ་སྲིད་དུ་ཁོ་རང་གི་བྲང་ཁང་དུ་ཡང་ཡང་སྤྱན་དྲངས་ཏེ། རྐྱེན་སེལ་གྱི་དབང་བྱིན་རླབས། འཆི་བསླུ། བཀའ་བསྒོ་སོགས་སྒོ་དུ་མ་ནས་ཕན་པའི་ཐབས་སྩལ་བས་འཆི་བདག་གི་ཞགས་པ་ལས་གྲོལ་བའི་བཀའ་དྲིན་མཛད་པ་ཡིན་ནོ། །དེ་དག་གི་ཚེ་ཆོས་ཞུ་བ་སྔ་མ་རྣམས་ཀྱི་སྟེང་དུ་རི་བོ་བདེ་ཆེན་པ་དགེ་སློང་ཕྱག་རྡོར་གྱིས་ཆེད་དུ་གསོལ་བ་བཏབ་པ་ལྟར་ལས་འབྲེལ་གྱི་ཕྱག་རྡོར་དྲེགས་འདུལ་གྱི་དབང་དང་ལུང་ཡོངས་རྫོགས། དབུས་ཁམས་ཀྱི་དད་ཅན་མང་པོར་བླ་མའི་རྣལ་འབྱོར། ཉི་ཟླ་སངས་རྒྱས་ཀྱི་འཕོ་ཁྲིད་དང་། དབང་བྱིན་རླབས་ཁ་ཤས་ཀྱང་སྩལ། ཟླ་བ་བཞི་པའི་ཚེས་གཉིས་ཀྱི་སྔ་དྲོ་དགེ་སློང་ངག་དབང་འཇམ་དབྱངས་ཀྱིས་གྲྭ་ཚང་གི་ཚོགས་དབུར་སྤྱན་དྲངས་ཏེ་ཞབས་བརྟན་རྒྱས་པར་ཕུལ། དེའི་སང་ཉིན་བསོད་ནམས་ཚེ་དབང་འདས་པའི་རྗེས་འདུར་གྱི་རབ་གནས་ལ་གྲྭ་ཚང་སྤྱན་དྲངས་པའི་ཚོགས་དབུར་ཞབས་བསྐྱོད་ཅིང་། ཚེས་བཞི་ནས་བླ་བྲང་གི་ཨར་ལས་སྟབས་གཙུག་ལག་ཁང་གི་གཟིམས་ཆུང་ཀུན་བཟང་ཡང་རྩེར་སྟན་སྤོ་བར་མཛད་དེ། དབྱར་ངོ་འདིར་བཞུགས་ནས་བདག་གིས་ཡི་གེའི་ཞབས་ཕྱི་ཞུས་ཏེ་སྔ་འགྱུར་བཀའ་མའི་སྒྲུབ་དཀྱིལ་རྣམས་བཀའ་རྩོམ་རིམ་པར་མཛད་པ་ལ། སྒྱུ་འཕྲུལ་དྲྭ་བ་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས། ཞི་བའི་དཀྱིལ་ཆོག་རིན་ཆེན་ཕྲེང་བ། ཁྲོ་བོའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ། ཚོགས་ཆེན་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་དང་། དཀྱིལ་ཆོག་དྲི་མེད་འོད་ཕྲེང་། ཡང་དག་ཟླ་གམ་དགུ་པའི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ་དང་། དཀྱིལ་ཆོག་བདུད་རྩིའི་ཉིང་ཁུ། ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་རྡོ་རྗེ་མེ་ཕྲེང་རྣམས་ཏེ། དེ་དུས་ཚོགས་ཆེན་འདུས་པའི་སྒྲུབ་ཐབས་ལ་ཤོག་བུ་སྔོན་ནས་གྲངས་བཅད་མཛད་པ་དང་བབས་འགྲིག་པའི་ཡ་མཚན་པའང་བྱུང་། ཚེས་ལྔ་ནས་གོང་གི་ཆོས་ཞུ་བ་རྣམས་ལ་ཉང་གཏེར་དྲག་དམར་ཆེ་འབྲིང་ཆུང་གསུམ་གྱི་ལུང་སྩལ་ཅིང་། ཕྱོགས་འདུས་པ་སྔར་གྱི་སྟེང་མངའ་རིས་དང་བོན་ལུང་གི་འཚོ་བྱེད་གཉིས་སོགས་འགའ་ཤས་དང་སྒྲུབ་སྡེའི་བཙུན་མ་སོགས་མང་པོར་ཨ་ཏི་ཟབ་དོན་སྙིང་པོ་དང་མ་གཅིག་གཅོད་ཀྱི་ཉམས་ཁྲིད་རྣམས་སྨིན་པར་མཛད། འདི་སྐབས་ཐན་པ་ཆེས་པས་ཞིང་པ་ཐམས་ཅད་མྱ་ངན་གྱིས་གདུངས་པ་ལ་སྙིང་རྗེའི་ཐུགས་ཀྱིས་དྲངས་ཏེ་ཚེས་དགུའི་ཉིན་ཤོལ་པོ་ལུང་དུ་ཀླུ་གཏོར་གནང་བས་དེ་འཕྲལ་ཆར་ཤིན་ཏུ་གཤིམས་པ་བབས་པས་ཐམས་ཅད་དགའ་བར་གྱུར་ཅིང་། ཡུམ་དྲུང་གི་དགོངས་རྫོགས་སུ་གཞིས་ཀ་ནས་གསེར་གཡུ་སུ་གན་ཏ་དངུལ་སྤྱད་སོགས་རིན་པོ་ཆེའི་རིགས་དང་། སྐུའི་ཉེར་སྤྱད་མཚར་བ་མང་པོ། གོས་དར་སོགས་དངོས་པོ་རྒྱ་ཆེ་བ་འབུལ་མི་འབྱོར་བ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་སྒྱུར་མཛད། དེའི་སང་ཉིན་ཤིང་བཟོ་བ་བཀྲ་ཤིས་གླིང་པའི་མའི་དགེ་བར་གྲྭ་ཚང་གི་ཚོགས་དབུར་ཆིབས་བསྐྱོད་ཅིང་། བཅུ་གཉིས་ལ་ཆོས་རྗེ་པདྨ་གར་དབང་གི་གཟིམས་ཆུང་ཞབས་བརྟན་རྒྱས་པར་ཕུལ། དེ་ཉིན་གདུང་བརྒྱུད་རིན་པོ་ཆེས་དབུས་རྩེ་ལེ་བླ་མ་སོགས་བདག་ཅག་དོན་གཉེར་ཅན་མང་པོར་བྱད་འགྲོལ་མ་བུ། རཀྴ་མདོས་བཅུ་སོགས་རྟེན་འབྲེལ་གྱི་ཐབས་བཅོས་དུ་མའི་ལུང་ཡང་སྩལ། དེ་དག་གི་ཚེ་མངོན་མཁྱེན་རིན་པོ་ཆེ་ཀུན་བཟང་ཆོས་རྒྱལ་དང་། དགོན་ཕུག་པ་སྐྱི་སྟོན་པདྨ་དབང་ཆེན་སྐུ་གཤེགས་པའི་ཐུགས་དམ་ལ་འདོགས་པར་ཞུ་བའི་བསྔོ་རྟེན་འབུལ་མི་འབྱོར་ཞིང་སོ་སོར་གཤེགས་རྫོངས་ཀྱི་ཆ་རྐྱེན་དུ་འགྲོ་བའི་གནང་སྦྱིན་ཡང་མཛད། ཉེར་དྲུག་ནས་གོང་གི་ཆོས་ཞུ་བ་རྣམས་ལ་བསྟན་གཉིས་གླིང་པའི་ཚེ་སྒྲུབ་ཙིཏྟའི་རྒྱ་ཅན། རྣམ་སྲས་ནོར་བདག་ཀུན་འདུས་ཀྱི་ནང་གི་ལྷ་ཆེན་སྐོར། ལྟ་བ་སངས་རྒྱས་དགོངས་འདུས་ནང་གི་བླ་མའི་རྣལ་འབྱོར། དྲག་སྔགས་དགོངས་འདུས་དང་གཟའི་སྐོར་སོགས་དང་། བོན་དགོངས་འདུས། རྡོར་གླིང་གི་བླ་མ་བཀའ་འདུས་དང་གསང་འདུས། གུར་དྲག་བཀའ་བརྒྱད་དང་ཕུར་ཞབས་མ། ཐེག་པ་ཡང་བཅུད། སྤྱད་སྨན་གྱི་དུག་བསྲུང་། ཨ་ཙ་ར་དམར་པོ་དང་ཉང་ལུགས་ཀྱི་སེར་བསྲུང་སོགས་ཕན་བྱེད་ཀྱི་རྟེན་འབྲེལ་ཐོར་བུ་མང་བ་དང་བཅས་པའི་ལུང་རྣམས་རིམ་པར་སྩལ། ཟླ་བ་སྔ་པའི་འགོར་ཨེམ་ཆི་མངའ་རིས་པ་དང་གློ་བོ་བླ་མ་སོགས་ལ་ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་དང་གཏེར་གསར་སྐོར་གྱི་ལུང་རྣམས་མཛད་ཅིང་། སྔར་གྱི་ལུང་ཞུ་མི་རྣམས་ལ་དེ་དག་གི་དབང་བཀའ་རྣམས་རིམ་པར་སྩལ་བ་ལ། ཚེས་བཞི་ལ་བཀའ་བརྒྱད་གསང་རྫོགས་ཀྱི་སྟ་གོན་དང་ལྔ་ལ་དབང་དངོས་གཞི་མཛད་པ་ནས་བརྩམས་ཏེ། ཉང་ལུགས་གུར་དྲག་གི་དྲེགས་པའི་སྲོག་དབང་། རྡོ་རྗེ་སྤྱི་བླུགས། བྱིན་རླབས་ལུག་རྒྱུད། གཏོར་དབང་རྣམས་དང་། རྡོར་གླིང་གི་བླ་མ་བཀའ་འདུས་དང་གསང་འདུས་ཀྱི་དབང་། བསྟན་གཉིས་གླིང་པའི་ཚེ་སྒྲུབ་དང་དྲག་སྔགས་དགོངས་འདུས། ཡང་དག བོན་དགོངས་འདུས། གཟའ་བདུད་རྣམས་ཀྱི་དབང་རྣམས་དང་། ཆོས་ཞུ་བ་དེ་དག་གི་ནང་ནས་དོན་དུ་གཉེར་བ་ཅི་རིགས་པ་དང་གློ་བུར་དུ་ལྷག་པའི་སྐལ་ལྡན་འགའ་ལ་གཏེར་གསར་འཇོམས་བྱེད་ཀྱི་དབང་དང་། ཞལ་བཞི་པ། སྔགས་སྲུང་མ། ལས་གཤིན་གྱི་རྗེས་གནང་སོགས་དབང་བྱིན་རླབས། འཕོ་ཁྲིད། གཏེར་གསར་དང་འདོན་ཆོས་སྐོར་གྱི་ལུང་སོགས་མཐའ་ཡས་པ་སྩལ། ཚེས་བཅུ་མཆོད་པའི་ཉིན་འདུས་པའི་ཚོགས་དབུར་ཞབས་བསྐྱོད་དེ་གསོལ་འདེབས་མཆོད་འབུལ་དང་གཏོར་དབང་ཡང་གནང་ཞིང་། འདི་ཉིན་ཞབས་ཕྱིར་གནས་བརྟན་བཅུ་སྐོར་དང་བཅས་ཏེ་བླ་བྲང་དབང་ཁང་གི་ཀ་བ་འཛུགས་པའི་སར་ཕེབས་ནས་གསོལ་འདེབས་བསམ་པ་ལྷུན་གྲུབ་ཀྱི་ཞལ་འདོན་དང་ཤིས་བརྗོད་རྒྱས་པར་མཛད། ཚེས་བཅུ་དྲུག་གི་སྔ་དྲོ་གཙུག་ལག་ཁང་གི་ཡང་ཐོག་ཏུ་ཕེབས་ཏེ་བཀའ་མནན་རབ་བརྗིད་མཛད་པས་ཆར་པ་ངོ་ཐོན་ཆེ་བ་བྱུང་ཞིང་། དེ་དག་གི་ཚེ་སྔར་གྱི་ཁྲིད་ཞུ་བ་རྣམས་ལ་ངོ་སྤྲོད་དང་། བྱམས་གླིང་མཁན་པོ་རྒྱ་ནག་ནས་འཁོར་བའི་རྗེ་ཉིད་ལ་རྒྱའི་སྤྱད་པ་དང་འདུས་པར་མང་འགྱེད་བཅས་སྐྱེས་ཀྱིས་དངོས་པོ་སྟོབ་པར་རབ་འབྱམས་པ་ཐུབ་བསྟན་བྱོན་པར་ཆོས་དང་ཟང་ཟིང་གི་སྒོ་ནས་མཉེས་ཐུབ་པ་སྩལ་ཅིང་། མར་ངོའི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་དགེ་བར་མཆོད་རྟེན་ཆེན་མོའི་ཁོར་སའི་མཆོད་རྟེན་ཆུང་བ་རྣམས་ཀྱིས་ཐིག་འབེབས་པར་མཛད། ཟླ་བ་དྲུག་པའི་འགོར་ཨ་ཇོ་རྫོང་སྤྲུལ་སྐུ་དང་། སྨྲ་བོ་ལྕོག་གྲྭ་ཚང་གི་ཞབས་བརྟན་འབུལ་མི་འབྱོར་ཞིང་། ཚེས་བདུན་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་ལ་ཞབས་བརྟན་མཆོད་སྡོང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་རྣམ་དཀར་གྱི་མཛད་པ་ཕུལ་དུ་དབྱུང་དུ་མེད་པ་ལ་ཐུགས་ཀྱི་དང་བ་སྟོབས་སུ་གྱུར་པས་དྲངས་ཏེ་རང་འབྱོར་གྱིས་ཇི་ལྟར་ནུས་པ་རྩལ་སྤྲུགས་ལྟ་བུའི་ཨར་སྟོན་ཞིག་གནང་བཞེད་པའི་གྲབས་ཡུལ་སྐར་འཛིན་མཛད་ཅིང་། དེ་ཉིད་མཆོད་རྟེན་འོག་ཁང་གི་བསྐོར་ལམ་ལ་ཞོ་ར་བ་ཡབ་སྲས་སོགས་ཀྱིས་ལྡེབས་རིས་འཛུགས་པ་དང་། ཚེས་བཅུ་ལ་མི་དབང་ཆེན་པོའི་ཡུམ་བདེ་བར་གཤེགས་མ་དང་གདུང་བརྒྱུད་རིན་པོ་ཆེའི་ཡུམ་གཉིས་ཀྱི་སྐུ་རྒྱན་གྱི་མུ་ཏིག་རྣམས་ལ་སྔགས་ཀྱི་འཁོར་ལོ་བསྒྱུར་བའི་ཆ་བྱད་བཟོ་བའི་ཞལ་བཀོད་དང་། དེ་ནས་བཟུང་སྟེ་ཞག་བདུན་གྱི་བར་བདུད་རྩི་ཆབ་ཚན་གྱིས་འཕྲོད་བཞེས་ཀྱང་མཛད་ཅིང་། ཚེས་བཅོ་ལྔའི་ནུབ་ལྷག་པའི་ལྷས་རྗེས་སུ་བཟུང་བ་དང་འབྱུང་འགྱུར་ལུང་དུ་སྟོན་པའི་མནལ་ལྟས་མཚར་བ་ཡང་བྱུང་གསུང་། འདི་སྐབས་དོལ་པོ་བླ་མ་ཚེ་རིང་དཔལ་བཟང་དུས་ལས་ཡོལ་བའི་སྐྱབས་འཇུག་ཞུ་རྟེན་དངུལ་རྒྱ་ཊཾ་བརྒྱ་ཕྲག་དུ་མ་དང་། གོས་དར། ཁྱད་རས་ཡུག་མང་བ་སོགས་འབྱོར་བ་ལྟར་དགེ་ཚོགས་རྫོགས་བྱང་དུ་བསྔོ་བའི་བཀའ་དྲིན་དང་། ཁོང་པའི་གཞིས་བྱེས་ཀྱི་དཔོན་པོ་རོགས་བཅས་ལ་གཏེར་གསར་སྐོར་གྱི་དབང་ལུང་འཕོ་ཁྲིད་སོགས་འདོད་ཆོས་དང་། བྱིན་རྟེན་སོགས་ཀྱིས་རྫོངས་པས་རེ་བ་ཚིམ་པར་མཛད་ཅིང་། རྒྱལ་གླིང་ཚོགས་པའི་དབུ་ཆོས་ལ་གཏེར་གསར་འཇོམས་བྱེད་ཀྱི་དབང་སོགས་གློ་བུར་དུ་ལྷགས་པའི་དད་ཅན་མང་པོར་ཡང་སེམས་བསྐྱེད། དབང་ལུང་། བཀའ་བསྒོ་བྱིན་རླབས་སོགས་མཐའ་ཡས་པས་རང་རང་གི་བསམ་པ་ཇི་ལྟ་བ་བཞིན་ཚིམ་པར་མཛད། ཟླ་བ་བདུན་པའི་ཚེས་གཉིས་ལ་ཁོར་སའི་མཆོད་རྟེན་བདུན་གྱི་བུམ་གཏེར་གནོད་སྦྱིན་འཁོར་ལོ་སོགས་བཞུགས་སུ་གསོལ་ཏེ་མེ་ཏོག་འཐོར། ཚེས་བརྒྱད་ཀྱི་ཐོ་རེངས་དགེ་སློང་ཐུབ་བསྟན་ལྔ་པའི་ལམ་དུ་ཐལ་བའི་སྔས་འགོར་ཞབས་བསྐྱོད་དེ་འཕོ་བའི་མཚམས་སྦྱོར་གྱིས་རྗེས་སུ་བཟུང་བར་ཐེབས་པའི་མཚན་མ་བཟང་པོ་ཡང་བྱུང་། བཞི་ཚིགས་ཐོག་ཏུའང་ཕེབས་ཏེ་རྡོར་སེམས་ཀྱི་གནས་ལུང་དང་འབྲེལ་བར་ངོ་སྤྲོད་མཛད་ཅིང་། དེ་ཉིན་ཟངས་མཚོ་སྤྱི་པས་ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་བསྒྲུབས། དེ་དག་གི་ཚེ་གཙུག་ལག་ཁང་གི་ལི་མ་ལྷ་ཁང་དུ་སྔར་རྒྱ་ནག་མ་དང་བལ་ལྷ་སོགས་ལྷ་རིགས་སྣ་ཚོགས་ཡོད་པ་རྣམས་ཟུར་དུ་ཕྱུངས་ཏེ་རྒྱ་ལི་ཤས་ཆེ་བའི་རྟེན་བསྒྲིགས་ཀྱིས་བཀོད་པའང་མཛད། བཅུ་བཞིའི་ནུབ་བྱད་ལྟས་ལྟ་བུའི་འཚུབ་ཆ་དང་། དེ་ལ་དམིགས་པའི་བསྲུང་འཁོར་གནང་བ་ན་ས་ཁུལ་ཅུང་ཟད་མ་ཁྱབ་པ་ལ་སེར་བ་ཤོར་བའི་མནལ་ལྟས་བྱུང་གསུང་བ་ལྟར་སང་ཉིན་བསམ་འགྲུབ་སྦུག་ལྷ་གསོལ་གྱི་སར་སྐྱུར་བཟིའི་འཐབ་མོས་ཉི་ལུང་ཟངས་མགར་བ་རྐྱེན་དབང་དུ་བཏང་བར་གྲི་འགྲོལ་བའི་ཆོ་ག་སོགས་ཀྱིས་རྗེས་སུ་བཟུང་། ཉེར་གསུམ་ལ་ཁོར་སའི་མཆོད་རྟེན་བདུན་གྱིས་སྲོག་ཤིང་འཛུགས་པ་དང་གཟུངས་འབུལ་ལ་ཕེབས་ཤིང་། དེ་ཉིན་བདག་ཅག་དྲི་མེད་ཀྱི་ཆོག་གྲྭ་བ་རྣམས་ཀྱིས་མཆོད་རྟེན་གྱི་ཉེ་ལོགས་སུ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ་སྲོག་ཤིང་བརྟན་པའི་ཆོ་ག་བགྱིད་དུ་སྩལ། ཕྱི་ཉིན་ཉི་མ་ལུང་པའི་འདད་ཀྱི་གྲལ་དབུར་ཆིབས་བསྐྱོད་དེ་བྱང་བཞུའི་ཆོ་གའང་མཛད། སྐབས་དེ་དག་གི་ཚེ་ལྷོ་མོས་རྒྱབ་པ་སོགས་ཕྱོགས་འདུས་པ་མང་པོར་དབང་ལུང་། ཟབ་ཁྲིད། སེམས་བསྐྱེད་གཤིན་གསོན་གྱི་བསྔོ་བྱང་འདི་ཕྱིར་སྨན་པའི་ཞལ་ཏ་སོགས་གང་ལ་གང་འཚམས་ཀྱིས་སོ་སོའི་རེ་བ་ཇི་ལྟ་བ་བཞིན་སྐོང་བའི་བཀའ་དྲིན་སྩལ། ཟླ་བ་བརྒྱད་པའི་ཚེས་གཅིག་ལ་གཉེར་པ་དཔོན་གཡོག་ལྷ་སར་ཨར་སྟོན་གྲབས་ཤོམས་ལ་འཐོན་རྒྱུར་རྐྱེན་སེལ་བྱིན་རླབས་ཀྱང་མཛད། དེའི་སང་ཉིན་མཆོད་རྟེན་བདུན་པོའི་ཆོས་འཁོར་དང་། བཞུགས་ཁྲིའི་ཏོག་རྣམས་ཀྱི་གཟུངས་འབུལ་དུ་ཕེབས་ཤིང་། བཅུ་གཉིས་ལ་བྱང་ཁར་གསར་པའི་ཕ་འདས་པའི་དགེ་བའི་གྲལ་དབུར་ཆིབས་བཏེག ཚེས་བཅུ་གསུམ་ནས་བཟུང་གྲྭ་ཚང་གི་སྟོན་ཆོས་ཐོག་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་གྲྭ་ཚང་འདུས་ཚོགས་སོགས་བདག་ཅག་གཉུག་མར་གནས་པ་རྣམས་དང་། ཕྱོགས་འདུས་པ་གློ་བོ་བླ་མ་སོགས་ཆོས་ཞུ་བ་ཉིས་བརྒྱ་བརྒལ་བ་འདུ་ཁང་སེང་གཡབས་ཆེན་མོའི་རྒྱབ་ཀྱི་ཐོག་ཆགས་ཁེངས་པ་ལ་བླ་མ་ལྷ་ཁང་གི་སྒོ་མང་ཕྱིའི་མྱོས་བསྲུང་སྟེང་ནས་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཐེག་མཆོག་མཛོད་མ་གཏོགས་པའི་མཛོད་གཞན་དྲུག་བཀའ་འབུམ་ཐོར་བུ་དང་བཅས་པ་ཡོངས་སུ་རྫོགས་པ་དང་། མདོ་ཁམས་པས་མཛད་པའི་རྣམ་ཐར། རྗེ་ཉིད་ཀྱིས་མཛད་པའི་ཚོགས་ཆེན་འདུས་པའི་སྒྲུབ་ཐབས་རྣམས་ཀྱི་ལུང་སྤྱི་ཆོས་སུ་གསུངས་ཤིང་། དེ་དག་གི་ཁྲོད་ནས་དོན་གཉེར་ཅན་མང་པོར་ཐུགས་ཐིག་གི་ཀ་དག་གི་ཁྲིད་སོགས་སོ་སོའི་འདོད་པ་དང་བསྟུན་པའི་སྒེར་ཆོས་མཐའ་ཡས་པའང་བར་མེད་ལྟ་བུ་སྐྱོ་དུབ་མེད་པར་རིམ་པར་སྩལ་ཅིང་། དེ་དུས་ཐེ་སེ་འོར་བླ་མ་ཆོས་མཛད་ཀྱིས་གྲྭ་ཚང་ཚོགས་ཆེན། བཟོ་རིག་པ། ནང་ཟན་སོགས་དེའི་ཚེ་འུ་ལག་ཏུ་འདུས་པས་མཐའ་རྟེན་པ་དང་བཅས་པ་ཐམས་ཅད་ལ་མང་ཇ། འབྲས་འཇམ། འགྱེད་དར་བཅས་རྒྱས་པར་བསྟར་བའི་ཐོག་རྗེ་ཉིད་ཚོགས་དབུར་སྤྱན་དྲངས་ཏེ་མོན་ཟོག་གི་དངོས་པོ་སྟོང་ཕྲག་ཏུ་ལོངས་པའི་འབུལ་ཆེན་སྟོབ། ཉེར་གསུམ་ལ་སྨོན་གྲུབ་ནས་གཞིས་རྩེའི་རྫོང་དཔོན་དུ་འབྱོན་དགོས་ལ་རྐྱེན་སེལ་གྱི་བྱིན་རླབས་ཞུ་བར་འབུལ་བ་གྱ་ནོམ་པ་བཅས་མཇལ་དུ་བྱུང་བ་བཞིན་བྱད་འགྲོལ། ཚེ་རྟ། གུར་དྲག་གིས་མཚོན་པའི་དབང་བྱིན་རླབས་མང་དུ་སྩལ་བས་ཐུགས་བཞེད་སྐོང་བར་མཛད་ཅིང་། གནམ་གང་ལ་གཅུང་ཀུན་དགའ་ལགས་དཔོན་གཡོག་ཨར་སྟོན་ཞུ་བར་ལྷ་ལྡན་དུ་རྫོང་སྟ་གནང་། ཟླ་བ་དགུ་པའི་ཚེས་བདུན་ལ་སྟོན་ཆོས་གྲོལ་ཞིང་། དེ་ཉིན་སྐྱི་སྟོན་པ་དང་སྤྲུལ་སྐུ་མཆོག་ལྡན་གྱིས་འདུས་པ་མདོ་དབང་ཆེན་མོའི་དཀྱིལ་འཁོར་རྣམས་རས་རིས་སུ་བཞེངས་པ་ལས་མདོ་ཡན་ལག་གི་དཀྱིལ་འཁོར་ཕལ་ཆེར་གྲུབ་ནས་རྩ་བའི་དཀྱིལ་འཁོར་གྱི་ཐིག་ཆོག་ཀྱང་མཛད། ཚེས་བཅུ་གཉིས་ནས་གདུང་བརྒྱུད་རིན་པོ་ཆེས་དབུས་གློ་བོ་བླ་མ་སོགས་བདག་ཅག་ཁ་ཤས་ལ་རྡོར་གླིང་གི་ལྟ་བ་ཀློང་ཡངས་ཀྱི་ལུང་སྩལ་ཅིང་། དེའི་སང་ཉིན་གོ་འཇོ་ནས་མཁོ་ཆེན་སྤྲུལ་སྐུ་དཔོན་སློབ་འབྱོར་བ་རྣམས་ཀྱིས་གྲྭ་ཚང་གི་ཚོགས་དབུར་སྤྱན་དྲངས་ཏེ་ཇ་དང་རྟ་དྲེའུ་གཙོ་བོར་གྱུར་པའི་འབུལ་བ་དང་མང་འགྱེད་རྒྱས་པར་སྟོབ་ནས་སྤྲུལ་སྐུ་གཞོན་པ་དཔོན་གཡོག་དྲུག་གྲྭ་ཚང་དུ་ཞུགས་ཤིང་། ཚེས་བཅོ་བརྒྱད་ལ་དུམ་བུ་ཆོས་འཁོར་གྱི་བཀའ་བཅུ་པ་སྦུས་ཁྱིམ་པས་ཆེད་དུ་གསོལ་བ་བཏབ་པ་ལྟར་སྔར་གྱི་ཆོས་ཞུ་བ་ཕལ་ཆེ་བར་དགེ་བཤེས་གྲྭ་པའི་ཞང་བློན་སྐོར་གྱི་ཡིག་ཆ་གསར་རྙིང་ཚང་མའི་བཀའ་ལུང་ཡང་མཛད། ཟླ་སྨད་ལ་འབྲས་ལྗོངས་རྒྱལ་མོ་ལྷ་སར་བྱོན་ཞོར་དད་པ་ཆེན་པོས་ཆེད་དུ་སྙེགས་ཏེ་དངུལ་དང་རྒྱ་དར་ལ་སོགས་པའི་འབུལ་བ་རྒྱ་ཆེར་ཕུལ་ཞིང་། གཏེར་གསར་གཙོ་བོར་གྱུར་པའི་དབང་དང་བྱིན་རླབས། ནང་རྟེན་གྱི་མཇལ་ཁ་ལ་སོགས་པས་རེ་བ་ཚིམ་པར་མཛད་ཅིང་། འདི་སྐབས་ཉེར་གཉིས་ལྷ་བབས་ཀྱི་དུས་ཆེན་དང་བསྟུན་ཏེ་ཞབས་བརྟན་ལྷ་ཁང་གི་ཨར་སྟོན་གནང་བར་རང་གི་འབྱོར་པ་གང་ཡོད་གོང་མའི་བཀའ་དྲིན་ལས་གཞན་དུ་མ་གྱུར་པ་དང་རྣམ་དཀར་གྱི་མཛད་པ་རླབས་པོ་ཆེ་དཔེ་ཟླ་ཐམས་ཅད་དང་བྲལ་བ་ལ་ཤིན་ཏུ་དང་བ་ཆེན་པོའི་སྒོ་ནས་དངོས་པོ་ཡོད་སྤྲུགས་ལྟ་བུས། གོང་ཞབས་ཡས་ཕྱིན་དུ་བཞེས་སྤྲོ་སྤུངས་འབུལ་དང་། འོག་རྡོ་སོགས་དངོས་པོ་སྤུས་མཚར་ཤ་ཐག་གིས་རྩེར་བཅུ་གསུམ་ཚན་བདུན་དང་ཤོད་དུ་ལྔ། གྲྭ་ཚང་ཆེན་མོར་ཚ་གྲ་བཟང་པོ། འགྱེད་སྤྱི་འབུལ་རྣམ་བཞག་སྙན་དར་དང་བཅས་པ། ཨར་དཔོན་འགོ་པ། དབུ་མཛད། བཟོ་པ་བྱིངས་གྲས། སྒེར་གཡོག རྒན་པོ་སོགས་ནས་ཀོ་པའི་བར་གྱི་སྡེར་ཐོབ་སྟོང་དང་བརྒྱད་བརྒྱ་སྐོར་ལ་ཁོག་འཛུགས་ཀྱི་སྡེར་སུམ་ཅུ་རྩ་དགུ་ནས་བཅུ་གཅིག་གི་བར་དང་། ལྤ་དར་བདེ་ལེགས་ཀྱི་རེ་ཁཱ་བཀྲ་བའི་ཁ་བཏགས་ཡུག་རིང་དང་རྟགས་བརྒྱད་ཆེ་བ་ནས་བཀྲས་ཐགས་ཀྱི་མཐའ་བརྟེན་པའི་བར་དང་། ཨར་དཔོན་དང་དབུ་མཛད་ཆེ་ཁ་རྣམས་ལ། གོས་རྒྱན་གཟབས་འཕྱོར་ཅན་གྱི་སྟོད་གོས་དང་། གཟན། བཟང་ཇ་བར་ཁག་བཅས་པས་འགོ་དྲངས་པའི་སོ་སོར་དགུ་ཚན་དང་། དེ་འོག་རྣམས་ལ་སྟོད་གོས་རྒྱན་མས་གཙོས་པའི་བདུན་ཚན་རེ་རེ། འགོ་པ་དང་བཟོ་བོ་བྱིངས་སོགས་སྡེར་ཐོབ་གཞན་ཐམས་ཅད་ལ་ལས་གྲ་སྡེབས་བསྟུན་གྱི་གོས་དར། སྣམ་རས། ཁྲོ་ཟངས། ཚགས་སྒ་ར་མ་ལུགས་སོགས་སྒ་འཁོར་མང་བ། བཟང་ཇ་འཁོར་དྲུག་མ། བུར་ལྟང་། འབྲས་ལྟང་། རྟ་དྲེའུ་སོགས་དངོས་པོ་བཟང་པོའི་དགུ་ཚན་བརྒྱ་སྐོར། འུ་ལག་ཕྱེད་དགུ་སྟོང་སྐོར་ལ་མང་ཇ་ཉིས་སྦྲེལ། རྡོར་ནག་དང་འབྲས་ཀྱི་འཇམ་རེ། སོ་སོར་མྱོས་བྱེད་ཏིག་རེ། རྩམ་མཁར་རུའི་དྲུག་འབོ། ཤ་རྒྱར་བཟང་བ། ཉ་ཤ་ཟུང་། སྣུམ་ལག་དྲུག་རེ། གཞུང་མ་དང་ཆུང་འཇུག་འདྲེས་པའི་ཇ་ཉག་རེའི་ལག་འགྱེད་བཅས་རྒྱས་པར་བསྟར་ཞིང་། དེ་ཉིན་ཐུགས་བསྐྱེད་དང་མོས་པ་རྣམ་པར་དག་པའི་མཐུ་ལས་གནམ་གཤིས་འཇམ་ཤིང་། ལས་བྱེད་དུ་གཏོགས་པའི་སྐྱེས་བུ་རྣམས་ཀྱང་འདུས་པ་ཉུང་ཤས་ཤིག་ལ་གཏོང་བ་འདྲ་བ་ལས་ཡོ་ལང་དེ་ཙམ་ལ་ཟློས་པ་དང་ཆད་པ་སོགས་གཅིག་ཀྱང་མེད་པར་རང་རང་གི་ལས་ཀྱི་བགྱི་བ་རྣམས་མ་འཆོལ་བར་ཁྲིགས་གཅིག་ཏུ་བབས་པས་ཐམས་ཅད་མགུ་ཞིང་ངོ་མཚར་བར་བྱེད་ཅེས་གྲགས་སོ། །དེའི་ཕྱི་ཉིན་གྲྭ་ཕྱི་ནང་གི་ཨར་མི་ངོ་ཡོད་ལ་ལག་འགྱེད་མ་གཏོགས་སྟོན་མོ་ཉིན་སྔ་མ་འདྲ་བ་སྩལ་བས་ཡུལ་ཕྱོགས་ཀྱི་གཞུང་བཟང་པོའི་ཡུག་རིང་དཀར་པོར་སྐྱོང་བར་མཛད་ཅེས་བསྔགས་པར་བྱེད་ཅིང་། འདི་སྐབས་སྟོན་མོའི་ཤ་རྣམས་ཀྱང་ཕོ་མོའི་གོས་རྒྱན་གྱི་སྤྱད་པ་དང་། གསེར། དངུལ། ཇ། འབྲུ་ཆ་སོགས་རིན་གང་ལ་གང་འགྲོས་ཡུལ་ཕྱོགས་གཞན་དག་ནས་རྩོལ་སྒྲུབ་མཛད་པ་ལས་དངོས་བརྒྱུད་གང་གི་སྒོ་ནས་ཀྱང་སེམས་ཅན་གྱི་སྲོག་ལ་གནོད་པ་མེད་པར་མཛད་པས་དགེ་རྒྱུན་སྡིག་པ་དང་མ་འདྲེས་པའི་ཕྱིར་དངོས་པོ་རྣམ་པར་དག་པ་ཡིན་ནོ། །ཟླ་བ་བཅུ་པའི་ཚེས་གཅིག་ལ་གོང་ཞབས་ཡས་ཕྱིན་ནས་ཐུགས་མཉེས་པའི་བཀའ་ཤོག་གནང་རྟེན་སྤམ་མཐོ་བ་དང་བཅས་ཏེ་ཨར་སྟོན་ཞུ་མི་རྣམས་ཕྱིར་འཁོར་ཞིང་། རྟ་ར་བླ་མ་ཆོས་འཕེལ་གྱི་ཚ་བོ་གྲྭ་རྒྱུན་ཁ་ཤས་དང་བཅས་སླེབ་སྟེ་ཚེས་དགུའི་ཉིན་གྲྭ་ཚང་དུ་མང་འགྱེད་ཐོག་ཚོགས་དབུར་སྤྱན་དྲངས་ནས་དངུལ་བྲེ་ཆེན་གྱིས་སྣ་དྲངས་པའི་ཇ་རྟ་དྲེལ་སོགས་ཀྱིས་འབུལ་བ་རྒྱ་ཆེ་བ་བསྒྲུབས། དེའི་སང་ཉིན་ཆུ་མི་ཁ་དཔོན་སའི་དྲུང་གིས་ཀྱང་འདུས་ཚོགས་སུ་མང་འགྱེད་དང་གོས་དར་མཆོད་ཆ་རིན་པོ་ཆེ་སོགས་དངོས་སྤྱད་ཚན་ཆེན་པོའི་ཚོགས་གསོག་གིས་འབུལ་བ་འབྱོར་བ་ལྟར་གྲལ་དབུར་ཞབས་བསྐྱོད་དེ་དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་མཛད། ཚེས་བཅུ་དྲུག་ལ་ཡུམ་རིན་པོ་ཆེའི་དུས་མཆོད་ལ་གྲྭ་ཚང་དུ་ཡིག་བརྒྱ་འབུམ་ཐེར་གསོག་པའི་ཟླ་གཅིག་གི་ཕོགས་དང་ཡོན་གྱི་དངོས་སྤྱད་ཕུལ་དུ་བྱུང་བ་འབྱོར་བ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ཕྱག་རྒྱ་རྐྱང་པའི་སྒྲུབ་ཐབས་ལ་བརྟེན་ནས་ཡིག་བརྒྱ་གསོག་པ་དང་རྗེས་འབྲེལ་དུ་མྱོང་གྲོལ་གྱི་རིལ་སྒྲུབ་ཀྱང་བགྱིད་དུ་སྩལ། ཉེར་བཞི་ལ་རས་ཆེན་རིག་འཛིན་རྣམ་རྒྱལ་གྱི་གྲྭ་སློབ་རས་པ་ཕོ་མོ་བརྒྱ་ཕྲག་ཏུ་ཉེ་བས་མཇལ་ཞིང་དབང་ལུང་དང་གཏན་གྱི་བདེ་བ་ལ་བཀྲི་བའི་འཇུག་ལྡོག་གི་བསླབ་བྱས་རེ་བ་སྐོང་བར་མཛད་ཅིང་། གཞན་ཡང་ཕྱོགས་འདུས་པ་མང་པོར་གཏེར་གསར་སྐོར་གྱི་དབང་ལུང་། འཕོ་ཁྲིད། གྲགས་རྒྱལ་གྱི་གཏོར་མ་སོགས་འདོན་ཆོས་ཀྱི་སྐོར་མང་བ། སེམས་བསྐྱེད། བསྔོ་བྱང་སོགས་གང་ལ་གང་འཚམས་པས་སོ་སོའི་བསམ་པ་ཚིམ་པར་མཛད། ཟླ་བ་བཅུ་གཅིག་པའི་ཚེས་གཉིས་ཀྱི་ནུབ་གཞིས་ཀར་མནལ་ལྟས་ཤིན་ཏུ་འཚུབ་པ་བྱུང་བར་བརྟེན་སྐུ་རིམ་གྱི་ཞབས་སྐུལ་བ་ཆེད་དུ་རྫོང་སྟ་གནང་ཞིང་། འདི་སྐབས་ཚོགས་དགེ་འདུན་སྒང་པ་རྣམས་ནང་གི་ཆགས་སྡང་ལ་བརྟེན་ཏེ་སྡེ་ཚན་སོ་སོར་བྱེ་ནས། གོང་དུ་ཞུ་ཁྲ་ཕུལ་བའི་རྐྱེན་གྱིས་མཐར་ལྷུངས་འཐོར་ཞིག་ལ་གྱ་བ་ན་གོང་དུ་ཞུ་ཕོད་བསྐྱེད་པའི་ཞུ་ངོ་ནན་ཆེར་བཏུད་པར་མཛད་པས་ཆད་སྒྲུབ་ཙམ་གྱིས་ཉེས་ཆད་ཡངས་པའི་བཀའ་དྲིན་སྩལ་བར་གཟུ་བོའི་བློ་ཅན་རྣམས་ཀྱིས་རྗེས་སུ་ཡི་རང་བ་དང་བཀའ་དྲིན་བཟོ་བའི་ཁྱད་ནོར་གྱི་འབུལ་བའང་རྒྱས་པར་སྟོབ་ཅིང་། ཁེ་ཆེན་སྤྲུལ་སྐུ་དང་གློ་བོ་བླ་མ་སོགས་ལ་འཇམ་དབྱངས་མགོན་པོའི་གཅོད་ཡུལ་ཟབ་དོན་ཐུགས་ཀྱི་སྙིང་པོའི་ལུང་དང་། ཚེས་བརྒྱད་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་གཞིས་བྱེས་ཀྱི་དབུ་ཆེ་དང་། བདག་ཅག་གྲྭ་ཚང་གི་གྲྭ་པ་དོན་གཉེར་ཅན་འགའ་རེ་བཅས་པར་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་བསམ་གཏན་ངལ་གསོ་དང་སྒྱུ་མ་ངལ་གསོ་གཉིས་རྩ་འགྲེལ་ཁྲིད་ཡིག་དང་བཅས་པ། ངལ་གསོ་སྐོར་གསུམ་སོ་སོའི་བསྡུས་དོན་དཀར་ཆག རང་གྲོལ་སྐོར་གསུམ་གྱི་རྩ་བ་སོགས་དང་། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་དག་སྣང་དང་བཀའ་འབུམ་ཐོར་བུ། བསྟན་གཉིས་གླིང་པའི་ཚེ་དཔག་མེད་དཀར་པོའི་སྒྲུབ་ཐབས་དང་དབང་ཆོག་ལ་སོགས་པའི་ལུང་རྣམས་རིམ་པར་སྩལ་ཅིང་། དེ་དག་གི་ཚེ་གྲྭ་ཚང་ཆེན་མོའི་གྲྭ་པ་དོན་གྲུབ་རྒྱ་མཚོ་ས་གདོན་བབས་ལྕི་བས་ཟིན་ནས་བྱིན་རླབས་ཞུར་བྱུང་བར་ནཱ་ག་རཀྴའི་རིག་གཏད་གནང་ནས་བསྙེན་སྒྲུབ་མཛད་དུ་སྩལ་ནའང་སྒང་གཤོངས་འཐེམས་གསུམ་གྱི་སྲང་ནས་འདོན་པའི་ཐུགས་རུས་ཀྱི་ནུས་པ་ཞན་པས་ཐོག་མར་ངོ་བླངས་པ་ཙམ་ལས་ཕྱིས་ཕན་པ་ནི་མ་བྱུང་ཡོད་པར་འདུག་གསུང་། ཁམས་སྡེ་དགེ་ནས་རྫོགས་ཆེན་པ་པདྨ་རིག་འཛིན་ཡོན་མཆོད་ཀྱིས་གསེར་དངུལ། ཇ་ཁྲབ་སོགས་ཀྱི་སྐྱེས་འབུལ་འབྱོར་བར་དད་རྟེན་སོགས་ཀྱི་སྐྱེས་ལན་ཀྱང་སྩལ་ཅིང་མི་སྣ་རྣམས་ལ་ཆོས་དང་ཟང་ཟིང་གིས་རེ་བ་ཚིམ་པར་མཛད། ཟླ་བ་བཅུ་གཉིས་པའི་འགོར་མི་དབང་ཆེན་པོར་སྤྱན་ལྟས་འཚུབ་ངོ་ཤར་བའི་སྐུ་རིམ་ཞབས་སྐུལ་བ་ཆེད་དུ་རྫོང་སྟ་གནང་ཞིང་། ཁེ་ཆེན་སྤྲུལ་སྐུ་དཔོན་སློབ་སོགས་ཕྱོགས་འདུས་པ་མང་པོར་གཏེར་གསར་བླ་མ་ཞི་དྲག རྡོར་སེམས། དྲེགས་འཇོམས་སོགས་ཀྱི་དབང་ལུང་དང་ཐུགས་ཐིག་དང་ཨ་ཏིའི་ཀ་དག་གི་ཁྲིད་རྣམས་རིམ་པར་སྩལ། ཚེས་ཉི་ཤུ་ནས་གྲྭ་ཚང་གི་དུས་རིམ་སྟབས་གཙུག་ལག་ཁང་དུ་སྟན་སྤོས་ཏེ། ས་ཆོག་ནས་བཟུང་གདབ་ཁ་རྒྱས་པ་ཟོར་འཕེན་གཏོར་འབུལ་བར་གྱི་སློབ་དཔོན་དུ་ཞབས་བསྐྱོད་ཅིང་སྒྲུབ་མཆོད་འདི་སྐབས་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་མང་འགྱེད་བཟང་པོའི་བཤད་སྟོན་དང་བཅས་ཏེ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་གསང་བ་སྙིང་པོའི་བཤད་འབུལ་མཛད་པས་ཐམས་ཅད་ཡ་མཚན་པར་གྱུར་ཏེ། དགུང་ལོ་བདུན་པ་ལ་འདི་ལྟ་བུའི་ཐུགས་རབ་དང་སྤོབས་པ་རྨད་དུ་བྱུང་བ་ཞེས་བསྔགས་ཤིང་གྲྭ་སློབ་ཚང་མས་ལེགས་འབུལ་ཡང་རྒྱས་པར་བསྟར།

དགུང་ལོ་ཞེ་བརྒྱད་པ།

དགུང་ལོ་ཞེ་བརྒྱད་པ་ཆུ་བྱ་གནམ་ལོའི་རང་ཞལ་གསར་དུ་ཚེས་པའི་དགྱེས་སྟོན་གྱི་ཚོགས་དབུར་ཞབས་བསྐྱོད་ཅིང་། ཉིན་སྔ་རྟིང་གི་བཞུགས་གྲལ་སོགས་སྔར་ལམ་ལྟར་ཕུན་སུམ་ཚོགས་པར་མཛད། འདི་སྐབས་གྲྭ་སྡིངས་པོ་ཆེ་རྩ་འཛིན་གྱི་བླ་མ་མེད་གཤིས་བར་མ་དོར་ལུས་པ་མ་འགབ་པ་དང་། ས་འབྲེལ་མཚུངས་བཅས་འདི་ནས་འཛིན་སྐྱོང་གནང་བ་འགབ་པའི་གོང་ནས་བཀའ་ཤོག་ཕེབས། དེ་དོན་ལྟར་གོང་དཀར་ནས་སྤྲོད་དཔང་ཡང་འབྱོར་བ་ནས་གཅུང་ཀུན་དགའ་ལགས་དཔོན་གཡོག་རྣམས་རྩིས་ལེན་དུ་རྫོང་བདའ་མཛད་ཅིང་། དགོན་དེའི་གྲྭ་སློབ་རྣམས་ཀྱིས་སྤྱན་འདྲེན་ནན་བསྐྱེད་བྱུང་བ་ལྟར་ཚེས་བཅུ་གསུམ་ལ་ཆིབས་བཏེག་པའི་དེ་ནུབ་སྐྱིད་རུར་བཞུགས། ནངས་པར་ཆིབས་བསུ་དང་སེར་སྦྲེངས་ཀྱི་བཀོད་པ་རྒྱས་པས་མདུན་བསུས་ཏེ་གཟིམས་ཆུང་གཞལ་ཡས་ཁང་དུ་གདན་དྲངས་ནས་ཕེབས་སྤྲོའི་སྟོན་མོ་རྒྱ་ཆེར་སྟོབ། བཅུ་བདུན་གྱི་སྔ་དྲོ་འདུ་ཁང་གི་ཁྲི་ཐོག་ཏུ་སྤྱན་དྲངས་ཏེ་མཁའ་འགྲོའི་བརྟན་བཞུགས་དང་འབྲེལ་བར་གཉུག་མར་གནས་པ་རྣམས་ཀྱིས་ཁྲི་སྟོན་གྱི་སྟོན་མོ་དང་འབུལ་བ་རྒྱས་པར་སྟོབ་ཅིང་། སྡེ་ཡས་མས་དང་སྦྱིན་བདག་སོགས་ཐུགས་འབྲེལ་ཅན་གློ་བུར་དུ་ལྷགས་པའི་ལེགས་སྐྱེས་འབུལ་མི་མཐའ་ཡས་པ་བྱུང་། འདུས་པར་མང་ཇ་བཅུ་སྐོར་དང་ཇ་དར་གྱི་འགྱེད་སོགས་ཕུལ་དུ་ཕྱིན་པ་སྩལ་ནས་ཚེས་ཉི་ཤུ་ལ་ཆིབས་བཏེག་པའི་དེ་ནུབ་དགེ་འདུན་སྒང་ཚོགས་པས་ཀུན་རར་སྤྱན་དྲངས་ཏེ་སྤྱི་སྒེར་ཚང་མས་མཆོག་ཏུ་གུས་པས་འབུལ་བ་དང་ཞབས་ཏོག་ཕུན་སུམ་ཚོགས་པ་ཕུལ་ཞིང་། ཕར་ཡང་དགེ་འདུན་ལ་མང་ཇ་དང་ཇ་འགྱེད། གོས་དམར་སེར་མའི་རྣམ་སྦྱར་ཆ་དང་། རྒྱ་འཆོལ་ཆེ་བའི་སྤྱི་འབུལ་སོགས་གང་ལ་གང་འཚམས་ཀྱི་གནང་སྦྱིན་དང་། ཞལ་ཏ་ལ་སོགས་པས་རེ་བ་ཚིམ་པར་མཛད་ནས་གདན་སར་ཕྱིར་ཕེབས། དེར་བསམ་ཡས་ཆོས་སྐྱོང་གི་སྐུ་རྟེན་པ་ཆེད་གཏད་མཇལ་དུ་བྱུང་བར། ཚེ་རྟའི་དབང་དང་ལེའུ་བདུན་མའི་ལུང་སོགས་ཀྱིས་བཞེད་པ་སྐོང་བར་མཛད་ཅིང་། ལེགས་གླིང་ཞལ་ངོ་རྣམས་གྲྭ་ནང་དུ་འཕོ་སྐྱས་ཀྱིས་ཕྱི་ཕྱག་འབུལ་དུ་བྱུང་བར་ངལ་གསོའི་བཀའ་མཆིད་ཀྱིས་དབུགས་དབྱུང་ཞིང་གནང་སྦྱིན་ཡང་རྒྱས་པར་སྩལ། འདི་སྐབས་འདུམ་པོའི་ནེ་ནེ་ལགས་དང་ཕུན་རབ་ཆོས་དྲུང་། ལྕོག་བུ་དབོན་མོ། སྒྲུབ་ཆེན་འབྱོར་རྒྱས་སོགས་རས་པ་ཕོ་མོ་དད་འདུས་ཅན་བཞི་བཅུ་སྐོར་དང་བཅས་པར་ཐུགས་ཐིག་གི་དབང་དང་ཉམས་ཁྲིད་རིམ་པར་མཛད་ཅིང་། གཞིས་ཀའི་ལྕམ་མཚོ་ཆུང་ལགས་སྐུ་གཤེགས་པའི་མགྱོགས་བསྔོ་རྟེན་འབྱོར་བར་ཐུགས་དམ་གྱི་སྐྱབས་ཏེ་ཐར་ལམ་རྙེད་པའི་བཀའ་དྲིན་མཛད། ཟླ་བ་གཉིས་པའི་ཚེས་གཉིས་ནས་གསོ་བ་རིག་པའི་གནས་ལ་དྲང་སྲོང་རྒྱུན་ཤེས་ལྟར་གྱུར་པ་འཚོ་བྱེད་གཞན་ཕན་མཆོག་སྦྱིན་གྱིས་དངུལ་ཆུ་བཙོ་འཁྲུ་སོགས་རིན་པོ་ཆེ་གྲངས་སྦྱོར་གཞུང་དང་མན་ངག་མཁས་པའི་ཕྱག་བཞེས་བཞིན་དུ་སྦྱར་བར་སྨན་སོགས་མཁོ་རྒུའི་མཐུན་རྐྱེན་མ་ཚང་བ་མེད་པ་སྦྱོར་བར་མཛད་ཅིང་། གོང་དུ་འཚམས་དྲིའི་ཞུ་ཡིག་དང་གཞིས་ཀར་གདུང་འབུལ་སྙེལ་ཇ་འབུལ་བ་བཅས་གཟིམས་དཔོན་ཆོས་མཛད་རྫོང་སྟ་གནང་། དེའི་སང་ཉིན་གཞིས་ཀ་ནས་བདུན་ཚིགས་ཀྱི་བྱང་བཞུ་དང་བསྔོ་བའི་རྟེན་སྐུ་རྒྱན་ན་བཟའ་གོས་དར་སོགས་རྒྱ་ཆེན་པོ་འབྱོར་བར་གནས་ལུང་སྒྲིབ་སྦྱོང་གི་ཆོ་ག་སྨིན་པར་མཛད་ཅིང་། གསོལ་དཔོན་དགོས་འཕེལ་འདས་པའི་འདད་ཀྱི་གྲལ་དབུར་ཡང་ཞབས་བསྐྱོད། ཚེས་བདུན་ནས་བཟོ་རིག་པ་རྣམས་བསླེབས་ཏེ་བཀའ་འགྱུར་འབྲི་འཕྲོའི་ཡིག་གྲྭ་དང་སྐུ་འབུམ་གྱི་ལྡེབས་རིས་འབུར་བཟོ་སོགས་ཀྱི་ལས་གྲྭ་ཚུགས་པར་གཟིགས་རྟོག་དང་འཆར་སྟོན་གྱི་ཞལ་བཀོད་ཐེམས་པར་སྩལ་ཅིང་། གཞིས་ཀ་ནས་གྲྭ་ཚང་འདུས་པར་ཟླ་ཕྱེད་བར་སྐོང་བཤགས་འཛུགས་པའི་ཕོགས་ཡོན་སོགས་ཀྱི་དོད་དུ་དངོས་སྤྱད་བཟང་ཞིང་རྒྱ་ཆེ་བ་དང་། བསྔོ་རྟེན་དང་བྱང་བཞུ་ཆས་ཀྱི་རྟེན་གསུམ། མཆོད་ཆས་ན་བཟའ། རིན་པོ་ཆེའི་སྐུ་རྒྱན་སོགས་ཁྱད་ནོར་ཚན་ཆེ་བ་འབྱོར་བར་དོང་སྤྲུགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྐོང་བཤགས་བགྱིད་དུ་སྩལ་ཞིང་བྱང་བཞུའི་ཆོ་ག་དང་དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་སྒྱུར་མཛད། ཚེས་བཅུ་གཅིག་གི་སྔ་དྲོ་རྒྱུ་སྐར་རྒྱལ་ལ་སྤྱོད་པའི་དུས་དགེ་བར་སྐུ་འབུམ་མཐོང་གྲོལ་ཆེན་མོའི་སེང་ཁྲི་རྡོ་རྗེ་གདན་གྱི་བྱམས་ཆེན་གྱི་ཁྲིར་གནོད་སྦྱིན་འཁོར་ལོ་སོགས་གཞུགས་པར་མཛད་དེ་མེ་ཏོག་འཐོར་ཞིང་། བསམ་དགོན་ནས་ལྕམ་སྲིང་མ་བསོད་ནམས་དཔལ་འཛོམ་ཡུམ་སྲས་ཕེབས་པར་མཇལ་ཁ་སྩལ། ཆོས་མཛད་ཕྱིར་འཁོར་བའི་གོང་ནས་ཐུགས་མཉེས་པའི་བཀའ་ཤོག་གནང་སྐྱེས་བཟང་པོ་དང་། ཆུ་མིག་ཁ་ནས་དཔོན་སའི་དྲུང་གིས་རྟེན་རྒྱ་ནག་མ་དང་གོས་དར་ཚན་ཆེ་བ། དར་ཕོད་ནས་ཀྱིས་རྒྱ་འཆོལ་ཁྱད་ཅན་སོགས་ཀྱི་འབུལ་བའང་འབྱོར། ཚེས་བཅུ་དགུ་ནས་ཁྲིད་ཞུ་བ་སྔ་མ་རྣམས་ཀྱི་སྟེང་དུ་སྙིང་ཕུ་སྤྲུལ་པའི་སྐུ་སོགས་མང་པོར་ཨ་ཏི་ཟབ་དོན་སྙིང་པོའི་མྱོང་ཁྲིད་སྨིན་པར་སྩལ་ཅིང་། ཁྲིད་ཞུ་བའི་ཁྲོད་ནས་ཆབ་མདོ་དགེ་སློང་ངག་དབང་བློ་བཟང་གིས་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ་རྗེའི་སྤྱན་སྔར་མཛུབ་མོ་མར་མེའི་མཆོད་པར་ཕུལ་བར་སྐུ་ལ་བཞེས་འཕྲོའི་སྐུ་བཟན་ལ་སོགས་པའི་གནང་སྦྱིན་དང་། བདག་སོགས་སྨོན་ལམ་འདོན་མིའི་དགེ་སློང་རྣམས་ལའང་ཡོན་རྒྱས་པར་སྩལ། ཟླ་མཇུག་སྐུ་ཚ་མོ་དཔལ་འབྱོར་དབང་མོ་བྱ་བའི་ཁབ་ཏུ་བཏེག་པར་མཁོ་དགུའི་སྐྱེས་དང་ལེགས་བྱ་སྟོབ་མི་ཡང་མངགས་ཤིང་། འདི་དག་གི་ཚེ་གཞིས་ཀའི་སྐོང་བཤགས་དོ་དམ་རབ་འབྱམས་པ་དང་། སྐུ་ཞབས་གྲྭ་ཚང་ཆེན་མོའི་ཐུགས་དམ་རྒྱ་ཅན་སྐོར་བཞེངས་པའི་དཔོན་ཡིག་སོགས་ཕྱོགས་འདུས་པ་མང་པོར་རྒྱ་ཅན་གྱི་རྡོ་རྗེ་གྲོ་ལོད་ལ་སོགས་པས་མཚོན་པའི་དབང་ལུང་། སེམས་བསྐྱེད། གསོན་གཤིན་གྱི་བསྔོ་བྱང་སོགས་གང་ལ་གང་འཚམས་སུ་སྩལ་བས་ཐར་པའི་ས་བོན་བཞག ཟླ་བ་གསུམ་པའི་ཚེས་གཅིག་ལ་སྐུ་འབུམ་སེང་ཁྲིའི་བྱམས་ཆེན་གྱི་གཟུངས་རྣམས་རུས་ཤིང་ལ་བརྟེན་པའི་རབ་ཏུ་གནས་པ་མཛད། དེའི་སང་ཉིན་སྔར་གྱི་ཞལ་སློབ་རྙིང་པ་ཁམས་པ་བླ་མ་ཨོ་རྒྱན་རང་ཤར་གྱིས་གསེར་དངུལ་གོས་དར། དཀར་དཔྱད། མཆོད་ཆ། རྟ་དྲེའུ། མཛོ་གཡག་སོགས་ཀྱི་འབུལ་བ་རྒྱ་ཆེན་པོ་ཕུལ་ཞིང་། ཁམས་པ་བླ་མ་སོགས་ཕྱོགས་འདུས་ཀྱི་སྐལ་ལྡན་ཉི་ཤུ་སྐོར་ལ་གཏེར་གསར་གུ་རུ་ཞི་དྲག འཇོམས་བྱེད། རྡོར་སེམས་རྣམས་ཀྱི་དབང་བཀའ་ལུང་བཀའ་དང་ཁྲིད་བཀའ་ཅི་རིགས་པའང་མཛད། དེ་དུས་བླ་མ་ཆུ་མིག་པས་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་ལས་བྱང་དངོས་གྲུབ་རོལ་མཚོ་ཆོས་སྦྱིན་མི་ཟད་པའི་ཕྱིར་པར་དུ་བསྒྲུབས་ཏེ་ཆེད་གཏད་འབུལ་མི་འབྱོར་བར་ན་བཟའ་སོགས་ཀྱི་སྐྱེས་ལན་ཡང་རྒྱས་པར་སྩལ་ཅིང་། ཚེས་བདུན་ནས་བཟུང་གོང་ཞབས་ཡས་ཕྱིན་གྱི་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གི་བར་སྨིན་པར་མཛད་ནས་ཚེ་རྫས་རྣམས་ཆེད་དུ་འབུལ་མི་རྫོང་སྟ་གནང་ཞིང་། ཟིང་པོ་སྔགས་འཆང་ཚེ་བདག་དཔའ་བོར་ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་དང་ལས་སྦྱོར་ཅི་རིགས་པའི་ཕྱག་ཁྲིད་ཀྱང་སྩལ། འདི་སྐབས་ཟོ་ལུང་པ་སོགས་གཙང་ཕྱོགས་ཀྱི་སྔགས་སྡེ་མང་པོར་ཞབས་བརྟན་ལྷ་ཁང་གི་ཨར་པོའི་འུ་ལག་འཁྲིས་པར་གོང་མའི་ཐུགས་རྗེ་བསྐུལ་ཏེ་བདེ་བར་གནས་པའི་ཕན་པ་སྒྲུབ་པར་མཛད། དེ་དུས་གཞུང་ས་མཆོག་ལ་ལྟ་བའི་མཚན་ལམ་འཚུབ་པ་བྱུང་བ་ལྟར་སྐུ་རིམ་གྱི་ཞབས་སྐུལ་དུ་གནས་ཚུལ་འབུལ་མི་ཆེད་དུ་མངགས་པར་མཛད་ཅིང་། ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་བདག་ཅག་གཉུག་མར་གནས་པ་དང་གློ་བོ་བླ་མ་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་འགའ་ལ་ཨོ་རྒྱན་གྱི་རྣམ་ཐར་ཟངས་གླིང་མ། རོང་ལུགས། ཉང་ལུགས། སྣ་ནམ་ལུགས་ཏེ་ཕུར་པ་བཀའ་མ་ལུགས་གསུམ་དང་། མཁས་གྲུབ་བློ་གྲོས་རྒྱལ་མཚན་གྱི་བཀའ་འབུམ་རྣམས་ཀྱི་ལུང་། ཟླ་བ་བཞི་པའི་འགོར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་དང་། སྐྱི་སྟོན་ཆོས་རྗེ། གོ་འཇོ་བླ་མ་སོགས་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་། ཟོ་ལུང་གདུང་བརྒྱུད་ལ་ཕག་མོ་ཟབ་རྒྱའི་གཏུམ་མོའི་ཁྲིད་སོགས་ཕྱོགས་འདུས་པ་མང་པོར་དབང་ལུང་ཟབ་ཁྲིད་ཀྱི་འདོད་ཆོས་མཐའ་ཡས་པ་རིམ་པར་སྩལ། ཚེས་བཅུ་བཞིར་བསམ་དགོན་གདུང་བརྒྱུད་ཟིལ་གནོན་གྱི་གཙུག་ཕུད་བཞེས་ཤིང་། དེ་ཉིན་རྗེ་ཉིད་ཀྱི་དགུང་ལོ་ཞེ་བདུན་ཡན་གྱི་གསང་བའི་རྣམ་ཐར་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོའི་བཀའ་རྩོམ་ཡང་གྲུབ། དེའི་སང་ཉིན་ཁེ་ཆེན་སྤྲུལ་སྐུ་དཔོན་སློབ་ལ། བླ་ཆས། རྟེན་མཆོད། དད་རྟེན་གྱི་གནང་ཆ་བསྐོ་འཇའ་དང་བཅས་ཏེ་རྫོངས་སྟ་མཛད་ཅིང་། སྡིངས་པོ་ཆེའི་དགོན་ལག་གི་བླ་མ་རྣམས་ཀྱང་ཐོག་མའི་མཇལ་ཕྱག་ཞུ་བར་རིམ་པར་འབྱོར། སྐབས་འདི་དག་ཏུ་ཞབས་དྲུང་རིན་པོ་ཆེས་དབུས་བདག་ཅག་ཞལ་ངོ་རྣམས་དང་། གློ་བོ་བླ་མ། ཤེལ་བྲག་པ། གྲྭ་ཚང་གི་དབུ་ཆེ་དང་དགེ་བཤེས་རགས་བསྡུས་ལ་རོང་ཕུར་གྱི་དབང་བཀའ་དང་། ཆོས་དབང་དང་པད་གླིང་གི་ཕུར་པ་སྤུ་གྲི། རཏྣའི་མ་ནིང་། གཤིན་རྗེ་ཁྲོ་ཆུ། ལོཀྟྲི་རྣམས་ཀྱི་དབང་ལུང་ཕྱག་ཁྲིད་སོགས་མཐའ་རྒྱས་སུ་སྩལ་ཅིང་། བྱ་པ་ཞབས་དྲུང་སྐུ་མཆེད་སྟངས་དཔྱལ་ཚང་མ་ལྷ་སར་ཕེབས་ཞོར་ལ་ཆིབས་བསུ་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ་ཞག་གཉིས་བཞུགས་པར་སྟོན་མོ་སྐྱེས་སྐྱེས་ལན་དང་བཅས་པ་ལེགས་པར་བསྟར། ཟླ་བ་ལྔ་པའི་འགོར་སྔར་གྱི་ཆོས་ཞུ་བ་རྣམས་ལ་དམག་བཟློག་ཉེར་ལྔའི་དབང་ལུང་ཕྱག་ཁྲིད་དང་བཅས་པ། ཞིག་གླིང་རྣམ་ཐར་གྱི་ལུང་། རྡོར་གླིང་གི་ལྟ་བ་ཀློང་ཡངས་ཀྱི་དབང་ཡོང་རྫོགས་དང་སྨེ་བརྩེགས་ཀྱི་ལུང་རྣམས་སྩལ་ཅིང་། ཚེས་བཅུ་མཆོད་པའི་ཚོགས་དབུར་ཞབས་བསྐྱོད་ནས་ཕྱི་ནང་གི་དད་ཅན་འདུས་པ་ལ་གཏོར་དབང་ཡང་མཛད། ཚེས་བཅོ་ལྔ་ནས་བཟུང་འཚོ་བྱེད་གཞན་ཕན་སོགས་སྨན་པ་ལྔ་རིན་ཆེན་རིལ་བུའི་སྒྲུབ་པ་བདུན་ཕྲག་གཅིག་གི་བར་བགྱིད་དུ་སྩལ་ནས་ཡོན་ཡང་རྒྱས་པར་གནང་ཞིང་། འདི་དུས་ཆར་ཤིན་ཏུ་དཀོན་པ་ལ་ཉེར་གསུམ་གྱི་སྔ་དྲོ་ལྷ་སྲིན་དམ་འདོགས་མཛད་པས་དེ་འཕྲལ་དུ་ཆར་བབས་ཏེ། ཞིང་པ་ཀུན་གྱི་གདུང་བ་བསལ་ནས་ཐམས་ཅད་དད་པའི་གནས་ལ་བཀོད། དེའི་ཕྱི་ཉིན་པ་སངས་ནམ་གྲུའི་འགྲུབ་སྦྱོར་བཟང་པོར་རྗེ་ཉིད་ཡབ་སྲས་ཀྱི་དབུས་ཞལ་ངོ་རྣམས་དང་ཞབས་ཕྱི་དྲུང་འཁོར་དང་བཅས་པ་ཐམས་ཅད་གཟིམས་དཔོན་ཆོས་མཛད་ཀྱིས་བྲང་ཁང་དུ་སྤྱན་དྲངས་ཏེ་ཞབས་ཏོག་དང་འབུལ་བ་རྒྱས་པར་སྟོབ། ཟླ་བ་དྲུག་པའི་འགོར་སླར་ཡང་ཆར་པ་ཐེན་པ་ལ་ཤོལ་པོ་ལུང་དུ་ཞབས་བསྐྱོད་ནས་ཆབ་གཏོར་གནང་བས་ཞོད་སོར་ཆུད་ཅིང་། ཚེས་གཉིས་ནས་བཟུང་དགེ་སློང་མཆོད་དཔོན་གྱིས་འགོ་བྱས་ཏེ་གོས་བཟོ་བ་རྣམས་ཀྱིས་རྒྱ་ཧོར་གྱི་གོས་རྙིང་བཟང་བསྡུས་ལ་ཡོལ་བ་བླ་རེ། རྒྱལ་མཚན། བ་དན། ཕྱེ་ཕུར་སོགས་མཆོད་རྫས་མང་པོ་སྒྲུབ་པའི་ཞལ་བཀོད་མཛད་ཅིང་། ཞབས་དྲུང་རིན་པོ་ཆེས་དབུས་དོན་གཉེར་ཅན་མང་པོར་རིན་ཆེན་གླིང་པའི་ནཱ་ག་རཀྴའི་དབང་ལུང་། ཞང་བློན་གྱི་རྗེས་གནང་། ཧོར་རྫ་དམར་བླ་མ་དང་མངའ་རིས་སྣང་བ་སོགས་ཕྱོགས་འདུས་ཀྱི་ཆོས་ཞུ་བ་མང་པོར་ཐུགས་རྗེ་ཆེན་པོ་ཙམ་མ་གཏོགས་གཏེར་གསར་སྐོར་གྱི་དབང་ལུང་ཁྲིད་དང་བཅས་པ་རིམ་པར་སྩལ་ནས་སོ་སོའི་རེ་འདོད་ཡིད་བཞིན་དུ་སྐོང་བར་མཛད། གནམ་གང་གི་ནུབ་མནལ་ལྟས་ཡ་མཚར་བ་འགའ་ཞིག་བྱུང་གསུང་སྟེ་འདིར་བཀའ་རྒྱ་ཡོད་པས་ཟུར་དུ་གསལ་ལོ། །ཟླ་བ་བདུན་པའི་འགོར་ཐེག་མཆོག་རབ་རྒྱས་གླིང་གི་གྲྭ་པ་དྲུག་ཅུ་སྐོར་དགེ་ཚུལ་སློང་གི་དངོས་པོ་སྒྲུབ་པའི་ཕྱིར་འབྱོར་བར་སོ་སོའི་མོས་སྐལ་བཞིན་ལས་ཀྱི་ཆོ་ག་རྣམ་པར་དག་པའི་སྒོ་ནས་ཚིགས་སྔ་ཕྱིའི་སྡོམ་པ་འབོགས་པ་བདག་ཅག་རྣམས་ཀྱིས་བགྱིད་དུ་སྩལ་ཞིང་། རྗེ་ཉིད་ནས་རིག་འཛིན་ཐུགས་ཐིག་གི་དཀྱིལ་འཁོར་དུ་དབང་བསྐུར་མཛད་པའི་ཚེ་གློ་བུར་དུ་ཆར་ཆེན་པོ་བབས་པ་སོགས་དགེ་མཚན་གྱི་པྲ་རྟགས་སུ་མཐོང་བས་འདུས་སྡེ་འདི་ཉིད་འཕེལ་རྒྱས་ཀྱི་རྟེན་འབྲེལ་དུ་གོ་གསུང་། དེ་དུས་འབྲས་ལྗོངས་དཔོན་མོ་གུ་རུ་དཔལ་མོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་སྐྱབས་འཇུག་ཞུ་རྟེན་གྱི་འབུལ་བ་སྤམ་མཐོ་བ་འབྱོར་བར་བྱང་ཆེན་དུ་བསྔོ་སྒྱུར་མཛད། ཞབས་དྲུང་རིན་པོ་ཆེ་དང་། གློ་བོ་བླ་མ་སོགས་ལ་ཉང་གི་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ། ཆོས་དབང་གི་ཚེ་སྒྲུབ་གོང་ཁུག་མ་སོགས་དང་། འབྲས་ལྗོངས་བླ་མ་ངག་དབང་གངས་སྟེངས་པ་ཤཱཀྱ་སོགས་ལ་གཏེར་གསར་སྐོར་གྱི་དབང་ལུང་དང་རྫོགས་ཆེན་གྱི་ཁྲིད་བཀའ་རྣམས་རིམ་པར་སྩལ། ཟླ་བ་བརྒྱད་པའི་འགོར་སྣ་དཀར་རྩེའི་ཞབས་དྲུང་རྒྱལ་བུ་དུས་ཀྱི་ཐ་མར་ཉེ་བས་བསྙུན་དྲག་པོས་ཟིན་པར་བརྟེན་སྐྱབས་གནས་སུ་སྤྱན་འདྲེན་པ་བྱུང་བ་ལྟར་ཚེས་དྲུག་ལ་ཆིབས་བཏེག ཕེབས་ལམ་དུ་འདུམ་པོའི་ཞལ་ངོ་སོགས་མཇལ་མི་སོ་སོའི་རེ་འདོད་ཆོས་བཞིན་དུ་སྐོང་བར་མཛད་ནས་མི་ལའི་ལ་བརྒྱུད་དེ་རིམ་པར་ཚེས་དགུ་ལ་སྟག་ལུང་རྫོང་དུ་ཕེབས། དེ་དུས་རྒྱལ་བུ་དུས་ཀྱི་ཡོལ་བ་བརྟེན་ནས་ཞག་གསུམ་ཙམ་སོང་འདུག་པར་ཚེས་བཅུ་ནས་བཟུང་ན་རཀ་དོང་སྤྲུགས་ཞི་ཁྲོ་རིགས་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་སྟེ་སྒྲིབ་སྦྱོང་དབང་བསྐུར་སོགས་གནས་ལུང་དཔྱང་ཐག་གི་ཆོ་ག་ངོ་སྤྲོད་དང་བཅས་པ་ཉིན་རེ་བཞིན་སྩལ་བས་རྗེས་སུ་བཟུང་སྟེ་འཁོར་བ་མཐའ་ཅན་དུ་མཛད་ཅིང་། ཉིན་རེ་བཞིན་བསྔོ་རྟེན་གྱི་འབུལ་བའང་རྒྱས་པར་སྟོབ། དེར་རྗེས་ཞུགས་རྣམས་རང་བློ་ཐ་དད་པའི་ཁྱེར་སོས་གྱ་ཞིག་ཏུ་ཉེ་བར་སྣང་བ་ལ་ཕན་རེའི་ཐུགས་བསྐྱེད་བཟང་པོས་སྤྱི་དང་བྱེ་བྲག་ཐམས་ཅད་དུ་འཁོས་སློབ་ཀྱི་ཞལ་ཏ་མཛད་ཅིང་། དེ་དུས་ཐམས་ཅད་ཐུགས་བདེན་ཞེས་མགྲིན་གཅིག་ཏུ་འགྲོ་བར་བྱེད་ནའང་འདུས་བྱས་ཀྱི་མཚན་ཉིད་མྱོང་འགྱུར་ལ་སུ་ཞིག་གིས་བཅོས་སུ་འགྲོ་བས་རིང་པོར་མ་ལོན་པར་མངོན་དུ་གྱུར་པ་སྟེ། སྔར་ཆུ་གླང་ལོ་བྱུང་བའི་རྗེ་འདི་ཉིད་ཀྱི་གཟིགས་སྣང་དུ། མགོ་མེད་མི་གསུམ་ཚོགས་པའི་དཔུང་། །མཚོ་གླིང་དགུ་ཡི་མཁར་ལ་རྒྱབ། །སྤྱང་གྲུང་མེལ་ཚེ་མ་ཤེས་ན། །དར་བསང་ཆུ་ཡི་རྐྱལ་པ་འདྲ། །ཞེས་པའི་ལུང་བསྟན་དེ་ཉིད་གཏན་ལ་ཕེབས་པ་འདྲའོ། །གང་ལྟར་ནའང་ཚུར་འབུལ་བཟང་ཞིང་རྒྱ་ཆེ་བ་སྟོབ་པ་བདག་གིར་བཞེས་ནས། ཕར་ཡང་སྐྱེས་ལན་རྐྱེན་སེལ་གྱི་དབང་བཀའ་བྱིན་རླབས་སོགས་སྩལ་ཏེ་གླིང་ནས་སྤྱན་འདྲེན་པ་འབྱོར་བ་ལྟར་ཆིབས་བཏེག དཔོན་བློན་རྣམས་ཀྱིས་བསུ་བའི་བཀོད་པ་དང་བཅས་པས་བསམ་གྲུབ་མཐོང་སྨོན་གཞིས་ཀར་སྤྱན་དྲངས་ཏེ་ཕེབས་སྤྲོའི་སྟོན་མོས་མཚོན་རྒྱུན་གྱི་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད་ཅིང་། ཞབས་དྲུང་ཡབ་སྲས་སོགས་ཞལ་ངོ་རྣམས་ཚེ་རྟ་ཕྱག་རྡོར་གུར་དྲག་སོགས་ཀྱི་དབང་བཀའ། བྱད་འགྲོལ་སོགས་རྐྱེན་སེལ་གྱི་རིགས་དང་། ཞབས་དྲུང་ཡབ་ལ་མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་དམིགས་རིམ་ཤིན་ཏུ་འདྲིལ་བ་ཤར་ཁྲིད་དུ་མཛད། གྲྭ་ཚང་གིས་ཀྱང་ཚོགས་དབུར་སྤྱན་དྲངས་ཏེ་སྟོན་མོ་འབུལ་ནོད་རྒྱས་པར་སྤྲོས་ནས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་ཕུལ་ཞིང་། སྐྱེས་ལན་དུ་མང་འགྱེད་དང་། ཚེ་དབང་། ལེའུ་བདུན་མའི་ལུང་སོགས་ཀྱི་ཆོས་འབྲེལ་ཡང་སྩལ། ཕྱག་མཛོད་ནང་སོས་ཀྱང་རང་གི་ཁྱིམ་དུ་གདན་དྲངས་ཏེ་ཞབས་ཏོག་འབུལ་ནོད་རྒྱ་ཆེར་བསྒྲུབས། ཉི་ཤུ་ལ་གླིང་གཞུང་ནས་ཕེབས་རྫོངས་ཀྱི་སྟོན་མོ་དང་འབུལ་སྐྱེས་ཀྱི་དངོས་པོ་བཟང་ཞིང་རྒྱ་ཆེ་བ་བསྟར་ཞིང་སྐྱེས་ལན་གྱི་ཚན་གྲངས་སྲུང་མདུད་དད་རྟེན་སོགས་ཀྱང་རྒྱས་པར་སྩལ་ནས། ཞབས་དྲུང་ཐུགས་སྲས་རིན་པོ་ཆེས་ཕེབས་ཞོར་ལྷོ་བྲག་ཏུ་ཕེབས་དགོས་པའི་སྤྱན་འདྲེན་ནན་བསྐྱེད་ཀྱི་ཕོ་ཉ་བ་བསྟུད་མར་བྱུང་སྟེ་གླིང་གི་ཕུ་བརྒྱུད་ནས་དེ་ནུབ་བྲག་ནག་ལྷས་སུ་བཞུགས་ཤིང་ཐབས་བསུ་ཡང་འབྱོར། ནངས་པར་སྨོན་མདའི་ལ་ནང་དུ་གཟིམས་དཔོན་ཆོས་མཛད། དཔལ་དེའུ་སྡེ་པ་མཆེད་སྐུ་ཞང་འདུམ་པོ་བ་སོགས་ཀྱི་ཆིབས་བསུ་བཅས་ས་གཞི་བྱིན་གྱིས་རློབ་པའི་ཆེད་དུ་རྣལ་ལའི་གཞིས་ཀར་གསོལ་ཚིགས་ཕོག་པ་དགོས་ཚུལ་ལྟར་དེར་ཕེབས་ཏེ་སྟེང་ཤོད་ཀུན་ལ་ཕྱག་ནས་ཀྱང་འཐོར། དེ་ནས་གནམ་སྐས་གཏེར་སྒོའི་མདུན་དུ་གསེར་སྐྱེམས་དང་ཕྲིན་བཅོལ་ས་འཕན་འབུལ་བ་སོགས་མཛད་ཅིང་། རིམ་པར་བསམ་གྲུབ་བདེ་བ་ཆེན་པོའི་གཙུག་ལག་ཁང་གི་སྟེང་ནས་རབ་ཏུ་བཀྲ་བའི་དར་འཕྱར་མཁའ་ཁྱབ་ཏུ་བྲེས་པ་ལྟ་བུ་དང་། བསང་དུད་སོགས་བསུ་བའི་བཀོད་པས་སྔུན་བསུས་ཏེ་གཟིམས་ཆུང་དབང་ལྡན་དུ་སྤྱན་དྲངས་ནས་ཕེབས་སྤྲོའི་སྟོན་མོ་རྒྱས་པར་བསྟར་རྗེས་ཞབས་དྲུང་ཡབ་སྲས་ཀེའུ་ཚང་ཁྲ་མོར་བཅད་རྒྱ་དམ་པོར་བཞུགས་པའི་མཚམས་ཁོག་ཏུ་སྤྱན་དྲངས་ཏེ་མཇལ་འཕྲད་དང་། དེ་ཉིད་དུ་ཞག་བཞིའི་བར་སྟན་འཇགས་པར་ཕུན་སུམ་ཚོགས་པའི་བསྙེན་བཀུར་དང་ཉིན་མཚན་བར་མེད་དུ་ཐུགས་གཅུགས་པའི་གསུང་མོལ། བར་བར་དུ་རོལ་ཆ་དབང་ཆས་སོགས་ངོ་མཚར་བའི་དངོས་སྤྱད་ཀྱི་གཟིགས་འབུལ། ཕན་ཚུན་ཚེ་དབང་བསྣོལ་མ་དང་ཕར་སྒྲོལ་དཀར་གྱི་རྗེས་གནང་ལྷག་པོར་འབུལ་བར་མཛད་ཅིང་། ཐེག་མཆོག་རབ་རྒྱས་གླིང་གི་དགེ་འདུན་རྣམས་ཀྱང་ཕྱག་རྟེན་བཟང་པོ་བཅས་མཇལ་དུ་བྱུང་བར་མང་འགྱེད་དང་ཆོས་འབྲེལ་སྩལ་ནས། དེ་ཉིན་ཕེབས་རྫོངས་ཀྱི་སྟོན་མོ་ལྷོ་ཟོག་གི་དངོས་པོ་བཟང་དགུའི་འབུལ་སྐྱེས་ཕུན་སུམ་ཚོགས་པ་སྟོབ་ཅིང་། སྐྱེས་ལན་ཡང་རྒྱས་པར་སྤྲོས་ཏེ། ཉེར་ལྔ་ལ་ཆིབས་བཏེག་པའི་ལམ་ཞོར་ལྷ་ལུང་གི་གནས་གཟིགས་དང་། གཟིམས་ཆུང་དུ་གཏེར་གསར་མགོན་ཁང་གསར་སྒྲིག་གནང་འདུག་པར་མངའ་གསོལ་གྱི་བསྐང་བ་དང་རབ་ཏུ་གནས་པའི་མེ་ཏོག་འཐོར་བར་མཛད་ཅིང་། དེར་གཉེར་ཚང་ནས་གདུགས་ཚོད་ཀྱི་ཞལ་ཟས་བཟང་ཞིང་རྒྱས་པ་དང་། གྲྭ་པ་སྒེར་ཁག་སོ་སོས་ཀྱང་ཇ་ཞུ་དང་འབུལ་བ་ཅི་ཐོབ་ཏུ་བསྒྲུབས་པར་གང་ལ་གང་འཚམས་ཀྱི་བསྔོ་བ། བཀའ་བསྒོ་བྱིན་རླབས། ཚོགས་པ་ཡོངས་ལ་ལོཀྟྲིའི་སྒོམ་བཟླས་དང་འཁོར་ལོ་འབར་བའི་ལུང་སོགས་ཀྱིས་རེ་བ་ཚིམ་པར་མཛད་ཅིང་། ཕེབས་ཞོར་ལ་མེ་ཏོག་ལྷ་ནང་དུ་མཚན་བརྒྱད་ཀྱི་བྲིས་ཐང་གསར་བཞེངས་ལ་མེ་ཏོག་འཐོར་ནས་དེ་ནུབ་སྤྱི་ཕུ་གཞིས་ཁར་བཞུགས། དེ་ནས་རིམ་པར་གདོང་སྐྱ། ན་མར། གྲ་བོ་ཕུ་རྣམས་སུ་ཞག་མལ་མཛད་དེ་སྡིངས་པོ་ཆེར་ཕེབས་ནས་གཞིས་བྱེས་ཀྱི་ཚོགས་པ་རྣམས་ལ་མང་ཇ་དང་ཇ་འགྱེད་སྩལ་ཅིང་། དེར་འདུམ་པོའི་ཞལ་ངོ་རྣམས་ཀྱང་བསྙེན་བཀུར་དང་འབུལ་བ་རྒྱས་པར་བཏེག་ནས་མཇལ་དུ་བྱུང་། སང་ཉིན་ཕེབས་ལམ་དུ་རྒྱལ་གླིང་ཚོགས་སྤྱི་སོས་ཀུན་ར་དང་། སྡེ་པ་ཆོས་བཟང་གིས་རང་གི་བྲང་ཁང་དུ་སྤྱན་དྲངས་ཏེ་སོ་སོའི་བདོག་དགུས་མཆོད་ཅིང་དེ་ནུབ་སྨིན་གྲོལ་གླིང་དུ་ཕེབས། དེའི་དུས་སུ་སྲིད་ཞིའི་སྐྱབས་མགོན་གོང་ཞབས་ཡས་ཕྱིན་གྱི་ཞབས་བརྟན་དང་། གངས་ལྗོངས་འགྲོ་བའི་བདེ་ཐབས། ཁྱད་པར་སྔ་འགྱུར་བཀའ་མའི་བསྟན་པ་ཤིན་ཏུ་ཉག་ཕྲ་བར་གྱུར་པ་འདི་ཉིད་ཀྱི་བཀའ་སྲོལ་ནམ་དུའང་མི་ནུབ་པར་འཕེལ་ཞིང་རྒྱས་པའི་ཆེད་དུ་གྲྭ་ཚང་དུ་སྒྱུ་འཕྲུལ་ཞི་ཁྲོ། འདུས་པ་མདོ། ཡང་དག་རྣམས་ཏེ་དཀྱིལ་འཁོར་བཞིའི་ཆོག་གྲྭ་འཛུགས་པ་གནང་བཞེད་ཀྱིས་ཚིགས་འཛིན་དང་། འདོན་དབྱངས་ཕྱག་རྒྱ་ཕྱག་ལེན་གྱི་ཁྲིགས་རིམ་རྣམས་བདག་ཅག་རྣམས་ལ་ཞིབ་ཁྲིད་དགོས་པའི་བསླབ་སྟོན་གནང་བ་ལྟར་ཡར་འབྲོག་ལ་ཆིབས་སྒྱུར་རིང་སྦྱངས་བདར་གྲུབ་པར་ཞུས་ཏེ། ཟླ་བ་དགུ་པའི་འགོ་ནས་བཟུང་ཆོག་ཁག་སྡེ་ཚན་སོ་སོའི་ཆོག་ཁྲིགས་ལ་ཞིབ་གཟིགས་ཀྱི་ཕྱག་ལེན་ཕྲ་ཞིབ་རྣམས་བཅད་བརྡར་གྱིས་དག་པར་མཛད་ནས། ཆོག་གྲྭ་པ་རྣམས་ཀྱིས་མདོ་དབང་སྔར་ཐམས་ཅད་ཀྱིས་ཐོབ་ཟིན་དང་། སྒྱུ་འཕྲུལ་ཞི་ཁྲོ་ཡང་རགས་གྲྭ་ཕལ་ཆེ་བས་རྗེ་ཉིད་ལ་ཐོབ་ནའང་མ་ཐོབ་པའི་གྲྭ་པ་གཞོན་གྲྭ་ཁ་ཤས་སྣང་བ་བཅས་བདག་གིས་བགྱིད་དུ་སྩལ་ཞིང་། ཚེས་ལྔ་ལ་རྗེ་ཉིད་ནས་ཆོག་གྲྭ་པ་ཐམས་ཅད་ལ་ཡང་དག་མར་མེ་དགུ་པའི་དབང་སྨིན་པར་སྩལ་ནས་ཚེས་བཅུ་གཅིག་གི་སྔ་དྲོ་ཆོག་གྲྭ་སོ་སོའི་ས་ཆོག་དང་། དགུང་ཡོལ་ནས་སྤྱིས་སྒྱུ་འཕྲུལ་ཁྲོ་བོའི་ལས་རིམ་དང་འབྲེལ་བར་ཁྲག་འཐུང་རྩ་འཆམས་མཛད་པ་དང་དུས་མཚུངས་པར་ཆར་ཤིན་ཏུ་ཆེ་བ་དང་། འབྲུག་སྒྲ་དྲག་པོ་ལན་གསུམ་དུ་གྲགས་པའི་རྟེན་འབྲེལ་བཟང་བར་མཚོན་པ་དང་། བཅུ་གཉིས་ལ་སོ་སོའི་ཡན་ལག་དང་ཡན་ལག་ཅན་གྱི་ལྷག་གནས་དང་། བཅུ་གསུམ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། བཅུ་བཞི་ནས་སྒྲུབ་མཆོད་དངོས་གཞི་ཚུགས་པར་འདི་ལོ་ཁྲ་འབྲུག་ཏུ་གོང་མའི་སྐུ་རིམ་དམིགས་བསལ་གལ་ཆེན་ལ་ཕེབས་དགོས་པའི་སྟབས་དུས་ཚེས་ཀྱིས་བཅར་གཤིས་སྒྲུབ་ཞག་ལྔ་སྦྲེལ་ལས་མ་ཐུབ་ཀྱང་ཐོག་མཐའ་བར་གསུམ་གྱི་སྟོན་མོ། རྒྱུན་གྱི་བསྙེན་བཀུར། ཆོག་ཡོན་དུ་ཇ་འགྱེད་དང་ཚན་གྲངས་སྤམ་མཐོ་བ། སྤྱི་རྫས་སུ་རྒྱ་སྦུག་རྙིང་མ། ཧོར་སིལ། སྙན་དར། འཕན་རིང་། སྣམ་སྦྱར་སོགས་དང་། ཚོགས་མང་དུའང་ཚན་གྲངས་བཅས་དངོས་པོའི་གནང་སྦྱིན་སྤམ་མཐོ་བར་སྩལ་ཅིང་། ཚེས་ཉི་ཤུ་ལ་ཁྲ་འབྲུག་ཏུ་ཆིབས་བསྐྱོད་ནས་གོང་མའི་སྐུ་རིམ་དུ་ཉི་ཤུ་གཉིས་ནས་བཟུང་སྲི་མནན་གྱི་སྒྲུབ་པ་བཙུགས་ཏེ། ཟླ་བ་བཅུ་པའི་ཚེས་བཅུ་ལ་མནན་པའི་ལས་སྦྱོར་མཛད། སྐུ་ཞབས་གྲྭ་ཚང་ཆེན་མོའི་གྲྭ་པ་བློ་བཟང་རྒྱལ་མཚན་ལ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་གདན་ས་ནས་གནང་མུས་ཡིན་པ་ལྟར་ཁྲ་འབྲུག་ཏུའང་ཞབས་ཕྱིར་སྙེགས་པར་བཀའ་ཁྲིད་ཀྱི་དམིགས་རིམ་ཆག་མེད་དང་། ཇོ་སྟན་ཚོགས་པ་དང་རི་བོ་ཆོས་གླིང་པའི་གྲྭ་པ་མང་པོར་ཡང་སོ་སོའི་རེ་འདོད་ཚིམ་པའི་ཆོས་འབྲེལ་མཛད་ཅིང་། སྣེ་རྩེ་རྫོང་དཔོན་དང་ཆོས་སྡེ་ཁག་སོགས་ཡུལ་དེའི་མཆོག་དམན་མང་པོས་གུས་པར་མཆོད། ཚེས་བཅུ་གཅིག་གི་ཉིན་ཁེ་གསུམ་དུ་སྤྱན་དྲངས་ཏེ་བསྙེན་བཀུར་དང་འབུལ་བ་རྒྱས་པར་སྟོབ་ཅིང་། ཚེ་རྟ་ཕྱག་རྡོར་གྱི་དབང་དང་བཀའ་བསྒོ་སོགས་ཀྱིས་རེ་བ་ཆོས་བཞིན་དུ་སྐོང་བར་མཛད་ནས། དེ་ནུབ་ཁྲ་འབྲུག་ཏུ་རིག་གྲོལ་གླིང་གི་གྲྭ་པ་ཁ་ཤས་ལ་བླ་མ་གསང་འདུས་དང་ཕྲིན་ལས་དོན་བཅུ་ལ་སོགས་པའི་ལུང་སྩལ། ཚེས་བཅུ་གཉིས་ལ་ཁྲ་འབྲུག་ནས་ཆིབས་བཏེག་སྟེ་རི་མོ་ཤར་མ་བའི་ཁྱིམ་དུ་ཞག་ས་མཛད། ནངས་པར་ཕེབས་ཞོར་ལ་འགར་ཚང་པའི་ཁྱིམ་ལ་ཕྱག་ནས་ཞུས་ཤིང་འབུལ་བསྙེན་སྟོབ་པ་བདག་གིར་བཞེས་ནས་གདན་སར་ཕེབས། ཚེས་བཅུ་བཞིའི་ཉིན་བློ་བཟང་རྒྱལ་མཚན་ལ་ཁྲིད་ཀྱི་ངོ་སྤྲོད་འདེབས་པ་དང་། སྣར་པ་བླ་མ་སོགས་ཕྱོགས་འདུས་པ་མང་པོར་ཐུགས་ཐིག་གི་ཁྲིད་བཀའ་འཛུགས་པར་མཛད། རྒྱལ་པོ་ཀུན་སྤངས་པ་ཆེན་པོ་ལྷ་བཙུན་རྡོ་རྗེས་གསེར་ཞོ་བརྒྱ་ཕྲག་གི་འབུལ་བ་དང་བཅས་མཇལ་དུ་བྱུང་ཞིང་། ཚེས་བཅོ་བརྒྱད་ནས་ཁོང་དཔོན་སློབ་དང་བློ་བཟང་རྒྱལ་མཚན་སོགས་ལ་བླ་མ་གསང་འདུས། བྱང་གཏེར་ཐུགས་སྒྲུབ། གནམ་ལྕགས་བྲག་གཏེར་གསར་རྣམས་ཀྱི་དབང་ལུང་། རྗེ་ཉིད་ཀྱི་གསང་བའི་རྣམ་ཐར་དང་ཞལ་གདམས་སྐོར། གཅོད་ཁྲིད་སོགས་དང་། ཞབས་དྲུང་རིན་པོ་ཆེ་དང་བློ་བཟང་རྒྱལ་མཚན་ལ་སྔགས་སྡེབས་ཀྱི་ཕྱག་ཁྲིད། ཀྲི་པ་ལགས་ལ་བླ་མའི་ཟླུམ་པོ་བཞི་དབང་སོགས་ཀྱི་སོ་སོའི་སྐལ་པ་ཇི་ལྟ་བ་བཞིན་ཚིམ་པར་མཛད། དེ་དག་གི་ཚེ་ཉེར་བཞི་ལ་གནས་གཞི་ཆོས་དྲུང་གིས་འབུལ་ནོད་བཟང་པོ་དང་། དེའི་སང་ཉིན་རྒྱལ་པོ་ཀུན་སྤངས་པས་དངུལ་སྲང་ལྔ་བཅུའི་འབུལ་བ་བཅས་སྔ་རྟིང་གཉིས་ཀས་ཚེ་ཆོག་དང་འབྲེལ་བའི་གཟིམས་ཆུང་བརྟན་བཞུགས་རྒྱས་པར་ཕུལ་ཞིང་། གནམ་གང་ལ་བཀྲ་ཤིས་གླིང་པའི་གཤིན་དོན་གྱི་ཆོ་གར་འདུས་ཚོགས་ཀྱི་གྲལ་དབུར་ཆིབས་བསྐྱོད། ཟླ་བ་བཅུ་གཅིག་པའི་ནང་དུའང་རྒྱལ་པོ་ལྷ་བཙུན་དང་། བློ་བཟང་རྒྱལ་མཚན་སོགས་ཕྱོགས་འདུས་པ་དང་གཉུག་མར་གནས་པ་རྣམས་ལ་སོ་སོའི་རེ་བ་བཞིན་དུ། ཐུགས་རྗེ་ཆེན་པོའི་གཏོར་དབང་དང་རྩ་ཁྲིད། ཉང་གི་རྟ་ནག་ཡང་ཆུང་ལྕགས་རལ་ཅན་གྱི་དབང་ལུང་། འཕོ་ཁྲིད། མཁའ་འགྲོ་སྙིང་ཐིག་གི་གཏད་རྒྱ། ལྷ་མོ་ངན་ནེ་མའི་རྗེས་གནང་སོགས་དབང་ལུང་ཟབ་ཁྲིད་མང་པོ་རིམ་པར་སྩལ་ཅིང་། སྟོང་པ་རབ་འབྱམས་པ་སངས་རྒྱས་ཆོས་དར་ཧོར་ཡུལ་ནས་འཁོར་བའི་རྟ་འབུལ་དང་བཅས་མཇལ་དུ་བྱུང་བར་ཡང་དྲག་དམར་གྱི་དབང་ལ་སོགས་པའི་ཆོས་འབྲེལ་མཛད། བདག་གི་ཐུགས་རྗེ་ཆེན་པོའི་སྒྲུབ་རྫས་རྣམས་ལ་རབ་གནས་དང་། མཚམས་ལ་འགྲོ་གདོང་དམིགས་པའི་ཕྲ་གཅོད་ཀྱི་ལྗགས་ཁྲིད་ཀྱང་གནང་། ཉེར་བཞིའི་ནུབ་ཞིང་སྐྱོང་མ་མོས་འགལ་བྱེད་འཆམ་ལ་ཕབ་པའི་མཚན་མ་ཡ་མཚར་བ་ཡང་གཟིགས་ཤིང་། གྲྭ་པ་གཤིན་རྗེ་དྲེགས་འཇོམས་ཀྱི་བསྙེན་མཚམས་བྱེད་མི་གཉིས་ལ་དམིགས་སྐྱོར་ཡང་སྩལ། ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ལ་བྲེ་མོན་ཁ་པའི་ཕ་འདས་པའི་སྐྱབས་གནས་སུ་སྤྱན་དྲངས་ཏེ་གསེར་དང་ཇ་སོགས་ཀྱི་འབུལ་བ་རྒྱ་ཆེར་སྟོབ། སྐུ་ཞང་བསོད་ནམས་རབ་བརྟན་སྔར་ནས་སྟེང་གྲིབ་ཀྱི་རྣམ་པས་བསྙུན་བཞིན་པ་ལས་འདི་དུས་ཇེ་ལོད་ཀྱིས་ཤིན་ཏུ་བྲོ་འཚལ་བར་གྱུར་པ་ལ་རྐྱེན་སེལ་གྱི་བྱིན་རླབས་དང་། ཁྱད་པར་དུས་ཐ་མའི་མཚམས་སྦྱོར་གསལ་འདེབས་གནང་བཞིན་པ་ལས་བཅུ་གཅིག་གི་ནམ་གུང་ལྔ་པའི་ལམ་དུ་ཡོལ་བར་སྔས་འགོར་ཞབས་བསྐྱོད་དེ་འཕོ་བའི་མཚམས་སྦྱོར་དང་། བཞི་ཚིགས་ཀྱི་ཆོ་ག་སོགས་ལ་ངོས་ཕེབས་ཀྱིས་མཚོན་རྒྱུན་ཆོག་པ་དང་། ཚིགས་སོ་སོར་དགེ་འདུན་གྲངས་བཅད་ཀྱིས་སྒྲིབ་སྦྱོང་གི་ཆོ་ག་སྨིན་རྒྱས་སུ་བསྐུལ་བ་སོགས་ཐུགས་རྗེའི་སྤྱན་རས་ཀྱི་བཙའ་བ་དུས་ལས་ཡོལ་བ་མི་མངའ་བས་རྗེས་སུ་བཟུང་སྟེ་ཐར་པའི་ས་བོན་བཞག །འདི་སྐབས་བྱད་འགྲོལ་གྱི་བུམ་པ་སྒྲུབ་པ་བདུན་ཕྲག་གཅིག་གི་བར་གནང་ནས་སྡེ་སྲིད་རིན་པོ་ཆེའི་དགུང་མཉམ་སྐུ་ཚབ་ལ་བྱད་འགྲོལ་གྱི་ཆོ་ག་ཚར་བདུན་གྱི་བར་སྨིན་པར་མཛད། ཉེར་གཅིག་ནས་བཟུང་གཙུག་ལག་ཁང་དུ་བཞུགས་ས་སྤོས་ཏེ་ལོ་མཇུག་དུས་རིམ་གྱི་ས་ཆོག་ནས་བཟུང་། གནམ་གང་གི་གཏོར་འབུལ་རྟེན་འཛུགས་ཀྱི་བར་ཚོགས་དབུར་ཞབས་བསྐྱོད་ཅིང་། དེ་དུས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་བྱམས་པའི་ཆོས་མངོན་པར་རྟོགས་པའི་རྒྱན་སོགས་ཀྱི་བཤད་འབུལ་མཛད།

དགུང་ལོ་ཞེ་དགུ་པ།

དགུང་ལོ་ཞེ་དགུ་པ་ཤིང་ཁྱི་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་གྱི་ཚོགས་དབུ་དང་། གཟིམས་ཆུང་བཞུགས་གྲལ་སོགས་སྔར་སྲོལ་ལྟར་གནང་། དེ་ཉིན་ཡབ་པ་ཆོས་རྗེས་འདུས་ཚོགས་སུ་ཚ་གྲ་དང་འབུལ་བ་བཟང་པོ་བཅས་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས་ཤིང་། ལྷོ་བྲག་གནའ་བོ་པའི་གདུང་བརྒྱུད་ཡུམ་དང་བཅས་པ་མཇལ་དུ་བྱུང་བར་བཀུར་ཟོས་ཀྱིས་གཟེངས་:གཏོད་༼ བསྟོད་༽པ་དང་། དབང་ལུང་གནང་སྦྱིན་སོགས་ཀྱིས་ཐུགས་ཀྱི་རེ་བ་ཚིམ་པར་མཛད། ཚེས་བཞི་ལ་ལྡིང་དཔོན་སྦུས་པར་བས་འདུས་ཚོགས་སྤྱན་དྲངས་པའི་གྲལ་དབུར་ཐེགས་ཤིང་། དེ་དུས་སྐུ་བད་ཀྱི་བསྙུན་རོ་ཆིབས་འཁྲུགས་ཀྱིས་བསླང་བ་ལྟ་བུས་སྐུ་ཁམས་བསྙེལ་བའི་ཚུལ་བསྟན་པར་འཚོ་བྱེད་གཉིས་ཀྱིས་སྨན་བཅོས་དང་། གྲྭ་ཚང་འདུས་ཚོགས་སུ་སྤོང་དག ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་ཁྲོས་ནག་གི་མེ་མཆོད་དང་སྐོང་བཤགས་སོགས་སྐུ་རིམ་མང་དུ་གནང་བས་མི་རིང་བར་སྐུ་དྭངས། དེ་དུས་དགེ་སློང་མཆོད་དཔོན་དང་། གསོལ་དཔོན་རབ་བརྟན་གཉིས་སོ་སོས་གྲྭ་ཚང་ཚོགས་ཆེན་དུ་མང་ཇ་དང་འཇམ་རེ་ཞུས་ཤིང་དེ་བསྟུན་གཟིམས་ཆུང་དུ་གྲྭ་པ་གྲངས་བཅད་ཀྱིས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་རྒྱས་པར་ཕུལ། ཚེས་བཅུ་བཞིའི་ཉིན་ལྷ་ཁང་ཕན་ཚུན་ཐམས་ཅད་དུ་མཆོད་འབུལ་སྙན་ཤལ་དང་། ཚོམས་ཆེན་དུ་བརྒྱ་མཆོད་དང་འདུས་པར་མང་འགྱེད་བཅས་སྨོན་ལམ་རྣམ་གསུམ་གྱི་ཞལ་འདོན་བགྱིད་དུ་སྩལ་ཞིང་ཚེས་བཅོ་ལྔ་ལ་གྲྭ་ཚང་གིས་ཚེ་ཆོག་དང་འབྲེལ་བའི་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས། བཅོ་བརྒྱད་ལ་སྡེ་པ་འཇམ་དབྱངས་བསྟན་འཛིན་མིང་སྲིང་གིས་ཞང་ཞང་བདེ་གཤེགས་ཀྱི་སྐུ་འདད་ལ་གྲྭ་ཚང་དུ་ཉིན་ཐུབ་ཀྱི་ཞབས་ཏོག་ཞུས་པའི་གྲལ་དབུར་སྤྱན་དྲངས་ཏེ་འབུལ་དངོས་རྒྱས་པར་སྟོབ་པ་བྱང་ཆེན་དུ་བསྔོ་སྒྱུར་མཛད་ཅིང་། དེ་དུས་ཀྱི་སྦྱིན་བདག་དང་བླ་མ་ཤཱཀྱ་སོགས་ཕྱོགས་འདུས་པ་མང་པོར་དྲག་དམར་དང་ཚེའི་དབང་བཀའ་སོགས་གནང་། ཉེར་གསུམ་ལ་འདུམ་པོར་འདུས་ཚོགས་དང་ལྷན་ཅིག་སྤྱན་དྲངས་པ་ལྟར་དེ་ནུབ་སྐྱིད་རུར་བཞུགས་ཤིང་། དེར་ཆུ་མིག་ཁའི་དཔོན་སའི་དྲུང་སྐུ་གཤེགས་པའི་མགྱོགས་བསྔོ་རྟེན་འབྱོར་བར་བྱང་བཞུའི་ཆོ་ག་སོགས་ཟབ་པ་དང་རྒྱ་ཆེ་བའི་ཐུགས་དམ་གྱི་སྐྱབས་ལས་མི་གཡོལ་བས་ཐར་པའི་ལམ་སྣ་རྙེད་པའི་བཀའ་དྲིན་མཛད། སང་ཉིན་འདུམ་པོར་སྐུ་ཞང་གི་སྐུ་འདད་དངོས་གཞིར་འདུས་ཚོགས་ཀྱིས་དོང་སྤྲུགས་ཀྱི་ཆོ་ག་མཛད་པའི་གྲལ་དབུར་ཕེབས་ཤིང་། འབུལ་བ་ཞབས་ཏོག་སྤམ་མཐོ་བ་ཕུལ་བ་རྫོགས་བྱང་དུ་བསྔོ་བར་མཛད། ཉེར་དྲུག་ལ་དར་གླིང་དུ་ཉིན་འཁོར་གྱིས་ཕེབས་པའི་མགོན་ཁང་སྟེང་ཤོད་དུ་གསོལ་མཆོད་དང་འཕྲིན་བཅོལ་སོགས་གནང་། ཉེར་བདུན་ལ་འདུམ་པོར་ནང་རྟེན་རབ་གནས་ཀྱི་གསུང་ཆོག་དང་། ཉེར་བརྒྱད་ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་ལ་ཚོགས་སུ་གཏན་ཆགས་ཀྱི་བཞུགས་ཁྲི་གསར་པ་འདུ་བྱས་པ་ལ་སྤྱན་དྲངས་ཏེ་འབུལ་དངོས་རྒྱ་ཆེར་བསྟབས་ནས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་ཕུལ་ཞིང་། དེར་དད་རྟེན་དུ་སྐུ་བེར། ཞལ་དཀར་སྟེགས་བཅས། བཟེད་ཞལ་སོགས་འཇོག་པར་མཛད་ནས་ཉེར་དགུ་ལ་ཆིབས་བཏེག་པའི་སྡིངས་པོ་ཆེར་ཕེབས་ཏེ། གཞིས་བྱེས་ཀྱི་འདུས་པར་མང་འགྱེད་སྩལ་ཅིང་། རྒྱལ་གླིང་ཚོགས་སྤྱི་སོ། ཕུག་པ་བ། ཡར་བྱོན་སོགས་ཡུལ་དེའི་མཆོག་དམན་མང་པོ་མཇལ་དུ་བྱུང་བར་གང་ལ་གང་འཚམས་ཀྱིས་རེ་བ་སྐོང་བར་མཛད་ནས། ཟླ་བ་དང་པོ་རྟིང་མའི་ཚེས་གཉིས་ལ་གདན་སར་ཕྱིར་ཕེབས། ཚེས་བཅུ་གཉིས་ལ་གཟིམས་དཔོན་འཇམ་ཀུན་གྱིས་འདུས་པར་ཇ་འཇམ་སྦྲེལ་མ་དང་བསྟུན་ཚེ་ཆོག་དང་འབྲེལ་བའི་གཟིམས་ཆུང་བརྟན་བཞུགས་རྒྱས་པར་ཕུལ་ཞིང་། དེའི་སང་ཉིན་ཞལ་ངོ་ཞབས་ཕྱི་ནང་འཁོར་དང་བཅས་པ་བྲང་ཁང་དུ་སྤྱན་དྲངས་ནས་དཀར་སྤྲོའི་སྟོན་མོ་རྒྱས་པར་སྟོབ། འདི་དག་གི་ཚེ་དགེ་འདུན་རབ་འཕེལ་གྱི་མ་དང་པདྨ་མཐུ་སྟོབས་ཀྱི་ཕ་ལྔ་པར་གྱུར་པའི་སོ་སོའི་དགེ་བའི་གྲལ་དབུར་ཡང་ཞབས་བསྐྱོད་ཅིང་། བཅུ་བཞི་ལ་ཆུ་མིག་ཁའི་དཔོན་སའི་དྲུང་གི་དུས་མཆོད་ལ་དམིགས་ཏེ་བརྒྱ་མཆོད་དང་ལྷ་ཁང་རྣམས་སུ་སྙན་དར། འདུས་ཚོགས་སུ་མང་འགྱེད་དང་བཅས་པ་སྩལ། བླ་མ་ཤཱཀྱ་དང་མནའ་བོའི་དབུ་མཛད་སོགས་ཕྱོགས་འདུས་པ་མང་པོར་ཨ་ཏིའི་ཁྲིད་བཀའ་རིམ་པར་སྩལ་ཅིང་། བཅུ་བདུན་ནས་མི་དབང་ཆེན་པོའི་སྐུའི་རིམ་གྲོར་ཞབས་ཕྱི་ཉུང་འདུས་བཅས་གཏུམ་པོའི་དུག་སྦྱོང་གདོན་འགྲོལ་གྱི་བུམ་སྒྲུབ་འཛུགས་པར་མཛད། ཉེར་གཅིག་ལ་གཟིམས་དཔོན་ཆོས་མཛད་ཀྱིས་ཞབས་ཏོག་འབུལ་དངོས་སོགས་དཔངས་གཏོད་དེ་གྲྭ་ཚང་ཚོགས་ཆེན་གྱིས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་རྒྱས་པར་ཕུལ། དེའི་སང་ཉིན་འདུས་ཚོགས་སུ་མང་ཇ་རྣམ་བཞག་ཐོག་ཁྲིར་སྤྱན་དྲངས་ནས་ཨ་མའི་དཔྲལ་གཡུ་སོགས་ནང་ཚང་སྐྱ་སེར་ཐམས་ཅད་ཀྱིས་རང་རང་གི་གོས་སྣ་མཚར་བ་རེ་ཕུལ་ཏེ་གསོན་བསྔོ་ཞུས་ཤིང་། གཟིམས་ཆུང་དུ་ཞལ་ངོ་ཞབས་ཕྱི་ནང་སྐོར་བ་དང་བཅས་པར་བཞེས་སྤྲོའི་ཁྱད་པར་དུ་མའི་སྟོན་མོའང་སྟོབ། ཉེར་བཞི་ནས་བཟུང་གངས་ཅན་གྲུ་འཛིན་གྱི་རི་བོར་མཆོད་སྡོང་ཆེན་པོ་འཛམ་གླིང་རྒྱན་གཅིག་བཞེངས་པར་མཛད་པའི་དུས་སྟོན་དང་། གོང་མ་ཐམས་ཅད་མཁྱེན་པ་ཆེན་པོའི་རྣམ་པར་དཀར་བའི་ཕྲིན་ལས་ལྷ་དང་བཅས་པའི་འགྲོ་བ་སྤྱི་དང་བྲེ་བྲག་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་ཉེར་འཚོར་མི་ནུབ་པའི་ཉི་མ་དང་། མི་འགྲིབ་པའི་ཟླ་བ་ལྟར་རྟག་པ་རྒྱུན་གྱི་འཁོར་ལོར་གསལ་བའི་ཆེད་དུ། ཞི་བ་ལྷས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །ཞེས་པའི་དོན་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉིད་གཏོང་བ་ལ་ལྷག་པར་གོམས་པའི་ཐུགས་ཀྱི་སྟོབས་དང་། ཇི་ལྟར་ཤིང་ཕལ་པ་ལས་བགྱིས་པའི་རྒྱལ་བའི་སྐུ་བརྙན་ཡང་མཆོད་པའི་ཞིང་བླ་ན་མེད་པ་ཡིན་པ་བཞིན་དུ་རབ་ཏུ་བྱུང་བའི་གཟུགས་བརྙན་འཛིན་པ་ཡན་ཆད་ཀྱང་བསོད་ནམས་ཀྱི་ཞིང་དུ་དགོངས་ཏེ་རིས་མེད་པའི་རབ་བྱུང་ཡོད་དོ་ཅོག་ལ་ཚོགས་མཆོད་ཆེན་མོར་གྲགས་པ་རྙེད་པ་དང་བཀུར་སྟིའི་སྟོན་མོ་མཆོད་སྤྲིན་གྱི་ཁྱད་པར་ངོ་མཚར་བའི་ལྟད་མོ་སོགས་མཆོད་པའི་དུས་སྟོན་ཕུན་སུམ་ཚོགས་པའི་འདུ་བ། སྔོན་འཇིག་རྟེན་དུ་མ་བྱུང་བ་ལྟ་བུ་འཛུགས་པར་མཛད་པའི་རྗེས་འབྲེལ་དུ་གྲྭ་ཚང་འདུས་ཚོགས་སུ་ཐུགས་རྗེ་ཆེན་པོའི་ཆོག་ཁག་གཉིས་ཀྱི་སྒྲུབ་མཆོད་བདུན་ཕྲག་གཅིག་དང་། ཚོགས་མཆོད་བརྒྱ་རྩ། སྐོང་བཤགས། མཁའ་འགྲོའི་མེ་མཆོད་རྣམས་ཇི་སྲིད་བར་དབོ་ཟླའི་ནང་དུ་ཚུགས་རྒྱུར་འདི་ལོ་ཟླ་བཤོལ་གྱི་ཁྱད་ནས་སྐབས་འདིར་ཚུགས་པའི་གྲལ་དབུར་ཞབས་པད་བསྐྱོད་ཅིང་། སྒྲུབ་མཆོད་ཀྱི་ཕོགས་དང་ཡོན་གྱི་རྙེད་པ་དཔངས་མཐོ་བ་སྟར་ཆགས་པའི་སྲོལ་དང་། ཁྱད་པར་འདི་ལོ་ཐོག་མའི་འཛུགས་སྟོན་ལྟ་བུར་བསྔོ་རྟེན་དངུལ་གྱི་མཆོད་རྟེན། ཕྱག་དྲིལ། ཞལ་དཀར་སྟེགས་བཅས། རྒྱ་ཧོར་གྱི་སྦུག་སིལ། ཆིབས་ཆིབས་ཆས་དང་བཅས་པ། གསེར་སྲང་འཁོར། དངུལ་བྲེ་ཆེན། དངུལ་མདོང་སོགས་དངུལ་གྱི་སྤྱད་པ། ཡོལ་བ། བླ་རེ། ཁྱད་ཇའི་སྤབ་རྩེ་དང་ཀོ་ཁྲ། འོག་འདེགས་ཀྱི་ཀ་རས་སྒོང་ཤུན་མ་རེ་ཙམ་མ་གཏོགས་ཁྱད་གོས་ཕྱི་ནང་ཡུག་བརྩེགས་མ་ཁོ་ནའི་བཅུ་གཅིག་ཚན་བཅུ་གཅིག་སྟེ། སྤྱིར་དངུལ་སྲང་བཞི་བརྒྱ་དང་བདུན་ཅུའི་རིན་ཐང་ཅན་སྩལ་བའི་མི་སྣར་བཙན་གྲོ་ནས་འབྱོར་བར། གནམ་གང་གི་ཉིན་ཀུན་མཁྱེེན་རྒྱལ་བའི་དབང་པོ་ཡབ་སྲས་ཀྱི་རྨད་དུ་བྱུང་བའི་མཛད་པ་རླབས་པོ་ཆེ་དང་། སྦྱིན་པ་ལས་བྱུང་བའི་དགེ་ཚོགས་བསྔོ་སྨོན་གྱིས་ཟིན་པའི་ཕན་ཡོན་སོགས་ཉན་པ་པོ་རྣམས་ཀྱི་རྣ་བར་འཇེབས་ཤིང་ཡིད་དུ་འབབ་པའི་སྟོང་ཐུན་གྱི་གསུང་བཤད་སྔོན་དུ་འགྲོ་བའི་སྒོ་ནས་བཞེད་དགོངས་ལེགས་ཚོགས་སུ་འགྲུབ་པ་གཙོ་བོར་གནང་བའི་ལྗགས་བསྔོ་རྒྱས་པར་མཛད་ཅིང་། དེ་དག་གི་ཚེ་མཚན་མོ་གསུང་ཆོག་གྲོལ་ནས་སྲོད་ཀྱི་བར་འདུས་ཚོགས་སུ་བླ་མའི་རྣལ་འབྱོར་གྱི་དམིགས་ཁྲིད་ཀྱང་རིམ་པར་སྩལ། ཟླ་བ་གཉིས་པའི་ཚེས་བཞིའི་ཉིན་ཕུན་ཚོགས་གླིང་དུ་སྤྱན་དྲངས་ནས་དཀར་སྤྲོའི་སྟོན་མོ་དང་འབུལ་བ་གྱ་ནོམ་པ་སྟབས། སྐབས་འདིར་ཚོགས་མཆོད་ཆེན་མོའི་འདུ་ཁོངས་ལས་ཡུལ་གཉན་སྤྱན་རྒྱང་གི་གཟིགས་པས་འདུས་ཚོགས་སུ་སྐུ་སྐལ་གྱི་མང་ཇ་སྦྱོར་བཅུའི་ཐོག དགེ་འདུན་ཉིས་བརྒྱ་དང་ཉི་ཤུ་རྩ་ལྔ་སོ་སོའི་ཕྱག་ཏུ། ཁ་བཏགས་ཡུག་རིང་རེ། གསེར་ཞོ་རེ། དངུལ་སྲང་རེ། རྒྱ་སེར་ནག་གི་བཟང་གོས་སོ་སོ་ནས་ཁ་རེ། བཟང་ཇ་བར་ཁག་རེ་རྣམས་དང་། དངོས་པོ་ཁྱད་ཅན་གྱི་སྤོང་དག གྲྭ་པ་རེ་རེའི་ཕྱག་ཏུ་དངུལ་ཞོ་བརྒྱད་རེ་འབབ་རྩིས་ཀྱི་ཁྱོན་གྲྭ་པ་རེར་གཤོར་ཁལ་བརྒྱད་ཅུ་རྩ་གཅིག་རེའི་རིན་ཐང་ཅན་གྱི་རྙེད་པ་སྤུས་དག་ཅིང་རྒྱ་ཆེ་བ་སྩལ། ཚེས་བདུན་ནས་མི་དབང་ཆེན་པོའི་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གི་བར་སྨིན་པར་གནང་ཞིང་དགེ་བའི་མཚན་མའང་གཟིགས་པ་བཅས་ཚེས་བཅུ་གསུམ་ལ་ཚེ་རྫས་དང་ལྷན་ཅིག་པར་ཞབས་བརྟན་འབུལ་མི་རྫོང་སྟ་མཛད། ཉེར་གཅིག་གི་རྒྱུད་འདོན་ཐོག་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་རྒྱུད་གྲྭའི་གྲལ་དབུར་ཞབས་བསྐྱོད་པ་ལ་འདུས་ཚོགས་སུ་མང་འགྱེད་རྣམ་བཞག་དང་བཅས་པ་སྩལ་ཅིང་། ཉེར་བཞི་ལ་དཔལ་རབ་ཁང་གསར་གྱི་ཞབས་དྲུང་རྒྱལ་བུ་སྐུ་འབྲིང་སྐུ་གཤེགས་པའི་བསྔོ་རྟེན་དང་བྱང་བཞུའི་ཡོ་བྱད་གྱ་ནོམ་པ་འབྱོར་བར་གནས་ལུང་དཔྱང་ཐག་གི་ཆོ་ག་དང་དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་སྒྱུར་མཛད། ཉེར་བདུན་ལ་གོང་ནས་ཞབས་བརྟན་གྱི་འབྱོར་ལན་གནང་སྐྱེས་བཟང་པོ་དང་བཅས་ཕེབས་ཤིང་། ཉེར་དགུ་ལ་དཔལ་རབ་ཁང་གསར་ནས་གྲྭ་ཚང་དུ་ཞག་བཅུའི་བར་ན་རག་དོང་སྤྲུགས་ཀྱི་སྐོང་བཤགས་དང་བྱང་སྐྱོར་གྱི་ཡོ་བྱད་བཟང་ཞིང་རྒྱ་ཆེ་བ་སྩལ་བ་ལྟར་དགོངས་པ་བཞིན་ཆོ་ག་རྣམས་སྨིན་རྒྱས་སུ་མཛད། ཟླ་བ་གསུམ་པའི་ཚེས་གཅིག་ལ་ཡར་འབྲོག་སྒྲུབ་སྡེ་བསམ་གཏན་རྫོང་པའི་བརྟན་བཞུགས་འབུལ་མི་འབྱོར་ཞིང་། བཀའ་འགྱུར་སོགས་རྟེན་བཞེངས་འཕྲོ་ཅན་རྣམས་ཀྱི་ལས་གྲྭ་ཡང་རིམ་པར་ཚུགས། ཚེས་བརྒྱད་ཀྱི་ཉིན་བདག་གི་མཚམས་གྲོལ་ཏེ་སྐུ་ཞབས་སུ་ཕྱག་འབུལ་དུ་འབྱོར་བས་བསྙེན་སྒྲུབ་ལ་བར་ཆད་མ་བྱུང་བར་གྲུབ་པ་དེ་ལེགས་ཞེས་མཆོག་ཏུ་དགྱེས་བཞིན་པའི་བཀའ་ལུང་ཡང་སྩལ། དེ་ཉིན་ནས་བཟུང་བདུན་ཕྲག་གཅིག་གི་བར་དུ་འཆི་མེད་དགའ་ཚལ་ནས་ཆ་རྐྱེན་གནང་བར་ལྟར་མི་དབང་ཆོས་ཀྱི་རྒྱལ་པོའི་སྐུ་ཚེའི་སྒྲུབ་པ་འཛུགས་པར་མཛད་ཅིང་། ཚེས་དགུ་ལ་བདག་གིས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཚེ་སྒྲུབ་ལས་ཚོགས་འཆི་བདག་ཟློག་བྱེད་ཀྱི་ཆོ་གའི་སྒོ་ནས་སྐུ་རིམ་ཞུས་པས་དགེ་བའི་མཚན་མའང་གཟིགས་གསུང་། ཚེས་བཅོ་ལྔའི་གཟའ་ཚེས་ཕུན་སུམ་ཚོགས་པ་ལ་གོང་དུ་ཚེ་རྫས་རྣམས་འབུལ་མི་རྫོང་སྟ་གནང་ཞིང་། དེའི་སང་ཉིན་བླ་མ་ཤཱཀྱ་སོགས་ལ་ཨ་ཏིའི་ངོ་སྤྲོད་འདེབས་པར་མཛད། ཉེར་གཅིག་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་དང་། བླ་མ་ཇོ་ནང་པ། བླ་མ་ཤཱཀྱ་སོགས་ཕྱོགས་འདུས་པ་མང་པོ་དང་བཅས་པར་བྱང་པའི་སྐུ་གསུམ་རིགས་འདུས། བྱང་ཆུབ་གླིང་པའི་ཕྱག་རྡོར། ཕག་མོ་ཟབ་རྒྱ་རྣམས་ཀྱི་དབང་ལུང་དང་། བླ་མ་བཀའ་འགྱུར་བ་སོགས་ལ་ཐུགས་ཐིག་སོགས་གཏེར་གསར་སྐོར་གྱི་དབང་ལུང་ཅི་རིགས་པའང་རིམ་པར་སྩལ་ཅིང་། བསམ་གཏན་རྩེའི་སྒོམ་མ་ཁ་ཤས་དང་ཕྱོགས་འདུས་པ་མང་པོར་རྫོགས་རིམ་ངེས་དོན་སྙིང་པོའི་ཁྲིད་བཀའ་ཞིག་ཀྱང་འཛུགས་པར་མཛད། དེ་ཉིན་ཟངས་མཚོ་སྒྲུབ་སྡེ་བ་རྣམས་ཀྱིས་ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་བསྒྲུབས། ཟླ་བ་བཞི་པའི་ཚེས་གཅིག་ནས་བཟུང་བཀའ་འགྱུར་བ་སྔགས་འཆང་ཀུན་དགའ་དར་རྒྱས་ལ་མདོ་བསྐལ་བཟང་ནས་ཐོག་མ་བརྩམས་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་གསན་པའི་དབུ་ཚུགས་ཤིང་། ཆོག་མང་སྒྲུབ་མཆོད་ཀྱི་ཆ་རྐྱེན་དུ་སུ་ར་ཏོ་བཅུ་དྲུག་གི་གར་འཛུགས་པར་བཞེད་ནས་ཁྱད་པར་གྱི་ཕྱག་ལེན་དགོས་ཆོས་རྣམས་རོང་ཟོམ་ཆེན་པོའི་ཡིག་ཆ་ཉིད་གདན་དུ་གཏིང་བ་ལ་ལུས་ཀྱི་ཉམས་འགྱུར་ཐུན་མོང་བ་རྣམས་བླ་མེད་ཀྱི་གར་རིགས་མཐུན་ནས་བླང་ཏེ་ཆོས་སྡེའི་གར་དཔོན་ངག་དབང་སྦྱིན་པ་ལས་གྲྭ་པ་ལྔ་བཅུ་སྐོར་སྦྱོང་བརྡར་བགྱིད་དུ་སྩལ་ཞིང་། ཚེས་བཅུ་གཉིས་ལ་ཟངས་རི་གདན་ས་པས་གཟིམས་ཆུང་དུ་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་དང་། འདུས་ཚོགས་སུ་མང་ཇ་སྦྲེལ་མ་སོགས་དང་བསྟུན་གསོལ་འདེབས་བསྒྲུབས། ཟླ་བ་ལྔ་པའི་ཚེས་གཅིག་ལ་གོང་གི་ཁྲིད་པ་རྣམས་ལ་ངོ་སྤྲོད་འདེབས་པར་མཛད་ཅིང་། འདི་ལོ་ཐན་པ་ཆེ་བར་བཀའ་ནན་རབ་བརྗིད་ཀྱིས་མཚོན་པའི་ཆར་འབེབས་དང་ཕྲིན་བཅོལ་གནང་བས་དེ་ཕྲལ་ནས་ཆར་གཤིམས་པར་བབས། ཚེས་དྲུག་ལ་ཆོག་མང་སྒྲུབ་མཆོད་ཀྱི་ས་ཆོག་རྩ་འཆམས་ཀྱི་གཟིགས་མོར་ཡང་ཕེབས། ཚེས་བརྒྱད་ལ་གཙང་པ་ཆོས་རྒྱལ་ལྔ་པའི་ལམ་དུ་ཐལ་བར་འཕ་ོབ་དང་ངོ་སྤྲོད་ཀྱི་མཚམས་སྦྱོར་གྱིས་རྗེས་སུ་བཟུང་ཞིང་། ཚེས་བཅུ་ལ་སྒྲུབ་མཆོད་ཀྱི་སུ་ར་ཏོའི་མཆོད་གར་ཐོག་མར་ཚུགས་པའི་གཟིགས་མོར་ཞབས་པད་བསྐྱོད། འདི་སྐབས་གནའ་བོ་ལྕོག་གྲྭ་ཚང་གི་གྲྭ་པ་བཅོ་ལྔ་སྐོར་དགེ་ཚུལ་དགེ་སློང་གི་སྡོམ་པ་སྒྲུབ་ཏུ་འོངས་པ་རྣམས་ལ་ཆོས་ཀྱི་འབྲེལ་པའང་སྩལ་ཅིང་ན་རག་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ་གྱི་བཀའ་རྩོམ་ཡང་གྲུབ་པར་མཛད། དཔོན་ཚང་སྒོ་མོ་རག་པ་ཀོང་པོ་ནས་འཁོར་ཞག་ཏུ་བསྐྱོད་པའི་ལམ་ཞོར་མཇལ་དུ་བྱུང་བར་གུར་དྲག་དང་ཚེའི་དབང་བཀའ། བྱིངས་པ་ནང་སོའི་ཞལ་ངོ་ཚང་མ་མཇལ་བར་ཆེད་དུ་བྱོན་པར་ཡང་ཚེ་དབང་དང་བཀའ་བསྒོ། བདག་གཙང་དུ་འགྲོ་བའི་རྐྱེན་སེལ་དུའང་ཚེ་གུར་གྱི་དབང་སོགས་ཀྱིས་སོ་སོའི་རེ་བ་སྐོང་བར་མཛད་ཅིང་། གནམ་གང་ལ་ཆོས་མཛད་ཕྲིན་ལས་ཀྱིས་རང་གི་བྲང་ཁང་དུ་ཞབས་ཕྱིར་ཞལ་ངོ་རྣམས་དང་ཕྱག་ཕྱི་ནང་སྐོར་བ། བཟོ་རིག་པ་དང་བཅས་སྤྱན་དྲངས་ཏེ་སྟོན་མོ་དང་འབུལ་བསྙེན་རྒྱས་པར་སྟོབ། དེ་ཉིན་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་དགེ་བ་བཅས་ཕྱག་མཛོད་སྦུག་གི་འདོད་རྒྱལ་དང་རྣམ་སྲས་ཀྱི་སྐུ་བརྙན་ལ་གཟུངས་འབུལ་དང་རབ་གནས་ཀྱང་མཛད། ཟླ་བ་དྲུག་པའི་ཚེས་གཉིས་ནས་བཟུང་མིའི་དབང་པོའི་སྐུ་རིམ་དུ་བྱད་འགྲོལ་གྱི་སྒྲུབ་པ་བདུན་གཅིག་གི་བར་ཚུགས་པའི་མཐར་དགུང་མཉམ་གྱི་སྐུ་ཚབ་ལ་བྱད་འགྲོལ་གྱི་ལས་སྦྱོར་ཚར་བདུན་སྨིན་པར་གནང་ཞིང་། བཅུ་གཅིག་ལ་སྤྲུལ་པའི་སྐུ་གཞན་ཕན་དབང་པོའི་ཐུགས་དམ་དད་རྟེན་དུ་དུར་ཁྲོད་མ་མོའི་བྲིས་སྐུ་ཕྱག་བརྡར་ལ་རབ་གནས་ཀྱི་མཐར་ཐུག་པ་མཛད་དེ་སྩལ། བཅུ་དགུ་ལ་སྙེ་མདོ་དཔལ་ཆེན་རིག་འཛིན་གླིང་པ་དཔོན་སློབ་ཀྱིས་འབུལ་བསྙེན་གྱི་ཞབས་ཏོག་རྒྱས་པར་བཏེགས་སྟེ་གྲྭ་ཚང་ཚོགས་ཆེན་གྱི་ཚེ་ཆོག་དང་འབྲེལ་བར་ཞབས་བརྟན་ཕུལ་ཞིང་། ཉེར་ལྔ་ལ་གཅུང་ཀུན་དགའ་ཚུལ་ཁྲིམས་ཀྱི་དམིགས་རྟེན་དུ་ནཱ་རོ་མཁའ་སྤྱོད་ཀྱི་བྲིས་སྐུ་ཕྱག་བྲིས་སུ་མཛད། ཉེར་དགུ་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་བཟང་པོ་ལ་མི་དབང་ཆེན་པོར་གོང་མ་ཧོང་དེའི་ལུང་གིས་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཆོས་སྲིད་འཛིན་ཅིང་རྒྱལ་བསྟན་དར་རྒྱས་སུ་སྐྱོང་བའི་ས་དབང་ཞེས་གསེར་གྱི་འཇའ་ས་དང་ཐམ་ཁ་སོགས་ཀྱི་མངའ་བསྐུར་བར་ཞལ་སྲོའི་ལེགས་སྐྱེས་འབུལ་དུ་གཅུང་ཀུན་དགའ་ཚུལ་ཁྲིམས་མངགས་པ་དགྱེས་སྟོན་ཐོག་མའི་དུས་དེ་ཉིད་དུ་འབྱོར་བས་ལེགས་སོ་འབུལ་མི་ཐོག་མ་ལྟ་བུར་བྱུང་བ་ནི་ཐུགས་ཀྱི་དང་བ་རྣམ་པར་དག་པའི་རྟེན་འབྲེལ་རྨད་དུ་བྱུང་བའི་མཐུ་ལས་སོ། །ཟླ་བ་བདུན་པའི་ཚེས་དྲུག་ལ་གྲྭ་ཚང་ཚོགས་ཆེན་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལས་བྱང་གི་བཀའ་ལུང་སྩལ་ཅིང་། ཆོས་སྡེ་ནས་བདེ་མཆོག་ཕོ་བྲང་པ་རྡོ་རྗེ་འཛིན་པ་ཀུན་དགའ་བསམ་གྲུབ་སྤྱན་དྲངས་ཏེ་ཚེས་བཅུ་གཅིག་ནས་བཟུང་ཀྱེ་རྡོར་མན་ངག་ལུགས། གསང་འདུས་འཕགས་ལུགས། བདེ་མཆོག་ལཱུ་ཧི་པ། འཇིགས་བྱེད་རོ་ལངས་བརྒྱས་བསྐོར། གཤིན་རྗེ་གཤེད་དགྲ་ནག གཤེད་དམར། ཀུན་རིག་རྣམས་ཀྱི་དབང་བཀའ་དང་། དེ་དག་གི་སྒྲུབ་དཀྱིལ། སྡོམ་གསུམ་རབ་དབྱེ། ཐུབ་པ་དགོངས་གསལ། མཁས་པ་འཇུག་པའི་སྒོ། ལེགས་བཤད་རིན་པོ་ཆེའི་གཏེར་རྣམས་ཀྱི་ལུང་ཡང་རིམ་པར་གསན་ཞིང་། ཇོ་སྟན་ཚོགས་པ་སྡེ་པ་ཆོས་བཟང་དང་དགེ་སློང་བསམ་གཏན་ཅན་གྱིས་ཚེ་ཆོག་དང་འབྲེལ་བའི་གཟིམས་ཆུང་བརྟན་བཞུགས་རྒྱས་པར་ཕུལ། ཉེར་གཉིས་ལ་ཞབས་དྲུང་རིན་པོ་ཆེ་སྐུ་མཆེད་བླ་མ་བདེ་མཆོག་ཕོ་བྲང་པ་དང་བཀའ་འགྱུར་བ་སོགས་ལ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སྩལ། ཉེར་བཞི་ལ་བདེ་མཆོག་ཕོ་བྲང་བར་ཕེབས་རྫོངས་རྒྱས་པར་གནང་ཞིང་། སྐབས་འདི་དག་གི་ཚེ་ཡབ་རྗེ་རིག་འཛིན་ཆེན་པོའི་རྣམ་ཐར་དང་རྗེ་ཉིད་ཀྱི་གཏེར་བྱུང་ལོ་རྒྱུས། ཐུགས་རྗེ་ཆེན་པོའི་ཆོ་གའི་ལྷན་ཐབས་ཀྱི་བཀའ་རྩོམ་རྣམས་ཀྱང་རིམ་པར་མཛད། ཟླ་བ་བརྒྱད་པའི་སྟོན་ཆོས་ཐོག་ཏུ་ཞབས་དྲུང་སྐུ་མཆེད། གཅུང་དང་། ཡུམ་བགྲེས་གཞོན། གྲྭ་ཚང་ཚོགས་ཆེན་བཅས་སྐལ་ལྡན་གྱི་འདུས་པ་ལྟོས་ཆེ་བ་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ཚེས་བཅུ་གཉིས་ལ་སྟ་གོན་དང་། བཅུ་གསུམ་ལ་རིན་པོ་ཆེའི་སྐུ་རྒྱན་གསར་དུ་སྒྲུབ་པར་མཛད་པ་ཉིད་བཞེས་ནས་འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས་ཏེ་དངོས་གཞིའི་དབང་བཀའ་མཆོག་དབང་དང་བཅས་པ་རྒྱས་པར་གནང་ཞིང་། དེའི་སང་ཉིན་སྔ་དྲོ་ཐུགས་རྗེ་ཆེན་པོའི་པུསྟིའི་བཀའ་ལུང་། ཕྱི་དྲོ་བདེ་གཤེགས་ཀུན་འདུས་ཀྱི་ཚེའི་དབང་བཀའ་དང་། ལྷན་ཐབས་སྙིང་པོ་མཛེས་རྒྱན། གསང་བའི་རྣམ་ཐར་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ། གཏེར་བྱུང་ལོ་རྒྱུས་སྐལ་བཟང་དགའ་བྱེད་རྣམས་ཀྱི་ལུང་སྩལ། ཚེས་བཅུ་དགུ་ལ་སྨོན་གྲུབ་ནས་བསྙེན་བཀུར་འབུལ་དངོས་བཟང་ཞིང་རྒྱ་ཆེ་བ་དང་བཅས་ཏེ་གྲྭ་ཚང་ཚོགས་ཆེན་གྱིས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་ཕུལ། འདི་སྐབས་སྐུ་ཞབས་གྲྭ་ཚང་གི་དབུ་མཛད་ཆེན་མོ་ཕུག་ནས་ཆོས་མཛད་དང་། དར་བྱུང་ཆོས་མཛད་གཉིས་བྱོན་པར་ཐུན་མོང་དུ་གཤིན་རྗེ་དྲེགས་འཇོམས་ཀྱི་དབང་བཀའ་དང་། དབུ་མཛད་ལ་འཁོར་བ་དབྱིངས་སྒྲོལ་གྱི་ཁྲིད་བཀའ་དམིགས་རིམ་སྙིང་པོར་དྲིལ་བ་ཞག་བཅུ་སྐོར་ལ་རྫོགས་པ་ཞིག་ཀྱང་གནང་ཞིང་། དཔལ་དེའུའི་བན་ཚང་པ་ཁ་ཤས་ཀྱང་ཆོས་ཞུར་འབྱོར་བར་གཏེར་མགོན་ཕྱག་བཞི་པ་དང་། ཀི་ཀང་ནག་པོ་སོགས་ཕྲིན་ལས་སྐོར་གྱི་དབང་ལུང་ཕྱག་ཁྲིད་དང་བཅས་པ་དང་། གསུང་གླིང་རབ་འབྱམས་པ་བསྟན་པ་དར་རྒྱས་སོགས་ཕྱོགས་འདུས་པ་མང་པོར་གཏེར་གསར་གུར་དྲག་དང་ཚེའི་དབང་བཀའ་སོགས་འདོད་ཆོས་མང་དུ་སྩལ། བདག་ས་སྐྱ་ནས་མར་ལམ་བྱང་ལམ་བརྒྱུད་འོངས་པས་འགོར་གཞི་ཆེས་པར་བརྟེན་ཞབས་ཕྱི་བ་དག་ད་ནམ་ཙམ་སླེབ་ཀྱི་འཕྲོས་མོལ་བ་ན་རྗེའི་གསུང་གིས། ད་ལྟ་དོལ་མདར་འབྱོར་བ་ཙམ་འདུག་གསུང་བ་ལྟར་དེ་ནུབ་ངེད་རྣམས་འགར་ཚར་སླེབ་པའི་སྔ་འགྲོས་ཀྱི་བང་ཕྱིན་འབྱོར་བས་ཐམས་ཅད་ཐུགས་མཁྱེན་ལ་མོས་པར་གྱུར། འདི་སྐབས་རྩེ་གདོང་གི་ཞབས་དྲུང་ཁྲི་ཆེན་འབྲས་མོ་ལྗོངས་ཀྱི་གནས་གཟིགས་སུ་ཕེབས་ནས་ཕྱིར་ལམ་སྐུ་གཤེགས་པའི་བསྔོ་རྟེན་འབྱོར་བར་དགོངས་པ་ཡོངས་སུ་རྫོགས་པའི་མཆོད་བསྔོ་འབུལ་བར་མཛད་ཅིང་། གནམ་གང་ལ་གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད། དབུ་མཛད་ཕུག་ནས་སོགས་ལ་དུག་ཁྲག་བུམ་ལྕགས་མའི་དབང་ལུང་ཚང་བ། ཨེ་པའི་ཡིག་མཁན་རྣམས་ལ་ཚེ་དབང་དང་། ཟླ་བ་དགུ་པའི་ཚེས་བདུན་ནས་བརྩམས་ཏེ་བླ་མ་བཀའ་འགྱུར་བ་སོགས་ལ་ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་ཐུན་མོང་མ་ཡིན་པའི་ཞལ་ཤེས་སོགས་ཚར་ལུགས་བཞིན་རྒྱས་པ་དང་རྒྱབ་བརྟེན་ལུང་དང་བཅས་པ་རིམ་པར་སྩལ་ཅིང་། ཟླ་མཇུག་དེར་འབྲས་ལྗོངས་ཀ་ཐོག་པའི་བླ་མ་ཡབ་སྲས་རྣམས་གཤེགས་པའི་བསྔོ་རྟེན་འབྱོར་བར་དགེ་ཚོགས་བྱང་ཆེན་དུ་བསྔོ་སྒྱུར་དང་། དད་པས་སྙེགས་པའི་ཕྱོགས་འདུས་པ་མང་པོར་གཏེར་གསར་སྐོར་གྱི་དབང་བཀའ་དང་ལུང་བཀའ་ཅི་རིགས་པའང་གནང་། ཟླ་བ་བཅུ་པའི་ཚེས་བརྒྱད་ལ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད། བླ་མ་བཀའ་འགྱུར་བ། གྲྭ་ཚང་གི་གྲྭ་གསར་བདུན་ཅུ་སྐོར་དང་བཅས་པ་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པའང་སྩལ། དེ་དག་གི་ཚེ་མགྲོན་གཉེར་ཆོས་གྲུབ་ཀྱི་མ་དུས་ལས་ཡོལ་བའི་འདད་དང་། ཀུན་དགའ་བློ་གྲོས་ཀྱི་མའི་གསོན་དགེར་སོ་སོ་ནས་གྲྭ་ཚང་དུ་བསྙེན་བཀུར་རྒྱས་པར་བསྟར་བའི་ཚོགས་དབུར་ཞབས་པད་བསྐྱོད་དེ་དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་མཛད་ཅིང་། ཟངས་མཚོ་སྒྲུབ་སྡེའི་གྲྭ་པ་ཡོངས་རྫོགས་ལ་གུར་དྲག་གི་དབང་ལུང་དང་། གྲ་ཚང་གི་གྲྭ་པ་གུར་དྲག་གི་བསྙེན་མཚམས་བྱེད་མི་གཉིས་ལ་དམིགས་བསྐྱོར། འདུམ་པོའི་ཞལ་ངོ་རྣམས་ཆེད་གཏད་ཀྱིས་མཇལ་དུ་བྱུང་བའི་ཚེ་རྟ་གུར་དྲག་སོགས་རྐྱེན་སེལ་གྱི་དབང་དང་བྱིན་རླབས་སྩལ་ཅིང་། ཁྱད་པར་སྐུ་ཞང་ཚེ་དབང་མི་འགྱུར་ལ། རྫོང་སྡོད་ཀྱི་ལས་ཚན་རྣམས་ཀྱིས་སྡེ་དགོན་སོགས་ལ་ཞར་ཞོར་དུ་གནོད་པ་ཆང་ཆུང་སྐྱེལ་བ་འདི་གཞན་དག་གིས་མི་དགེ་བ་རྔམ་ཆེན་བྱས་པར་གྲགས་པ་ལས་ཀྱང་དོན་ལ་གནོད་ཚབས་ཆེ་ཞིང་ལས་སྟོབས་ཆེ་བ་ཞིག་འོང་གི་འདུག་པས་རིས་མེད་ཀྱི་བསྟན་འགྲོར་སྲི་ཞུའི་ཕན་ཐབས་གང་ཐུབ་ལས་འགལ་རྐྱེན་དུ་མི་འགྲོ་བ་ལ་འབད་དགོས་པ་སོགས་གཏན་བདེ་ལ་བཀྲི་བའི་འཇུག་ལྡོག་གི་བསླབ་བྱའང་གནང་། ཉེར་ལྔ་ནས་བཟུང་ཞབས་དྲུང་རིན་པོ་ཆེ་སྐུ་མཆེད། བླ་མ་བཀའ་འགྱུར་བ། བླ་མ་ཤཱཀྱ་སོགས་ཆོས་ཞུ་བ་རགས་བསྡུས་ལ་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང་། གཏེར་གསར་རྡོར་སེམས་དང་གཤིན་རྗེ་དྲེགས་འཇོམས། ལོཀྟྲི། ཁྱབ་འཇུག་རྣམས་ཀྱི་དབང་དང་། གཏེར་གསར་སྐོར་གྱི་བཀའ་ལུང་། མ་གཅིག་གི་གཅོད་ཁྲིད། མཁའ་སྤྱོད་མ་དང་བླ་མ་གསང་འདུས་ཀྱི་ལུང་རགས་རིམ་སོགས་སྩལ། ཟླ་བ་བཅུ་གཅིག་པའི་ཚེས་བཞི་ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་བཟང་པོ་ལ་བཀའ་འགྱུར་གྱི་ལུང་རྣམས་གེགས་མེད་དུ་གསན་པ་གྲུབ་སྟེ། འདི་ཉིན་ཁ་བཏགས་ཉིན་བདེ་མ། གོས་ཡུག དར་ཡུག རྟེན་ཁེབས། ཀྱེ་རྡོར་གྱི་གསེར་སྐུ་དང་། ཐང་སྐུ། རྒྱ་དྲིལ། རྒྱ་སྦུག ཇ་རས་དར་གོས་བཟང་པོའི་རྣམ་སྦྱར་སོགས་ཆོས་ཡོན་ཡང་རྒྱས་པར་གནང་ཞིང་། བྱ་རྒོད་དཔོན་པོ་ཀུན་དགའ་ཕུན་ཚོགས་ལའང་རྡོར་སེམས་དང་གུར་དྲག་གི་དབང་སོགས་འདོད་ཆོས་འགའ་ཞིག་དང་། གོང་གི་ཆོས་ཞུ་བ་རགས་བསྡུས་ལ་རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པས་མཛད་པའི་དབུ་མ་ལུགས་ཀྱི་སེམས་བསྐྱེད་འབོག་ཆོག་གི་ལུང་དང་། ཡང་བཟློག་ལོཀྟཱི་སོགས་ཀྱི་དམིགས་རིམ། ལྷ་ཆེན་གྱི་སྲོག་གཏད། ཐུགས་ཐིག་གི་ཤར་ཁྲིད་སོགས་ཆོས་སྦྱིན་དང་། ཚེས་བཅུ་ལ་ནང་རྟེན་གྱི་མཇལ་ཁ་སོགས་ཀྱིས་སོ་སོའི་རེ་འདོད་ཡིད་བཞིན་དུ་སྐོང་བར་མཛད། དེ་ཉིན་བླ་མ་བཀའ་འགྱུར་བར་ཇ་མར་གོས་དར་སོགས་རྫོངས་བའི་སྐྱེས་རྒྱ་ཆེར་གནང་བས་དགྱེས་པ་བསྐྱེད་ནས་ཕྱིར་ཐེགས། ཚེས་བཅོ་ལྔ་ལ་མགོན་རི་སྐུ་སྐྱེས་གཟིམས་ཆུང་ཞབས་བརྟན་ཕུལ་ཞིང་། སྣེ་གདོང་བན་གཙང་པ་འགའ་ཞིག་བསྙེན་རྫོགས་སྒྲུབ་ཏུ་བྱུང་བར་རྡོར་སེམས་བསྙེན་སྒྲུབ་ཀྱི་ལུང་སོགས་ཆོས་ཀྱི་འབྲེལ་པའང་སྩལ། ཚེས་བཅུ་བདུན་ནས་རིག་བྱེད་པ་དགེ་སློང་བློ་གྲོས་མཆོག་ལྡན་དང་སྟག་ལུང་པ་ཨོ་རྒྱན་མཆོག་གྲུབ་གཉིས་ཀྱིས་རྗེའི་གསང་བའི་རྣམ་ཐར་དང་གཏེར་བྱུང་ཞིང་བཀོད་བྲིས་ཐང་གཟབས་བྲིས་སུ་བཞེངས་པའི་དབུ་ཚུགས་པར་ཞལ་བཀོད་ཀྱང་མཛད་ཅིང་། ཚེས་ཉི་ཤུ་ལ་ཞབས་དྲུང་སྐུ་འབྲིང་དང་། གཞན་ཕན་ལགས། རབ་འབྱམས་པ་སངས་རྒྱས་ཆོས་དར་སོགས་ལ་གསང་རྣམ་དང་གཏེར་བྱུང་གི་ལུང་དང་། དེའི་སང་ཉིན་ཞབས་དྲུང་སྐུ་མཆེད་སོགས་བདག་ཅག་དོན་གཉེར་བ་འགའ་ལ་དམག་བཟློག་གི་ལེ་ལག་ལུང་བྱང་ལེ་ཚན་དང་། རྒོད་ཕྲུག་པའི་གཅོད་ཡུལ་ཟབ་ལམ་གཅེས་བསྡུས་དང་། སྟན་ཐོག་གཅིག་མའི་ཡིག་རྙིང་གི་ལུང་རྣམས་སྩལ། ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ལྷག་པ་ཁྲུམས་སྟོད་དང་རྩེ་བའི་གཟའ་ཚེས་ཕུན་སུམ་ཚོགས་པར་རྗེ་ཉིད་ཀྱི་ཡུམ་གྱི་སྒེར་གྱིས་སྦྱིན་བདག་གནང་བའི་གྲྭ་ཚང་འདུས་ཚོགས་སུ་ཚེ་ཆོག་དང་འབྲེལ་བའི་ཚོགས་འཁོར་འབུལ་འགྱེད་རྒྱས་པ་དང་བཅས་ཞབས་པད་བརྟན་པའི་གསོལ་འདེབས་གནང་ཞིང་། ཚེས་དགུའི་ནུབ་གཞུང་དུ་མཚན་ལམ་འཚུབ་ངོ་ཙམ་ཤར་བར་སྐུ་རིམ་ཞབས་སྐུལ་དང་། འདི་ཁར་ཡང་སྐུ་རིམ་དམིགས་སུ་འགྲོ་བ་སྒྲུབ་པར་མཛད། ཚེས་བཅོ་ལྔའི་རྒྱལ་དང་བསྟུན་ལྷ་ཆེན་གྱི་དམ་ཚིག་བྲིས་སྐུ་ཉིན་ཐང་དུ་བཞེངས་པར་མཛད་པ་ལ་རབ་གནས་ཞལ་བསྲོའི་མེ་མཆོད་དང་བཅས་པ་རྒྱས་པར་མཛད་ཅིང་། འདི་སྐབས་ཁམས་པ་ཉི་མ་གྲགས་པའི་འབུལ་སྐྱེལ་དུ་ཞལ་དཀར་དངུལ་སྟེགས་དང་བཅས་པ། ཇ་གོས་དར་སོགས་འབྱོར་བར་ཕོ་ཉ་བ་ཚོར་ཆོས་འབྲེལ་དང་རེ་འདོད་ཚིམ་པའི་སྐྱེས་ལན་ཡང་སྩལ། བཅུ་དགུ་ནས་བཟུང་ཉིན་གསུམ་གྱི་བར་སྡེ་སྲིད་སྐུ་ཞབས་ཀྱི་དགུང་ལོ་ཞབས་ཕྱི་བར་རྟེན་བཅས་ཏེ་ཕྱག་རྡོར་གྱི་ལས་མཐའ་གདོན་འགྲོལ་གྱི་ཆོ་ག་སྨིན་པར་གནང་ཞིང་། ལོ་མཇུག་དུས་རིམ་གྱི་སྟབས་ཉི་ཤུ་ནས་གཙུག་ལག་ཁང་དུ་བཞུགས་གནས་སྤོས་ཏེ་ས་ཆོག་ནས་བཟུང་སྒྲུབ་པ་དང་ལས་སྦྱོར་གྱི་གདབ་ཁ་ཟོར་འཕེན་གཏོར་འབུལ་རྟེན་འདོག་བར་གྱི་སློབ་དཔོན་དུ་ཞབས་བསྐྱོད་ཅིང་། དེ་དུས་ཚོགས་སུ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རྣམ་བཀོད་ཚང་བའི་བཤད་འབུལ་མཛད།

དགུང་ལོ་ལྔ་བཅུ་པ།

དགུང་ལོ་ལྔ་བཅུ་པ་ཤིང་ཕག་ལོ་གསར་གྱི་ཐོག་མའི་དགྱེས་སྟོན་ལ་ཚོགས་དབུར་ཕེབས་པར་དགེ་བཤེས་རྣམས་ཀྱིས་རིགས་ལུང་འབུལ་བ་སོགས་དང་། ཉིན་ཕྱི་མའི་བཞུགས་གྲལ་འབེལ་གཏམ་རྣམས་ཀྱང་སྔར་འཁྱུད་ལྟར་མཛད་ཅིང་། ཚེས་གསུམ་ལ་མགོན་ཁང་སྦུག་ཏུ་རྟེན་རྫས་སྤྱན་གཟིགས་དང་བཅས་ཏེ་བསྐང་གསོ་རྒྱས་པར་གནང་། བཅོ་ལྔ་ལ་བླ་བྲང་ཚོམས་ཆེན་དུ་བརྒྱ་མཆོད་དང་འདུས་པར་ཧུབ་ཇའི་མང་ཇ་སྦྱོར་སྦྲེལ་རྣམ་བཞག་དང་བཅས་ཏེ་མཆོད་འབུལ་དང་སྨོན་ལམ་བགྱིད་དུ་སྩལ་ཞིང་། དེ་ཉིན་རྗེ་ཉིད་ཀྱི་སྤྱན་སྔར་སྒྲུབ་སྡེའི་བཙུན་མ་ཨོ་རྒྱན་ཆོས་འཛོམ་གྱིས་མཛུབ་མོ་མར་མེའི་མཆོད་པར་ཕུལ་བར་བྱང་ཆེད་དུ་བསྔོ་སྒྱུར་དང་། ཡི་རང་བའི་གནང་ཆ་སྨོན་ལམ་ཞལ་འདོན་པའི་དགེ་སློང་བརྒྱད་གྲྭ་ལའང་ཡོན་རྣམས་རྒྱས་པར་གནང་། ཚེས་བཅུ་བདུན་ནས་བཟུང་མགོན་རི་སྐུ་སྐྱེ་དང་གོང་དཀར་དཀོན་གཉེར་བ་དགེ་སློང་ཆོས་རྒྱལ་དང་ཀུན་ཡོན་སོགས་ཕྱོགས་འདུས་པ་མང་པོར་ཐུགས་ཐིག་དང་གཤིན་རྗེ་དྲེགས་འཇོམས་ཀྱི་དབང་བཀའ་དང་། པུསྟིའི་ལུང་། ཨ་ཏི་ཟབ་དོན་སྙིང་པོའི་ཁྲིད་རྣམས་རིམ་པར་མཛད་ཅིང་སྔར་གྲྭ་ཚང་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གསུང་ཆོག་མཛད་པ་རྣམས་ལྕགས་སྡིག་གི་ལས་བྱང་སྙིང་པོར་དྲིལ་བ་ལ་བརྟེན་ནས་མཛད་སྲོལ་ལ། འདི་ལོ་ནས་ལྕགས་འདྲའི་ལས་བྱང་རྡོ་རྗེ་མེ་འཕྲེང་འཛུགས་པར་མཛད་ཅིང་། འདི་ནས་བཟུང་ཟླ་བ་ངོ་རེ་བཞིན་གྱི་གནམ་གང་ལ་གངས་ཅན་གྱི་ལྷ་གཅིག་གོང་མ་ཐུགས་རྗེའི་བདག་ཉིད་ཡབ་སྲས་ཀྱི་སྐུའི་རིམ་གྲོ་དང་། བསྟན་འགྲོའི་བདེ་ཐབས་སུ་ཟིལ་གནོན་གྱི་ལས་གཞུང་བསྲངས་བའི་སྐུ་གསུང་ཐུགས་སྔགས་དང་། ཡང་གསང་དྲག་པོའི་སྔགས་རྒོད་ཨྱཱཻ་རིངས། གཟིར་བཟློག་གི་སྤྱང་མོ་བཅས་པ་བཟླས་བརྗོད་གཙོར་སྟོན་གྱི་ཆོག་རྒྱུན་འཛུགས་པར་མཛད། ཟླ་བ་གཉིས་པའི་ཚེས་བཞི་ལ་རབ་འབྱམས་པ་སངས་རྒྱས་ཆོས་དར་དང་། དེའི་སང་ཉིན་དཀོན་གཉེར་བའི་གྲྭ་པ་ཆོས་རྒྱལ་ཅན་སོ་སོས་གཟིམས་ཆུང་བརྟན་བཞུགས་ཀྱང་ཕུལ། ཚེས་དྲུག་ལ་ཆོས་མཛད་ཕྲིན་ལས་དང་། བདུན་ལ་གསེར་བཟོ་བ་བསམ་འགྲུབ་གཉིས་སོ་སོས་གྲྭ་ཚང་འདུས་ཚོགས་སུ་ཚོགས་གསོག་གི་ཞབས་ཏོག་ཞུས་པའི་གྲལ་དབུར་སྤྱན་དྲངས་ཏེ་སོ་སོ་ནས་འབུལ་བ་དང་བསྙེན་བཀུར་ཕུན་སུམ་ཚོགས་པར་སྟོབ། ཚེས་བརྒྱད་ལ་ཉིད་ཀྱི་ཡུམ་གྱི་རྐྱེན་སེལ་དུ་འཆི་བསླུའི་ཆོ་ག་མཛད་ཅིང་། འཆི་མེད་དགེ་ཚལ་ནས་ཆ་རྐྱེན་གནང་བ་ལྟར་མི་དབང་ཆེན་པོའི་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གི་བར་དང་། ཟླ་མཇུག་དེར་ཞབས་ཕྱི་སོགས་ཀྱང་མ་བསྟེན་པར་བླ་བྲང་གི་གཟིམས་ཆུང་སྦུག་ཏུ་སྐུ་མཚམས་ཀྱི་བཅད་རྒྱ་ཤིན་ཏུ་དམ་པ་ཞིག་མཛད་པ་ཟླ་བ་གསུམ་པའི་ཚེས་འགོར་གྲོལ་ཏེ་ཚོགས་མཆོད་ཆེན་མོའི་སྒྲུབ་མཆོད་གྲོལ་བའི་དངོས་གྲུབ་ལེན་པའི་གྲལ་དབུར་ཡང་རྟེན་འབྲེལ་གྱི་སླད་དུ་ཞབས་པད་བསྐྱོད་ཅིང་། ཡར་འབྲོག་སྒྲུབ་སྡེ་སྤྲུལ་སྐུའི་ཞབས་བརྟན་འབུལ་མི་ཡང་འབྱོར་ཞིང་། ཚེས་བཞི་ལ་རྒྱལ་པོ་ཀུན་སྤངས་པ་ལྷ་བཙུན་རྡོ་རྗེས་གསེར་མགུར་ཞོ་བརྒྱ་ཕྲག་གི་ཕྱག་རྟེན་དང་བཅས་ཏེ་མཇལ་དུ་བྱུང་། ཚེས་བཅུ་ལ་ལྷ་བཙུན་དང་གྲྭ་པ་སྔར་དབང་མ་ཐོབ་པ་བཞི་བཅུར་ཉེ་བ་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་གི་སྟ་གོན་དང་། དེའི་སང་ཉིན་དངོས་གཞིའི་དབང་བཀའ་སྤྲོས་བཅས་སྤྲོས་མེད་དང་བཅས་པ་རྒྱས་པར་སྩལ་བ་ལ་རྒྱལ་པོ་ཀུན་སྤངས་པས་གསེར་དངུལ་གྱི་མཎྜལ་དང་ཚོགས་ཀྱི་འཁོར་ལོ་བཟང་ཞིང་རྒྱ་ཆེ་བ་སྟོབ་ཅིང་། ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་མཆེད་དང་། ལྷ་བཙུན། གྲྭ་ཚང་གི་གྲྭ་པ་སོགས་བདག་ཅག་དོན་དུ་གཉེར་བ་ཅན་མང་པོ་ལ་ཐུགས་རྗེ་ཆེན་པོའི་ཆོ་གའི་ལྷན་ཐབས། རྒྱུན་ཁྱེར། ལྷ་ཆེན་གྱི་མཆོད་གཏོར་འབུལ་ཆོག གཏེར་བྱུང་དང་། གསང་རྣམ། ཐུགས་ཐིག་བསྙེན་ཡིག་སོགས་བཀའ་འབུམ་སྐོར་གྱི་ལུང་མང་བ་དང་། དཔོན་སློབ་ཉུང་བསྡུས་ལ་གཅོད་ཡུལ་ཟབ་དོན་གཅེས་བསྡུས། རྒྱལ་སྲས་པས་མཛད་པའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་སོགས་བཀའ་ལུང་མང་པོ་རིམ་པར་གནང་། འདི་སྐབས་གྲྭ་ཚང་ཚོགས་ཆེན་གྱིས་ཞག་བདུན་གྱི་བར་བཀའ་འགྱུར་གསུང་སྒྲོག་མཛད་པར་རྒྱུན་གྱི་ཇ་ཐུག་ཐོག་འཕར་ཇ། བཞེས་འཇམ་སོགས་སྔར་འཁྱུད་ལྟར་དང་། ཡོན་གྱི་དངོས་པོའང་སྤོང་དག་དང་སྒོ་བསྟུན་ཏེ་ན་བཟའ་ཆ་ཚང་། གོས་དར་ཇ་སོགས་རྒྱས་པར་སྩལ་ཅིང་། དེ་དུས་རྫོགས་ཆེན་བླ་བརྒྱུད་ཀྱི་སྐུ་བརྙན་གྲྭ་ཚར་ཡང་བཞེངས་པར་མཛད་པའི་བཟོ་པ་འཛོམ་ཕྲུག་ཅན་སོགས་ལ་རྡོར་སེམས་ཀྱི་དབང་བཀའ་ཡང་མཛད། སྐུ་ཞབས་གྲྭ་ཚང་ཆེན་མོའི་གྲྭ་གསར་སྔར་དབང་བཀའ་མ་གསན་པ་རྣམས་ཆེད་དུ་ཕེབས་རྒྱུའི་བསླབ་སྟོན་མི་དབང་ཆེན་པོའི་བཀའ་ཤོག་བཅས་སྔོན་དུ་ཕེབས་པ་ལྟར་གྲྭ་པ་བགྲེས་པ་དགེ་རྒན་རབ་འབྱམས་པ་ཐུགས་རྗེས་དབུ་མཛད་གྲྭ་གསར་ལྔ་བཅུ་སྐོར། ཕྱག་ཕྱི་རྗེས་འབྲེལ་བདུན་ཅུ་སྐོར་བཅས་ཉེར་བཞིའི་སྔ་ཆར་ཕེབས་པར། དེ་འཕྲལ་མཇལ་ཁ་དང་། ཚོམས་སུ་ཕེབས་སྤྲོའི་སྟོན་མོ་ཞུས་རྗེས། དེ་ནུབ་བླ་མ་གསང་འདུས་ཀྱི་སློབ་མ་ལྷག་གནས་གནང་། ཉེར་ལྔ་ལ་སོ་སོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་བླ་མ་གསང་འདུས་ཀྱི་དབང་དངོས་གཞི་དང་། བཀའ་བརྒྱད་མགྱོགས་དབང་། ཕུར་པ་ལྷ་ནག་གི་དབང་། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་རྣམས་དང་། ཉེར་དྲུག་ལ་གཤིན་རྗེ་ཚེ་བདག ཁྲོ་ཆུ། ཡང་གསང་དྲག་པོ། རྡོ་རྗེ་གྲོ་ལོད། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་རྣམས་ཀྱི་དབང་། ཉེར་བདུན་ལ་རྟ་མགྲིན་ཁམས་གསུམ་ཟིལ་གནོན། ཚེ་དཔག་མེད་འཆི་མེད་འོད་སྣང་། འཆར་ཀ ལོཀྟྲི། སྟག་ཞོན། དམག་ཟོར་མ། སྔགས་སྲུང་མ། ཞིང་སྐྱོང་། ཐང་ལྷ། རྒྱལ་བཙན། རྡོར་ལེགས་རྣམས་ཀྱི་དབང་དང་སྲོག་གཏད། ཉེར་བརྒྱད་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་དང་། གོང་གསལ་གྱི་དབང་སོ་སོ་དང་འབྲེལ་བའི་ཕྲིན་ལས་སྒྲུབ་སྐོར་ལུང་རྒྱུན་གང་བཞུགས་རྣམས་རིམ་པར་གནང་། རྗེས་ཕེབས་རྫོངས་ཀྱི་སྟོན་མོ་དང་སྐྱེས་ཀྱི་ཚན་གྲངས་སོགས་བཟང་ཞིང་རྒྱ་ཆེ་བ་དང་། དེ་བར་རྒྱུན་གྱི་བསྙེན་བཀུར་ཡང་འཁོས་སུ་ཕེབས་པ་མཉེས་ཐུབ་པར་མཛད་ཅིང་། ཚུར་ཡང་ཆོས་ཡོན་དུ་ཚན་གྲངས་ཀྱི་དངོས་པོ་གྱ་ནོམ་པ་ཕུལ། དེ་ནུབ་ཀླུ་ཁང་གྲྭ་ལྔ་སོགས་ལའང་ཚེ་དབང་སྩལ་ཅིང་། ཉེར་དགུའི་སྔ་དྲོ་སླར་ཡང་བཞུགས་གྲལ་ཐོག་སྲུང་མདུད་ཚན་གྲངས་སོགས་སྤྲོས་ཏེ་ཕྱིར་ཐེགས། ཟླ་བ་བཞི་པའི་ཚེས་བཞི་ནས་ཆོག་མང་སྒྲུབ་མཆོད་ཚུགས་པའི་ས་ཆོག་གི་རྩ་འཆམས་དང་། དངོས་གཞིའི་མཆོད་གར་དང་བྲུབ་འཆམས་སོགས་ཀྱི་གཟིགས་མོར་ཡང་ཞབས་པད་བསྐྱོད། དེ་ཡང་སྔར་གཞིས་ཁའི་ཡུམ་ཆེན་མོས་སྒྲུབ་མཆོད་ཀྱི་ཆ་རྐྱེན་གནང་བཞེད་ཀྱི་དགོངས་པ་སྐོང་བ་དང་། ཁྱད་པར་ཆུ་མིག་ཁ་དཔོན་ས་ཨ་བསོད་རྒྱལ་མོས་རྟེན་གསུམ་མཆོད་ཆ་ཐབ་ཆས་སོགས་དངོས་པོ་རྒྱ་ཆེར་སྟོབ་པ་རྣམས་ཆུད་མི་ཟ་བའི་སླད་དུ་སྔར་གྱི་སྒྲུབ་ཞག་བདུན་གྱི་སྟེང་འདི་ལོ་ནས་ཉིན་གསུམ་གྱི་འཕར་ཁ་གནང་ཞིང་། ཚེས་བཅོ་བརྒྱད་ལ་སྒྲུབ་མཆོད་གྲོལ་སྟོན་ཐོག་སྙན་དར་ཚོས་ཁ་སྣ་ཚོགས་བཟང་བསྡུས་དང་། དུང་དཀར་གསེར་ལྗང་བརྡུངས་ཀྱི་གཤོག་པ་ཅན་གཡུ་ཕྲས་ཕྱུག་པ་ཆ། གར་གོས་ཟངས་འབག་སོགས་གྲྭ་ཚང་གི་སྤྱི་རྫས་དང་། འགྱེད་ཀྱི་ཚན་གྲངས་རྣམ་གཞག་དང་བཅས་པའང་རྒྱས་པར་སྩལ། སྐབས་འདིར་ཞབས་བརྟན་མཆོད་སྡོང་ཆེན་པོ་ལེགས་པར་གྲུབ་པའི་རབ་གནས་ཕུར་སྒྲུབ་དང་འབྲེལ་བར་སྐུ་ཞབས་གྲྭ་ཚང་ཆེན་མོ་ནས་གནང་བའི་དངོས་གཞི་ཚེས་བཅུ་བཞི་ལ་ཡིན་འདུག་པ་དང་དུས་སྒྲིག་པར་མཛད་དེ་གཅུང་ཀུན་དགའ་ལགས་དཔོན་སློབ་ཆེད་དུ་རྫོང་སྟ་གནང་བའི་གསེར་གདུང་རིན་པོ་ཆེར་སྙན་ཤལ་གོས་གསེར་མདོག་ཡུག་རིང་ལ་འདོད་དོན་ཚིགས་བཅད་མ་བྲིས་པས་མཚོན་གན་གོས་སྔོན་པོ་ཚོན་ཁྲ་ཡུག་དང་། ཁ་ཐི་དམར་པོ་ཡུག་དར་ལིང་ཚོས་ཁ་སྣ་ཚོགས་ཡུག་རེ། མཆོད་རྟེན་གཞན་བརྒྱད་པོར་དར་ཚོན་སྣ་ལྔ་ཡུག་རེ། ཁ་བཏགས་བདེ་ལེགས་ཀྱི་རི་མོ་བཀྲ་བ་ཆེ་ལེགས་རེ། ལྷ་ཁང་གཞན་རྣམས་ཀྱི་རྟེན་གཙོ་ལས། གུ་རུ་རིན་པོ་ཆེ། ཐུབ་དབང་། རྗེའི་སྐུ་རྣམས་ལ་དར་ཚོན་སྣ་ལྔ། གོང་གི་སྐུར་གན་ཇུས་ཀྱི་སྣམ་སྦྱར། རྟེན་གཞན་རགས་བསྡུས་ལ་ཁ་བཏགས་ཆེ་ཆུང་སྣ་ཚོགས་ཀྱི་སྙན་ཤལ་དང་། སྤྱིར་གོས་ཕྲུག་གནས་བརྟན་སེའུ་མའི་བླ་བྲེས་ཤམ་ལྡན་ཆེ་བ། གན་གོས་དམར་ཁྲའི་རྒྱལ་མཚན་ཆ། ཁ་ཐི་བཟང་སྒྲིགས་ཀྱི་ཕྱེ་འཕུར་ཆེ་བ་ཆ། གོས་གནམ་ཁ་སེའུ་མའི་ཕན་རིང་ཆ། ཧོར་སིལ་ཤུབས་ལྡན། དུང་དཀར་དངུལ་ཤོག་རྒྱ་བཟོ་མ་ཆ་རྣམས་དང་། དངོས་པོ་བཟང་བརྩེགས་ཀྱི་དགུ་ཚན་ལྔ། གོང་ཞབས་སུ་དགུ་ཚན་བཅུ་གསུམ་དང་མི་དབང་ཆེན་པོར་དགུ་ཚན་དགུ་སོགས་རང་འབྱོར་དང་བསྟུན་པའི་སྤམ་ཅི་མཐོ་དང་། སྐུ་ཞབས་གྲྭ་ཚང་དུ་གྲྭ་ཇ་དང་སྤྱི་འབུལ་གྱི་ཚན་གྲངས་བཅས་འབུལ་བར་མཛད་པ་ལ་དབྱིངས་ནས་ཀྱང་དགྱེས་པ་ཆེན་པོའི་བདག་རྐྱེན་ཆེ་བར་སྩལ་བའི་ཟླ་བཤམ་དུ་གོང་གི་བཀའ་ཤོག་གནང་རྟེན་བཟང་པོ་དང་བཅས་ཏེ་ཀུན་དགའ་ལགས་དཔོན་སློབ་རྣམས་ཕྱིར་འཁོར་ཞིང་། ཟླ་བ་ལྔ་པའི་ཚེས་ལྔའི་སྔ་དྲོ་རེས་གཟའ་ཕུར་བུ་ཟླ་སྐར་རྒྱལ་དང་འཛོམས་པའི་འགྲུབ་སྦྱོར་གྱི་དུས་དགེ་བ་ནས་བརྩམས་ཏེ་ཡུམ་རིན་པོ་ཆེ་ལྷ་འཛིན་དབྱངས་ཅན་སྒྲོལ་མས་རང་ཉིད་ཀྱི་སྐུ་རྒྱན་རྣམས་དངོས་རྒྱུར་མཛད་པའི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་བློས་བསླངས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་བཞེངས་པར་བཞེད་པའི་སྐུ་བརྙན་རྣམས་ཀྱི་སྤྲ་བཟོའི་དབུ་འཛུགས་པ་སོགས་བཟོ་པ་བལ་པོ་དྲུག བོད་པ་འཕྲ་བཟོ་བ་གཉིས་དང་ཤིང་བཟོ་བ་གཉིས་རྣམས་ཀྱིས་བཞེངས་པའི་ལས་གྲའི་འགོ་ཚུགས་ཤིང་། ཚེས་བཅུ་མཆོད་པའི་ཚོགས་དབུར་ཀྱང་ཞབས་པད་བསྐྱོད་ནས་དངོས་གྲུབ་བླང་བའི་རྗེས་འབྲེལ་དུ་གཏོར་དབང་དང་། དེ་ཉིན་བླ་མ་གསང་འདུས་ཀྱི་ལས་བྱང་སྙིང་པོ་རབ་གསལ་བཀའ་རྩོམ་གྱི་སྐར་འཛིན་ཡང་གནང་། ཉེར་གསུམ་ལ་བློས་བསླང་གི་གཞིའི་སྟེགས་བུ་ལ་ཐིག་གི་དཀྱིལ་འཁོར་བྲིས་པར་མཆོད་རྫས་སོགས་བཤམས་ནས་གྲྭ་ཚང་ཡོངས་རྫོགས་ཀྱིས་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་མཆོད་ཉིན་གང་མ་ཞིག་མཛད་དེ་ཡེ་ཤེས་པ་སྟེགས་བུ་ལ་བརྟན་པར་བཞུགས་སུ་གསོལ་ཞིང་། བསྙེན་བཀུར་དང་ཆོག་ཡོན་ཚོགས་ཀྱི་འཁོར་ལོའི་སྟོན་མོ་སོགས་རྒྱས་པར་སྩལ། ཟླ་བ་དྲུག་པའི་ཚེས་གཅིག་ནས་གྲྭ་ཚང་གི་གྲྭ་པ་ཁ་ཤས་ལ་ཁྲིད་བཀའ་གནང་བའི་དབུ་ཚུགས་ཤིང་། ཚེས་གཉིས་རྒྱུ་སྐར་རྒྱལ་ལ་སྤྱོད་པའི་དུས་དགེ་བར་ས་སྐྱ་ཞབས་དྲུང་གི་ཐུགས་བཞེད་ལྷ་ཆེན་གྱི་རྟེན་རྫས་སོགས་མན་ངག་གི་ངེས་པ་ཇི་ལྟ་བ་བཞིན་དུ་སྒྲུབ་པར་མཛད། ཚེས་བཅུ་གཅིག་གི་དགོང་ལེགས་ལྡན་ཁམས་གསུམ་དབང་བྱེད་ཆེན་པོ་ལྷོ་ཕྱོགས་ཀྱི་ནམ་མཁའི་ལམ་ནས་གསལ་ཞིང་དམར་བའི་འོད་ཟེར་འཕྲོ་བཞིན་པར་བདུད་རྩི་ཟླ་བ་ལྟར་དཀར་བ་ཐོགས་པས་གཡས་སུ་བསྐོར་ནས་སླར་ཡང་ལྷོའི་ཕྱོགས་སུ་ཡུད་ཀྱིས་བསྐྱོད་པ་གཟིགས་སོ། །ཚེས་བཅུ་བདུན་ལ་དཀྱིལ་འཁོར་གྱི་སྐུ་བརྙན་རྣམས་ལུགས་སུ་བླུག་པར་སླར་སྐྱོར་དགོས་པ་སོགས་ཀྱི་སྐྱོན་མེད་པའི་བྱོན་གཙང་དུ་བྱོན་པར་མ་ཟད། གཙོ་བོ་དང་རིན་ཆེན་མཁའ་འགྲོ་སོགས་བདར་ཕྱིས་ཀྱང་མི་དགོས་པ་ཙམ་དུ་བྱོན་པའི་ངོ་མཚར་ཕུལ་དུ་བྱུང་བ་དང་། འདི་ཉིན་ཡར་འབྲོག་སྒྲུབ་སྡེ་སྤྲུལ་སྐུའི་ཞབས་བརྟན་འབུལ་མི་ཡང་འབྱོར་བ་མ་བསྒྲིགས་ལྷུན་གྲུབ་ཀྱི་རྟེན་འབྲེལ་བཟང་བར་མ་ཟད། སྔ་སོར་འདུས་པ་མདོ་དབང་ཆེན་མོ་དང་གྲྭ་ཚང་ལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་གནང་བ། ཚོགས་མཆོད་སྒྲུབ་མཆོད་ཀྱི་ཐུགས་རྗེ་ཆེན་པོའི་ཆོ་ག་གསར་ཚུགས་ཀྱི་ཁྲི་ཐོག་ཏུ་ཕེབས་པ། འདི་སྐབས་སོགས་ཐམས་ཅད་དུས་བསྒྲིགས་པ་ལྟ་བུར་བྱུང་བ་ཐུགས་བསྐྱེད་བཟང་བའི་རྟེན་འབྲེལ་མངོན་གྱུར་པ་ཡིན་ནམ་གསུང་། ཚེས་ཉི་ཤུ་ལ་དད་འདུས་པ་འགའ་ལ་རྐྱེན་སེལ་གྱི་དབང་དང་བྱིན་རླབས་མཛད་ཅིང་། ཉེར་བདུན་ལ་གཞུང་ས་མཆོག་ནས་བསྟན་འགྱུར་རིན་པོ་ཆེ་པོད་ཆེན་བརྒྱ་དང་བདུན་ཅུ་ལྷག་པ་ཆེད་དུ་གནང་མི་འབྱོར་བར་ཕྱིར་འབྲང་གི་བགེགས་སྐྲོད་པ་དང་བཀུར་སྟི་ཆེན་པོས་སྤྱན་འདྲེན་མཛད་ནས་བླ་བྲང་དུ་བཞུགས་སུ་གསོལ། ཟླ་བ་བདུན་པའི་ཚེས་གཅིག་ལ་གྲུབ་ཆེན་པདྨ་རྒྱལ་མཚན་གྱིས་རྣམ་ཐར་སྟོད་ཆའི་པར་བརྐོ་ལེགས་པར་གྲུབ་སྟེ་འབུལ་བ་དང་རྗེས་འབྲེལ་དུ་ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་བསྒྲུབས། ཚེས་བཞི་ལ་བདག་གྲྭ་ཚང་གི་མཁན་པོར་གཞུང་ནས་བསྐོ་འཇའི་གནང་ཆ་འདུས་པར་མང་འགྱེད་དང་བཅས་སྩལ་བའི་ཚེ། ཚོགས་དབུར་ཞབས་པད་བསྐྱོད་དེ་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བས་བྱིན་གྱིས་བརླབས་ཤིང་། གྲུབ་ཆེན་གྱི་གྲྭ་རིགས་མང་པོར་རེ་འདོད་རྫོགས་པའི་ཆོས་སྦྱིན་ཡང་ཅི་རིགས་པར་སྩལ། ཚེས་བཅུ་དགུ་ལ་སྤྱན་གཡས་མཁན་པོ་འཕྱོས་པ་སྤྲུལ་སྐུའི་ཞབས་བརྟན་འབུལ་མི་དང་། འབྲས་མོ་ལྗོངས་རྒྱལ་པོའི་འབུལ་བ་བཟང་གོས་ཀྱི་ཡོལ་བ། བླ་བྲེས། ལེ་སྣའི་གོས་ཆས་ཆ་ཚང་། གཡུ་དངུལ། རས་ཆ་སོགས་དངོས་སྤྱད་བཟང་ཞིང་རྒྱ་ཆེ་བ་འབྱོར་བར་བླང་དོར་གྱི་ལུང་བསྟན་དང་རྟེན་དང་བཅས་པའི་འབྱོར་ལན་བསམ་པ་ཚིམ་པར་སྩལ་ཅིིང་། ཉེར་ལྔ་ནས་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་དང་གྲུབ་ཆེན་པདྨ་རྒྱལ་མཚན་སོགས་ཉུང་བསྡུས་ལ་མཁའ་འགྲོ་ཡང་ཐིག་གི་ཁྲིད་བཀའ་འཛུགས་པར་མཛད། ཟླ་བ་བརྒྱད་པའི་ཚེས་གཅིག་ལ་གྲྭ་ཚང་གི་དགག་དབྱེའི་ལྗོངས་རྒྱུ་དང་བསྟུན་ཏེ་སོ་མཚམས་གླིང་དུ་ཆབ་བཞུགས་ལ་ཞབས་པད་བསྐྱོད་ཅིང་། དེའི་ཚེ་དམ་སེལ་གྱིས་རྐྱེན་ཁ་བསླང་བ་ལྟ་བུས་ས་ཕྱོགས་དེ་ཉིད་དུ་སེར་ཆོལ་དྲག་པོ་ཁོལ་བུར་བབས་པ་རང་གི་སྲུང་མའི་ཆོ་འཕྲུལ་དུ་དགོངས་ནས་བསྐང་བཤགས་ཀྱི་ཆོ་གའང་གནང་། ཚེས་གསུམ་ནས་བཟུང་ཁམས་པ་གོ་འཇོ་སྐུ་སྐྱེ་སོགས་གྲྭ་ཚང་གི་གྲྭ་པ་ཁམས་སུ་ལོག་འགྲོ་རྒྱུ་ཁ་ཤས་ལ་གཏེར་གསར་གཙོ་བོར་གྱུར་པའི་དབང་ལུང་མང་པོ་རིམ་པར་སྩལ། ཚེས་དགུ་ལ་སྔར་གྱི་ཁྲིད་ཞུ་བ་རྣམས་ལ་མཁའ་འགྲོ་ཡང་ཐིག་གི་དབང་གི་སྟ་གོན་དང་བཅུ་ལ་དངོས་གཞིའི་དབང་བསྐུར་སྨིན་པར་གནང་ཞིང་། གོ་འཇོ་བ་རྣམས་ལ་འཇུག་ལྡོག་གི་ཞལ་ཏ་རྫོངས་བའི་གནང་སྦྱིན་བྱིན་རླབས་དང་བཅས་པས་རེ་བ་གང་བར་མཛད་ནས་ཕྱིར་སོང་། དེ་དུས་མོན་ཐེ་སེ་འོར་བླ་མ་གྲུབ་ཆེན་པ་དཔོན་སློབ་རྣམས་མཆོག་ཏུ་གུས་པས་ཞལ་མཇལ་དུ་ལྷགས་ཏེ། ཚེས་ཉི་ཤུ་ལ་འདུས་ཚོགས་སུ་མང་ཇ་འབྲས་འཇམ། ཚོགས་ཀྱི་སྟོན་མོ་བཟང་པོ་དང་བཅས་ཏེ་ཚོགས་དབུར་སྤྱན་དྲངས་ནས་གསེར་དངུལ་ཁྲོ་ཟངས། རྒྱ་དར། རས་ཆ། སྨན་འབྲས་སོགས་ཀྱི་སྟོང་འབུལ་དང་། གྲྭ་པར་ཡང་རས་ཡུག་གི་འགྱེད་བཅས་རྒྱ་ཆེན་པོ་སྟོབ་པ་བྱང་ཆེན་དུ་བསྔོ་སྒྱུར་མཛད་ཅིང་། འདི་ཉིན་རྣམ་སྲས་གླིང་སྡེ་པ་དྭགས་པོར་འབྱོན་པའི་རྐྱེན་སེལ་གྱི་བྱིན་རླབས་ཞུར་བྱོན་པར་ཚེ་དབང་། གུར་དྲག་གི་དབང་སོགས་ཀྱིས་ཐུགས་བཞེད་སྐོང་བ་དང་། འདི་ཁའི་ཞལ་ངོ་གཞིས་བཞུགས་རྣམས་ལའང་རྐྱེན་སེལ་དུ་ལོཀྟཱིའི་རིག་གཏད་སོགས་སྩལ་ཅིིང་། སྔོན་ནས་གོང་མའི་བཀའ་ལུང་ཕེབས་པ་ལྟར་མཆོད་སྡོང་ཆེན་པོའི་རབ་གནས་སུ་སྤྱན་འདྲེན་འབྱོར་བ་བཞིན་ཉེར་གཅིག་ལ་ཆིབས་བཏེག་ནས་དེ་ནུབ་ཡང་ཁ་ལྕོག་སྦུག་ཏུ་བཞུགས། སང་ཉིན་ངང་པའི་རྒྱལ་པོ་ལྟ་བུའི་གྲུའི་བཞོན་པས་གསེར་ལྡན་གྱི་ཆུ་བོའི་ཕ་རོལ་ཏུ་གཤེགས་ཏེ་སྒྲགས་མདར་ལགས་སྲང་མདོ་འོག་པས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྟབས་ཤིང་། སྔགས་གྲྭའི་མདུན་དུ་སྔགས་ལྕོག་གི་དགེ་འདུན་རྣམས་ཀྱིས་ཆིབས་བཤོལ་ཇ་ཞུ་འབུལ་བ་དང་བཅས་བསྒྲུབས་པར་མང་འགྱེད་ཀྱི་ལན་ཡང་སྩལ་ནས་སྒྲགས་ཕུའི་ལ་མཚམས་སུ་ཞག་བཞུགས་མཛད་པའི་སར་བློན་ཆེན་སྟར་གདོང་བ་དུས་ལས་ཡོལ་བའི་མགྱོགས་བསྔོ་རྟེན་ཡང་འབྱོར། ནངས་པར་ལ་རྩེར་གཟིམས་ཁལ་གྱི་རྟ་ཞིག་གློ་བུར་དུ་འགྱེལ་ཏེ་འཆི་བར་རྩོམ་པ་ན་ཆིབས་ལས་གཞོལ་ནས་བྱིན་རླབས་མཛད་པས་སྐད་ཅིག་ལ་ག སོས་ཏེ་སྔར་བཞིན་འགྲོ་བའི་ཡ་མཚན་པའང་བྱུང་ཞིང་། དེ་ནུབ་འབྲུག་དགོན་པའི་ཐད་དུ་ཞག་བཞུགས་མཛད་ནས་སང་ཉིན་ལྷ་གདོང་གི་གྲུས་ཤོད་ཆེན་གྱི་ལུང་གི་ཆུ་བོ་ཆེན་པོ་བརྒལ་བའི་ཕ་རོལ་ཏུ་བྱང་གླིང་པ་སོགས་ཀྱི་ཆིབས་བསུ་འབྱོར་ཞིང་། ཤར་མར་ལྟག་སྒོ་བརྒྱུད་གྲུ་འཛིན་གྱི་ཕོ་བྲང་གསར་པའི་གཟིམས་ཆུང་དགའ་བ་འཁྱིལ་དུ་ཕེབས་ནས། དེ་འཕྲལ་དྲི་མ་མེད་པའི་དར་དཀར་སྲིད་དུ་རིང་བའི་མཇལ་རྟེན་ཙམ་བསྣམས་ཏེ་གོང་མ་ཀུན་མཁྱེན་རྒྱལ་བའི་དབང་པོའི་ཞབས་པད་བཀྲ་ཤིས་ཀྱི་འཁོར་ལོ་ལ་རབ་ཏུ་གུས་པའི་ཕྱག་འབུལ་ཏུ་ཕེབས་པར་ཤིན་ཏུ་དགྱེས་པའི་བཀའ་ལུང་ཡུན་རིང་པོའི་བར་དུ་སྩལ་གསུང་། དེ་ནུབ་རྩེའི་དྲུང་འཁོར་ནང་མ་དང་། སྐུ་ཞབས་གྲྭ་ཚང་ཆེན་མོ་སྤྱི་དང་། གྲྭ་པ་སྒེར་ཁག་གི་མཇལ་མི་སོགས་མང་པོར་གང་ལ་གང་འཚམས་ཀྱི་གསུང་གླེང་དང་། ཕྱག་མཛོད་བྱ་སྒོ་ནས་སོགས་ལ་ལུང་ཕྲན་འགའ་ཤས་ཀྱང་གནང་། ཉེར་ལྔའི་སྔ་དྲོ་གོང་ཞབས་ཡས་ཕྱིན་ལྷན་རྒྱས་སུ་ཚེའི་དབང་བཀའ་འབུལ་བར་མཛད་ནས་སྐུ་ཞབས་སུ་ཡུན་རིང་པོའི་བར་དུ་བཞུགས། དེ་ཉིན་བདག་ཅག་སྤུན་སོགས་ཞབས་ཕྱི་རྣམས་དང་བཅས་ཏེ་ཡབ་སྲས་ལྷན་ཅིག་པས་སྡེ་སྲིད་སྐུ་ཞབས་ཀྱི་མཇལ་ཕྱག་ཞུར་ཕེབས་པར་བཞུགས་གདན་སོགས་སྔར་ལས་སྤར་བའི་མཐོང་བཀུར་ཆེ་བར་སྩལ་ཅིིང་། རྣམ་པར་རྒྱལ་བའི་སྐུ་ཞབས་གྲྭ་ཚང་ཆེན་མོར་མང་ཇ་སྦྱོར་སྦྲེལ། འབྲས་འཇམ། རས་ཡུག་དང་ལ་བ་དཀར་པོའི་འགྱེད། རྣམ་བཞག་སྤྱི་འབུལ་སྙན་དར་སོགས་འབུལ་བར་མཛད། དེ་ནུབ་ནས་འཕགས་པ་ལྷ་ཁང་གི་ཉེ་ལོགས་གཡང་ཁང་དུ་གྲགས་པར་དཔོན་སློབ་བཅུས་དིང་སང་ལྗགས་བསྙེན་ཞལ་གསོར་འབོད་ཅིང་དོན་དུ་ལས་ལ་གནང་བ་ཞུ་བ་ཉེ་བསྙེན་གྱི་སྐུ་མཚམས་ལ་བཞུགས་ཏེ། ཞག་བདུན་གྱི་བར་དུ་ཐུན་བཞིའི་དང་པོར་བསྐྱེད་རྫོགས་བསྡུས་པའི་ལས་བྱང་གིས་ཁོག་ཕུབ་པའི་ཞི་བ་དང་དཔལ་དགུ་སོ་སོའི་བཟླས་པ་དང་། ཕྱི་ཐུན་གསུམ་ལ་རྒྱུན་ཁྱེར་ཧཱུྃ་སྒྲུབ་ལ་ཆིག་དྲིལ་དང་། ཐུན་རེ་རེའི་རྗེས་སུའང་དྲག་སྔགས་ཀྱིས་གུ་གུལ་དང་ཡུངས་ཐུན་སྒྲུབ་པ་སོགས་གནང་ཞིང་། ཟླ་བ་དགུ་པའི་ཚེས་གཉིས་ཀྱི་སྔ་དྲོ་སྐུ་མཚམས་གྲོལ་ནས་གོང་ཞབས་སུ་མཇལ་ཁ་ཞུ་བར་ཕེབས། ཚེས་གསུམ་ལ་ཡས་ཕྱིན་དུ་གུར་དྲག་གི་དབང་བཀའ་འབུལ་བར་མཛད་ཅིང་། དེ་དག་གི་ཚེ་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་དོན་གཉེར་ཅན་འགའ་ལ་གཏེར་གསར་གུར་དྲག་གི་དབང་དང་། མ་གཅིག་གི་གཅོད་ཁྲིད་དང་རླུང་ཁྲིད། ལྷོ་པ་དང་ལྷ་ས་བ་སོགས་དད་ཅན་མང་པོར་ཚེ་དབང་ལ་སོགས་པས་སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་ཚིམ་པའི་ཆོས་འབྲེལ་མང་དུ་སྩལ་ཅིང་། སྙན་ཤལ་མཆོད་འབུལ་དང་བཅས་ཏེ་ཕོ་བྲང་ཆེན་པོའི་ལྷ་ཁང་གསར་རྙིང་ཐམས་ཅད་ཀྱི་གནས་རྟེན་རྣམས་ཀྱང་མཇལ་བར་མཛད། ཚེས་བཞི་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་དགེ་བའི་སྔ་དྲོ་ཆོག་རོགས་ཞབས་ཕྱིར་གྲྭ་ཚང་འདུས་ཚོགས་ཀྱང་རྩེར་འབྱོར་ཞིང་། དེ་འཕྲལ་གསེར་གདུང་ཆེན་པོ་འཛམ་གླིང་རྒྱན་གཅིག་གསེར་གྱི་ལྷུན་པོ་ལྟར་འབར་བའི་མདུན་ངོས་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཆེན་པོ་བཞེངས་པའི་གཞི་གང་ན་བར་ས་དང་སར་འཛིན་གྱི་རྟོག་པ་བསལ་བར་བྱ་བའི་ཕྱིར། ས་བླང་བ་དབང་དུ་བྱ་བ། སྦྱང་བ་རྣམས་སྔོན་དུ་འགྲོ་བས་རྗེ་ཉིད་ཁམས་གསུམ་གྱི་གདུག་པ་ཅན་ཟིལ་གྱིས་གནོན་པའི་ཆས་སུ་ཞུགས་ཏེ། ཕྱོགས་ཀྱི་གསོལ་གདབ་སྔོན་དུ་འགྲོ་བས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས་བགེགས་ཐམས་ཅད་བསྡིགས་ཤིང་བསྐྲད་ནས་སྟང་སྟབས་ཀྱིས་བཅག་ཅིང་བཟུང་བ་དང་། ས་སྲུང་དང་སྦྲེལ་ཏེ་ཕྱི་ནང་གསང་བའི་མཚམས་ཀྱི་རིམ་པས་མི་ཤིགས་པར་བཅིངས་ནས། ཀིང་དཀར་ནག་གི་སྟང་སྟབས་རྣམ་པར་རྩེན་པའི་ཚམ་རྔམས་དང་བཅས་པས་མ་ཊཱཾ་བསྒྲལ་ཞིང་ཁོག་པ་བྲོས་སྦྱངས་པའི་གཞིར་ཆག་ཆག་དང་ཐིག་བཏབ་རྗེས། ནུབ་གཉིས་པའི་བྱ་བ་ལྷ་དང་བུམ་པ་ལྷག་པར་གནས་པ་རྣམས་དང་། ཚེས་ལྔ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། ཚེས་དྲུག་གི་སྔ་ཆ་ཉི་མའི་དཀྱིལ་འཁོར་གླིང་འདིའི་ཚངས་ཐིག་གི་ཐད་དུ་སླེབ་པར་ཉེ་བ་ན་དཀྱིལ་འཁོར་ལ་གཟི་བྱིན་བསྐྱེད་པ་སྔོན་དུ་འགྲོ་བས་སྒྲུབ་དབང་མཆོད་པའི་རྫས་རྣམས་གཙང་ཞིང་མ་འདྲེས་པའི་བཤམ་བཀོད་གྲུབ་པར་མཛད་ཅིང་། དེ་ནས་བཟུང་ཚེས་བཅུ་གཉིས་ཀྱི་བར་མཚན་མའི་དཀྱིལ་འཁོར་གྱིས་མཚོན་ཏེ་སྣང་སྲིད་ཡེ་ཤེས་ཀྱི་འཁོར་ལོར་རྒྱས་འདེབས་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་བས་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པར་མཛད་ནས་བཟླས་དམིགས་ཀྱི་གནད་ཁྱད་པར་བ་དང་བཅས་པས་ཞི་ཁྲོའི་སྤྱི་འཛབ་དང་དཔལ་དགུའི་དགོས་འཛབ་སྟོང་ཚིགས་ཀྱི་མཆོད་པ་དང་བཅས་པ་སྤྱི་དང་། སྒོས་སུ་གྲྭ་པ་གྲངས་ཅད་ཀྱི་འཛབ་རྒྱུན་གསུང་མི་ཆད་དུ་བཟླ་བ་ལ་སོགས་པས་བསྙེན་སྒྲུབ་ཀྱི་གཞུང་བསྲང་ཞིང་། འགལ་རྐྱེན་བསལ་བའི་ཕྱིར་དུས་གནད་དང་སྦྱར་ཏེ་ཉུལ་ལེ་བསྐྲོད་པ། མཐུན་རྐྱེན་གྱི་དཔུང་བསྐྱེད་པའི་ཕྱིར་བྱིན་དབབ་དང་ཚོགས་གཏོར་གྱི་མཆོད་སྤྲིན་བཟང་པོ་བསྟབ་པ་ལ་སོགས་པ་སྨིན་རྒྱས་སུ་མཛད་ཅིང་། དེ་དུས་ཚེས་བརྒྱད་ཀྱི་ཕྱི་དྲོ་ཚོགས་ཞིང་སྤྱན་འདྲེན་གྱི་དབྱངས་གྱེར་བའི་ཚེ་འཇམ་མགོན་མིའི་དབང་པོ་ཉིད་རབ་ཏུ་དགྱེས་པའི་ཐུགས་རྗེའི་སྤྱན་རས་ཀྱི་བཙའ་བ་ལས་མི་གཡེལ་བའི་བཀའ་དྲིན་ཆེན་པོས་ཚོགས་གཟིགས་ལའང་ཞབས་པད་བསྐྱོད་ནས་སྐད་གྲ་བཟང་ཞེས་མཉེས་པའི་བཀའ་སྩལ་གྱིས་དབུགས་དབྱུང་བར་མཛད་ཅེས་ཐོས་ཤིང་། དེ་ལས་གཞན་དུའང་དཀྱིལ་འཁོར་གཏོར་བཟོ་དབྱངས་རོལ་སོགས་གྲྭ་འགྲིག་ཅིང་སྒྲིག་རྣམ་བཞག་དམ་པར་སྣང་ཞེས་རྡོ་རྗེའི་གསུང་གིས་རྗེས་སུ་བསྔགས་པའི་བཀའ་དྲིན་ཡང་སྩལ་ཞེས་གྲགས་སོ། །ཚེས་བཅུ་གཉིས་ལ་སྒྲུབ་མཆོད་ཀྱི་གསུང་ཆོག་མི་ཆག་པའི་ཆེད་དུ་ཐོ་རེངས་སྔ་བར་གཟིམས་ཆུང་ཁམས་གསུམ་དུ་རྗེ་ཉིད་ཡབ་སྲས་འདུས་ཚོགས་དང་བཅས་པས་གཏེར་གསར་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་གསུང་ཆོག་གནང་རྗེས་འཇིག་རྟེན་རྣམ་པར་འདྲེན་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་ཡབ་སྲས་ཀྱི་ཞབས་དྲུང་དུ་སྟན་དཀར་རྡོ་རྗེའི་རེ་ཁཱ་ཅན་གྱིས་ཐོག་དྲངས་སོ་སོར་ན་བཟའ་ཆ་ཚང་དང་། གཞན་ཡང་རྟེན་གསུམ། གོས་དར། ཁྲོ་ཇ་སོགས་དགུ་ཚན་ཉི་ཤུ་རྩ་བཞི་དང་། གྲྭ་དམངས་སོ་སོ་ནས་ལྷ་རྫས་བཟང་པོ་ཟུང་རེ་བཅས་ཞབས་པད་མི་ཤིགས་གཡུང་དྲུང་གི་ངོ་བོར་བརྟན་པའི་གསོལ་འདེབས་ཀྱི་ཆོ་ག་རྒྱས་པར་མཛད་ཅིང་། ཚེ་རྫས་རྣམས་ཀྱང་རེ་རེ་ནས་རྗེ་འདིས་གཟིམས་ཆུང་བདེ་བ་ཅན་དུ་ངོས་ཕེབས་ཀྱིས་གོང་མ་ཀུན་མཁྱེན་རྒྱལ་བའི་དབང་པོའི་སྤྱན་སྔར་འབུལ་བ་མཛད་རྟིང་གནས་དེར་མི་རྗེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉིད་སེང་ཁྲིར་ཞབས་པད་བསྟི་བ་ལ་འབུལ་བ་གནང་ཞིང་། དེ་དུས་ཚེ་འགུགས་ཀྱི། འབྱུང་བ་མེ་ཡི་བཅུད་བསྡུས་ལ། །ཞེས་པའི་ཚིག་བརྗོད་པ་དང་ལྷན་ཅིག་བཞུགས་ཁྲིའི་ཟུར་དུ་ཉི་མའི་འོད་ཟེར་ལྷག་གེ་ཤར་བའི་མཚན་ལྟས་བཟང་པོའང་བྱུང་། དེ་ནུབ་སྒྲུབ་པའི་འབྲས་བུ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་དང་རྫས་ལ་བརྟེན་ནས་རང་དོན་དུ་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོའི་ཡན་ལག་གི་བར་མཐར་ཕྱིན་པར་གནང་ཞིང་། ལས་ཀྱི་སྦྱོར་བ་རབ་ཏུ་གནས་པའི་ཁྱད་པར་གྱི་ཉེར་བསྡོགས་ཁྲུས་སྟེགས་དང་མངའ་དབུལ་གྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་བཞེངས་པ་སོགས་ཀྱང་དེ་ཉིན་གྲུབ་པར་མཛད་ནས། ཚེས་བཅུ་གསུམ་ཕུར་བུ་ཁྲུམས་སྨད་དང་བརྩེ་བའི་དུས་དགེ་བར་བདག་མདུན་གྱི་གཞུང་བསྲངས་ནས་བུམ་བསྙེན་སྦྱང་ཁྲུས་རྟེན་བསྐྱེད་སོགས་ནས་བརྩམས་ཏེ། གཏོར་མ་གཏོང་བའི་བར་སོང་རྗེས་རབ་གནས་ཀྱི་ལས་ལ་གནང་བ་ཞུ་ཞིང་རབ་ཏུ་གནས་པར་སྙན་གསན་དབབ་པ་སོགས་སྟ་གོན་གྱི་གསུང་ཆོག་དང་། ཚེས་བཅུ་བཞི་པ་སངས་ནམ་གྲུའི་འགྲུབ་སྦྱོར་དང་རྒྱུད་ནས་དམིགས་བསལ་གྱི་གསུངས་པའི་གཟའ་ཚེས་འཕྲད་པའི་དུས་སྦྱོར་བཟང་པོ་ལ་བདག་མདུན་གྱི་དཀྱིལ་འཁོར་སྒྲུབ་མཆོད་དང་། ལྷ་ལས་ཁྲུས་གཟུངས་བཞིའི་བུམ་བསྙེན། སྤོས་ཐུན་ནུས་ལྡན་དུ་སྒྲུབ་པ་ཡན་ཆད་ཐོ་རེངས་ཚར་ནས་ནམ་ལྡང་བ་དང་ལྷན་ཅིག་སྦྱང་བ་ཚུགས་པར་མཛད་དེ། འགལ་རྐྱེན་བསལ་བའི་སྦྱོར་བ་སྦྱང་ཁྲུས་ཀྱི་རིམ་པ་དང་། མཐུན་རྐྱེན་སྤེལ་བའི་སྦྱོར་བ་གསོལ་གདབ་སེམས་བསྐྱེད་སྔོན་དུ་འགྲོ་བས་དངོས་གཞི་སྟོང་ཉིད་ནམ་མཁའ་ལྟ་བུ་དང་ལྷ་སྐུ་རབ་འབྱམས་སྒྱུ་མ་ལྟ་བུར་འཆར་བའི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པས་རྟེན་དམ་ཚིག་སེམས་དཔའི་ངོ་བོར་བསྐྱེད་པ་ལ་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་སྤྱན་དྲངས་ནས་སྟ་གོན་གྱི་ཡེ་ཤེས་པ་དང་ལྷན་ཅིག་གཞུག་ཅིང་། རྡོ་རྗེ་གསུམ་གྱི་རྒྱས་བཏབ་ནས་དབང་བསྐུར་བས་བྱིན་གྱིས་བརླབས་ཏེ། མཆོད་བསྟོད་སྔོན་དུ་འགྲོ་བས་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་མངའ་བསྒྱུར་བའི་ཕྱིར་སྤྱན་སོགས་དབྱེ་ཞིང་། གང་འདུལ་གྱི་ཕྲིན་ལས་རིས་མེད་དུ་སྒྲུབ་པའི་ཕྱིར་རྟེན་བསྒྱུར་བ་ལ་མཆོད་བསྟོད་རྒྱས་པ་དང་ཉེར་མཁོའི་ཡོ་བྱད་ཀྱིས་མངའ་དབུལ་བ་རྣམས་མཛད་རྗེས། ཀ་བརྒྱད་མར་རྗེ་ཉིད་འཁོར་ལོ་སྒྱུར་བའི་བྱི་བྱད་ཀྱི་ཆས་སུ་ཞུགས་པའི་ཞབས་ཕྱིར་གྲྭ་པ་རགས་བསྡུས་དང་བཅས་ཏེ་གནས་བྱའི་རྟེན་གྱི་ཡེ་ཤེས་ཀྱི་འཁོར་ལོ་རྣམས་ཚོམ་བུ་དགུའི་དཀྱིལ་འཁོར་གྱི་རྣམ་པར་རྒྱས་པའི་ཐབ་ཁུང་དུ་སྤྱན་དྲངས་ནས་སྲེག་བླུགས་ཀྱི་ཆོ་གས་ཞལ་གསོ་ཞིང་། རྗེས་འབྲེལ་ཙཱ་རུའི་ཞལ་ཟས་བསྒྲུབས་ཏེ་འབུལ་བ་དང་ཚོགས་ཀྱི་འཁོར་ལོས་ཀྱང་མཆོད་ནས་རབ་གནས་སྔགས་ཀྱིས་མངའ་དབུལ་ཞིང་། མེ་ཏོག་འཐོར་བའི་ཚེ་ཞབས་ཕྱིར་དགེ་འདུན་ཐམས་ཅད་ཀྱིས་སྣམ་སྦྱར་མནབས་ནས་རོལ་མོའི་སྒྲ་འཁྲོལ་ཞིང་སྤོས་འཐུལ་བ་དང་བཅས་ཏེ་འཛམ་གླིང་རྒྱན་གཅིག་གསེར་གདུང་རིན་པོ་ཆེས་མཚོན་མཆོད་ཁང་སྟེང་ཤོད་བར་གསུམ་ཐམས་ཅད་དུ་ཤིས་བརྗོད་ཀྱི་མེ་ཏོག་ཆར་བཞིན་དུ་ཕབ་རྗེས་བརྟན་བཞུགས་ནས་བཟུང་ཇི་སྲིད་སྲུང་མ་བསྒོ་བའི་བར་དེ་སྲིད་ཉིན་གུང་ཡན་ལ་གྲུབ་པར་མཛད་ནས། གུང་ཡོལ་བུམ་པའི་དུས་སྦྱོར་ལ་བབས་པ་ན་དཔལ་ལྡན་མི་དབང་ཤེས་བྱ་ཀུན་གཟིགས་ཉིད་མི་འཇིགས་པ་སེང་གེའི་ཁྲི་ལ་སྤྱན་དྲངས་ཏེ། རྟེན་འབྱུང་གི་སྒོ་འཕར་འབྱེད་པའི་སླད་དུ་དངོས་པོ་སྤུས་མཚར་གྱི་དགུ་ཚན་བཅུ་གསུམ་དང་གྲྭ་པ་སོ་སོས་ཀྱང་ལྷ་རྫས་དྲི་མ་མེད་པ་དང་བཅས་པའི་སྐྱེས་འབུལ་ཅུང་ཟད་སྟོབས་པ་སྔོན་དུ་འགྲོ་བས་ཕྱག་ཕུལ་ཏེ་སྟན་ལ་བཞུགས་རྗེས། ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་ཚིག་སྒྲས་གླེང་བསླང་ནས་ལུང་དང་རིགས་པ་ལས་དྲངས་པའི་ཚིག་དོན་བཟང་པོའི་སྟོང་ཐུན་གྱི་བཤད་འབུལ་སྔོན་དུ་འགྲོ་བས་ཡོན་གྱི་བདག་པོར་མངའ་གསོལ་ཞིང་བཀྲ་ཤིས་པའི་རྫས་ཕྱག་ཏུ་དབུལ་བ་སོགས་སྐུ་ཚེ་དང་མཛད་པ་ཕྲིན་ལས་བླ་ནས་བླར་རྒྱས་པའི་ཕྱིར་རྟེན་འབྲེལ་གྱི་སྒོ་མཐའ་ཡས་པས་དགེ་ཞིང་ཤིས་པར་མཛད་ནས། དགའ་སྟོན་གྱི་ཁྱད་པར་སྤྱིར་ལྗགས་བསྙེན་ཞལ་གསོ་ནས་བརྩམས་ཏེ་སྒྲུབ་མཆོད་ཀྱི་བར་དེ་སྲིད་དུ་སྔ་དྲོ་འབྲས་སིལ་སོགས་རེས་བསྐོར་གྱི་བཞེས་ཚ། གདན་གུང་གཉིས་ལ་སྟོན་མོ་རྒྱས་པ་དང་། ཕྱི་དྲོ་བུར་སྟོན་ཚོགས་ཀྱི་འཁོར་ལོ་གཟབ་ཤོམས་ཅན་སོགས་བློའི་ར་བ་ལས་འདས་པ་སྟར་ཆགས་པ་དང་། ཁྱད་པར་སྐབས་འདི་ཉིད་དུ་དཔོན་སློབ་རེ་རེའི་སྤྱན་སྔར་ཡང་ལྷ་དང་མིའི་འགྲོ་བ་མཆོག་རྣམས་ཀྱིས་སྤྱད་བྱའི་བཟའ་བཅའ་བཏུང་བའི་དངོས་པོ་གཙང་ཞིང་བསོད་པའི་རབ་སྟོན་འདོད་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བས་ཡོངས་སུ་ཚིམ་པར་ནུས་པ་བརྩིགས་སྟབས་སུ་བསྟར་བས་ཀྱང་གནས་ཁང་དོག་པོར་བྱས་ཏེ་ཕྱག་བདེ་བ་རྣམས་ཀྱིས་ལམ་མི་ཤོགས་པ་ཙམ་དང་། རབ་ཡོན་གྱི་གནང་སྦྱིན་ཀྱང་རྗེ་ཉིད་ལ་གན་གོས་ཁྱད་ཅན་གྱི་འགན་སྦྱར་རེས་དྲངས་པའི་ན་བཟའ་ཆ་འགྲིག་ཚར་གསུམ་སོ་སོར་དར་འབོག་གི་ཚས་དང་བཅས་པ། གན་ཡོལ་ཁྱད་འཕགས་སྟེགས་བཅས་གན་དྲིལ་ཁྱད་ཅན་ཤུབས་བཅས་གོས་རྙིང་གི་བླ་རེ་དང་རྟེན་ཁེབས། ཁ་བཏགས་དང་མ་ཧཱཉྩའི་ཡོལ་བ། སིལ་སྙན་རྒྱ་འགོ་ཧོར་མཇུག་ཁྱད་ཅན་དང་རྒྱ་ཆོལ་རྙིང་མ་སོ་སོར་ཤུབས་བཅས། རྒྱ་རྔ་རྙིང་མ་ཆེ་བ། གསེར་ལྗང་གི་བུམ་པ་རིན་ཐང་གཞལ་བར་དཀའ་བའི་རིན་པོ་ཆེའི་ཕྲས་སྤུད་པ། ཤེལ་གྱི་སྤྱད་པ་ངོ་མཚར་བ་གཉིས། དངུལ་མདོང་གསེར་སྒ་ཁྱད་ནོར་སྒ་འཁོར་ཆ་འགྲིག མཛོད་ཐགས་ཡུག་རིང་ཁ་དོག་སྣ་ཚོགས་བཅུ་གསུམ། གསེར་སྲང་བཅུ་གཉིས། དངུལ་བྲེ་ཆེན་ལྔ་བཅུ་གཉིས། རྒྱ་ནག་པོའི་མཛོད་གོས་ཡུག་རིང་བཅུ་གསུམ། རྒྱ་སེར་པོའི་གོས་ཡུག་བཅུ་གསུམ། ཧོར་དར་རྙིང་མ་ཁ་དོག་སྣ་ཚོགས་ཡུག་བཞི་བཅུ། སྨན་རྙིང་ལིང་དང་ལ་ཐ་ཁ་དོག་སྣ་ཚོགས། ཀ་ཅི་སྒོང་ཤུན་མ་རྣམས་རེ་རེ་ཡུག་བཅུ་གསུམ་རེ། ཧུབ་ཇ། ཧུབ་ཕོག ནག་པོ། ཡཱ་ཇུ་རྣམས་འཁོར་དྲུག་མ་རེ། ཏཱ་ཚང་སྤུ་ཇ་དང་ཏཱ་ཚང་ཀོ་ཊ་རེ། བྱེ་ཤེལ་བུ་རམ་གྱི་ཏང་ཙེ་སྟེ་བཅུ་གསུམ་ཚན་བཅུ་གསུམ་གྱི་གྲངས་ལྡན་ལ་ཁྱོན་དངུལ་སྲང་བརྒྱད་བརྒྱ་དང་བརྒྱད་བཅུ་རྩ་བརྒྱད་ཀྱི་རིན་ཐང་ཅན་དང་། དེས་མཚོན་ཏེ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེར་གན་གོས་ཀྱི་འགན་སྦྱར་གྱིས་འགོ་དྲངས་པའི་ན་བཟའ་ཆ་ཚང་སོགས་དགུ་ལྷག་པའི་དངུལ་སྲང་བཞི་བཅུ་ཞེ་ལྔ། ངེད་སྤུན་ལའང་རྒྱུ་དང་ཁ་དོག་གིས་རུང་བའི་གོས་སྣ་ཆ་འགྲིག་སོགས་བདག་ཅག་ལས་སྣེ་རྣམས་ལ་རྣམ་བཞག་དངུལ་སྲང་སུམ་ཅུ་རྩ་གཉིས་དང་། དངུལ་སྲང་བཅུ་གསུམ་ཞོ་བདུན། སྲང་དགུ་ཞོ་བཞི་སོགས་ནས་སྲང་དོ་ཞོ་བདུན་བར་གྱི་རིན་ཐང་ཅན་གང་ལ་གང་འཚམས་ཀྱི་རིམ་པ་དང་། གྲྭ་གྲངས་བརྒྱ་དང་དགུ་བཅུ་གོ་བརྒྱད་ལ་སོ་སོར་འགྱེད་མཛོད་ཐགས་ཡི་གེ་མ་ཁྱད་འཕགས་རེ། མཛོད་གོས་དམར་སྐྱེར་རྙིང་མ་སྤུས་ལེགས་ཁ་རེ་མ་ཧཱཉྩེ་ཡུག་རེ། གསེར་ཞོ་རེ། དངུལ་ར་རྨིག་མ་སྲང་དོ་ཡོང་རེ། ཧོར་དར་ཁ་དོག་བཞི་སོ་སོ་ནས་ཡུག་རེ། ཡཱ་ཇུ་འཁོར་དྲུག་རེ། ཏཱ་ཚང་སྦག་རེ། ཟམ་དཀར་ཡུག་རེ་བཅས་བཅུ་གསུམ་ཚན་གྱི་གྲྭ་སྐལ་རེར་ཁྱོན་དངུལ་སྲང་བཅུ་གསུམ་དང་ཞོ་དྲུག་རེའི་རྩིས་དང་། དེའི་སྟེང་རྗེ་ཉིད་ལ་འཕར་གྲྭ་སྐལ་བཞེས་མཚོན་ནས་ཉིས་སྐལ་དང་གྲྭ་སྐལ་གཅིག་རྣམས་ཀྱི་འཕར་རིམ་པ་བཞིན་དང་། ཞབས་ཕྱི་ལྔ་ལ་འགྱེད་གསེར་ཞོ་རེ། གོས་ཆེན་དམར་སྐྱེར་ཁ་རེ། ཇ་འཁོར་གསུམ། ཞལ་ཡོག་གཉིས་ལ་གསེར་ཞོ་རེ། གོས་སྔོན་ཁ་རེ། ཇ་འཁོར་གསུམ། བུ་ཚ་བཅུ་གཉིས་ལ་དངུལ་རྒྱ་ཊཾ་རེ། གོས་ཁ་རེ། ཇ་བར་ཁག་རེ། བསྙེན་པ་ཞལ་གསོ་བ་རྣམས་ལའང་གསེར་ཞོ་རེའི་ཡོན་བཅས་རྣམ་ཐོས་ཀྱི་བུའི་བང་མཛོད་ཀྱི་སྒོ་འཕར་བརྒྱ་ཕྲག་དུས་གཅིག་ཏུ་ཕྱེ་བ་ལྟ་བུའི་འབྱོར་པའི་ཆོས་མ་ཚང་བ་མེད་པས་བཀྲེན་པའི་གུད་པ་མཐའ་དག་མིང་གི་ལྷག་མར་བྱེད་ཅིང་། ལེན་པ་པོ་རྣམས་ལ་གཉེར་བའི་སྣོད་དང་། བླ་ནས་ཀོ་བ་ས་རིམ་སོགས་ལྷུག་པར་སྩལ་ནའང་མི་འདྲོངས་པའི་དཀའ་ཚེགས་ཆེན་པོའི་འཁུར་གྱིས་ནོན་པ་སོགས་མདོར་ན་བསྟན་པ་རིན་པོ་ཆེ་གངས་ལྗོངས་སྐྱེ་རྒུའི་སྒྲོན་མེར་ཤར་ནས་ད་ལྟ་ཕན་དགེ་འདུན་རེ་རེའི་ཕྱག་ཏུ་དུས་གཅིག་ལ་རྙེད་པ་དང་བཀུར་སྟིའི་དུས་སྟོན་བཟང་པོ་འདི་ལྟ་བུ་མ་བྱུང་ངམ་སྙམ་དུ་ཐམས་ཅད་སེམས་ཤིང་གླེང་ལ། དེ་དག་སྩོལ་བ་དང་ལྷན་ཅིག་པར་རབ་འབྱམས་ཤེས་བྱའི་དཀྱིལ་འཁོར་ལ་མི་མཁྱེན་པའམ་མ་གཟིགས་པ་མི་མངའ་བས་མཁྱེན་པའི་སྟོབས་རྒྱལ་སྲས་འཇམ་དཔལ་གཞོན་ནུ་ལའང་འགྲན་པར་བཟོད་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉིད་ཀྱི་དཔལ་གྱི་མགུར་ནས་སའི་སྟེང་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བའི་རྟེན་ཕུན་སུམ་ཚོགས་པ་འདི་ཉིད་གང་གི་ཆེད་དུ། རིན་ཐང་དང་བྲལ་བའི་རྒྱུ་གང་ལས། བཟོ་བོ་དང་བཀོད་པའི་རྐྱེན་གང་གིས། ཇི་ལྟར་བཞེངས་ཚུལ་སོགས་གནས་བྱའི་རྟེན་གྱི་ཆེ་བ་དང་། རྗེ་ཉིད་ཡབ་སྲས་འདུས་པ་དང་བཅས་པ་གཏེར་ལུང་ནས་ལུང་བསྟན་ཚུལ་སོགས་ལས་བརྩམས་ཏེ་རབ་ཏུ་དགྱེས་པའི་ཐུགས་ཀྱི་དྭངས་བས་དབུགས་དབྱུང་བའི་བཀའ་དྲིན་སྩལ་བའི་སྒོ་ནས་གང་གིས་གནས་པ་པོའི་ཆེ་བ་དང་། ཇི་ལྟར་གནས་པའི་ཆོ་གའི་རྣམ་བཞག་དང་ཕན་ཡོན་སོགས་ལས་བརྩམས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པར་སྣང་བའི་ཆོ་འཕྲུལ་གྱི་བཀོད་པས་སྔོན་མེད་པའི་ལེགས་བཤད་བརྗོད་བྱའི་དོན་བཟང་ཞིང་རྗོད་བྱེད་རྣམ་པར་དག་པས་ཉན་པ་པོའི་རྣ་བའི་བདུད་རྩི་དང་ཡིད་ཀྱི་གདུང་སེལ་ཟླ་མེད་པར་གྱུར་པའི་ཆོས་སྤྱོད་རྒྱ་ཆེར་སྩལ་བའི་མཐར་འདིས་མཚོན་པའི་དགེ་ཚོགས་རྣམས་ཆུད་མི་ཟ་ཕྱིར་བསྔོ་དགོས་ལ། དེ་ཡང་ཡེ་ཤེས་གཟིགས་པའི་འཕགས་ཆེན་རྣམས་ཀྱིས་བསྔོས་ན་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པ་གདོན་མི་ཟ་བས་བསྔོ་བསྒྱུར་གནང་དགོས་ཞེས་བཀའ་ལུང་སྩལ་བ་ལྟར། གང་བསྔོ་རྒྱུའི་དགེ་རྩ། གང་དུ་བསྔོ་ས། ཅིའི་ཕྱིར་བསྔོ་བ། ཇི་ལྟར་བསྔོ་བའི་ཚུལ་སོགས་ཀྱི་སྟོང་ཐུན་དོན་བཟང་བ་སྙན་ཞིང་འཇེ བས་ལ་རན་པའི་ལྗགས་བཤད་སྔོན་དུ་འགྲོ་བས་ཐུགས་ཀྱི་བཞེད་དོན་ཇི་ལྟ་བ་བཞིན་དུ་འགྲུབ་པའི་བསྔོ་བ་རྒྱས་པར་མཛད་པས་དཔྱོད་ལྡན་ཐམས་ཅད་ཡིད་དགའ་བར་གྱུར་ཅིང་། ཁྱད་པར་ཡོན་བདག་བསྒོ་བའི་གསུང་བཤད་ཀྱི་ཚེ། སྔོན་ཆད་གཞན་དུ་མ་གྲགས་པའི་སྲིད་ཞིའི་གཙུག་རྒྱན་གོང་མ་རྒྱལ་བའི་དབང་པོ་ཡབ་སྲས་ཉིད་མདོ་ལུང་དང་གཏེར་ལུང་ནས་ལུང་བསྟན་ཚུལ་སྒྲིགས་པའི་གཏམ་ས་བཅད་འབྲུ་བསྣོན་དང་བཅས་པ་གནང་བས་དེར་འཁོད་ཀུན་དང་ཁྱད་པར་མཁྱེན་དཔྱོད་ཀྱི་རྣམ་འགྱུར་ལ་འཇམ་མགོན་མིའི་དབང་པོ་ཉིད་ཀྱང་སྤྱན་ཁེངས་པས་ཤིན་ཏུ་མཉེས་པར་གྱུར་ཅེས་གྲགས་སོ། །དེ་ནས་འདུས་པའི་ཚོགས་ཀྱིས་མགྲིན་གཅིག་ཏུ་ཤིས་བརྗོད་རྒྱས་པར་མཛད་ཅིང་། དེ་རྣམས་ལ་སྲོད་འཁོར་གྱི་བར་ཐོགས་པས་མིའི་དབང་པོ་ཉིད་ཀྱི་བཀའ་ལས་ཀྱང་། ཉིན་དང་མཚན་དུ་དགའ་སྟོན་བྱ། །ཞེས་པའི་དོན་ཐོག་ཏུ་ཕེབས་ཞེས་བསྔགས་པར་མཛད་པ་ཡིན་ནོ། །དེ་ནས་ཀྱང་གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་བསྡུ་དང་ཐོ་དགྲོལ་ཞིང་ཕུར་བུ་དབྱུང་བ། ཁ་སྐོང་གི་ཞི་བའི་སྲེག་བླུགས་རྣམས་ཀྱང་དེ་ནུབ་རང་རྫོགས་པར་མཛད་ནས། ནངས་པར་ཚེས་ཕྱི་མའི་ཚེས་ཆས་མ་སླེབས་གོང་དུ་རྡུལ་ཚོན་ཆུ་བོར་གཤེགས་པའི་བར་གྱི་ཆོ་ག་ཕྱག་ལེན་ཕྲ་ཞིབ་ཐམས་ཅད་རྒྱུད་སྡེ་ལས་ཇི་སྐད་གསུངས་པ་ལྟར་ཆད་ལྷག་མེད་པར་གཙང་ཞིང་དག་པར་མཛད་པས་དཔྱོད་ལྡན་གཟུ་བོར་གནས་པ་ཐམས་ཅད་ངོ་མཚར་བའི་སྙན་པ་ཕྱོགས་བཅུར་སྒྲོག་པར་བྱེད་ཅིང་། ཚོགས་པའི་ཞལ་གྲངས་ཀྱང་ད་ལྟ་སྒྲིག་འགྲིམ་ཤ་སྟག་ལས་སྔར་གྱི་སྒྲིགས་པ་དེང་སང་དབེན་རིར་བཞུགས་པ་སོགས་ཀྱང་བསྡུ་བར་མ་མཛད་པ་དང་། འདོད་དགུའི་འབྱོར་པའི་འདུ་ལོང་དང་ས་སྲོས་པ་སོགས་ཀྱི་རྐྱེན་ལས་གྲལ་བར་གྱི་ས་ཁོངས་སུ་མི་སྐལ་གྱི་འགྱེད་བཞག་པ་སོགས་དངོས་པོ་ལྷག་པོར་གྱུར་པ་རྣམས་ཀྱང་ཕྱིར་འབུལ་བར་མཛད་པས་ལས་བྱེད་པ་སོགས་ཐམས་ཅད་ཀྱང་མགྲིན་གཅིག་ཏུ་དྲང་ཞིང་གཡོ་སྒྱུ་དང་བྲལ་བས་སྲོང་པོར་བཞུགས་པ་ཡིན་ཞེས་བསྔགས་པ་འབུལ་བར་གྲགས་སོ། །དེ་དུས་ཕོ་བྲང་ཆེན་མོར་ཐོག་མར་ཕེབས་པའི་ཉིན་ནམ་མཁའི་པྲ་རྟགས་ངོ་མཚར་བ་དང་། ཟླ་བ་བརྒྱད་པའི་མཇུག་ནས་ཁ་བ་ཆེན་པོ་བབས་པ་སོགས་ནམ་གཞུག་བསྡུས་ཤིང་། དགུ་པའི་དབུགས་ཐོབ་ཚེས་གསུམ་ལ་ཡིན་པས་འབྲུག་སྐད་ཀྱང་ཆག་པའི་དུས་ཡིན་ནའང་སྒྲུབ་མཆོད་ཚུགས་པ་ནས་བཟུང་ནམ་ཟླ་ལྷུག་པར་དྲོས་པ་དང་། ཚེས་བརྒྱད་ཀྱི་དགོང་མོ་འབྲུག་སྒྲ་ཆེན་པོ་དང་བཅས་ཏེ་འཇམ་ཆར་ཤིན་ཏུ་གཤིམས་པ་བབས་ཤིང་། ཉིན་མོ་ནམ་མཁའ་དྭངས་པ་ལ་ཆུ་འཛིན་འཇམ་པོ་མིག་མང་རིས་དང་། ཀུ་ཤའི་ཆུན་པོ་ལྟ་བུའི་དྲྭ་བས་བྲེས་ཤིང་། ཁྱད་པར་རབ་གནས་ཀྱི་ཉིན་སྔ་རྟིང་གཉིས་ཀ་ནམ་མཁའ་རྡུལ་དང་བྲལ་བས་བཻ་ཌཱུཪྱ་ལྟར་དྭངས་པ་ལས་ཉི་མའི་དཀྱིལ་འཁོར་འོད་རབ་ཏུ་གསལ་ལ་ས་གཞི་རབ་ཏུ་སྣུམ་པའི་མདངས་དང་ལྡན་པ་དང་། རླུང་རྣམས་ཀྱང་ཤིན་ཏུ་ཞི་བའི་ངང་ཚུལ་འཛིན་པས་ཕོ་བྲང་རྩེའི་དར་ལྕོག་གི་འཕུར་ལྕེ་རྣམས་དལ་བུས་བསྐྱོད་པ་ཙམ་ལས་མི་གཡོ་བ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་དགེ་མཚན་དང་། ཁྱད་པར་བགེགས་སྐྲོད་ཀྱི་དུས་ན་ཐོག་མར་འཚུབ་ལྷོངས་ཀྱི་རྣམ་པས་དྲངས་ཏེ་ལོག་པར་ལྟ་བ་ཐམས་ཅད་མིང་གི་ཐ་མར་བྱས་པའི་འཇིགས་ཟིལ་གྱིས་ཐམས་ཅད་སྐྱི་བུང་ཞེས་བྱེད་པ་དང་། ཡེ་ཤེས་པ་སྤྱན་འདྲེན་དང་ཤིས་བརྗོད་ཀྱི་མེ་ཏོག་འབུལ་བའི་ཚེ་ཡེ་ཤེས་ཕེབས་པའི་གཟི་བྱིན་ཆེན་པོ་འར་འུར་ཆལ་ཆིལ་དུ་གཡོས་པས་དེར་འཁོད་ཐམས་ཅད་ངོ་མཚར་བར་གྱུར་ཏོ། །དེ་དག་གི་ཚེ་ཡེ་ཤེས་ཀྱི་གཟིགས་སྣང་ལ་བགེགས་སེལ་བ་དང་ཡེ་ཤེས་ཕེབས་པའི་མཚན་མ་མངོན་སུམ་པ་ལྟ་བུར་གཟིགས་པ་སོགས་ནི་བཀའ་རྒྱ་ཡོད་པས་འདིར་མ་བྲིས་ཤིང་། ཕྱི་རོལ་གྱི་པྲ་ལྟས་དང་ལ་ཉེ་ཡང་དངོས་གཞིའི་དྲག་པོའི་སྦྱང་བ་དང་བསྟུན་ཕོ་བྲང་རྩེར་ཕེབས་པ་དང་ལྷན་ཅིག་ནམ་ཧར་གྱིས་ལངས་པ་དང་། ཁྲུས་ཚུགས་པ་དང་ཉི་མ་ཤར་བ་བརྟེན་བསྐྱེད་ཚུགས་པ་དང་སྐུ་མདུན་གྱི་གན་ཡོལ་བཅུད་བཟང་པོས་གང་བ། སྤྱན་དབྱེ་བ་དང་སྐུ་ཞབས་གྲྭ་ཚང་གི་ཚོགས་དུང་བུས་པ། བཀྲ་ཤིས་རྫས་བརྒྱད་ཀྱི་ནང་ཚན་དུང་ཕྱག་ཏུ་ཕུལ་བ་དང་ལྷན་ཅིག་དུས་འཁོར་ལྷ་ཁང་གི་མཆོད་དུང་བུས་པ་སོགས་མ་བསྒྲིགས་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་བཟང་པོ་མངོན་པར་སྣང་བའི་མཐུ་ལས་དུས་དེ་ནས་བཟུང་སྟེ་གངས་རིས་བསྐོར་བའི་ལྗོངས་འདིའི་ཡུལ་ཕྱོགས་ཐམས་ཅད་དུ་ནད་སྣ་དང་སད་སེར་མུ་གེ་སོགས་ལས་རྣམ་པར་གྲོལ་བས་ཀུན་ཏུ་ནད་མེད་ཅིང་ལོ་ལེགས་པ་དང་གོང་མའི་དབུ་རྨོག་བཙན་པོས་བདུད་ལས་རྣམ་པར་རྒྱལ་བའི་བ་དན་ཕྱོགས་ཐམས་ཅད་དུ་འཕྱར་བའི་བཀྲ་ཤིས་ཀྱི་ཉི་མ་གུང་ནས་ཤར་བའི་དགེ་མཚན་ལོངས་པ་ལ་སྤྱོད་པར་གྱུར་ཏོ། །རྒྱལ་བའི་ཕྲིན་ལས་རྐྱེན་བཞིན་གདུལ་བྱའི་འགྲོར། །སྣང་བའི་རྟེན་ལ་བདེ་གཤེགས་ཆེ་བའི་བྱིན། །བསྡུས་ཏེ་དགེ་ཤིས་སྒྲུབ་པའི་ཆོ་ག་ལ། །རབ་གནས་ཞེས་སུ་གྲགས་མོད་དེ་ལས་འདིར། །བསིལ་ལྡན་སྐྱེ་འགྲོའི་བསོད་ནམས་གཙང་མའི་གཞིར། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་གྱི། །རྣམ་དག་གཟུགས་བརྙན་དཔེ་ཟླས་དབེན་པ་གང་། །སྐྱེས་མཆོག་སྨོན་ལམ་མཐུ་ལས་གྲུབ་པའི་ཕྱིར། །བྱིན་རླབས་མཚན་མའི་ཆོ་གར་ལྟོས་མིན་ཡང་། །དོན་གཉིས་འབྱོར་པ་རིས་མེད་སྤེལ་བའི་སླད། །རྡུལ་ཕྲན་རེར་ཡང་རྒྱལ་ཀུན་དག་པའི་ཞིང་། །བསམ་ཡས་འཆར་བའི་དགེ་ཤིས་སྒྲུབ་པར་མཛད། །དེ་ཚེ་ཕྱི་ནང་རྟེན་འབྲེལ་རོལ་མོ་ཡིས། །གསལ་བར་མཚོན་པའི་ངོ་མཚར་དགེ་བའི་ལྟས། །མངོན་པར་སྣང་ཞིང་བསྟན་ལ་ཆེས་དགའ་བའི། །ལྷ་མིས་སྒྲོག་པའི་སྙན་གྲགས་མཁའ་མཐར་བཅས། །འདི་སྐབས་སྒྲུབ་མཆོད་རིང་རབ་འབྱམས་སྨྲ་བའི་དབང་ཕྱུག་ཆག་པ་ཆོས་འཕེལ་ཡང་ཚོགས་སུ་རྒྱུན་བཞུགས་ཀྱིས་ཇ་འཇམ་གདན་གུང་སོགས་ཆོ་གའི་བར་སེང་ཐམས་ཅད་ལ་མཆོད་སྡོང་ཆེན་མོ་རྟེན་དང་བརྟེན་པར་བཅས་པའི་མངོན་པར་རྟོགས་པ་ལས་བརྩམས་པའི་ལེགས་བཤད་ཀྱི་སྐྱེས་རྨད་དུ་བྱུང་བའི་བཤད་འབུལ་མཛད་ཅིང་། དེ་དག་གི་སྐབས་ཅི་རིགས་པར་གོང་མའི་ཞབས་ཕྱི་ནང་མ་དགེ་སློང་འཇམ་དབྱངས་གྲགས་པ། མཆོད་དཔོན་ཆེན་མོ། དགེ་སློང་ངག་དབང་དཀོན་མཆོག ཨེམ་ཆི་དར་མོ་ནས་རྣམས་སོ་སོས་རོལ་ཆ་དང་ལྷ་རྫས་ཀྱི་གོས་རིན་པོ་ཆེ་ལ་སོགས་པའི་འབུལ་བ། འདུས་པར་མང་ཇ་འགྱེད་རྣམ་བཞག་སྤྱི་འབུལ་དང་བཅས་པ། གསོལ་དཔོན་རབ་འབྱམས་པ། དབུ་མཛད་ཕུག་ནས། དགེ་སློང་བློ་བཟང་ངག་དབང་། དགེ་བཤེས་བསོད་ནམས་རྒྱལ་མཚན། རྡོ་པ་བློ་བཟང་བཀྲ་ཤིས། སྐུ་ཚ་བསམ་དགོན་ཆོས་མཛད། འཕྱོངས་རྒྱས་བློ་བཟང་བཀྲ་ཤིས། བྱང་གླིང་ཆོས་མཛད། རབ་འབྱམས་པ་ཐུབ་བསྟན། མགྲོན་གཉེར་རྟ་ར་མདོ་བ། ཕྱག་མཛོད་ལྐོག་ནས་དང་བྱ་སྒོ་ནས། དྲུང་ཡིག་ལྕང་ལོ་ཅན་པ་རྣམས་ཀྱིས་ཀྱང་མང་ཇ་རྣམ་བཞག་འབུལ་བ་དང་བཅས་པ། ཚེས་བཅོ་ལྔའི་སྔ་དྲོ་སྐུ་ཞབས་གྲྭ་ཚང་ཆེན་མོ་སྤྱི་སོ་ནས་མང་ཇ་སྦྲེལ་མ། འབྲས་འཇམ། རྒྱ་སྦུག་དང་གོ་དཀར་འདེམ་ལ་སོགས་པའི་འབུལ་བ། ཇ་འགྱེད་རྣམ་བཞག་སོགས་བཟང་ཞིང་རྒྱ་ཆེ་བ་དང་། དེར་མ་ཟད་ཕོ་བྲང་ཆེན་མོར་སྟན་འཇགས་རིང་ཉིན་སྟར་གྱི་ཇ་ཞུ་སོགས་བཟང་ཞིང་རྒྱས་ལ་སྟར་ཆགས་པ་སྩལ། དེ་ནུབ་གྲྭ་ཚང་གི་གསོ་སྦྱོང་ཡང་ཚོམས་ཆེན་ཉིད་དུ་མཛད་ཅིང་། ཚེས་བཅུ་དྲུག་ནས་བད་སྨུག་གི་བསྙུན་རོ་ལངས་ཏེ་ཅུང་ཟད་སྐུ་ཁམས་མ་བདེ་བར་སྨན་གྱི་འཕྲོད་བཞེས་མཛད་པས་ཞག་གཉིས་ཙམ་ནས་རིམ་དྭངས་སུ་གྱུར། བཅུ་བདུན་གྱི་སྔ་དྲོ་གྲྭ་པ་རྣམས་ལྷ་སར་ཇོ་མཇལ་ལ་ཐེགས་པར་བྱང་གླིང་པ་སོགས་ཀྱི་ཚ་གྲ་དང་། ཆོས་འཕེལ་ལགས་སོགས་མང་ཇ་ཞུ་མི་ཡང་མཐའ་ཡས་པ་བྱུང་ཞིང་། ཕྱི་དྲོ་བདག་ཅག་གྲྭ་པ་རྣམས་ཀྱིས་ཕོ་བྲང་ཆེན་མོ་སྟེང་ཤོད་ཀྱི་མཆོད་མཇལ་རྣམས་ཀྱང་བྱས་ཏེ་སོ་སོར་རྩེ་ནས་ཕྱག་མདུད་དང་ཡས་ཕྱིན་གྱི་མཇལ་སློག་གནང་སྦྱིན་སོགས་ཟད་མི་ཤེས་པའི་ཟང་ཟིང་གི་ལོངས་སྤྱོད་འདི་ཙམ་ཞེས་བློས་དཔྱོད་དཀའ་བ་རྨི་ལམ་གྱི་སྣང་བ་ལྟ་བུ་ལ་ཚིམ་པར་ལོངས་སྤྱད་ནས་བཅོ་བརྒྱད་ལ་ཕྱིར་འཐོན་ཞིང་། བཅུ་དགུའི་ཉིན་ཆེ་བཙན་ཁང་དུ་བཞུགས་གནས་སྤོ་བར་མཛད་དེ། ཉེར་གཅིག་ལ་རྒྱ་ཅན་གྲོ་ལོད་ཀྱི་དབང་འབུལ་རྒྱུའི་སྒྲུབ་པ་གནང་ནས་སང་ཉིན་གོང་དུ་དབང་བཀའ་འབུལ་བར་མཛད་ཅིང་། དེ་ཉིན་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་ཕེབས་པར་གཅུང་ཀུན་དགའ་ཚུལ་ཁྲིམས་ཆིབས་བསུར་མངགས་ཤིང་། ལྟག་སྒོའི་གདོང་དུ་ཞབས་པད་བསྐྱོད་པའི་ཞབས་བསུའི་བཀུར་སྟིས་དང་བར་མཛད་ནས་སླར་གཟིམས་ཆུང་དུ་མཇལ་འཛོམ་ཡང་གནང་། ཉེར་གསུམ་ལ་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་མཇལ་དུ་ཕེབས་བྱུང་བར་ཚུར་འབུལ་ཕར་ལན་གྱི་སྐྱེས་དང་། གསུང་སྒྲོས་འབེལ་གཏམ་སོགས་ཀྱིས་དགྱེས་པ་བསྐྱེད་པར་མཛད་ཅིང་། དེ་ཉིན་སྟག་ལུང་མཁན་པོ་གནང་ཆུང་བར་ཡང་ཚེའི་དབང་བཀའ་སྩལ། ཉེར་བཞི་ལ་ཤུན་སྐྱོར་ལུང་སོགས་ཀྱི་ཚེས་བཅུ་བ་མང་པོར་ཐུགས་ཐིག་གི་རྩ་དབང་། ལས་བྱང་དང་ལེའུ་བདུན་མའི་ལུང་། ལྷ་སའི་གནས་ཆེན་པ་མང་པོར་ཚེ་དབང་། དོན་གཉེར་ཅན་འགའ་ལ་དམག་ཟོར་མའི་རྗེས་གནང་ཡང་མཛད་ཅིང་། དེ་ནུབ་ནས་བཟུང་ཞག་བདུན་གྱི་བར་སྐུ་རྐྱང་གིས་བྱད་འགྲོལ་བུམ་སྒྲུབ་དང་། ཟླ་བ་བཅུ་པའི་ཚེས་གཅིག་ནས་དཔོན་སློབ་ཐམས་ཅད་ཀྱིས་སྐུ་ཚེའི་སྒྲུབ་པ་བདུན་གཅིག་བར་དུ་སྨིན་པར་གནང་། འདི་སྐབས་ཆིབས་ཆེན་དུལ་བའི་རིགས་མེད་གཤིས་ཕྱག་མཛོད་ནས་རྟ་ཞིག་ལ་རིན་ཐང་ཆེས་ཆེ་བ་སྤྲད་དེ་ཉོ་བར་བརྩམས་པ་ན་བཀའ་ལས། རྟ་མི་རིང་བར་འབྱོར་ཡོང་བས་ཉོ་མི་དགོས་གསུང་པ་ལྟར་དེ་ནས་མ་འགྱངས་པར་ཀོང་པོ་སྡེ་པ་དགའ་ཆགས་པས་རྟ་མཆོག་ལྟ་བུའི་ཅང་ཤེས་སྤྲིན་ཤུགས་སུ་གྲགས་པ་ཆེད་དུ་འབུལ་མི་འབྱོར་བས་ཐམས་ཅད་ངོ་མཚར་བར་གྱུར། ཚེས་བརྒྱད་ལ་གོང་ཞབས་ཡས་ཕྱིན་དུ་བྱད་འགྲོལ་དང་སྐུ་གསུང་རིགས་འདུས་ཀྱི་ཚེ་དབང་ཡང་འབུལ་བར་མཛད་ཅིང་། དབང་གྲུབ་རྗེས་ཤིན་ཏུ་དགྱེས་པའི་བཀའ་མཆིད་ཀྱང་ཞིབ་མོར་བྱུང་གསུང་། ཕྱི་དྲོ་དཔལ་རི་སྤྲུལ་པའི་སྐུ་མཇལ་དུ་བྱུང་བའི་ཚེ་དབང་དང་གུར་དྲག་གི་དབང་བཀའ། གཞན་ཁྱིམ་པ་མཆོག་དམན་མང་པོར་སོ་སོའི་བསམ་པ་བཞིན་དུ་དབང་རྗེས་གནང་། སྐྱབས་འགྲོའི་སྡོམ་པ། མཇལ་ཁ་བྱིན་རླབས་སོགས་གང་ལ་གང་འཚམས་སུ་སྩལ། ཚེས་བཅུ་གཉིས་ལ་གཞིས་ཁ་ནས་ཆུ་བཟང་དུ་རྟེན་བཞེངས་གནང་བའི་རབ་གནས་སུ་སྤྱན་དྲངས་པ་བཞིན་ཕེབས་ཏེ། དེ་ཉིན་རབ་ཏུ་གནས་པའི་ཆོ་ག་ཡང་སྨིན་རྒྱས་སུ་མཛད། ཚེས་བཅུ་གསུམ་ལ་གཞིས་ཁའི་ཞལ་ངོ་ཕན་ཚུན་ཐམས་ཅད་ཕེབས་པར་བྱད་འགྲོལ། ལོཀྟྲིའི་རིག་གཏད། གུར་དྲག་གི་དབང་། ཚེ་དབང་རྣམས་དང་། རྒྱལ་བུ་ངག་དབང་བསམ་གཏན་ལ་ལྷ་ཆེན་གྱི་སྲོག་གཏད་རྣམས་འབུལ་བར་མཛད་ཅིང་། བསྙེན་བཀུར་འབུལ་ནོད་སྤམ་མཐོ་བ་སྩལ་བར་སྐྱེས་ལན་སྲུང་མདུད་དང་བཅས་པའང་འབུལ་བ་གནང་རྗེས། རམ་རྩེ་ནས་རྒྱལ་བུ་དམག་ཟོར་ལགས་ཕེབས་པར་ཡང་ཚེ་གུར་གྱི་དབང་དང་ལོཀྟྲིའི་རིག་གཏད་སོགས་ཀྱིས་ཐུགས་བཞེད་བསྐངས་ནས་ཕན་ཚུན་དགྱེས་པ་བསྐྱེད་རྗེས་དེ་ནུབ་ཕོ་བྲང་ཆེན་པོར་ཕྱིར་ཕེབས། འདི་སྐབས་སྨིན་གྲོལ་གླིང་འདུས་པར་ཚེས་བཅུ་མཆོད་པའི་འཆམས་དབྱངས་རྒྱས་པའི་ཕྱག་བཞེས་འཛུགས་པ་གནང་རྩིས་ཀྱི་སློབ་དཔོན་ཞུ་བའི་ཆར་དོང་སྐབས་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་འགའ་རེས་བློ་གྲོས་རྒྱ་མཚོ་རང་ཞུས་པ་འགབ་ཚུལ་གསུང་པ་ལྟར་ཉིད་ཀྱི་ཞབས་ཕྱི་རྣམས་ཀྱང་དེ་བཞིན་དུ་ཞུ་མོད་ཀྱང་། རྗེ་ཉིད་རང་གི་དགོངས་པ་ཐུན་མོང་མ་ཡིན་པའི་བློ་བཟང་བཀྲ་ཤིས་རང་སྐབས་བབས་ཀྱི་ཞུ་བ་གནང་བ་ཕྱིས་འདིར་སློབ་དཔོན་དགོས་དུས་བློ་གྲོས་རྒྱ་མཚོ་དུས་ལས་འདས་ཚར་སོང་བར་བཀའ་ལས། ད་རེས་གཞན་གྱི་ཟེར་དབང་དུ་མ་བཏང་བས་ངེད་རང་གི་ཞེ་འདོད་མ་བསླུས་པ་ཡིན་གསུང་ཞིང་ཕྱག་ཕྱི་རྣམས་ཀྱང་ཡ་མཚན་པར་གྱུར་ཏོ། །ཚེས་བཅོ་ལྔ་ནས་བཟུང་ཉིན་གསུམ་གྱི་བར་ཕྱག་རྡོར་གྱི་ལྗགས་བསྙེན་ཁ་གསོ་གནང་རྗེས་ཚེས་བཅོ་བརྒྱད་ལ་གོང་དུ་ཕྱག་རྡོར་དྲེགས་འདུལ་གྱི་དབང་དང་གཟའི་གཏོར་དབང་འབུལ་བ་གནང་ཞིང་། དེ་དག་གི་ཚེ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་དང་ཡང་ཡང་མཇལ་ནས་ཐུགས་གཅུགས་པའི་གསུང་གླེང་དང་སྔར་སྐུལ་བ་པོ་གནང་བའི་པད་གླིང་དྲག་དམར་བསྙེན་ཡིག་གི་ལུང་ཡང་འབུལ་བར་མཛད། འབྲས་སྤུངས་དན་བག་དང་སྐྱར་པོ་ལྕགས་གྲོང་སྐོར་གྱི་ཚེས་བཅུ་བ་སོགས་ལ་ཟླུམ་པོ་བཞི་དབང་། ཚེ་དབང་། བླ་མའི་ལས་བྱང་དང་ལེའུ་བདུན་མ་སོགས་ཀྱི་ལུང་། སྡེ་པ་བྱ་སྒོ་ནས་དང་། སྐུ་ཞབས་གྲྭ་ཚང་གི་ཆེ་བགྲེས་མང་པོ། མགྲོན་གཉེར་དཀོན་མཆོག་སོགས་མང་པོར་བྱད་འགྲོལ། ཚེ་རྟ་གུར་དྲག་གི་དབང་སོགས་དབང་བཀའ་མང་པོ་སོ་སོའི་རེ་བ་བཞིན་དུ་སྩལ། ཚེས་བཅུ་དགུར་དཔལ་རབ་ཁང་གསར་དང་འཆི་མེད་དགའ་ཚལ་ནས་སྤྱན་དྲངས་པ་བཞིན་ཇོ་མཇལ་དང་སྒོ་བསྟུན་ཏེ་ལྷ་སར་ཆིབས་བཏེག་པའི་དཔལ་རབ་ཁང་གསར་ཀླུ་སྡིངས་སུ་ཞལ་ངོ་ཚང་མ་དང་ཕ་བོང་ཁ་དཔོན་སློབ་ཀྱིས་ཞབས་བསུ་དང་བཅས་ཏེ་མཇལ་ཞིང་ཕེབས་སྤྲོའི་སྟོན་མོ་བཟང་པོ་རྒྱས་པར་བསྟར། དེ་ཉིན་རྒྱལ་བུ་ཡུམ་སྲས་ཕ་བོང་ཁ་བླ་མ་བཅས་པར་སྐྱེར་སྒང་པའི་རྟ་མགྲིན་གསང་སྒྲུབ། གཏེར་གསར་དྲག་དམར། ནཱ་ག་རཀྴ། འཆི་མེད་དཔལ་སྟེར་རྣམས་ཀྱི་དབང་རྗེས་གནང་། པེ་ཧཱ་རའི་སྲོག་གཏད་རྣམས་སྩལ་ཅིང་། དེ་ཉིན་རས་ཆེན་རིག་འཛིན་རྣམ་རྒྱལ་གྱི་གྲྭ་རིགས་རས་པ་བརྒྱ་ཕྲག་སྐོར་མཇལ་དུ་བྱུང་བར་འཕྲལ་ཡུན་གྱི་ཕན་བདེ་ལ་བཀྲི་བའི་ཞལ་བཀོད་བསླབ་བྱ་དང་ཆོས་འབྲེལ་ཡང་གནང་། སང་ཉིན་དཔལ་རབ་ཁང་གསར་གྱི་སྟེང་ཤོད་ཚང་མར་ཤིས་བརྗོད་ཀྱི་ཕྱག་ནས་འཐོར་བས་བྱིན་གྱིས་བརླབས་ཏེ་འཆི་མེད་དགའ་ཚལ་དུ་ཐེགས་པར་གསོལ་ཚིགས་ཀྱི་སྟོན་མོ་གཟབ་བཤོམས་ཐོག་ལྕམ་དྲུང་དཔོན་གཡོག་གིས་པི་ཝཾ་དང་གླིང་བུ་ལ་སོགས་པའི་རོལ་མོ་དང་སྦྱར་ཏེ་བསྟོད་གར་གྱི་གཟིགས་མོ་ཡང་འབུལ་བར་མཛད། དེར་ཐང་ལྷའི་སྲོག་གཏད། ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་། འཆི་མེད་དཔལ་སྟེར་གྱི་ཚེ་དབང་སོགས་ཀྱིས་ཐུགས་བཞེད་བསྐངས་ཏེ། སླར་ཡང་དཔལ་རབ་ཁང་གསར་དུ་ཕེབས་ནས་ཞག་བཞུགས་ངོས་ནང་བར་ནམ་སེང་ནས་བཟུང་སྔ་དྲོའི་ཆར་མཆོད་མཇལ་དུ་ཕེབས་པའི་ཇོ་ཤཱཀ་གིས་དབུས་ལྷ་ཁང་ཐམས་ཅད་ལ་སྙན་ཤལ་མཆོད་འབུལ་དང་བཅས་ཏེ་བསྟན་འགྲོའི་ཕན་བདེ་རྒྱས་པའི་སྨོན་ལམ་རྣམ་པར་དག་པའང་འདེབས་པར་མཛད། དེ་རྗེས་དཔལ་རབ་ཁང་གསར་གྱི་ཞལ་ངོ་སྲས་ཡུམ་རྣམས་དང་ཕ་བོང་ཁ་ཞལ་སྔ་ནས་བཅས་པར་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་འབུལ་བ་གནང་ཞིང་། གཞི་ལེན་གྱི་སྟོན་མོ་དཔེ་བྲལ་དང་། ན་བཟའ་ཆ་ཚང་། གོས་དར་ཇ་སོགས་འབུལ་བའི་དངོས་པོ་བཟང་ཞིང་སྤམ་མཐོ་སྤྲོ་བར་མཛད་པའི་སྐྱེས་ལན་དད་རྟེན་དང་བཅས་པ་གནང་ནས། སླར་ཡང་འཆི་མེད་དགའ་ཚལ་དུ་སྤྱན་དྲངས་ཏེ་སྲས་ཡུམ་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་དང་ལྷ་མོའི་རྗེས་གནང་སོགས་སྩལ་ཅིིང་། རྒྱ་བོད་ཀྱི་ཟས་གཡོས་སྣ་གྲངས་དུ་མའི་སྟོན་མོ་གཟབ་རྒྱས་དང་། ཇ་གོས་དར། རྒྱལ་ཆོལ་རྙིང་མ་ཁྱད་ཅན་འཆི་མེད་སྒྲ་སྙན་དུ་གྲགས་པ་དང་། རྒྱ་སྦུག་དཀྱུས་མ་གཅིག་སོགས་འབུལ་སྐྱེས་བཟང་ཞིང་རྒྱ་ཆེ་བ་སྟོབ་པར་སྐྱེས་ལན་དད་རྟེན་དང་བཅས་སྩལ་ཅིང་། ཡུམ་ཉིད་མཆོག་ཏུ་གུས་པའི་མོས་དུངས་ཆེན་པོས་རྟག་པར་ཐུགས་རྗེའི་སྤྱན་རས་ཀྱི་བཙའ་བ་ལས་མི་གཡེལ་བ་དགོས་ཞེས་པའི་ཞུ་བའང་མཛད། དེ་ནུབ་ཕོ་བྲང་ཆེན་པོར་ཕྱིར་ཕེབས་ནས། སང་ཉིན་ལྷ་སའི་སྐོར་ཆེན་པ་དང་གནས་ཆེན་པ་སོགས་བརྒྱ་སྐོར་ལ་ཚེ་དབང་དང་ཡིག་དྲུག་གི་བཟླས་ལུང་སོགས་སྩལ་བས་རེ་བ་སྐོང་བར་མཛད་ཅིང་། ཉེར་གཉིས་རྟིང་མར་དགེ་སློང་ངག་དབང་དཀོན་མཆོག་གིས་གཟིམས་ཤག་ཏུ་སྤྱན་དྲངས་ཏེ། བྱད་འགྲོལ། ཉང་གི་དྲག་དམར་གྱི་བྱིན་རླབས། འཆི་མེད་དཔལ་སྟེར་གྱི་ཚེ་དབང་རྣམས་གནང་ཞིང་། བསྙེན་བཀུར་བཟང་པོ་འཁོས་སུ་ཕེབས་པ་དང་། བཀྲས་ཐགས་གནས་བཅུའི་ཞིང་བཀོད་མའི་ལིང་ཚེ་ཆེ་བ་སོགས་འབུལ་དངོས་ཀྱང་བཟང་པོ་སྟོབ། དེ་ཉིད་དུ་རིག་རྒྱམ་ལགས་སོགས་གྲྭ་ཚང་གི་གྲྭ་པ་མང་པོར་ཡང་ཚེ་དབང་མཛད། ཉེར་གསུམ་གྱི་སྔ་དྲོ་རྡོ་རྗེ་བྲག་རིག་འཛིན་ཆེན་པོར་ཚེ་གུར་སྦྲགས་མའི་དབང་གསན་ཞིང་། ཕེབས་ཞོར་དུ་སྐུ་ཞབས་གྲྭ་ཚང་གི་ཁྲོ་རོལ་གྱི་ཚོགས་གཟིགས་སུའང་ཕེབས། དེ་ཉིན་ནས་བཟུང་ནཱ་ག་རཀྴའི་སྒོ་ནས་གདོན་འགྲོལ་ལ་ཆེད་དུ་དམིགས་པའི་བུམ་སྒྲུབ་དཔོན་སློབ་ཐམས་ཅད་ཀྱིས་སྐུ་མཚམས་བཅད་རྒྱའི་ཁོངས་སུ་མཛད་ཅིང་། དེ་སྐབས་མཚན་ལམ་ལ་བསྙད་པའི་འོད་གསལ་ཡེ་ཤེས་ཀྱི་གཟིགས་སྣང་མཚར་བ་བྱུང་བ་ནི་འདིར་འགོད་པར་བཀའ་མ་འཁྲོལ་བས་ཟུར་ན་གསལ་ལོ། །དེ་དག་གི་སྐབས་ཅི་རིགས་པར་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་རྗེ་འདིའི་བཞུགས་གནས་སུ་ཕེབས་པར་དགོངས་བཞེད་ལྟར་དྲག་དམར་དང་ཚེ་དབང་འབུལ་བར་མཛད་ཅིང་། གཞན་ཡང་མཆོད་ད པོན་ཆེན་མོར་བྱད་འགྲོལ་དང་ཚེ་དབང་། དགེ་སློང་ཕྱག་རྡོར་དབང་ཕྱུག་སོགས་ལ་མ་ཏི་ལུགས་ཀྱི་འཇམ་དཔལ་དཀར་པོའི་རྗེས་གནང་དང་སྒྲུབ་ལུང་། བཀྲ་ཤིས་རྩེའི་དབོན་རིན་པོ་ཆེ་དང་གྲྭ་ཚང་གི་གྲྭ་པ་ལྷུན་གྲུབ་རྒྱ་མཚོ་དང་བློ་བཟང་རྒྱལ་མཚན་སོགས་ལ་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་སོགས་སོ་སོའི་རེ་བ་དང་བསྟུན་པའི་ཆོས་མང་པོ་རིམ་པར་སྩལ། གནམ་གང་གི་ཉིན་ཀོང་པོ་ཐང་འབྲོག་སྤྲུལ་པའི་སྐུ་གོང་གི་མཇལ་ཁ་ཞུ་བ་དང་རྗེས་འབྲེལ་སྨིན་གྲོལ་གླིང་དུ་གསན་བསམ་ལ་བཞུགས་རྩིས་ཀྱི་སྙན་འབུལ་བཅས་མཇལ་དུ་བྱུང་ཞིང་ཕྱག་རྟེན་དུ་དངུལ། མར། སྣམ་བུ་ལ་སོགས་པའི་འབུལ་སྐྱེས་དང་། སྤྲུལ་སྐུ་གོང་མའི་ཕྱག་དྲིལ་ཕྱག་ཌཱཾ། རྟེན་ལི་མ་དང་བཅས་པའང་གོང་མའི་དབོན་པོས་འབུལ་བར་བསྐུར་ཞིང་། བདེ་ཆེན་དགོན་བླ་མ་དར་ཕོད་ཆོས་མཛད་ཀྱིས་ཀྱང་ཆིབས། མར། སྣམ་བུ་སོགས་འབུལ་བ་བཟང་བ་སྟོབ། ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ལ་གོང་ཞབས་ཡས་ཕྱིན་དུ། རྟ་མགྲིན་གསང་སྒྲུབ། བདུད་རྩི་བུམ་པ། རས་ཆེན་པའི་ཚེ་དབང་མདའ་འཕེལ་མ་རྣམས་འབུལ་བར་མཛད་ཅིང་། ཕྱི་དྲོ་གཞིས་ཁ་ཤར་བ་རྣམས་ལ་ཚེ་དབང་ཡང་མཛད། དེའི་སང་ཉིན་རག་ནས་ཀྱིས་མཚོན་ཚེས་བཅུ་པ་མང་པོར་གསང་འདུས་ཟླུམ་པོ་བཞི་དབང་དང་ལས་བྱང་ལེའུ་བརྒྱད། གསོལ་འདེབས་ལེའུ་བདུན་མ་རྣམས་ཀྱི་ལུང་དང་། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ཁ་ཤས། བྱང་གླིང་གི་ཞལ་ངོ་རྣམས་དང་། མགྲོན་གཉེར་ལགས་དཀོན་མཆོག་སོགས་དད་ཅན་མང་པོར་གུར་དྲག་གི་དབང་། ཚེ་དབང་། བྱད་འགྲོལ། བཀའ་བསྒོ་སོགས་གང་ལ་གང་འཚམས་སུ་སྩལ། ཚེས་བཞི་རེས་གཟའ་སྙན་ངག་མཁན་དང་། རབ་ཏུ་བརྟན་པ་གྲུབ་པའི་རྒྱུ་སྐར་ཆུ་སྨད་འཛོམ་པ་དངོས་གྲུབ་སྦྱོར་བའི་དུས་དགེ་བར་ཡར་ཀླུངས་བཀྲ་ཤིས་ཆོས་སྡེ་པ་རྣམས་ཀྱིས་རབ་གནས་མཛད་པའི་མཐའ་རྒྱས་ཀྱི་ཡོན་བདག་མངའ་གསོལ་གྱི་སྐབས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉིད་མི་འཇིགས་པའི་ཁྲི་ལ་ཞབས་པད་བསྟི་བར་ཁོང་རྣམས་ཀྱིས་བསྔོ་བ་ཚོགས་སུ་མཛད་པ་འཇིག་རྟེན་གྲགས་སྡེ་ལྟར་ན་གོ་སའི་སྟབས་ཀྱིས་སྐབས་སུ་མ་བབས་གཤིས་བསྔོ་བ་གནང་བར་ཕེབས་དགོས་ཚུལ་གྱི་བཀའ་ལུང་སྩལ་བ་ལྟར་ཆོས་སྡེ་པ་རྣམས་ཀྱི་གྲལ་དབུར་ཐེགས་ཏེ་ཁྲི་སྟན་གྱི་བཀོད་པ་རྒྱ་ཆེན་པོའི་བསྟི་སྟང་གནང་འདུག་པ་ལ་བཞུགས་ནས་ཁོང་རྣམས་ཀྱིས་བཀྲ་ཤིས་རྫས་བརྒྱད་འབུལ་བ་སོགས་གྲུབ་རྗེས་དགའ་སྟོན་གྱི་སྟོན་མོ་དང་རྗེས་སུ་འབྲེལ་བར་ཆོ་ག་བ་རྣམས་ཀྱི་རབ་ཡོན་དང་། ཁྱད་པར་རྗེ་ཉིད་ལ། གཏེར་ཆེན་ཏི་ཤྲཱི་ཆོས་ཀྱི་རྒྱལ་པོར་མངའ་བསྐུར་བའི་ལུང་དང་། ཕྱག་རྟགས་ཀྱི་ཐམ་ཁ་ཤུབས་བཅས། གོས་དཀར་པོ་ཡུག་རིང་གྲང་གསེར་གྱི་འབྲུག་རིས་ཅན་གྱི་གཞི་ལ་བྲིས་པའི་འཇའ་སའི་བཀའ་ཤོག་རྣམས་དང་། ཡས་ཕྱིན་སོ་སོ་ནས་གནང་ཆ་གསེར་དངུལ། གོས་དར། རོལ་ཆ། དངུལ་དཔྱད། ན་བཟའ་ཆ་འགྲིག་སོགས་དགུ་ཚན་བཅུ་སུམ་ཙམ་རེ་ལ་དངོས་དཔྱད་བཟང་ཞིང་སྤམ་མཐོ་བར་སྩལ་ནས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་བསྟན་པ་སྤྱི་བྱེ་བྲག་གི་རྣམ་བཞག་དང་། རྟེན་བཞེངས་ལས་བརྩམས་པའི་རྒྱུ་མཚན་ཕན་ཡོན་རབ་གནས་ཀྱི་ཆོ་གའི་རྣམ་དབྱེ་སོགས་ཕུལ་དུ་བྱུང་བའི་ལྗགས་བཤད་མཐའ་རྒྱས་སུ་གནང་རྗེས། དེ་དག་གི་དགེ་བ་བསྔོ་དགོས་པའི་རྒྱུ་མཚན་དང་བསྔོ་བ་པོ་ཡང་གཞན་ལས་ཁྱད་པར་དུ་གྱུར་གཤིས་ཇི་ལྟར་བཞེད་པའི་དོན་འདི་དག་འགྲུབ་པར་ངེས་པས་ན་བསྔོ་བ་གནང་དགོས་ཚུལ་གྱི་བཀའ་ལུང་ཕེབས་པ་ལྟར་ཞིང་བསམ་དངོས་པོའི་ཁྱད་པར་དུ་བྱས་པའི་ལོ་རྒྱུས་སྟོང་ཐུན་སྔོན་དུ་འགྲོ་བའི་ལྗགས་བསྔོ་རྒྱས་པར་མཛད་པས་ཚིག་དོན་གསལ་དག་འབྲེལ་ཆགས་ཀྱི་ལེགས་བཤད་རྨད་དུ་བྱུང་བས་རྣམ་དཔྱོད་དང་ལྡན་པ་ཐམས་ཅད་མཉེས་པར་གྱུར་ཅིང་། དེ་ཉིན་གོང་ནས་མཐོང་ཟོས་བཀུར་སྟི་ཆེན་པོས་གཟེངས་གཏོད་པར་མཛད་པས་ན་དོན་ལ་རྗེ་བཙུན་དམ་པ་འདིའི་ཁྲི་འདོན་ལྟ་བུར་སོང་ཞེས་གྲག་གོ །གཏེར་ཆེན་ཏི་ཤྲཱིའི་མཚན་དབྱངས་གྲགས་དཀར་གྱིས། །ཐེག་མཆོག་ཆོས་ཀྱི་རྒྱལ་པོར་བཀུར་བའི་ལུང་། །གནམ་བསྐོས་སུམ་རྩེན་དབང་པོའི་སྐྱེད་ཚལ་དུ། །འཁྲུངས་པའི་སྣ་ཚོགས་ཨུཏྤལ་ཆུན་པོ་དེ། །གངས་ལྗོངས་ཀུན་གསལ་སྒེག་མོའི་རྣ་རྒྱན་དུ། །བཏགས་ཚེ་རིགས་གཟུགས་དཔལ་འབྱོར་ཆེ་བཙན་གྱིས། །དྲེགས་པའི་ལང་ཚོ་དར་བབས་གཞོན་ནུ་ཀུན། །དད་འདུན་རེ་བའི་འཛུམ་མིག་ཁྱོད་ལ་གཏོད། །ཚེས་ལྔ་ལ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ། ཡབ་པ་ཆོས་རྗེ་གྲྭ་ཚང་གི་གྲྭ་པ་བློ་བཟང་རྒྱལ་མཚན་སོགས་ལ་གཅོད་ཡུལ་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་། དྲུང་ཡིག་དཔག་བསམ་ཚེ་རིང་ལ་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་ཡང་སྩལ། ཚེས་དྲུག་ལ་གོང་ཞབས་ཡས་ཕྱིན་དུ་ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་དང་། གཏེར་གསར་ཚེ་དབང་བརྒྱ་རྩ་སོགས་འབུལ་བར་མཛད་ཅིང་། དངོས་སྤྱད་བཟང་ཞིང་སྤམ་མཐོ་བའི་གནང་ཆ་སྤྱི་དང་། ཁྱད་པར་དབང་བཀའ་སྔ་ཕྱི་མཐའ་དག་ལ་སྡེ་ཚན་རེ་རེ་བཞིན་ལྷ་རྫས་དྲི་མ་མེད་པ་སྲིད་དུ་རིང་བ་ཡི་གེ་མ་ཟུང་རེ། བཟང་གོས་ཡུག་ཟུང་རེ། གསེར་སྲང་དང་། དངུལ་གྱི་མཎྜལ་སོགས་དབང་ཡོན་སྟར་ཆགས་སུ་སྩལ་ཅིང་། དེ་ཉིན་དབང་བཀའ་གྲོལ་ནས་ཀྱང་ཡུན་རིང་པོའི་བར་དུ་བཞུགས་ཤིང་གནས་དུས་བྱ་སྤྱོད་ཀྱི་བཀའ་མཆིད་ལྷུག་པར་སྩལ་གསུང་། ཚེས་བདུན་ལ་གསེར་གདུང་ཆེན་མོའི་ཐུགས་མཇལ་གྱིས་མཚོན་ལྷ་ཁང་གསར་པ་རྣམས་ཞིབ་མཇལ་མཛད་པར་གསེར་གདུང་ལས་བདུད་རྩིའི་རྒྱུན་འབབ་པ་སོགས་ངོ་མཚར་བའི་མཚན་མའང་གཟིགས། ཚེས་བརྒྱད་ལ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུས་དབུས་མཆོག་དམན་མང་པོས་ཐམ་ཀའི་ལེགས་ཇ་ཡང་རིམ་ཅན་དུ་ཕུལ། ཚེས་དགུའི་སྔ་ཆར་གོང་དུ་ཐོན་ཕྱག་ཞུ་བ་མཛད་ངོས་འཕགས་པའི་གནས་མཇལ་དང་འབྲེལ་བར་ལྷ་རྫས་ཡུག་རིང་ལ་འདོད་གསོལ་དང་བཅས་ཏེ་ཐམ་ཕུད་ཀྱང་འབུལ་བ་གནང་རྗེས་ཕོ་བྲང་ཆེན་པོ་ནས་ཆིབས་བཏེག་པའི་རྣ་མོའི་གྲུ་ཁར་སྐྱ་སེར་གྱི་ཆིབས་སྐྱེལ་བ་མང་པོར་བྱིན་རླབས་དང་གནང་སྦྱིན་བསླབ་སྟོན་སོགས་སོ་སོའི་བསམ་པ་ཚིམ་པར་གནང་ནས་རིམ་པར་གསང་མདའ། འཕྲང་གོང་གཞུང་མདའ་རྣམས་སུ་ཞག་བཞུགས་མཛད་པ་ལས། དེར་གྲྭ་ཐང་མཁན་པོ་སྒེར་པ་བའང་མཇལ་དུ་བྱུང་ཞིང་། དེ་ནས་ལྕོག་སྦུག་ཏུ་ཞག་བཞུགས་མཛད་དེ་ཚེས་བཅུ་གསུམ་ལ་གདན་སར་བསུ་བའི་བཀོད་པ་དུ་མས་མདུན་བསུས་ཏེ་ཕེབས། ཚེས་བཅུ་བཞི་ནས་ཞབས་དྲུང་རིན་པོ་ཆེ་དང་། གྲུབ་ཆེན་པདྨ་རྒྱལ་མཚན་སོགས་ལ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་བཀའ་གསུང་བའི་འཕྲོ་ནས་བརྩམས་ཏེ་རིམ་པར་སྩལ། འདི་སྐབས་ཐང་འབྲོག་སྤྲུལ་པའི་སྐུ་རྗེས་འབྲང་དང་བཅས་པའང་གྲྭ་ཚང་གི་སྒྲིག་ཁྱུར་བཞུགས་ཤིང་། གཅུང་རིན་པོ་ཆེའི་ཞབས་དྲུང་མཇལ་དུ་བྱུང་བའི་གཏེར་གསར་དྲག་དམར་གྱི་དབང་དང་བྱ་རྒོད་ཨ་ལ་ཕུག་གི་གྲྭ་པ་མང་པོར་གཏེར་གསར་རྡོར་སེམས་དང་གུར་དྲག་གི་དབང་། སྒྲུབ་སྡེ་ཕན་ཚུན་གྱི་བཙུན་མ་མང་པོར་ཁྲིད་བཀའ་སྩལ་བའི་ཁྲིད་གཉེར་དགེ་སློང་གྲུབ་ཆེན་བློ་ལྡན་གྱིས་བྱས་ཤིང་། རི་པ་ཁ་ཤས་ལ་གཅོད་ཁྲིད་སྙིང་པོར་དྲིལ་བ་ཞིག་ཀྱང་གསུངས། ཉེར་གཉིས་ནས་བཟུང་འཁྲུག་བྱེད་ལས་ཀྱི་རླུང་དམར་གྱི་འཁོར་ལོ་རྣམས་རྗེ་ཉིད་ཀྱིས་དབུ་མཛད་རི་མོ་རྣམས་དགེ་སློང་མཆོག་ལྡན་དང་། ཡི་གེ་རྣམས་དགེ་སློང་བློ་གསལ་གྱིས་ཡིད་གཞུངས་པར་བྲིས་ཏེ་རྫས་སོགས་རྟེན་འབྲེལ་གྱི་བཅའ་གཞི་ཐམས་ཅད་ཚོགས་པར་སྒྲིག་པར་མཛད། ཟླ་བ་བཅུ་གཉིས་པའི་ཚེས་བཞིར་དྲུང་ཡིག་ལྐོག་ནས་ཀྱིས་ཁང་རྙིང་དུ་ཚོགས་གསོག་མཆོད་ཡུལ་དུ་གྲྭ་ཚང་སྤྱན་དྲངས་པའི་གྲལ་དབུར་ཞབས་པད་བསྐྱོད་དེ་བསྙེན་བཀུར་འབུལ་ནོད་བཟང་རྒྱས་སུ་སྟོབ་པ་བསྔོ་བས་རྒྱས་འདེབས་པར་མཛད་ཅིང་། ཞལ་ངོ་རྣམས་ལ་ཚེ་དབང་ཡང་སྩལ། འདི་དུས་ལམ་ལྔ་དང་ཁྲོས་ནག་སོགས་སོ་སོའི་བློ་དང་འཚམས་པའི་བསྙེན་མཚམས་བྱེད་མི་བདག་ཅག་གྲྭ་པ་དྲུག་ཙམ་ལའང་དམིགས་ཁྲིད་དང་བྱིན་རླབས་གང་ལ་གང་འཚམས་སུ་གནང་། ཚེས་དྲུག་ནས་བརྩམས་ཏེ་རྗེ་ཉིད་ཀྱི་ཞབས་ཕྱིར་འབུམ་རབ་འབྱམས་པ་སྐལ་བཟང་གིས་དབུ་མཛད་པའི་གྲྭ་པ་བསྙེན་སོང་བཅུ་སྐོར་གྱིས་རླུང་དམར་འཁོར་ལོའི་སྒྲུབ་པ་རྣམས་ཞག་བཅུའི་བར་སྨིན་རྒྱས་ནུས་ལྡན་དུ་སྒྲུབ་པར་མཛད་ཅིང་། རུ་རྙིང་སྡེ་བླ་དགེ་སློང་འགྱུར་མེད་ཅན་གྱིས་གཉེར་བ་ཆེད་དུ་མངགས་པའི་མཆོད་རྟེན། གཟིམས་ཆུང་། ཚོགས་ཁང་བཅས་པར་མར་མེ་རྒྱུན་ཆགས་སུ་འཛུགས་པའི་སྲོལ་གཏོད་པ་བཅོ་ལྔ་ནས་བཟུང་སྨོན་ལམ་དང་བཅས་ཏེ་ཐོག་མར་བཙུགས། བཅོ་བརྒྱད་ཀྱི་སྔ་དྲོ་ཁོང་རྣམས་ཀྱིས་གཟིམས་ཆུང་ཞབས་བརྟན་ཆོ་ག་དང་འབྲེལ་བའང་རྒྱས་པར་ཕུལ། ཟླ་མཇུག་གཙུག་ལག་ཁང་དུ་བཞུགས་གནས་སྤོས་ཏེ་ས་ཆོག་ནས་བཟུང་དུས་རིམ་འཆར་ཅན་གྱི་སློབ་དཔོན་དུ་ཞབས་བསྐྱོད་ཅིང་། ཞབས་དྲུང་གདུང་རྒྱུད་རིན་པོ་ཆེས་གསང་སྙིང་གི་རྒྱུད་འགྲེལ་ཚོགས་སུ་གསུངས། དེ་དུས་ཉེར་ལྔའི་གཟའ་སྐར་འཕྲོད་སྦྱོར་རྩུབ་པ་དང་བསྟུན་བྱ་པོ་ལ་རྩེར་རླུང་ཁང་དམིགས་བསལ་བརྩིགས་པར་འཁོར་ལོ་ཕྱག་ལེན་རུས་ཐོན་གྱིས་འཛུགས་པར་གནང་ནས་གསོལ་མཆོད་བསྐུལ་སོགས་བཤད་ཚོད་དང་མཐུན་པ་རྗེ་ཉིད་ཀྱི་ཕྱག་ཕྱིར་སྒྲུབ་པ་པོ་ཐམས་ཅད་ཀྱིས་ཐེགས་ཏེ་མཛད་པར་བྱ་རྒོད་བརྒྱ་ལྷག་ཙམ་པ་དེའི་ཉེ་འཁོར་དུ་བབས་པ་བྱུང་ཞིང་། དེ་ཉིན་ནས་བཟུང་རླུང་ཡང་རྒྱུན་ལས་ཆེ་བ་གཏན་ཆགས་པ་བྱུང་བ་མཚན་མ་བཟང་བར་མངོན་གསུང་། དེ་ནས་བཟུང་སྟེ་ཉིན་སྟར་གྱི་གསོལ་མཆོད་བསྐུལ་དང་སྔགས་རྒྱུན། དུས་གཉན་རྣམས་ལ་བསྐུལ་དང་གསོལ་ཁ་ངར་འདོགས་སོགས་སྨིན་རྒྱས་གང་ཆེ་རྒྱུན་ཆགས་སུ་འཛུགས་པར་མཛད་ཅིང་། ལེགས་གླིང་ཡབ་དང་ཕུག་ནས་ཆོས་མཛད་ལྔ་ལམ་དུ་ཐེགས་པའི་བསྔོ་རྟེན་འབྱོར་བར་བྱང་བཞུའི་ཆོ་གའང་མཛད། དུས་རིམ་གྱི་ཟོར་འཕེན་གཏོར་འབུལ་སོགས་སྔར་རྒྱུན་ལྟར་གནང་ཞིང་། གཏོར་འབུལ་ལ་རླུང་ཅུང་ཟད་ཆེ་བ་ཙམ་ཡང་བྱུང་། དེ་ཉིན་མགོན་ཁང་སྦུག་གི་དུས་གསོལ་དཀོར་ཆ་འབུལ་བ་སོགས་ཀྱང་མཛད།

དགུང་ལོ་ང་གཅིག་པ།

དགུང་ལོ་ང་གཅིག་པ་མེ་ཕོ་བྱི་བའི་གནམ་ལོའི་རང་ཞལ་གསར་དུ་ཚེས་པའི་དགྱེས་སྟོན་ལ་བླ་བྲང་ཚོམས་ཆེན་དུ་འདུས་པའི་ཚོགས་དབུར་ཕེབས་པར་གཉུག་མར་གནས་པའི་དགེ་བཤེས་རྣམས་ཀྱིས་བགྲོ་གླེང་འབུལ་བ་དང་། དབང་ཁང་དུ་ཉིན་ཕྱི་མའི་བཞུགས་གྲལ་སོགས་སྔར་སྲོལ་ལྟར་གནང་། ཧོར་ཡུལ་སྡེ་བླར་འགྲོ་རྒྱུ་དགེ་སློང་འཇམ་དབྱངས་ཅན་ལ་གུར་དྲག་གི་དབང་ལ་སོགས་པས་རེ་བ་སྐོང་བར་མཛད་ཅིང་། ཚེས་བཅུའི་ཉིན་དགེ་སློང་འཇམ་དབྱངས་ཀྱིས་གཟིམས་ཆུང་ཞབས་བརྟན་ཡང་ཕུལ། ཚེས་བཅུ་གཅིག་ལ་ཁོང་རྣམས་ལ་ཐོན་ཕྱག་སྩལ་ནས་འགྲོ་དོན་ལ་རྫོང་སྟ་མཛད་ཅིང་། བཀྲ་ཤིས་རབ་བརྟན་དུ་ཉིད་ཀྱི་ཡུམ་ལ་ཚེ་དབང་ཡང་གནང་། ཚེས་བཅུ་བཞི་ལ་འཕགས་སྡེ་བླ་མས་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས་ཤིང་། དེ་ཉིན་སྔ་དྲོའི་ཆར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད། ཐང་འབྲོག་སྤྲུལ་པའི་སྐུ། དྭགས་པོ་རྩེ་ལ་བླ་མ། གྲུབ་ཆེན་པདྨ་རྒྱལ་མཚན། གྲྭ་ཚང་དང་སྒྲུབ་སྡེའི་གསར་ཞུགས་སོགས་འདུས་པ་བརྒྱ་སྐོར་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་དང་། ཕྱི་དྲོ་དེ་དག་ལ་རིག་འཛིན་ཐུགས་ཐིག་གི་རྩ་དབང་སྩལ་བའི་བྱིན་འབེབས་ལ་ཉེ་བ་ན་གོང་མའི་མཆོད་དཔོན་ཆེན་མོས་ཧོར་གོས་ཀྱི་པད་ཞུ་གསེར་དངུལ་གྱི་རྒྱན་གྱིས་སྤྲས་པ་ཞིག་འབུལ་དུ་མངགས་པ་འབྱོར་བའི་རྟེན་འབྲེལ་རང་འགྲིག་ལྟ་བུར་བྱུང་བས་དབང་དེ་ལ་བཞེས་པའང་མཛད། བཅོ་ལྔའི་ཉིན་གོང་གསལ་ཆོས་ཞུ་བ་རྣམས་དང་། གྲུབ་ཆེན་འབྱོར་རྒྱས་སོགས་རྩེ་ཆེན་འཁྲུལ་ཞིག་གི་གྲྭ་རིགས་མང་པོར་རྡོར་སེམས་དང་། གུར་དྲག་གི་རྩ་དབང་ཡང་གནང་། ཚེས་བཅུ་དྲུག་ལ་སྤྱན་གཡས་མཁན་པོ་འཕྱོས་པ་སྐུ་སྐྱེ་དང་དཔལ་རི་གཉེར་པ་སོགས་ཀྱིས་ཐམ་ཤུའི་ལེགས་འབུལ་ཡང་ཕུལ་ཞིང་། སྟག་ལུང་དབུ་མ་ཕྱག་མཛོད་ཀྱི་བུ་མཇལ་ཁ་ཞུ་བར་ཆེད་དུ་འོངས་པའི་པད་སྡེར་བཟོ་གཙང་གྲ་ཚར་དང་ཧོར་གོས་ཀྱི་ཁྲི་དཔང་སོགས་འབུལ་དངོས་བཟང་པོ་བསྟར་བར་གཏེར་གསར་གུ་རུ་ཞི་དྲག་གི་དབང་ལུང་། ལེའུ་བདུན་མ་སོགས་འདོན་ཆོས་སིལ་བུ་མང་པོའི་ལུང་དང་དད་རྟེན་སྐྱེས་ལན་དང་བཅས་པ་བསམ་པ་ཚིམ་པར་སྩལ་ཅིང་། ཤར་ཕྱོགས་ནས་ཀྱི་གཉེར་པར་བཀའ་གདམས་ལྷ་བཞིའི་ནང་གི་སྒྲོལ་མའི་ཁྲིད་ཁྲིད་བརྒྱའི་ལུགས་བཞིན་གནང་། ཉེར་གཉིས་ཀྱི་ཉིན་སྡེ་སྲིད་གླིང་པའི་ཡབ་གཤེགས་པའི་བསྔོ་རྟེན་འབྱོར་བར་གཤེགས་པ་པོ་དེ་རྗེ་ཉིད་ལ་གཡོ་བ་མེད་པའི་དད་གུས་ཅན་ཡིན་པས་ཐུགས་རྗེའི་སྤྱན་རས་ཀྱི་བཙའ་བས་མི་འདོར་བའི་བྱང་བཞུ་དང་བསྔོ་སྨོན་སྨིན་རྒྱས་སུ་སྩལ་ཅིང་། གཞན་ཡང་སྙེ་མོ་བང་སྟག་པའི་ཡུམ་སོགས་ལྔ་ལམ་དུ་སོང་བ་མང་པོའི་བསྔོ་རྟེན་འབྱོར་བར་ཡང་གནས་ལུང་སྒྲིབ་སྦྱོང་གི་ཆོ་ག་སོགས་གང་ལ་གང་འཚམས་ཀྱིས་ཕན་པ་བསྐྱེད་པར་མཛད། ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་བཟུང་སྟེ་སྣེ་གདོང་བན་གཙང་པ་དབུ་མཛད་བསོད་ནམས་གྲགས་པས་དབུས་པའི་གྲྭ་པ་དགུས་གདུགས་དཀར་གྱི་མདོས་ཤིག་བགྱིད་དུ་སྩལ་ཞིང་། ཁོང་རྣམས་དང་གྲྭ་ཚང་གི་གྲྭ་གསར་མང་པོར་གཏེར་གསར་གཤིན་རྗེ་དྲེགས་འཇོམས་ཀྱི་དབང་ཡང་མཛད། དེ་ཉིན་ནས་བཟུང་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས། ཞབས་དྲུང་སྐུ་འབྲིང་དང་། ཐང་འབྲོག་སྤྲུལ་པའི་སྐུས་དབུས་བླ་འགོ་ཁ་ཤས་ལ་སྔ་འགྱུར་རྒྱུད་འབུམ་ཆེན་མོའི་ལུང་སྩལ་བའི་དབུ་ཚུགས་ཤིང་། དེའི་ཕྱི་ཉིན་སྣེ་གདོང་བན་གཙང་པ་སོགས་སྔར་གྱི་ཆོས་ཞུ་བ་ཚོར་ནང་རྟེན་གྱི་མཇལ་ཁ་དང་བྱིན་རླབས། སོ་སོའི་འདོད་ཆོས་ཀྱི་ལུང་ཕྲན་ཅི་རིགས་པའང་སྩལ། ཚེས་གསུམ་ལ་བྱང་གླིང་ཞལ་ངོ་རིན་ཆེན་དབང་རྒྱལ་དུས་ཀྱི་ཡོལ་བ་བརྟེན་པའི་བསྔོ་རྟེན་སོགས་གཤིན་པོའི་སྐྱབས་ཞུ་མི་མང་པོ་འབྱོར་བ་བྱང་བཞུ་བསྔོ་སྨོན་གྱིས་རྗེས་སུ་འཛིན་པའི་བཀའ་དྲིན་མཛད། ཚེས་བཞི་ལ་ཡར་འབྲོག་སྒྲུབ་སྡེ་བསམ་གཏན་རྫོང་པའི་ཞབས་བརྟན་འབུལ་མི་བསོད་ནམས་དཔལ་འབྱོར་བས་སྐྱེས་ལན་ཡང་སྩལ་ཞིང་། ཚེས་བདུན་ལ་གློ་བོ་དཔོན་དྲུང་སྨད་པའི་སྲས་པོ་བླ་མ་ཨོ་རྒྱན་དཔལ་བཟང་གི་སྐུ་སྐྱེ་དཔོན་སློབ་གྲྭ་ཚང་གི་སྒྲིག་ཁྱུར་ཞུགས་པའི་འདུས་ཚོགས་སུ་མང་ཇ་དངུལ་འགྱེད་དང་བཅས་བཏང་པའི་ཚོགས་དབུར་སྤྱན་དྲངས་ནས་དངུལ་དང་རས་ཆའི་འབུལ་བའང་སྟོབ། རྒྱང་འགོ་ཚེས་བཅུ་པ་རྣམས་ལ་པད་གླིང་བླ་མའི་དབང་དང་ལས་བྱང་གི་ལུང་། གློ་བོ་སྐུ་སྐྱེ་སོགས་གྲྭ་གསར་མང་པོར་ཐུགས་ཐིག་གི་རྩ་དབང་། ཚེ་དབང་། པུསྟིའི་ལུང་སོགས་ཀྱང་སྩལ། ཚེས་དགུ་ལ་ཐང་འབྲོག་སྤྲུལ་པའི་སྐུ། བསམ་དགོན་འཇམ་དབྱངས། གློ་བོ་སྐུ་སྐྱེ། རྩེ་ལེ་བླ་མ། ཡབ་པ་ཆོས་རྗེ། གྲུབ་ཆེན་རྒྱལ་མཚན་སོགས་ཉུང་བསྡུས་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྟ་གོན་དང་། བཅུ་ལ་དབང་དངོས་གཞི་མཆོག་དབང་དང་བཅས་པ། བཅུ་གཅིག་ལ་གླེགས་བམ་གྱི་བཀའ་ལུང་རྣམས་མཛད་ཅིང་། ཆོས་ཡོན་དུ་རྩེ་ལེ་བླ་མས་ཕྱུགས་མ་བཞི་བཅུ་སྐོར་ཁྱི་དང་བཅས་པའང་ཕུལ། འདི་སྐབས་སྒྲུབ་སྡེའི་མ་ཇོ་ཁ་ཤས་ལ་གཅོད་ཁྲིད་སྩལ་ནས་གཉན་ཁྲོད་ཞག་བདུན་འགྲིམ་པ་སོགས་ཀྱང་བགྱིད་དུ་སྩལ། བསམ་དགོན་འཇམ་དབྱངས་པ་དང་ཡབ་པ་བླ་མ་སོགས་ལ་འཕོ་ཁྲིད་དང་གཏེར་གསར་ཁ་སྐོང་སྐོར་གྱི་ལུང་ཕྲན་མང་པོའང་གནང་། བཅོ་ལྔའི་ཉིན་དཔོན་ཚང་དགེ་སློང་གི་མ་ལྔ་ལམ་དུ་སོང་བའི་གསལ་འདེབས་ལ་ཞབས་པད་བསྐྱོད་ཅིང་། བཅུ་དྲུག་གི་ཉིན་གྲྭ་ཚང་དུ་ན་རག་དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་ཆོ་ག་གསར་དུ་ཚུགས་པར་བསྙེན་བཀུར་དང་ཆོག་ཡོན་རྒྱས་པར་སྩལ། ཚེས་བཅུ་བདུན་ནས་བཟུང་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་མཆེད། ཐང་འབྲོག་སྤྲུལ་པའི་སྐུ། གྲུབ་ཆེན་པདྨ་རྒྱལ་མཚན། བདག་ཅག་སྤུན་སོགས་དོན་གཉེར་ཅན་སུམ་ཅུ་སྐོར་ལ་མཁའ་འགྲོ་ཡང་ཐིག་གི་ལུང་མཛད་པའི་དབུ་ཚུགས་ཤིང་། ལྷུན་གྲུབ་རབ་བརྟན་གྱི་བུ་སོགས་མཇལ་མི་མང་པོའི་རེ་བའང་ཆོས་བཞིན་སྐོང་བ་དང་། དཔོན་ཚང་ཆོས་མཛད་ཀྱི་མའི་དགེ་བར་གྲྭ་ཚང་སྤྱན་དྲངས་པའི་ཚོགས་དབུར་ཡང་ཞབས་པད་བསྐྱོད་ཅིང་བསྙེན་བཀུར་འབུལ་དངོས་རྒྱས་པར་སྟོབ་པ་བྱང་ཆེན་དུ་བསྔོ་བའི་བཀའ་དྲིན་མཛད། ཉེར་གསུམ་ནས་བཟུང་འབུར་བཟོ་བ། དཔོན་ཡིག་རི་མོ་བ་སོགས་ཀྱི་ལས་གྲ་ཡང་ཚུགས་ཤིང་། ཉེར་བདུན་ལ་བོ་དོང་མངའ་བདག་གྲགས་པ་དང་། དགེ་སློང་བློ་ལྡན་སོགས་ཆོས་ཞུ་བ་མང་པོར་གཏེར་གསར་དྲེགས་འཇོམས། རྡོར་སེམས། གུར་དྲག་གི་གཏེར་གཞུང་རྣམས་ཀྱི་བཀའ་ལུང་མཛད། དེ་ཉིན་དཀྱིལ་འཁོར་བློས་བསླངས་ཀྱི་སྐུ་རྒྱུའི་གསེར་རྣམས་རྒྱ་ལུགས་སུ་འདུལ་སྦྱོང་བགྱིད་དུ་སྩལ་བར་འབྲུག་ཐོག་མར་གྲགས་པ་དང་དུས་འགྲིག་པའི་རྟེན་འབྲེལ་གྱི་ལ་ཉེ་བཟང་ཞིང་། བྱ་པ་ཞབས་དྲུང་གིས་རྩིས་རིག་ཐུགས་སྦྱོང་ཚགས་སུ་ཆུད་པའི་རྀ་ཐུ་ལོ་འཁོར་མ་གསར་བསྐྲུན་ཕུད་དུ་ཕུལ་བར་ལེགས་དར་ཡང་སྩལ། སྒྲུབ་སྡེའི་མ་ཇོ་ཁྲིད་ཞུ་བ་རྣམས་ལ་ངོ་སྤྲོད་འདེབས་པར་མཛད་ཅིང་དགེ་སྦྱོར་ལ་ངོ་ཐོན་པའང་འགའ་རེ་བྱུང་གསུང་། དེ་སྐབས་ཚོགས་མཆོད་ལེ་ལག་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་ཀྱི་མཆོད་གར་གྱི་གཟིགས་མོར་ཡང་ཞབས་པད་བསྐྱོད་ཅིང་། ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་འཆི་མེད་དགའ་ཚལ་ནས་གསེར་དང་ན་བཟའ་འགན་འབྱར་སོགས་ཀྱི་ཆ་རྐྱེན་གནང་བ་ལྟར་མི་དབང་ཆེན་པོའི་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གི་བར་དུ་སྒྲུབ་པར་མཛད་ནས་ཚེས་བཅུར་ཚེ་རྫས་རྣམས་ཞབས་བརྟན་དང་རྗེས་འབྲེལ་དུ་འབུལ་མི་རྫོང་སྟ་གནང་བ་ཚེས་བཅུ་གསུམ་གྱི་ཉིན་ཕ་གིར་བརྟན་བཞུགས་ཀྱི་ཆོ་ག་གནང་བ་དང་འགྲིག་ཅིང་། དེ་ཉིན་ནམ་མཁའ་རྡུལ་དང་བྲལ་བ་ལ་འཇའ་སྤྲིན་དང་མེ་ཏོག་གི་ཆར་འབབ་པ་སོགས་རྟེན་འབྲེལ་བཟང་བར་བྱུང་བའི་ཕྱག་བྲིས་གནང་རྟེན་བཟང་པོ་དང་བཅས་པའང་ཕེབས། དེ་དག་གི་ཚེ་རི་པ་ཇོ་བཙུན་འགའ་ཞིག་ལ་བློ་ལྡན་གྱིས་ཁྲིད་གཉེར་བྱས་ཏེ་མྱོང་ཁྲིད་སྨིན་པར་སྩལ་ཅིང་། གླིང་ཞབས་དྲུང་གི་དགོངས་རྫོགས་སྒྲུབ་པར་ཕྱག་མཛོད་ནང་སོ་འབྱོར་བ་བཞིན་ཚེས་དྲུག་ལ་གྲྭ་ཚང་ཚོགས་ཆེན་གྱིས་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྐོང་བཤགས་ཀྱི་ཆོ་ག་མཛད་པའི་ཚོགས་དབུར་ཞབས་བསྐྱོད་དེ་བསྙེན་བཀུར་འབུལ་དངོས་རྒྱ་ཆེར་སྟོབ་པ་བྱང་ཆེན་དུ་བསྔོ་བསྒྱུར་དང་། སྐུ་ཚབ་ནང་སོར་རྟ་མགྲིན་དང་ཚེ་དཔག་མེད་ཀྱི་དབང་སོགས་རྐྱེན་སེལ་གྱི་བྱིན་རླབས་དང་། ཁོང་པ་འབམ་རོ་ལངས་པའི་འཕྲོད་བསྟེན་དུ་ཞག་ཉི་ཤུ་སྐོར་སོང་བར་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཡང་རེ་བ་ཇི་ལྟ་བ་བཞིན་དུ་སྒྲུབ་པར་མཛད་ཅིང་། སྐབས་འདི་དག་ཏུ་ཐང་འབྲོག་སྤྲུལ་སྐུ་སོགས་གྲྭ་ཚང་གི་དབུ་ཆེའི་རིགས་དང་། གྲུབ་ཆེན་པདྨ་རྒྱལ་མཚན་སོགས་སྐལ་ལྡན་མང་པོར་གཏེར་ཁ་གསར་རྙིང་ངེས་མེད་ཀྱི་དབང་ལུང་དང་། ཞབས་དྲུང་རིན་པོ་ཆེ་སྐུ་མཆེད་སོགས་ཉུང་འདུས་ལ་ཞིག་པོའི་རྟ་ནག་གི་དབང་ལུང་སོགས་རིམ་པར་སྩལ་ཅིང་། ཚེས་བཅོ་ལྔ་ལ་སྒྲུབ་སྡེའི་བཙུན་མ་ཨོ་རྒྱན་དཔལ་འཛིན་གྱིས་མཛུབ་མོ་མར་མེར་ཕུལ་བར་ཡི་རང་གི་གནང་སྐྱེས་དང་དགེ་ཚོགས་བླ་ན་མེད་པའི་རྒྱུ་གྲུང་པོར་བསྔོ་བསྒྱུར་མཛད། ཚེས་བཅུ་དྲུག་ལ་ཨ་བ་དྷུ་ཏི་པ་ཆེན་པོ་ལྷ་བཙུན་རྡོ་རྗེའི་ཞུ་ཡིག གསེར་ཞོ་བརྒྱ་ཕྲག་གཅིག་དང་། གཙང་སྤོས་བརྒྱ་བམ་མང་པོའི་འབུལ་བ་བཅས་འབྱོར་ཞིང་། ཁོང་པའི་བང་ཕྱིན་པ་རྣམས་ལ་གཟའི་སྲོག་གཏད་དང་། ཐུགས་རྗེ་ཆེན་པོའི་ཁ་སྐོང་སྐོར་གྱི་བཀའ་ལུང་སོགས་ཀྱིས་བཞེད་དོན་ཡིད་བཞིན་དུ་སྒྲུབ་པའི་བཀའ་དྲིན་སྩལ། ཚེས་བཅུ་བདུན་ལ་གོང་གི་སྐུ་སྲུང་དམར་པོ་སྐོར་གསུམ་གྱི་འཁོར་ལོ་སྒྲུབ་པའི་རྟེན་གསེར་སྲང་འཁོར། གོས་དར་ཡུག་རིང་མང་པོ། རྩེ་ཇ་འཁོར་དྲུག་མ་སོགས་དང་ལྷན་ཅིག་ཏུ་ཕེབས་པ་དང་དུས་འགྲིག་པར་དྭགས་པོ་པདྨ་ནོར་བུའི་ཇ་ཞུ་ཤིང་འབྲས་བཟང་པོའི་ཕྱག་མཇལ་དང་བཅས་འབྱོར་བས་རྟེན་འབྲེལ་གྱི་ལ་ཉེ་བཟང་གསུང་ཞིང་། རིམ་པར་འཁོར་ལོ་རྣམས་སོ་སོའི་བཤད་ཚོད་ཇི་ལྟ་བ་བཞིན་དུ་རབ་གནས་སྒྲུབ་པ་ལྟབ་དྲིལ་སོགས་དངོས་གཙང་ཕྱག་བསྟར་གྱིས་སྒྲུབ་པར་མཛད། ཟླ་བ་བཞི་པའི་ཚེས་བཞི་ལ་གདན་ས་གོང་ནས་བཀའ་ཤོག་དང་། ལུང་ལས་ཀྱི་ལེགས་ཆ་གནང་སྐྱེས་དང་བཅས་པ་འབྱོར་ཞིང་། དེ་ཉིན་ཆོག་མང་སྒྲུབ་མཆོད་ཀྱི་ས་ཆོག་དང་འབྲེལ་བའི་ཁྲག་འཐུང་རྩ་འཆམས་ཀྱི་གཟིགས་མོར་ཡང་ཞབས་པད་བསྐྱོད། ཚེས་ལྔ་ལ་གོང་གི་སྐུ་སྲུང་རྣམས་ཚེས་བཅུའི་གཟའ་སྐར་དགེ་བའི་ཐོག་བཞེས་ཆོག་རྩིས་ཀྱིས་འབུལ་མི་རྫོང་སྟ་གནང་ཞིང་། དེ་ནས་བཟུང་སྟེ་བདུན་ཕྲག་གཅིག་གི་བར་དུ་གོང་ཞབས་ཡས་ཕྱིན་གྱི་སྐུ་ཚེའི་སྒྲུབ་པའི་སྐུ་རིམ་ཞིག་ཀྱང་མཛད། འདི་སྐབས་ཞབས་དྲུང་ཏྲེ་བོ་རིན་པོ་ཆེའི་ཡུམ་གཤེགས་པའི་བསྔོ་རྟེན་འབྱོར་བ་རྫོགས་བྱང་གི་སར་བསྔོ་བསྒྱུར་གནང་། ཚེས་བཅོ་ལྔའི་ཉིན་སྒྲུབ་མཆོད་ཆེན་མོའི་སུ་ར་ཏོ་བཅུ་དྲུག་གི་གར་གྱི་མཆོད་འབུལ་ལ་གཙུག་ལག་ཁང་དུ་ཐེགས་ཤིང་། འདི་ཉིན་གོང་དཀར་ཆོས་སྡེ་ནས་བླ་མ་བཀའ་འགྱུར་བ་ཆེད་དུ་སྤྱན་འདྲེན་མི་མངགས་པ་ལྟར་དགྱེས་བཞིན་དུ་ཕེབས་པ་དང་། སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ངག་དབང་དཔལ་མགོན་ཕེབས་པར་ཡང་མཇལ་ཁ་གནང་། དེའི་ཉིན་སྒྲུབ་མཆོད་ཀྱི་སྒྱུ་འཕྲུལ་ཁྲོ་བོའི་ཚོགས་ཐ་མའི་སྟོབ་པ་དང་འབྲེལ་བར་ཁམས་གསུམ་སྒྲོལ་ཀིང་གི་ཆས་སུ་ཞུགས་པས་བྲུབ་འཆམས་མཛད་པའི་གཟིགས་མོ་ལའང་ཕེབས། བཅུ་བདུན་ནས་བཟུང་ཞབས་དྲུང་གདུང་རྒྱུད་སྐུ་འབྲིང་། བླ་མ་བཀའ་འགྱུར་བ་ངག་དབང་དཔལ་མགོན། མཚལ་ཡང་དགོན་གྱི་གྲྭ་པ་གསུམ་སོགས་ལ་ཨ་ཏིའི་བཀའ་ཁྲིད་དང་། གཏེར་གསར་སྐོར་གྱི་ལུང་རྣམས་རིམ་པར་སྩལ། ཉེར་གཉིས་ལ་གུང་སྲིའི་ཉེས་སེལ་ལ་དམིགས་ཏེ་གཟིམས་དཔོན་ཆོས་མཛད་ཀྱིས་བསྙེན་བཀུར་འབུལ་དངོས་བཟང་ཞིང་རྒྱ་ཆེ་བ་བསྟར་ནས་གྲྭ་ཚང་ཚོགས་ཆེན་གྱིས་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་ཕུལ་ཞིང་། དེ་ཉིན་ཐབ་ཁག་ལྔའི་ཐབ་འཛིན་ཡང་ཁོང་པས་བྱས། ཚེས་བཅུ་དགུ་ནས་བཟུང་བླ་མ་བཀའ་འགྱུར་བ་ལ། འགྲེལ་ཆུང་དོན་གསལ། ཚད་མ་སྡེ་བདུན་མདོ་དང་བཅས་པ། མངོན་པ་གོང་འོག འདུལ་བ་མདོ་རྩ། མེ་ཏོག་ཕྲེང་རྒྱུད། སུམ་བརྒྱ་པ་རྩ་འགྲེལ། དབུ་མ་རྩ་འཇུག་བཞི་གསུམ། བསླབ་སྤྱོད་སོགས་མཚན་ཉིད་དང་། དུས་འཁོར་འགྲེལ་ཆེན། འདུས་ཊཱིཀ་སྒྲོན་གསལ། ཨ་བྷ་ཡའི་ཕྲེང་བ་སྐོར་གསུམ་སོགས་སྔགས་སྐོར་གྱི་རྒྱ་གཞུང་། གཞན་ཡང་དཔའ་བོའི་སྐྱེས་རབས། དཔག་བསམ་འཁྲི་ཤིང་། བཀའ་གདམས་གླེགས་བམ། ཁྲོ་ཕུ་བརྒྱ་རྩ། དག་ལྗོན་དང་རིགས་གཏེར་རྩ་འགྲེལ་སོགས་ས་སྐྱ་གོང་མའི་བཀའ་འབུམ་སྐོར་དང་། ས་ལུགས་མགོན་སྤོད་སོགས་ལུང་མང་པོ་རིམ་པར་གསན་པའི་དབུ་ཚུགས་ཤིང་། དེ་ཉིན་གོང་དུ་ཞབས་བརྟན་ཞུ་ཡིག་བཅས་འབུལ་བར་དྲུང་འཚོ་དམ་ཆོས་རྫོང་སྟ་གནང་། ཉེར་གསུམ་ལ་ཆོས་མཛད་ཀྱིས་གཟིམས་ཆུང་དུ་ཞལ་ངོ་ནང་འཁོར་བཅས་པར་དཀར་སྤྲོའི་སྟོན་མོ་གཟབ་གཤོམས་ཅན་ཞུས། ཟླ་བ་ལྔ་པའི་ཚེས་གཅིག་ལ་གོང་གི་བཀའ་ཤོག་འབྱོར་ལན་དང་གྲྭ་ཚང་དུ་ཚེས་བཅུའི་ཕྱག་བཞེས་སྤྲོས་བཅས་ཅན་འཛུགས་པའི་འཆམས་དབྱངས་སློབ་དཔོན་དུ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་ཀྱང་ཕེབས། ཚེས་ལྔ་ནས་བཟུང་གྲྭ་པ་རགས་བསྡུས་བརྒྱད་ཅུ་ལྷག་པས་འཆམས་དབྱངས་རྣམས་བླ་བྲང་ཚོམས་ཆེན་དུ་བསླབ་སྦྱོང་བགྱིད་དུ་སྩལ་བའི་བསླབ་གྲྭ་ཚུགས་ཤིང་། ཚེས་དྲུག་ལ་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་མཆེད་དང་གྲྭ་ཚང་གི་གྲྭ་པ་གཉིས། བླ་མ་བཀའ་འགྱུར་བ་སོགས་མང་པོར་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དང་། ཕྱག་རྡོར་དྲེགས་འདུལ། གཏེར་གསར་གུར་དྲག་དང་། རྡོར་སེམས་རྣམས་ཀྱི་དབང་བཀའ་ཡང་རིམ་པར་སྩལ་ཅིང་། ཚེས་བཅོ་བརྒྱད་ནས་བཟུང་ཞབས་དྲུང་སྐུ་མཆེད། ཐང་འབྲོག་སྤྲུལ་སྐུ། བཀའ་འགྱུར་པ། བདག་ཅག་སྤུན། ཡང་དགོན་པ་དང་རྒྱུད་སྨད་པའི་གྲྭ་པ་སོགས་དད་འདུས་ཅན་སུམ་ཅུ་སྐོར་ལ་བླ་མ་ཞང་གི་བཀའ་རྒྱའི་ལུང་དང་། དེ་དག་གི་ནང་ནས་དོན་གཉེར་ཅན་མང་པོར་ཐུགས་ཐིག་གི་ཁྲིད་བཀའ་ཡང་འཛུགས་པར་མཛད། ཉེར་གསུམ་ལ་ལྷོ་བྲག་སྨྲ་བོ་ལྕོག་གི་བླ་མ་ཡབ་སྲས་དང་གྲྭ་པ་རགས་བསྡུས་བཅས་ལྷ་སར་བྱོན་པའི་ཕྱིར་ལམ་མཇལ་དུ་བྱུང་བར་ཆོས་འབྲེལ་དང་གནང་སྐྱེས་ཀྱང་རྒྱས་པར་བསྟབས། ཟླ་གཤམ་དེར་ཟུར་ཆུ་མིག་པའང་ཆོས་དོན་གཉེར་གྱིས་ཕེབས་པར་མཇལ་ཁ་དང་། ཟླ་བ་དྲུག་པའི་ཚེས་གཉིས་ནས་བཟུང་ཞབས་དྲུང་སྐུ་མཆེད། ཐང་འབྲོག་སྤྲུལ་པའི་སྐུ། བདག་ཅག་སྤུན། བླ་མ་བཀའ་འགྱུར་བ། ཟུར་ཆུ་མིག་པ། གྲྭ་ཚང་གི་དབུ་ཆེ་རགས་བསྡུས་སོགས་དད་འདུས་ཅན་མང་པོར་རྫོགས་པ་ཆེན་པོ་མན་ངག་གི་སྡེའི་རྩ་བ་རྒྱུད་བཅུ་བདུན་གྱི་བཀའ་ལུང་ཆོས་ཐུན་རེ་སྟར་ཆགས་སུ་སྩལ་ཅིང་། ཟུར་ཆུ་མིག་པ་ལ་སྒེར་དུ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་དང་། ལྷ་མོ་ངན་ནེ་མའི་རྗེས་གནང་ལུང་དང་བཅས་པ། གཞན་ཡང་ཐུགས་རྗེ་ཆེན་པོའི་ལྷན་ཐབས་སོགས་ཀྱི་ལུང་ཁོར་ཡུག་ཏུ་སྩལ། གྲུབ་ཆེན་པདྨ་རྒྱལ་མཚན་གྱིས་དད་པ་ཆེན་པོས་ཀུན་ནས་བསླང་སྟེ་གཟིམས་ཆུང་ཆུ་ཁེབས་སོགས་ཀྱི་སྤང་གཤག་སྒྲུབ་པར་མོན་དུ་བྱོན་པ་འདི་སྐབས་འཁོར་ཏེ་སྤང་མོ་གཏོས་ཆེ་བ་ཕུལ་ཞིང་། གྲྭ་ཚང་དུ་ཚེས་བཅུ་མཆོད་པར་བླ་མ་གསང་འདུས་འཛུགས་པ་གནང་རྒྱུར་དམིགས་ཏེ་ཚེས་བཅུའི་དུས་བཟང་པོར་གྲྭ་ཚང་འདུས་ཚོགས་ལ་གསང་འདུས་ཀྱི་རྩ་དབང་རྒྱས་པ་དང་། ལས་བྱང་ལྗགས་བ སྒྲིགས་མ་སྙིང་པོ་རབ་གསལ་གྱི་བཀའ་ལུང་གནང་། གྲུབ་ཆེན་པདྨ་རྒྱལ་མཚན་རྗེ་ཉིད་ཀྱི་རྣམ་ཐར་དད་པའི་ཤིང་རྟའི་འཕྲོ་དང་གསན་ཡིག་གི་པར་སོགས་སྒྲུབ་ཕྱིར་དད་སྟོབས་ཆེན་པོས་གཙང་དུ་ཐོན་པ་བསྐོ་འཇའ་དང་རྫོངས་བའི་གནང་སྐྱེས་གཟབ་པར་སྩལ་ཅིང་། ཚེས་བཅུའི་འཆམས་དབྱངས་རྣམས་སློབ་དཔོན་ཉིད་ཐུགས་དད་དང་ཐུགས་བསྐྱེད་བཟང་ཞིང་བསླབ་མཁས་པ་དང་སློབ་གྲྭ་བ་རྣམས་ཀྱང་ཞེ་བཞུན་པའི་སྟོབས་ཀྱིས་ཟླ་བ་འདིའི་ཚེས་གསུམ་བཞི་ཙམ་ནས་སྦྱོང་བརྡར་གྲུབ་ཅིང་། དེ་ནས་ཀྱང་སྐྱོར་ཆག་གིས་སྐྱོང་བའི་མུ་ནས་ཚེས་བཅུ་བདུན་གྱི་གཟའ་ཚེས་དགེ་བར་ཚོགས་ཆེན་དུ་གསང་འདུས་ལས་བྱང་འཆམས་དབྱངས་སོགས་སྤྲོས་བཅས་རྒྱས་པའི་ལུགས་རྒྱལ་སྲས་སྨན་ལུང་པའི་ཕྱག་བཞེས་ཀུན་བཟང་རྩེ་པ་ལས་བརྒྱུད་པ་ལྟར་ལེགས་པར་ཚུགས་པའི་ཚོགས་དབུར་ཞབས་པད་བསྐྱོད་ཅིང་གུང་ཚིགས་གྲོལ་མ་ཐག་ནས་གར་འཆམས་ཀྱི་ཟློས་གར་རྣམས་གཙུག་ལག་ཁང་གི་མདུན་ངོས་ལག་མཐིལ་སྟར་མཉམ་པའི་རྡོ་གཅལ་དོག་པ་མེད་པའི་ཕྱི་ཁྱམས་སུ་མཛད་པར་ནང་ཞོགས་ཕན་ཆད་ཆར་ཤིན་ཏུ་ཆེ་བ་འབབ་བཞིན་པ་ཞག་བཅུ་སྦྲེལ་ཙམ་སོང་ཡང་། དེ་ཉིན་ཉི་ཤར་ནས་བཟུང་སང་གི་སྲོད་འཁོར་བར་དེ་སྲིད་དུ་ནམ་མཁའ་བཻ་ཌཱུཪྱ་ལྟར་དྭངས་པའི་ངོ་མཚར་ལ་ཐམས་ཅད་ཡི་རང་བ་དང་། འཆམས་དབྱངས་རྣམས་ཀྱང་གྲྭ་འགྲིག་ཕུན་སུམ་ཚོགས་པས་སློབ་དཔོན་ཉིད་ཀྱང་ཐུགས་ཁ་རྫོགས་པའི་མཉེས་མཉེས་མཛད་ཅིང་། ཁྱད་པར་སྣ་ཚོགས་པའི་དར་གྱི་འཕན་གདུགས་རྒྱལ་མཚན་ལ་སོགས་པ་དང་གླུ་གར་དང་རོལ་མོའི་སྒྲ་དབྱངས་སྙན་འཇེབས་ཡིད་དུ་འོང་བ་སོགས་མ་ཚང་བ་མེད་པའི་མཆོད་རྫས་འདོད་རྒུར་སྦྱར་བ་དུ་མ་ཐོགས་པའི་ཕྲེང་བ་རིང་པོར་བརྐྱང་བས་མདུན་སྟར་ཏེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སྤྲུལ་པའི་མཚན་བརྒྱད་དང་བཅས་པའི་སྐུའི་བྱི་བྱད་དུ་ཞུགས་པའི་གར་འཆམས་སྐྱེ་བོའི་མིག་རེངས་པར་བྱེད་པའི་བཀོད་པ་དང་བཅས་ཏེ་དོ་རའི་གཞི་གང་ན་བར་ཕེབས་པའི་ཚེ་ཁྲོམ་པ་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས་རོལ་མོས་དད་པའི་འུར་ལངས་ཏེ་སྐྱབས་སུ་མཆིའོའི་གདུང་དབྱངས་དར་དིར་དུ་སྒྲོག་ཅིང་རང་རང་གི་བསམ་པ་དང་རྗེས་སུ་མཐུན་པའི་སྨོན་ལམ་རྣམ་པར་དག་པ་འདེབས་པར་བྱེད་པ་སོགས་བྱུང་སྟེ། ཐ་ན་མཐོང་ཐོས་དང་རྫིས་རེག་པ་ཚུན་གྱི་སྐྱེ་རྒུ་མཐའ་དག་ཀྱང་འཁོར་བ་མཐའ་ཅན་གྱི་བཀའ་དྲིན་མཛད་པ་ཡིན་ནོ། །དེ་ཉིན་རྟེན་གྱི་དྲུང་དུ་གཙང་ཞིང་འདྲེས་པ་མེད་པའི་བརྒྱ་མཆོད་བཟང་པོ་དཔེ་མེད་པར་བསྟར་ཞིང་། འདུས་ཚོགས་རྣམས་ལའང་ཚ་གྲྭ་དང་ཚོགས་འཁོར་གྱི་སྟོན་མོ་གཟབ་རྒྱས་དང་། བཀྲ་ཤིས་ཁ་བཏགས་ཀྱི་ཕྱག་འགྱེད། ལས་སྣེ་རྣམས་ལ་རྣམ་གཞག སྤྱི་རྫས་སུ་ཁ་བཏགས་སྣ་ལྔ་ཁྱད་འཕགས་དང་མཐིང་ཁྲ། གོས་མངགས་ཐགས་ཀྱི་སྙན་དར་རྣམས་དང་། ཧོར་གོས་ཏ་ཧུང་གསེར་མའི་ཡོལ་ཆེན་འདུ་ཁང་གི་གུང་ཁེབས་པའི་ཆེ་ལེགས། བླ་བྲེས་བུམ་གདན་ཚོས་གཉིས་ཆེ་བ་གླིང་གསུམ་མ་མཐའ་འཇའ་ཤམ་བཅས་ཆེ་ལེགས། སིལ་སྙན་ཉི་མ་འབྲུག་སྒྲར་གྲགས་པ་ཧོར་དུས་མ་ས་སྐྱ་ལྷ་ཁང་བླ་བྲང་པ་དང་བྱང་པའི་ཁྱད་ནོར་དུ་གྲགས་པ་ཤུབས་བཅས་སོགས་དངུལ་སྲང་སུམ་བརྒྱ་ཟིན་ངེས་པ་རྣམས་སྩལ་ཅིང་། དེ་ཉིན་ཕྱོགས་འདུས་ཀྱི་ཁྲོམ་པའང་ཁྲི་ཕྲག་ཏུ་ཉེ་བ་ཚོགས་པ་ཐམས་ཅད་དད་པས་སྙིང་རླན་པའི་རྗེས་སུ་ཡི་རང་འབུལ་བ་ཤ་སྟག་བྱུང་ཞིང་། ཕྱི་དྲོ་དངོས་གྲུབ་ལེན་པ་དང་རྗེས་སུ་འབྲེལ་བར་གནད་ཀྱི་ཤོག་གཅིག་མའི་ལུགས་ཀྱི་གཏོར་དབང་ཡང་བཀའ་དྲིན་དུ་སྩལ། དེའི་སང་ཉིན་དཔལ་རབ་ཚེས་བཅུ་པ་རྣམས་ལ་གཏོར་དབང་དང་ལས་བྱང་སྐོར་གྱི་བཀའ་ལུང་གིས་མཚོན་སྐྱ་སེར་མཆོག་དམན་གྱི་འདུས་པ་མཐའ་ཡས་པ་ལ་མཇལ་ཁ་དང་ཕྱག་དབང་བྱིན་རླབས་སོགས་བར་མེད་དུ་སྩལ། ཉེར་བཞི་ནས་རབ་འབྱམས་པ་བློ་བཟང་བཀྲ་ཤིས་ལ་རྡོར་སེམས་ཀྱི་ཁྲིད་བཀའ་སྩལ་བའི་དབུ་ཚུགས་ཤིང་། གཞན་ཡང་འདི་དག་ཏུ་ཁྲིད་པ་སྔ་མ་རྣམས་ཀྱི་ངོ་སྤྲོད་དང་དབང་ལུང་སོགས་གང་ལ་གང་འཚམས་ཀྱི་གཞན་དོན་བར་མེད་ལྟ་བུ་སྐྱོ་དུབ་མེད་པ་འཁོར་ཡུག་ཏུ་གནང་བས་སོ་སོའི་རེ་བ་ཚིམ་པར་མཛད་ཅིང་། སྔ་ལོ་ནས་ཉེར་ལྔའི་རྒྱུད་འདོན་གཉིས་ཚེས་བཅོ་ལྔར་སྤོས་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གསུང་ཆོག་མར་ངོའི་ཚེས་བཅུར་ཚུགས་པ་ལས། འདི་དུས་ཉེར་གཅིག་གི་རྒྱུད་འདོན་ཡང་ཚེས་བཅུ་གཉིས་དང་། བདེ་གཤེགས་ཀུན་འདུས་ཉེར་གཅིག་ལ་སྤོས་ཏེ། ཉི་ཤུ་ལྔ་ལ་བླ་མ་གསང་འདུས་ཀྱི་ཆོ་ག་ཆག་མེད་ཀྱི་སྲོལ་འཛུགས་པར་གནང་ངོ་། །ཟླ་བ་བདུན་པའི་ཚེས་གཅིག་གི་སྔ་དྲོ་རྒྱུད་སྨད་པའི་གྲྭ་པ་ལེགས་པ་ཆོས་འབྱོར་དང་། ཕུན་ཚོགས་རྣམ་རྒྱལ་གཉིས་ཀྱིས་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས། ཚེས་བཞི་ལ་གོང་དཀར་ཆོས་སྡེ་ནས་ཆོས་འཆད་པ་དོན་གྲུབ་ཆོས་གླིང་པ་ཀུན་དགའ་བསྟན་པ་དར་རྒྱས་སྤྱན་འདྲེན་མི་མངགས་པ་ལྟར་ཕེབས་ཏེ་ཚེས་ལྔ་ལ་གསང་འདུས་འཇམ་རྡོར་གྱི་ས་ཆོག་མཛད་པ་ནས་བརྩམས་ཏེ་རིམ་པར་འཇམ་རྡོར། བདེ་མཆོག་ནག་པོ་པ། རྔོག་ལུགས་གདན་བཞི། གུར་རིགས་བསྡུས། མ་ཧཱ་མ་ཡ་རཱ་ལུགས་འཇིགས་བྱེད་བཅུ་གསུམ་མ། གཟའ་ཡུམ་དང་། གཟུངས་གྲྭ་ལྔ་རྣམས་ཀྱི་དབང་། དམར་པོ་སྐོར་གསུམ། གུར་ལྷ་བརྒྱད། གཉན་མགོན། ལེགས་ལྡན་ཟངས་གྲི་ཅན་རྣམས་ཀྱི་རྗེས་གནང་། འཇིགས་བྱེད་རྭ་སྤོད་དང་བཀའ་གདམས་ཆོས་ཆུང་བརྒྱ་རྩའི་ལུང་སོགས་ཆོས་བཀའ་མང་པོ་གསན་པའི་དབུ་ཚུགས་ཤིང་། དེ་ཉིན་ནས་དཀྱིལ་འཁོར་བློས་བསླངས་ཀྱི་གསེར་གསོལ་ཡང་འཛུགས་པར་མཛད། གོང་གསལ་གྱི་ཆོས་ཞུ་སྤྱི་དང་། ཁམས་རྟ་རའི་གྲྭ་རྒྱུན་རྣམས་ལ་འགྲོ་ཆོས་དང་རྫོངས་པའི་གནང་སྦྱིན་དད་རྟེན་དང་བཅས་སྩལ། ཚེས་བཅུ་ལ་བདག་གིས་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་འཆི་བསླུའི་སྐུ་རིམ་ཞུས་ཤིང་། ཚེས་བཅུ་གཉིས་ནས་རི་མོ་བ་དབུ་མཛད་བསྟན་འཛིན་ནོར་བུས་ཐུགས་དམ་དང་སྐུ་གྲྭ་ཚར་བཞེངས་པའི་སྐྱ་རིས་ཚུགས། དེ་དག་གི་ཚེ་སྙེ་མདོ་ཞལ་ངོ་ཁུ་དབོན་གྱི་བར་ཐུགས་འདོད་འཁང་རེས་ཀྱི་སེལ་རྣམས་ཕྱོགས་སོ་སོར་འཕྲལ་ཡུན་གྱི་ཞལ་ཏ་དཔྱིས་ཕྱིན་པ་སོགས་ཐབས་ལ་མཁས་པའི་འཇུག་པས་འཁོན་བསལ་བར་མཛད་ཅིང་། སྡེ་པ་སྨོན་གྲུབ་པ་དང་། སྡིངས་པོ་ཆེའི་རིན་པོ་ཆེ་པ་སོགས་མཇལ་མི་མང་པོའི་རེ་བའང་སོ་སོར་སྐོང་བར་མཛད། བཅུ་དྲུག་ནས་དགེ་སློང་བློ་ལྡན་གྱིས་ཁྲིད་གཉེར་བྱས་ཏེ་ལྕོག་བུ་གདུང་བརྒྱུད་སོགས་ཕྱོགས་འདུས་པ་མང་པོར་ཐུགས་ཐིག་གི་ཁྲིད་བཀའ་འཛུགས་པ་གནང་ཞིང་། ཁམས་ནས་རྫོགས་ཆེན་པ་པདྨ་རིག་འཛིན་གཤེགས་པའི་བསྔོ་རྟེན། གསེར། གླ་རྩི། གོས་དར། རྟ་མཛོ་སོགས་དངོས་སྤྱད་བཟང་ཞིང་རྒྱ་ཆེ་བའི་འབུལ་བ་འབྱོར་བ་དགེ་ཚོགས་བྱང་ཆེན་དུ་བསྔོ་བསྒྱུར་དང་། ཁམས་འགྲུལ་བ་རྣམས་ལ་ཚེ་དབང་ཡང་སྩལ། ཉི་ཤུ་ལ་སྨོན་གྲུབ་ཏུ་གྲྭ་ཚང་སྤྱན་དྲངས་པའི་གྲལ་དབུར་ཞབས་པད་བསྐྱོད་ཅིང་བསྙེན་བཀུར་དང་འབུལ་ནོད་རྒྱ་ཆེར་བསྒྲུབས། ཉེར་གཅིག་ལ་དར་ལུང་ཨོ་རྒྱན་ཆོས་སྡིངས་པ་བླ་སྤྱིའི་ཞབས་བརྟན་དང་། ཁམས་པ་བླ་མ་བསྟན་འཛིན་གྱིས་གསེར་གྱི་འབུལ་བ་རྒྱ་ཆེར་འབྱོར་ཞིང་། འགྲུལ་པ་རྣམས་ལ་ཆོས་འབྲེལ་ཡང་སྩལ། ཉེར་བཞི་ལ་སྨོན་གྲུབ་ཏུ་སྤྱན་དྲངས་ནས་སྔགས་ཐང་གསར་བཞེངས་མང་པོར་རབ་ཏུ་གནས་པའི་གསུང་ཆོག་མཛད་པར་ཞབས་ཏོག་དང་། འབུལ་དངོས་རྒྱས་པར་སྟོབ། ཉེར་དྲུག་ལ་མནལ་ལྟས་འཚུབ་པར་སྐུ་རིམ་དུ་བདག་གི་ཡང་ཏིག་གི་སྒོ་ནས་འཆི་བསླུའི་ཆོ་ག་ཞུས་ཤིང་། མདའ་ཐང་ནས་ལ་དངོས་སྤྱད་བཀུར་ནས་སྒྲུབ་ཏུ་སྩལ་བ་ལྟར་བཀའ་བརྒྱད་བདེ་འདུས་ལས་བྱང་གི་བར་ཆེད་དུ་འབུལ་མི་འབྱོར་བར་སྐྱེས་ལན་ཡང་སྩལ། ཉེར་བརྒྱད་ཀྱི་སྔ་དྲོ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་ལ་ཁྲིད་ཀྱི་ངོ་སྤྲོད་འདེབས་པར་མཛད་ཅིང་། གཞན་ཡང་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་མཆེད་སོགས་དང་ལྷན་དུ་རྒྱ་ཅན་གྱི་ནཱ་ག་རཀྴ་འོག་གདོན་མཐར་བྱེད་ཀྱི་དབང་གདོན་འགྲོལ་དང་བཅས་པ། རིན་ཆེན་གླིང་པའི་ནཱ་ག་རཀྴའི་རིག་གཏད་དང་། གོང་གི་ཁྲིད་པ་རྣམས་ལ་ཐུགས་ཐིག་གི་རྩ་དབང་རྣམས་གནང་ཞིང་། གནམ་གང་གི་ཉིན་བདག་གིས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་མཁའ་འགྲོའི་བསུན་མ་སློག་པའི་ཆོ་ག་དང་འབྲེལ་བར་ཞབས་པད་བརྟན་པའི་གསོལ་འདེབས་བསྒྲུབས། ཟླ་བ་བརྒྱད་པའི་ཚེས་གཉིས་ལ་ཐང་འབྲོག་སྤྲུལ་པའི་སྐུ། བླ་མ་དོན་གྲུབ་ཆོས་གླིང་པ། རབ་འབྱམས་པ་བློ་བཟང་བཀྲ་ཤིས་སོགས་ལ་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་གནང་ཞིང་། ཚེས་གསུམ་ནས་སྨོན་གྲུབ་ནས་ལ་བླ་མ་སྐུ་གསུམ་མའི་ཁྲིད་བཀའ་དང་། ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་མཆེད། རབ་འབྱམས་པ་བློ་བཟང་བཀྲ་ཤིས་སོགས་ལ་ཉང་ལུགས་ཁྲོས་ནག་གི་དབང་དང་དམག་ཟོར་མའི་རྗེས་གནང་སོགས་དབང་ལུང་མང་པོ་རིམ་པར་སྩལ། ཚེས་ལྔའི་སྔ་དྲོ་གངས་རི་བླ་མས་ཚོགས་ཆེན་དུ་མང་ཇ་ཟུང་འབྲེལ། བཞེས་འཇམ། སྙན་དར་རྣམ་བཞག་སོགས་དང་ཁོང་རང་ལ་དད་ཅན་གྱིས་ཕུལ་བའི་དངོས་པོ་གང་ཡོད་སྤྲུགས་པ་ལྟ་བུའི་འབུལ་བ་རྒྱས་པ་དང་བཅས་ཏེ་ཚེ་ཆོག་དང་འབྲེལ་བའི་གཟིམས་ཆུང་བརྟན་བཞུགས་ཕུལ་ཞིང་། དེ་ཉིན་བློས་བསླངས་ཀྱི་སྐུ་བརྙན་རྣམས་ལ་གཟུངས་འབུལ་ཡང་མཛད། ཚེས་བདུན་ལ་སྨོན་གྲུབ་ནས། རབ་འབྱམས་པ་བློ་བཟང་བཀྲ་ཤིས། དཔལ་རི་མཁན་པོ་ཟུར་པ། གངས་རི་བླ་མ་སོགས་ལ་བདེ་གཤེགས་ཀུན་འདུས་ཀྱི་དབང་སྩལ། ཚེས་བཅུ་ལ་འདི་ཁའི་གྲྭ་རྒྱུན་ཁམས་པ་ངེས་དོན་བསྟན་འཛིན་གྱིས་གྲྭ་ཚང་དུ་མང་ཇ་དར་འགྱེད་དང་བཅས་བཏང་བའི་ཚོགས་དབུར་སྤྱན་དྲངས་ནས་གསེར་དངུལ་ཟམ་རས་སོགས་ཀྱི་འབུལ་བ་རྒྱ་ཆེན་པོ་སྟོབ་ཅིང་། དེ་ཉིན་ངེས་དོན་བསྟན་འཛིན་འགྲུལ་སྡེབ་དང་བཅས་པ་དང་། ཤངས་དགའ་ལྡན་ཆོས་འཁོར་བའི་གྲྭ་པ་སོགས་ཕྱོགས་འདུས་པ་མང་པོར་གྲུབ་ཆེན་བློ་ལྡན་གྱིས་ཁྲིད་གཉེར་བྱས་ཏེ་ཐུགས་ཐིག་གི་ཁྲིད་བཀའ་འཛུགས་པར་མཛད། བཅུ་གཅིག་ལ་དཔོན་སློབ་དོན་གྲུབ་ཆོས་གླིང་པར་ཆོས་ཡོན་དང་གནང་ཆ་རྒྱ་ཆེར་སྩལ་ཅིང་། ཁོང་ཉིད་དུམ་བུ་གནས་པའི་སློབ་དཔོན་དུ་ཕེབས་རྒྱུར་བླ་ཆས། ཁྲི་འབུལ་གྱི་སྐྱེས་དང་དུམ་བུར་མང་ཇ་རྣམ་བཞག་སོགས་ཀྱང་གནང་། བཅུ་བཞི་ལ་སྨོན་གྲུབ་ནས་ལ་ཁྲིད་ཀྱི་ངོ་སྤྲོད་འདེབས་པར་མཛད་ཅིང་། དེ་ཉིན་རྒྱལ་པོ་ཀུན་སྤངས་པ་ལྷ་བཙུན་ཆེན་པོས་ཨོ་རྒྱན་རང་གྲོལ་ཅན་ཆེད་དུ་མངགས་ཏེ། བླ་མ་གསང་འདུས་ཀྱི་བྲིས་ཐང་དང་། སྒྲུབ་སྐོར་ཆ་ཚང་གི་གླེགས་བམ་ཟུང་། ཁམས་གསེར་མགུར་མོའི་ཞོ་བརྒྱ་དང་བཅུ། ཁ་བཏགས་སྣ་ཚོགས། སི་ཏ་ཧུ་མང་བ། སྟོང་བཀུད། རྒྱ་ནག རྒྱ་ཁུག་སྣ་ཚོགས་སོགས་བཟང་ཞིང་རྒྱ་ཆེ་བའི་འབུལ་བ་འབྱོར་བར་བང་ཆེན་གཉིས་པོར་ཐུགས་ཐིག་གི་ཁྲིད་བཀའ་འཛུགས་པར་མཛད་ཅིང་། དེ་ཉིན་ཁྲིད་ཁག་སྔ་མ་རྣམས་ལ་ངོ་སྤྲོད་འདེབས་པའང་གནང་། བཅོ་ལྔ་ནས་རིམ་པར་ཞབས་དྲུང་སྐུ་མཆེད་སོགས་ལ་དུག་དབང་རྡོ་རྗེ་ཕ་ལམ། འབྲས་ལྗོངས་པ་རྣམས་ལ་གཏེར་གསར་སྐོར་གྱི་བཀའ་ལུང་། ངེས་དོན་བསྟན་འཛིན་ཅན་ལ་ཐུགས་ཐིག་གི་རྩ་དབང་སོགས་སོ་སོའི་བློ་དང་འཚམས་པའི་དབང་ལུང་མན་ངག་གི་ཆོས་མང་པོ་སྐྱོ་དུབ་མེད་པར་འཁོར་མོར་སྩལ་ཅིང་། ཀུན་བཟང་ཡང་རྩེའི་འཕྱུར་བུའི་དབུས་སུ་བདེ་གཤེགས་ཀུན་འདུས་ཀྱི་བློས་བསླངས་ཁྲིགས་བསྒྲིགས་རྣམས་ལེགས་པར་གྲུབ་སྟེ་ཉི་ཤུའི་ཉིན་རིན་པོ་ཆེའི་སྤྱད་པའི་མཆོད་ཆ་རྣམས་ཀྱང་སྒྲིག་པར་མཛད། དེ་ཉིན་བསམ་དགོན་པ་ལྕམ་སྲིང་མ་བསོད་ནམས་དཔལ་འཛོམ་དང་། བྱ་ཡུལ་ནས་སྐུ་ཚ་མོ་དཔལ་འབྱོར་དབང་མོ་དཔོན་གཡོག་ཀྱང་འབྱོར་བར་མཇལ་ཁ་སྩལ་ཅིང་། འདི་སྐབས་ཁམས་ས་ངན་པ་བ་ཟལ་བླ་མ་དཔོན་སློབ་ཀྱིས་འདུས་པའི་ཚོགས་དབུར་སྤྱན་དྲངས་ཏེ། གསེར་དངུལ། དར་ཟམ། རྟ་དྲེའུ་སོགས་འབུལ་བ་རྒྱ་ཆེ་བ་དང་། མང་ཇ་གསེར་འགྱེད་དང་བཅས་པ་སྟོབ། དེ་ནས་དཀྱིལ་འཁོར་གྱི་རབ་གནས་ཀྱང་ཡུམ་རིན་པོ་ཆེ་ཉིད་ཀྱི་སྐུའི་ཉེར་སྤྱད་བསྒྱུར་བའི་དངོས་པོ་ཁོ་ནས་ཞབས་ཏོག་མཛད་དེ། བློས་བསླངས་ཀྱི་ཞལ་ལ་གསེར་དངུལ་ལས་གསར་བཞེངས་མཛད་པའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གླེགས་བམ་ཁྱད་ཅན་དང་། གསེར་ལྗིད་གསོལ་གྱི་བླ་སྐུ་གྲྭ་ཚར། མཆོད་རྟེན་སེང་ཁྲིའི་བྱམས་ཆེན་གྱི་སྐུ་སོགས་ལའང་རབ་གནས་སྟབས་གཅིག་ཏུ་གནང་བཞེད་ནས། བཀའ་འགྱུར་དང་བླ་སྐུ་རྣམས་ཀུན་བཟང་ཡང་རྩེར་བཞུགས་སུ་གསོལ་ཏེ། ས་ཡུལ་གྱི་སྟབས་རབ་གནས་ཆོག་ཁག་གསུམ་གནང་བར་གནས་བྱའི་རྟེན་གྱི་གཙོ་བོ་གང་དུ་བཞུགས་པའི་གནས་ག་ལ་བ་དེར་རྗེ་ཉིད་ཡབ་སྲས་ཀྱི་ཞབས་ཕྱིར་གྲྭ་ཚང་གི་དབུ་ཆེ་དང་དགེ་བཤེས་སོགས་རགས་གྲྭ་བཅོ་ལྔ་སྐོར་གྱིས། སྐུ་གང་རབ་ཏུ་གནས་བྱ་བ། །དེ་ལ་དེ་ཡི་རབ་གནས་བྱ། །ཞེས་པ་ལྟར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ནས་གསུང་ཆོག་དང་། བླ་བྲང་ཚོམས་ཆེན་དུ་གྲྭ་ཚང་ཚོགས་ཆེན་གྱི་འགོ་པ་བདག་གིས་ཞུས་ཏེ་བཀའ་བརྒྱད་བདེ་འདུས། མཆོད་རྟེན་གྱི་སེང་ཁྲིར་སྤྲུལ་པའི་སྐུ་གཞན་ཕན་དབང་པོས་དབུ་མཛད་བསྙེན་སོང་བཅུ་སྐོར་གྱིས་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སོ་སོས་རབ་གནས་ཀྱི་ཆོ་ག་དང་། ཚོམས་ཆེན་དུ་མ་ཤོང་བའི་གྲྭ་པ་གསར་བུ་ལྔ་བཅུ་སྐོར་གྱིས་དྲི་གཙང་ཁང་དུ་རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་ཀྱིས་མེ་ཏོག་སྒྲུབ་པ་རྣམས་མཛད་ཅིང་། དེ་ཡང་ཉེར་བཞིའི་ཉིན་ཆོག་ཁག་གསུམ་ཀའི་རབ་གནས་ཀྱི་སྟ་གོན་དང་། ཉེར་ལྔ་དྲང་སྲོང་ཕུར་བུ་ནབས་སོའི་དགའ་མ་དང་བརྩེ་བའི་དུས་དགེ་བ་ལ་དངོས་གཞིའི་ཆོ་ག་གནང་བར་བུམ་བསྙེན་ཡན་ཆད་ནམ་འོག་ཏུ་གྲུབ་པར་མཛད་དེ་ནམ་ལྡང་བ་དང་སྦྱངས་ཁྲུས་ནས་བརྩམས་ཏེ་ཡེ་ཤེས་སེམས་དཔའ་ལྷག་པར་གནས་པ་ལ་ཉེར་མཁོའི་མངའ་དབུལ་ཡན་ཆད་ཀྱི་ཞལ་སྲོ་ཚར་རྟིང་། བླ་བྲང་གི་མདུན་ངོས་ལག་མཐིལ་ལྟར་ཀུན་ཏུ་ཁོད་མཉམ་པའི་སྡེ་ཡངས་སུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་བསྲེག་བླུགས་ཀྱི་ཞལ་ཟས་ལ་མངའ་མཛད་པའི་ཆེད་དུ་མཆོག་གི་ཐབ་ཁུང་དུ་སྤྱན་དྲངས་ནས། རྗེ་ཉིད་རྣམ་པར་བཀྲ་བའི་རིན་པོ་ཆེ་སྣ་ཚོགས་པའི་སྐུ་རྒྱན་གྱིས་འཁོར་ལོ་སྒྱུར་བའི་ཆས་སུ་ཞུགས་ཏེ་ཕྱག་ཕྱིར་འབྲང་བའི་ཆོག་གྲྭའི་ཁྲོད་ནས་རགས་བསྡུས་བརྒྱད་གྲས་བསྲེག་བླུགས་ཀྱི་ཆོ་ག་རྗེས་འབྲེལ་དུ་ཙཱ་རུ་བསྒྲུབས་ནས་འབུལ་བ་རྣམས་མཛད་པའི་མཐར། ལྷའི་བྱི་བྱད་ལྟ་བུའི་ཆས་སུ་ཞུགས་པའི་བདག་ཅག་གར་པ་ཉི་ཤུ་རྩ་ལྔས་བསྐོར་ཏེ་བགེགས་བསལ་བ་སྔོན་དུ་འགྲོ་བས། ནང་དང་ཕྱིའི་སེམས་མ་བཞི་དང་། ཁྱད་པར་སུ་ར་ཏོ་བཅུ་དྲུག་གི་གླུ་གར་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོས་ཡང་དག་པར་མཆོད་ཅིང་། དེ་རྗེས་ལྷག་གནས་ཀྱི་མེ་ཏོག་འཐོར་བ་ཆོག་གྲྭ་གསུམ་གས་ཐུན་མོང་དུ་མཛད་པར་སྣམ་སྦྱར་ཅན་གྱི་དགེ་འདུན་གྱི་སེར་སྦྲེངས་ལེགས་པར་བརྐྱང་སྟེ་མཆོག་ཏུ་ཤིས་པ་བརྗོད་པའི་མེ་ཏོག་གི་ཆར་ཆེན་པོ་བར་སྣང་ཁྱབ་པར་འབེབས་པ་དང་། དེ་ནུབ་མཆོད་རྟེན་གྱི་ཆོག་གྲྭ་པ་རྣམས་ཀྱིས་ཁ་སྐོང་གི་ཞི་བའི་བ སྲེག་བླུགས་མཛད་པ་སོགས་ཆོ་ག་ཆེས་ཤིན་ཏུ་རྒྱས་ཤིང་སྨིན་པར་གནང་། དེ་ཉིན་སྔ་དྲོ་བགེགས་སྐྲོད་པའི་ཚེ་རྡུལ་རླུང་དྲག་པོ་ལྡང་བ་དང་། ཁྲུས་ཀྱི་ཚེ་འཇམ་ཆར་ཤིན་ཏུ་ཆེ་བ་བབས་ཤིང་། དེ་རྗེས་ནམ་མཁའ་དྭངས་པ་ཉི་མའི་དཀྱིལ་འཁོར་རབ་ཏུ་གསལ་བ་རླུང་རྣམས་ཀྱང་ཤིན་ཏུ་ཞི་བའི་ངང་ཚུལ་འཛིན་པ་དང་ཁྱད་པར་མཆོག་གི་བསྲེག་བླུགས་འབུལ་བའི་དུས་མཁའ་ལ་འཇའ་ཚོན་གྱི་འོད་སྐོར་རྨ་བྱའི་མདོངས་ལྟར་བཀྲ་བ་ལས་ས་ལ་མི་འབབས་པའི་མེ་ཏོག་གི་ཆར་ཀུནྡཱའི་འདབ་མ་ལྟ་བུས་བར་སྣང་ཁེབས་པར་སྣང་བ་སོགས་དགེ་བའི་མཚན་མ་ངོ་མཚར་བ་དང་། རྗེ་ཉིད་ཀྱིས་ཡོན་བདག་བསྐོ་བའི་གསུང་བཤད་གནང་རྗེས་ཤིས་པ་བརྗོད་པ་དང་ལྷན་ཅིག་པར་བྱང་ཤར་གྱི་ཕྱོགས་ནས་འབྲུག་སྒྲ་ཆེན་པོ་སྒྲོག་པ་སོགས་ཀྱི་རྟགས་བཟང་པོའང་བྱུང་ངོ་། །དེ་ནས་ཉི་མ་གསུམ་པ་ལ་བབས་པ་ན་དགེ་འདུན་ཐམས་ཅད་གཙུག་ལག་ཁང་གི་འདུ་ཁང་ཆེན་མོར་ཚོགས་པའི་གྲལ་དབུར་ཞབས་པད་བསྐྱོད་དེ། སྔ་དྲོ་གསང་འདུས་བླ་མའི་ལས་བྱང་གི་གསུང་ཆོག་དང་། གུང་ཚིགས་གྲོལ་ནས་མདུན་ངོས་འཁོར་ས་ཆེན་མོའི་རྡོ་གཅལ་དུ་ཚེས་བཅུའི་གར་འཆམས་སྤྲོས་བཅས་ཅན་གྱི་ཕྱག་བཞེས་རྒྱས་པས་དད་པ་དང་ལྡན་པའི་སྐྱེ་བོ་བསོད་ནམས་ཀྱི་མཐུ་མངའ་བའི་ཁྲོམ་ཆེན་པོ་འདུས་པ་ཐམས་ཅད་ཀྱང་དགེ་བའི་བག་ཆགས་བཟང་པོ་སད་དེ་དད་པའི་དབང་པོ་རྒྱས་པ་ལ་སྦྱོར་ཞིང་ཐ་ན་ལྟད་མོའི་ཁྱད་པར་ངོ་མཚར་བས་ཀྱང་ཐམས་ཅད་ཚིམ་ཞིང་ངོ་མཚར་བར་གྱུར་ཏོ། །དེ་དག་གི་ཚེ་ཡུམ་ཉིད་གཏོང་བ་ལ་གོམས་པས་ཉིན་སྔ་རྟིང་ཐམས་ཅད་ལ་རྟེན་གྱི་སྤྱན་སྔར་མཆོད་རྫས་རྒྱ་ཆེ་ཞིང་ཁྱད་པར་དུ་འཕགས་པའི་བཀོད་པ་དང་། རྗེ་ཉིད་ཡབ་སྲས་འདུས་པ་དང་བཅས་པར་བསྙེན་བཀུར་གྱི་ཚ་གྲ་ཚོགས་འཁོར། རབ་ཡོན་དང་ཚེས་བཅུའི་ཆོག་ཡོན་གྱི་འབུལ་བ་རྣམ་བཞག་གྲལ་འགྱེད་སོགས་ཟང་ཟིང་གི་ལོངས་སྤྱོད་གྱ་ནོམ་པ་དང་། ཕྱོགས་འདུས་ཀྱི་སྐུ་ཉེ་དུར་གྱུར་པའི་མགྲོན་པོ་རྣམས་ལའང་འཁོས་སུ་ཕེབས་པའི་ཞབས་ཏོག རྔ་ཤོན་གླུ་གཞས་པ་སོགས་རྩེད་འཇོའི་ཟློས་གར་བ་རྣམས་ལ་སོ་སོར་ཡིད་ཚིམ་པའི་གནང་སྦྱིན། ལྟད་མོ་ལ་འདུས་པའི་སྐྱེ་བོ་བདུན་སྟོང་བརྒལ་བར་ཁྲོམ་ཆང་བཟང་པོ་བཅས་རྒྱས་པར་སྩལ་པས་ཐམས་ཅད་རངས་པར་གྱུར་ཅིང་། ཉེར་བདུན་གྱི་ཉིན་མཆོག་དམན་མང་པོ་ལ་ཞལ་མཇལ་ཕྱག་དབང་བྱིན་རླབས་སོགས་བར་མེད་དུ་སྩལ་པས་སོ་སོའི་རེ་བ་གང་བར་མཛད། ཉེར་བརྒྱད་ལ་ཆོས་རྗེ་པདྨ་གར་དབང་གིས་ཁོང་རང་ལ་དད་འབུལ་དུ་བྱུང་བའི་གོས་སྣ་སོགས་དངོས་པོ་མང་པོའི་བརྒྱ་འབུལ་སྟོབ་ཅིང་། སྨོན་གྲུབ་ནས་ལ་ཚེ་གུར་གྱི་དབང་དང་བྱད་འགྲོལ་ཡང་སྩལ། གནམ་གང་ནས་བརྩམས་ཏེ་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་མཆེད། དཔལ་རི་སྤྲུལ་པའི་སྐུ། ཐང་འབྲོག་སྤྲུལ་པའི་སྐུ་མེ་རག་བླ་མ་སོགས་གཉུག་མར་གནས་པ་དང་གློ་བུར་དུ་བྱོན་པའི་བླ་མ་དང་དད་ཅན་མང་པོར་བི་མ་སྙིང་ཏིག་གི་བཀའ་ལུང་གནང་བའི་དབུ་ཚུགས་ཤིང་། དེ་ཉིན་ལྕམ་སྲིང་མ་བསོད་ནམས་དཔལ་འཛོམ་གྱིས་དཀྱིལ་འཁོར་བློས་བསླངས་ལ་རིན་པོ་ཆེ་གསེར་གཡུའི་ཁྲོམ་སྣ་ཁྱད་ཅན་སྙན་ཤལ་དང་བཅས་ཕུལ་བ་རྗེ་ཉིད་ཡབ་སྲས་གཉིས་ཀས་སྨོན་ལམ་མཛད་དུ་ཕེབས། ཧོར་ཟླ་བརྒྱད་པ་རྟིང་མའི་ཚེས་གཅིག་ལ་སྔར་གྱི་ཁྲིད་པ་རྣམས་ཀྱི་ངོ་སྤྲོད་དང་། ཚེས་གཉིས་ལ་སྔར་གྱི་ཆོས་ཞུ་བ་རྣམས་ཀྱི་སྟེང་རབ་འབྱམས་པ་བློ་བཟང་བཀྲ་ཤིས་དང་གྲྭ་ཚང་གི་ཚོགས་པ་ཡོངས་རྫོགས་བཅས་པར་ཆོས་སྤྱོད་རབ་གསལ་གྱི་བཀའ་ལུང་། དེ་ནུབ་ཨོ་རྒྱན་རང་གྲོལ་སོགས་ཉུང་འདུས་ལ་དྲག་པོ་སྡེ་ལྔ་དང་ལྷ་ཆེན་གྱི་སྲོག་གཏད། ཚེས་གསུམ་ལ་ཕྱོགས་འདུས་ཀྱི་ཆོས་ཞུ་བའི་སྟེང་གྲྭ་ཚང་གི་གྲྭ་གསར་བཞི་བཅུ་སྐོར་དང་བཅས་པར་རྩ་རྒྱུད་གསང་སྙིང་གི་ལུང་རྣམས་གནང་། ཚེས་བཞི་ལ་བྱ་པ་ཞབས་དྲུང་དཔོན་གཡོག་ལ་ཕེབས་རྫོངས་ཀྱི་གནང་ཆ་སོགས་རྒྱས་པ་དང་མཐོང་བཀུར་གྱི་ཆིབས་སྐྱེལ་བའང་སྩལ་ཅིང་། ཚེས་ལྔའི་ཉིན་སྔར་གྱི་སྙིང་ཐིག་གསན་མི་རྣམས་ལ་སྤྲོས་བཅས་ཀྱི་དབང་དང་། ཚེས་དྲུག་ལ་ཞབས་དྲུང་སྐུ་མཆེད། སྤྲུལ་སྐུ་རྣམ་གཉིས། རབ་འབྱམས་པ་བློ་བཟང་བཀྲ་ཤིས་སོགས་ལ་ཀུན་མཁྱེན་ཆོས་རྗེའི་ལུགས་ཀྱི་དབྱངས་ཅན་མའི་རྗེས་གནང་དང་བཀའ་ལུང་གནང་ཞིང་། དེ་ཉིན་ནས་བཟུང་ཞབས་དྲུང་མཆེད། སྤྲུལ་སྐུ་རྣམ་གཉིས་སོགས་བདག་ཅག་དོན་གཉེར་ཅན་བཅོ་ལྔ་སྐོར་ལ་བི་མ་སྙི ང་ཐིག་གི་བཀའ་ཁྲིད་ཀྱང་འཛུགས་པར་མཛད། བདུན་ལ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་ལ་སྐུ་ཞབས་གྲྭ་ཚང་གི་ཞལ་འདོན་སྐོར་གྱི་ལུང་། དགུ་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་སྐོར་སོགས་ཀྱི་བཀའ་ལུང་ཐོར་བུ་མང་དུ་སྩལ་ཅིང་། ཚེས་བཅུའི་ཉིན་གཞུང་ས་མཆོག་ནས་རྒྱུ་དང་བཟོ་བཀོད་ཕུན་སུམ་ཚོགས་པ་རིན་ཐང་དང་བྲལ་བའི་ཐུབ་ཆེན་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་གོས་སྐུ་ཆེན་མོ་ཆེད་དུ་སྩལ་མི་མངགས་པ་ལྟར་ཕེབས་པའི་དུས་སུ་ནམ་མཁའ་རྡུལ་དང་བྲལ་བ་ལས་ནུབ་ཕྱོགས་ནས་འཇའ་སྤྲིན་འཇམ་པོ་ཀུ་ཤའི་ཕོན་པོ་དང་རྨ་བྱའི་མདོངས་བཀྲམ་པ་ལྟ་བུའི་སྡོང་པོ་སོགས་ངོ་མཚར་བའི་དགེ་མཚན་སྐྱེ་འགྲོ་ཀུན་གྱི་མཐུན་སྣང་དུ་གྲུབ་པར་བྱུང་བས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་ཅིང་། དེ་ཡང་མི་མཉམ་པའི་བསོད་ནམས་དང་ཡེ་ཤེས་ཆེན་པོ་ལ་མངའ་བརྙེས་པའི་དཔལ་ལྡན་མིའི་དབང་པོ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཆེན་པོ་འདི་ནི་ཤེས་རབ་ཀྱི་སྤྱན་རྣམ་པར་དག་པས་རྗེ་བཙུན་དམ་པ་འདི་ལ་ཤིན་ཏུ་ཐུགས་དང་བའི་སྟོབས་ཀྱིས་རྟག་པར་དབུགས་དབྱུང་གཟེངས་གཏོད་ཀྱི་བཀའ་དྲིན་ཆེན་པོའི་སྤྱན་རས་ཀྱིས་མི་གཡེལ་བར་གཟིགས་པ་ཡིན་པས་འདི་ཙམ་དུ་མ་ཟད། ལོ་སྟར་གྱི་ན་བཟའ་ཆ་ཚང་གཉིས་རེ་ཙམ་སྒང་གཤོངས་མེད་པར་སྩོལ་ཞིང་། འཚམས་དྲིའི་བཀའ་ཤོག་གནང་སྐྱེས་བཟང་པོ་དང་བཅས་པ་འཁྱོགས་ཀྱིས་འདྲེན་པའི་བྱ་མ་རྟ་ཆེད་དུ་མངགས་པ་དང་། རྫོངས་སྐྱེལ་རིམ་བརྒྱུད་སོགས་གཅིག་རྟིང་གཅིག་ནོན་ལྟ་བུ་རྒྱུན་མི་ཆད་པར་སྩོལ་བས་མཚོན་ཐུགས་ལ་ཇི་ལྟར་བཞེད་པའི་དོན་ཐམས་ཅད་དགྱེས་བཞིན་དུ་སྐོང་བར་མཛད་པ་ཡིན་ནོ། །བཅུ་གཅིག་གི་སྔ་དྲོ་ཉིད་ཀྱི་ཡུལ་ལྷ་འཛིན་དབྱངས་ཅན་སྒྲོལ་མས་བཀྲ་ཤིས་པའི་སྟན་དཀར་འབུལ་བ་ཚོགས་འཁོར་སོགས་རྒྱས་པར་བསྟར་ཏེ་ཚེ་དཔག་མེད་ཀྱི་ཆོ་ག་དང་འབྲེལ་བར་ཞབས་བརྟན་འབུལ་བར་མཛད་ཅིང་། སྣེ་རྩེ་བན་ཚང་པ་དང་རྒྱལ་གླིང་ཚོགས་སྤྱི་སོའི་རབ་གནས་ཀྱི་ལེགས་འབུལ་ཡང་འབྱོར། དེའི་སང་ཉིན་རབ་འབྱམས་པ་བློ་བཟང་བཀྲ་ཤིས་ལ་སྤྱི་སྒེར་ཐམས་ཅད་ནས་རྫོངས་པའི་གནང་སྐྱེས་བཟང་ཞིང་རྒྱ་ཆེ་བ་སྩལ་ནས་ཞལ་སྐྱེས་འཁོས་སུ་ཕེབས་པ་དང་བཅས་ཏེ་ཕྱིར་ཐེགས། བཅུ་བཞི་ལ་ཁང་གཅིག་མའི་མ་འདས་པའི་སྐྱབས་གནས་སུ་གྲྭ་ཚང་སྤྱན་དྲངས་པའི་ཚོགས་དབུར་ཞབས་པད་བསྐྱོད་ཅིང་། ཉེར་གཉིས་ལ་སྙིང་ཏིག་གི་ཁྲིད་ཞུ་མི་རྣམས་ལ་ཀ་དག་གི་ངོ་སྤྲོད་དང་། ཕྱི་ཉིན་སྔ་དྲོའི་ཆར་ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་ཀྱི་དབང་གནང་བར་ནམ་མཁའ་དྭངས་ཤིང་རླུང་ཕྲ་མོ་ཙམ་ཡང་མི་ལྡང་བའི་གནམ་གཤིས་ཤིན་ཏུ་ལེགས་པ་བྱུང་། ཉེར་བཞི་ལ་དཔལ་རི་སྤྲུལ་སྐུ་རིན་པོ་ཆེས་དབུས་སྐལ་ལྡན་ཉུང་བསྡུས་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་གི་སྟ་གོན་དང་། དེའི་སང་ཉིན་དངོས་གཞི་དབང་གོང་མ་དང་བཅས་པ་སྨིན་པར་སྩལ་ཅིང་། ཉེར་དྲུག་ལ་སྙིང་ཐིག་གི་ཁྲིད་ཞུ་བ་རྣམས་ལ་ཐོད་རྒལ་གྱི་ངོ་སྤྲོད་མཛད། སྐབས་དེ་དག་ཏུ་སྤྲུལ་སྐུ་རྣམ་གཉིས་སོགས་དོན་གཉེར་ཅན་མང་པོར་ཐུགས་རྗེ་ཆེན་པོ་དང་། ཨ་ཏི་ཟབ་དོན་སྙིང་པོའི་ལུང་། ཐུགས་ཐིག་གི་དབང་ལུང་དང་ཉམས་ཁྲིད། གཤིན་རྗེ་དྲེགས་འཇོམས། རྡོར་སེམས། གུར་དྲག་རྣམས་ཀྱི་དབང་ལུང་། བླ་མ་ཡང་ཐིག་གི་ལུང་། ཡང་རྫོང་སྙིང་ཐིག་གི་དབང་ལུང་། མཁའ་འགྲོ་སྙིང་ཐིག་དང་ཡང་ཐིག་གི་དབང་ལུང་དང་ཤར་ཁྲིད། དཔོན་སློབ་ཉུང་བསྡུས་ལ་གཏེར་གསར་བཀའ་སྲུང་དཔལ་མགོན་ཞལ་བཞི་པ། སྔགས་སྲུང་མ། ལས་གཤིན། ཀུན་མཁྱེན་པའི་སྡེ་ལྔ། ལས་འབྲེལ་རྩལ་གྱི་ཁྱབ་འཇུག ཕྲེང་པོ་བའི་བསྟན་སྐྱོང་མ་རྣམས་ཀྱི་སྲོག་གཏད། གཞན་ཡང་གྲྭ་ཚང་གི་གྲྭ་པ་ཐུགས་ཏིག་གི་བསྙེན་པ་གཏོང་མི་འགའ་ལ་ལྷ་ཁྲིད་དང་། འབྲས་ལྗོངས་རྒྱལ་པོའི་དྲུང་ཡིག་སོགས་ཕྱོགས་འདུས་པ་མང་པོར་སོ་སོའི་རེ་འདོད་སྐོང་བའི་ཆོས་སྦྱིན་མཐའ་ཡས་པ་སྐྱོ་དུབ་མེད་པ་འཁོར་མོར་སྩོལ་བ་དང་། བླ་མ་པདྨ་རྒྱལ་མཚན་གྱིས་ཤིན་ཏུ་དྭངས་བའི་དད་སྟོབས་ཆེན་པོས་ཀུན་ནས་བསླངས་ཏེ་པར་དུ་སྒྲུབ་བཞེད་ཀྱིས་ཆེད་དུ་གསོལ་བ་བཏབ་པ་ལྟར་གསན་ཡིག་བཀའ་རྩོམ་གྱི་འཕྲོ་ཡང་རིམ་པར་གནང་ཞིང་། གྲྭ་ཚང་གི་འཁོར་བ་དབྱིངས་སྒྲོལ་གྱི་དབྱུག་ཟླའི་སྒྲུབ་མཆོད་དང་བསྟུན། འདི་ལོ་ནས་ཉང་གཏེར་ཁྲོས་ནག་གི་ཆོག་གྲྭ་ཞིག་ཀྱང་གསར་འཛུགས་བགྱིད་དུ་སྩལ། ཟླ་བ་དགུ་པའི་ཚེས་བདུན་ལ་མདོའི་ཇ་ལེན་པ་རྣམས་ཀྱང་ཇ་དུས་ལེགས་པ་དང་བཅས་ཏེ་ཉེ་ཞོ་མེད་པར་འཁོར་ཞིང་། དེའི་སྔ་དྲོའི་ཆར་དཔལ་རི་སྤྲུལ་པའི་སྐུ་དཔོན་སློབ་ཀྱིས་རྗེ་ཉིད་ཡབ་སྲས་ལྷན་ཅིག་པར་སྟན་དཀར་དྲི་མ་མེད་པ་རྡོ་རྗེའི་རེ་ཁཱ་ཅན་དང་། འབུལ་བའི་དངོས་པོ་ཚོགས་འཁོར་དང་བཅས་པ་བཟང་ཞིང་རྒྱ་ཆེ་བ་བསྟར་ཏེ་ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་ཆོ་ག་དང་འབྲེལ་བའི་སྒོ་ནས་ཞབས་པད་བསྐལ་པ་རྒྱ་མཚོའི་རྡུལ་གྱི་གྲངས་དང་མཉམ་པ་དེ་སྲིད་དུ་མི་གཡོ་བར་རྟག་བརྟན་གཡུང་དྲུང་གི་ངོ་བོར་བཞུགས་པའི་གསོལ་འདེབས་མཛད་དོ། །


previousདགུང་ལོ་ཞེ་བཞི་ནས་ང་གཅིག་བར་གྱི་རྣམ་པར་ཐར་པ།next