Nitartha Digital Library
Tibetan
 
previousའཇུག་དོན།no next

འཇུག་དོན།

དེ་དག་གིས་དགུང་ལོ་ང་གཅིག་བཞེས་པ་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོ་ཧོར་ཟླ་དགུ་པའི་ཡར་ངོའི་ཚེས་བདུན་ཡན་ཆད་ཀྱི་མཛད་པ་མདོ་ཙམ་བརྗོད་པ་སྟེ། ད་དུང་ཡང་གདུལ་བར་བྱ་བའི་ཡུལ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྗེ་བཙུན་དམ་པ་གང་གི་རྣམ་ཐར་རྒྱ་མཚོའི་རྗེས་སུ་ཞུགས་པ་ལས་བདག་ཉིད་ཆེན་པོའི་གོ་འཕང་མཆོག་ལ་འཁོད་པའི་ཐུགས་རྗེ་དང་སྨོན་ལམ་གྱི་མཐའི་ཕྲིན་ལས་ཇི་སྲིད་ཀྱི་བར་དེ་སྲིད་དུ་གཟུགས་ཀྱི་སྐུ་འདི་ཉིད་འཆར་ནུབ་བྲལ་བའི་ངོ་བོར་གཡོ་མེད་དུ་བཞུགས་པར་འགྱུར་བ་ཡིན་ཏེ། དེ་དག་ནི་ཕྱིས་ནས་ཇི་ལྟར་ནུས་ཀྱི་བར་བདག་ཉིད་ཀྱིས་ཀྱང་དད་པས་འདྲི་བར་སྤྲོ་ཞིང་། དེ་ནས་ཀྱང་གཞན་དང་གཞན་དག་གིས་རིམ་བཞིན་བརྗོད་པར་འགྱུར་རོ། །རྒྱལ་བ་རྣམས་ཀྱིས་གདུལ་བྱ་འདུལ་བའི་ཐབས། །སྣ་ཚོགས་སྒྱུ་འཕྲུལ་རྣམ་པ་མཐའ་ཡས་མོད། །ཟླ་མེད་རྡོ་རྗེ་སློབ་དཔོན་ཚུལ་བཟུང་ནས། །གསང་ཆེན་ལམ་མཆོག་སྟོན་འདི་མཛད་པའི་ཕུལ། །དེ་སླད་རིན་ཐང་བྲལ་བ་བཻ་ཌཱུཪྱའི། །འོད་ཀྱི་སྣང་བས་སྐལ་བཟང་མིག་ཅན་རྣམས། །དད༵་པ༵འི་སྤུ་ལོང་གཡོས་ལས་ཐར་གླིང་དུ། །འདྲེན་བྱེད་ཤི༵ང་རྟ༵འི་ལམ་སྲོལ་གསར་དུ་ཕྱེ། །འདི་ལས་བྱུང་བའི་དགེ་ཚོགས་རྨད་བྱུང་དེས། །མ་ལུས་འགྲོ་ཀུན་སྲིད་པ་ཐམས་ཅད་དུ། །གང་གི་རྣམ་ཐར་རྒྱ་མཚོའི་རྗེས་ཞུགས་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །དེ་ལྟར་རྣམ་ཐར་སྔ་མའི་འཕྲོས་ནས་བརྗོད་པ་དུམ་བུ་གཉིས་པ་འདི་ཡང་དགེ་བའི་བཤེས་གཉེན་ལ་མཆོག་ཏུ་གུས་པ་དང་ལྡན་པ་དཔང་རིགས་གྲུབ་པའི་དབང་པོ་པདྨ་རྒྱལ་མཚན་ལ་སོགས་པས་ཆེད་དུ་བསྐུལ་བའི་ངོར་གཅུང་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོས་ཕྱག་ཐོར་བཏབ་པའི་ས་བོན་ཟིན་རིས་དང་རང་གིས་མཐོང་ཐོས་སུ་གྱུར་པ་རྣམས་གུང་བསྒྲིགས་ཏེ་རྗེ་བླ་མ་མཆོག་གི་བཀའ་དྲིན་གྱིས་འཚོ་བ་སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱིས་འཛིན་བྱེད་ཀྱི་ལོ་སྟོན་ཟླ་འབྲིང་པོའི་དཀར་པོའི་ཕྱོགས་ཀྱི་ཚེས་བདུན་རེས་གཟའ་ཕུར་བུ་དང་རྒྱུ་སྐར་ཆུ་སྨད་འཛོམ་པ་གུང་ཡོལ་བརྟན་པ་བུམ་པའི་དུས་སྦྱོར་གྱི་དབྱུག་གུ་གཉིས་པ་ཆུ་ཁམས་ལྷའི་བླ་མས་སྤྱོད་པའི་དུས་དགེ་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ཁང་གསར་པ་དགེ་སློང་ཨཱ་ནནྟ་མ་ཏིས་བགྱིས་པའོ། །འདིས་ཀྱང་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།


previousའཇུག་དོན།no next