Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
  collapse section
  collapse section
སྐུ་ཚེ་སྔ་མའི་ཕྲིན་ལས་དང་སྐྱེ་བ་བཟུང་བའི་ཚུལ།
   
   
   
   
   
   
   
   
   
  expand section
   


 
previousསྐུ་ཚེ་སྔ་མའི་ཕྲིན་ལས་དང་སྐྱེ་བ་བཟུང་བའི་ཚུལ།next

སྐུ་ཚེ་སྔ་མའི་ཕྲིན་ལས་དང་སྐྱེ་བ་བཟུང་བའི་ཚུལ།


MLP003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བདག་ཅག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་རྗེས་སུ་འཇུག་པ་ཉིད་ཀྱིས་སྐྱེས་བུ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཡང་དག་པར་བཞུགས་པ་འདིའི་རྣམ་པར་ཐར་པའི་ཡོན་ཏན་གྱི་ཚོགས་མཐའ་དག་རྫོགས་པར་བརྗོད་པ་ནི་བསམ་གྱིས་མི་ཁྱབ་པས། བག་ཆགས་ཤིན་ཏུ་སྲབ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཡང་སྤྱོད་ཡུལ་མ་ཡིན་ན། བདག་ཅག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་ཡུལ་དུ་ལྟ་ག་ལ་འགྱུར། དེའི་ཕྱིར་དམ་པ་འདིའི་མཛད་པའི་ཆ་ཤས་ཙམ་ཡང་བདག་ལྟ་བུས་སྨྲ་བར་མི་སྤོབས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་ཆེན་པོ་འདི་ནི་ཐོག་མ་མེད་པའི་དུས་ནས་གཞི་དབྱིངས་འགྱུར་བ་མེད་པའི་ཀློང་དུ་རང་རིག་པའི་ཡེ་ཤེས་རྣམ་པར་གྲོལ་བས་མངོན་པར་བྱང་ཆུབ་པ་བརྙེས་ཏེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཉིད་འོད་གསལ་བའི་ཞིང་ཁམས་མཐའ་དང་དབུས་མེད་པར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་


MLP003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་ཏེ། དེ་ཡང་རང་བཞིན་རྣམ་དག་གི་ཆ་སྤྲོས་པ་ཉེ་བར་ཞི་བའི་ཡེ་ཤེས་ཆོས་ཀྱི་སྐུ་དང་། དེ་གློ་བུར་རྣམ་དག་མཐར་ཐུག་པས་ཁྱད་པར་དུ་བྱས་པ་ན་ཆོས་ཐམས་ཅད་དག་པ་རབ་འབྱམས་སུ་སྣང་བའི་ཡེ་ཤེས་ཆོས་སྐུ་དང་ངོ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོར་རང་སྣང་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ལ་མངའ་བའི་ཡོན་ཏན་གདུལ་བྱ་གཞན་སྣང་གི་ལོངས་སྤྲུལ་གཉིས་སྟོན་པར་ནུས་པའི་བརྩེ་བ་དང་ནུས་མཐུའི་ཡེ་ཤེས་ཀྱི་ཆ་ནི་སྤྲུལ་པའི་སྐུ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་ལས་གདུལ་བྱ་གཞན་ལ་མི་སྣང་བས་རང་རྒྱུད་ཀྱིས་བསྡུས་པ་སངས་རྒྱས་རང་སྣང་གི་སྐུ་གསུམ་པོ་དེ་ངོ་བོ་དབྱེར་མི་ཕྱེད་པའི་ངང་དུ་བཞུགས་པ་ལས་མ་གཡོས་བཞིན་དུ། རང་སྣང་ལོངས་སྤྲུལ་གྱི་སྐུ་གཉིས་དང་གདུལ་བྱའི་སེམས་རྒྱུད་དག་པ་ཉིད་སྔོན་གྱི་སྨོན་ལམ་གྱི་རྐྱེན་ཉེ་བར་འཕྲད་པ་ལས། གདུལ་བྱ་གཞན་སྣང་གི་སྐུ་དག་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་ལོངས་སྤྱོད་རྫོགས་པ་དང་། དག་པ་དང་མ་དག་པའི་གདུལ་བྱ་སྣ་ཚོགས་ལ་སྣང་བ་སྤྲུལ་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པ་གང་འདུལ་གྱི་ངོར་མངོན་པར་སྣང་བས་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་ལམ་གྱི་རྟེན་དང་། ལམ་དང་འབྲས་བུ་ལ་འགོད་པའི་ཕྲིན་ལས་ཚད་མེད་པས་འདུལ་བར་མཛད་པ་ནི། བཻ་ཌཱུཪྱའི་ས་གཞི་ལ་ལྷ་དབང་གི་གཟུགས་བརྙན་འཆར་བའམ་ཆུ་སྣོད་ཇི་སྙེད་པར་ཟླ་བའི་གཟུགས་བརྙན་སྣང་བ་ལྟར་འགག་པ་མེད་པར་འཆར་བའི་ཕྲིན་ལས་ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་ཤིང་། རྒྱུད་བླ་མ་ལས་ཀྱང་། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་དང་། དག་དང་ཉེ་དང་རིང་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའ་ཟླ་


MLP003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་གསུངས་པ་བཞིན་ནོ། །མདོར་ན་སྒྱུ་འཕྲུལ་རྩ་རྒྱུད་ལས། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་པ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །ཞེས་དང་། ཕལ་པོ་ཆེ་ལས་ཀྱང་། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ། དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔས་འདུལ་བ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་དང་། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། བྱ་དང་རི་དྭགས་ལ་སོགས་པ་དང་། གྲུ་དང་ཟམ་པ་དང་སྨན་ལ་སོགས་ཏེ་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་ཚུལ་བརྟན་གཡོ་སྣ་ཚོགས་པའི་རྣམ་པར་བསྟན་ནས་མཐའ་ཡས་པའི་གདུལ་བྱའི་དོན་མཛད་པ་ལས། ༈ ཞིང་འདིར་བར་སྐབས་ཀྱི་མཛད་པ་གདུལ་བྱའི་ཆ་ཤས་འགའ་ཞིག་གི་མཐུན་སྣང་དུ་གྲུབ་པའི་ཁྱད་པར་ཅུང་ཟད་ཅིག་འཆད་པའི་དབང་དུ་བྱས་ན། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་ལས། འདི་ཉིད་འདོན་པའི་གང་ཟག་ནི༔ ལོ་ཙཱ་བཻ་རོ་ཙ་ན་འདི༔ སྔོན་འདས་བསྐལ་པ་གྲངས་མེད་དུས༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ སྐུ་གསུམ་ངོ་བོར་སངས་རྒྱས་ཀྱང༔ ཐབས་ལ་མཁས་པའི་སྙིང་རྗེ་ཡི༔ སྤྲུལ་པ་དུ་མར་སྣང་བ་སྟེ༔ ཞེས་གསུངས་པ་ལྟར། རྗེ་བཙུན་དམ་པ་འདི་སྔོན་སློང་བ་པོར་གྱུར་པ་ན། དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ་བདག་ཉིད་བཙོངས་པའི་རིན་བཤོས་སུ་བྱས་པ་ཕུལ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་སྣང་མཛད་སློང་པོའི་ཚེ། །དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ། །བཤོས་དག་བདག་ཉིད་བཙོངས་ཏེ་སྦྱར་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །ཞེས་བསྐལ་པ་བཟང་པོའི་མདོ་


MLP003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་སོ།། ༈ དེ་ལྟར་ཐུགས་བསྐྱེད་ནས། དགེ་བའི་རྩ་བ་དང་། སྨོན་ལམ་གྱི་སྟོབས་དང་། སེམས་བརྟན་པས་མི་ལྡོག་པར་རབ་ཏུ་འགྲོ་བ་སྟེ། མ་ཞུམ་པའི་སྙིང་སྟོབས་མཆོག་གི་ཕ་རོལ་ཏུ་སོན་པས། སྤྲོ་ཞིང་བརྟུལ་ཕོད་ལ་བརྩོན་འགྲུས་ཆེན་པོ་རྨད་དུ་བྱུང་བས། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་མམ་བདུན་དང་། བཅུ་དང་། སུམ་ཅུ་རྩ་གསུམ་ལ་སོགས་པ་མདོ་སྡེ་རྣམས་ལས་ཇི་སྐད་གསུངས་པའི་གྲངས་དེ་སྙེད་ཀྱི་ཡུན་དང་བཅས་པའམ། སྐད་ཅིག་མ་གཅིག་ལ་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་དུ་བྱིན་གྱིས་རློབ་པར་མཛད་པའི་ཏིང་ངེ་འཛིན་གྱི་མཐུས། ཡུན་ཐུང་བའམ་རིང་བའང་མ་ཡིན་པར་མཐའ་གཅིག་ཏུ་མ་ངེས་པ། འགལ་བ་ལྟར་སྣང་ཡང་མི་འགལ་བའི་ཆོ་འཕྲུལ་གྱི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་མཐར་ཕྱིན་པར་མཛད་དེ། རྒྱུན་མཐའི་ཡེ་ཤེས་མངོན་པར་བྱང་ཆུབ་པ་ལྔའི་ཐབས་ཀྱིས་བླ་ན་མེད་པའི་གོ་འཕང་སྐུ་གསུམ་གྱི་ངོ་བོར་མངོན་པར་རྫོགས་པ་སངས་རྒྱས་སུ་ཟིན་ཀྱང་། དུས་འཁོར་འགྲེལ་ཆེན་ལས། སྲིད་པའི་འཆིང་ལས་ངེས་པར་གྲོལ་ཡང་སྲོག་ཆགས་རྣམས་ཀྱི་ལམ་གྱི་སླད་དུ་སྲིད་པ་སྟེ། །སྣ་ཚོགས་སྐྱེས་རབས་ཕྲེང་བ་ཡོན་ཏན་དང་ལྡན་སེམས་ཅན་དོན་གཉེར་རྣམས་ཀྱིས་མཐོང་གྱུར་པ། །དང་པོའི་སངས་རྒྱས་རྫུ་འཕྲུལ་ཆེ་ལྡན་སྤྱོད་པ་དག་སྟེ། ཞེས་དང་། རྒྱལ་ཚབ་མ་ཕམ་མགོན་པོས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་གསུངས་པ་ལྟར། ཞིང་འདིའི་གདུལ་བྱ་རྣམས་དྲང་བའི་སླད་དུ་ཐབས་ལ་མཁས་པའི་སྙིང་རྗེ་ཆེན་པོས་འདུལ་བའི་ཡུལ་ལ་མཐུན་པར་འཇུག་པའི་སྐྱེ་བའི་ཕྲེང་བ་ཇི་སྙེད་ཅིག་བཟུང་བའི་ཚུལ་ནི། རང་གཏེར་གབ་རྒྱ་ཅན་གྱི་ལུང་བྱང་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡང༔ ཁམས་གསུམ་འགྲོ་བའི་འདྲེན་མཆོག་རྡོ་རྗེ་ཆོས༔ ཤཱཀྱའི་ཉེ་གནས་


MLP003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ནནྟ་ཞེས་དང༔ རྒྱལ་པོ་ཛ་དང་ཤཱནྟིཾ་གཪྦྷ་དང༔ བོད་འདིར་སམྦྷོ་ཊ་སོགས་དག་པ་ཡི༔ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔ སྐྱེ་ཚུལ་བརྗོད་དུ་ལང་བའི་གནས་མ་ཡིན༔ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིས༔ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པས༔ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིན༔ ཁྱོད་ཀྱང་ཤྲཱི་སིདྷ་ཡེ་ཤེས་མདོ༔ པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནས༔ ཆོས་སྐུའི་རང་ཞལ་མངོན་དུ་རྟོགས་གྱུར་པས༔ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔ མཚམས་སྦྱར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔ དབང་ཕྱུག་འབར་དང་རཀྴག་རྡོ་རྗེ་གླིང་༔ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔ པདྨ་བདག་གི་ཟབ་གཏེར་བདག་པོ་དང་༔ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལ༔ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ ཞེས་དང་། སྔར་དྲངས་པའི་ཤ་འུག་གཏེར་བྱོན་གྱི་ལུང་བསྟན་དེ་ཉིད་ཀྱི་འཕྲོས་ལས། ཤཱཀ་ཐུབ་ཉེ་གནས་ཀུན་དགའ་བོ༔ ཨིནྡྲ་བྷཱུ་ཏི་རྒྱལ་པོ་ཛ༔ ཐུ་མི་པཱུརྞ་ལ་སོགས་པ༔ འགྲོ་འདུལ་སྐྱེ་སྲིད་དེ་དག་ལས༔ བཻ་རོ་འདི་རུ་འཕོས་པ་ཡིན༔ ཐུགས་བསྐྱེད་སྨོན་ལམ་སྟོབས་ཆེ་བས༔ ད་ལྟའི་དུས་ན་གངས་ཅན་འདིར༔ མདོ་སྔགས་བསྟན་པ་སྤེལ་བ་ལ༔ འགྲན་ཟླ་མེད་པའི་ལོ་ཙཱ་ཡིན༔ ད་དུང་སྨོན་ལམ་མཐའ་བཙན་པས༔ ཕན་པའི་སྐྱེས་ཆེན་སྤྲུལ་པ་ནི༔ རྣམ་པ་གཅིག་ཏུ་མ་ངེས་པ༔ གདུལ་བྱའི་བློ་དང་འཚམས་པར་འབྱུང་༔ ཞེས་གསུངས། གཞན་ཡང་རྡོ་རྗེ་གླིང་པའི་གཏེར་ལུང་ལས། ཉི་མ་སེང་གེ་ཁྱུང་པོ་རྣལ་འབྱོར་དང་༔ སུམ་སྟོན་ཇོ་དར་གྲྭ་པ་མངོན་ཤེས་དང་༔ བསྟན་པ་གཞུང་འཛིན་རོང་སྒོམ་ཆོས་བཟང་དང་༔ དགེ་བཤེས་ཉམས་བྲོ་གུ་རུ་རྣོན་རྩེ་དང་༔ ཁྱུང་གྲགས་ལྷ་འབུམ་ཤཱཀྱ་འབྱུང་གནས་དང་༔ གྲུབ་ཐོབ་དངོས་གྲུབ་གཡག་སྡེ་པཎ་ཆེན་དང་༔ མཚལ་ཐང་སྒོམ་སྡེ་སྤྲུལ་སྐུར་གྲགས་པའི་མཐར༔ ཞེས་གྲྭ་པ་མངོན་ཤེས་གཏེར་སྟོན་གྱི་སྐྱེ་ཕྲེང་ལྔའི་གྲངས་སུ་རང་གཏེར་ལུང་བྱང་དུ་བགྲངས་པའི་ལྷགཉི་མ་སེང་གེ་སོགས་བཅུ་གསུམ་འབྱུང་བས་གབ་རྒྱ་ཅན་ལས། བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔


MLP003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་དང་ཡང་འབྱོར་བ་ཡིན་ནོ། །དེར་མ་ཟད་གསང་བའི་རྣམ་ཐར་ཞལ་གསུངས་མ་ལས། དེ་ཡང་སྔོན་གྱི་སྐྱེས་རབས་འཕྲེང་བ་རྣམས། །རྡོར་གླིང་ཉིད་ཀྱི་གཏེར་ལུང་ཞལ་གདམས་དང་། །མཆོག་ལྡན་རྣམ་ཐར་རང་གཏེར་ལུང་བསྟན་གྱི། །དོན་རྣམས་ཁུངས་དང་སྦྱར་ཏེ་བསྡེབས་པ་ལས། །དྲན་པའི་ལམ་ནས་བརྗོད་པ་མ་ཡིན་མོད། །འོན་ཀྱང་བཻ་རོ་ཟུར་ཆེན་རྡོར་གླིང་སོགས། །དམ་པ་འགའ་ཡི་སྔོན་རབས་ད་ལྟ་ཡི། །རྐྱེན་འགས་སད་ལས་འལ་འོལ་དྲན་པ་སྙམ། །གཞན་ཡང་ཀུན་མཁྱེན་ཆེ་དང་འགོས་ལོ་ཡི། །གསུང་རབ་མཐོང་ཚེ་རང་གིས་བྱས་སྙམ་དང་། །ཐོག་མའི་ཚིག་གིས་དེ་རྗེས་ཚིག་དོན་རྣམས། །རྩོལ་མེད་ཤུགས་འབྱུང་ར་རི་འཆར་བ་སྙམ། །ཕྱི་དུས་འཁོར་ལོ་ཐ་མ་ངེས་དོན་དུ། །ཐོགས་མེད་སྨྲ་བ་དེ་དང་བློ་ཆེན་པའི། །ལས་སྣང་འགའ་ཞིག་བག་ཆགས་སད་འདྲ་བ། །སྤྲུལ་པའི་རྣལ་རོལ་གཉིས་པ་ཡིན་པར་འཁུམས། །ཁྱད་པར་ཆོས་ཀྱི་གོ་ཆའི་གནས་དུས་དང་། །འཁོར་སློབ་ལོངས་སྤྱོད་བྱ་བྱེད་གནས་ལུགས་ཀུན། །འདས་པའི་རྨི་ལམ་བཞིན་དུ་ཆེས་གསལ་བ། །ད་ལྟའང་ཡིད་ཀྱི་ཡུལ་དུ་ལམ་མེ་སྣང་། །ཞེས་གསུངས་ཤིང་། འདིར་ཁུངས་སྨོས་པའི་རྡོར་གླིང་གི་ཞལ་གདམས་ནི། སློབ་དཔོན་ལེགས་པ་དཔལ་ལ་འདའ་ཀ་ཞལ་ཆེམས་སུ་གསུངས་པ་སྟེ། དེ་ལྟར་ཡང་། ང་རྟེན་ཡས་ཀྱིས་སྤྲུལ་པའི་གང་ཟག་ལ། །འཆི་བས་འཇིགས་པ་མ་ཡིན་ཏེ། །ད་ནི་ན་སོ་ཅུང་ཟད་རྒས། །མགོ་ལ་འཆི་སྐྲ་དཀར་པོ་སྐྱེས། །ལུས་ཀྱི་སྟོབས་ཟད་ཉམས་ཤེད་ཆུང་། །ད་ལྟ་དྲུག་ཅུ་ཐམ་པ་འགྲོ། །བདེ་ཆེན་མཁའ་སྤྱོད་གནས་ཡུལ་ནས། །བདག་ལ་གདན་འདྲེན་བསམ་མི་ཁྱབ། །ད་ལོ་ཅིས་ཀྱང་ཁོ་བོ་འགྲོ། །ཁྱེད་འདིར་བཞུགས་སྐུ་ཁམས་ཅི་བདེར་བཞུགས། །ད་ནས་མི་ལོ་བཅུ་གསུམ་ན། །རང་རེ་དཔོན་སློབ་མཇལ་བ་བྱེད། །དེ་ནས་ཕྱི་མའི་ཕྱི་མ་ནི། །ཡར་འབྲོག་དབུས་གཡོར་སྡེ་གཉིས་ཀྱི། །མཚམས་སུ་བདག་ནི་སྐྱེ་བ་ལེན། །འགྲོ་འདུལ་ཞེས་གྲགས་རྒྱལ་བའི་སྲས། །རྫུ་འཕྲུལ་མངོན་ཤེས་ལྡན་པ་འབྱུང་། །བན་བོན་གཏེར་ལྷག་མ་ལུས་འབྱིན། །སྨྱོན་སྤྱོད་བརྟུལ་ཞུགས་མཐར་ཕྱིན་ནས། །དུག་ལྔས་བསེ་ལྟར་རངས་པ་ཡི། །དཔོན་སྐྱ་མི་ཆེན་ཐམས་ཅད་དང་། །རྒྱ་ནག་ཧོར་གྱི་རྒྱལ་པོ་ཡང་། །


MLP003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱིས། །མ་ལུས་ཁོ་བོས་དབང་དུ་སྡུད། །དེ་དུས་ལུས་ངག་ཡིད་གསུམ་གྱི། །འབྲེལ་པ་གང་ལྟར་ཐོགས་པ་རྣམས། །རིགས་དྲུག་འཁོར་བ་དོང་སྤྲུགས་ནས། །པདྨས་བརྒྱན་པའི་ཞིང་ཁམས་སུ། །ཁོ་བོ་བླ་ན་མེད་པ་ཡི། །རྣམ་རོལ་མཐའ་ཡས་མགོན་པོ་ཆེར། །ཡང་དག་མངོན་འཚང་རྒྱ་བའི་ཚེ། །སྲས་འཁོར་རྒྱ་མཚོའི་ཐོག་མར་སྐྱེ། །སྐྱེ་མེད་ཆོས་ལ་བཟོད་ཐོབ་ནས། །དཔའ་འགྲོ་སྒྱུ་མ་རྡོ་རྗེ་ཡི། །ཏིང་འཛིན་རྣམ་གསུམ་མངོན་གྱུར་གྱི། །བྱང་ཆུབ་མཆོག་ལུང་དེ་རུ་ཐོབ། །མཐར་ཐུག་རྣམ་འདྲེན་མོས་པའི་ཚེ། །ཀུན་ཀྱང་ཕྱོགས་བཅུའི་ཞིང་ཁམས་སུ། །སངས་རྒྱས་མཆོག་ཐོབ་འཁོར་དོང་སྤྲུགས། །ཧ་ཧ་གང་ལྟར་བྱས་ཀྱང་བདེ། །ཐེ་ཚོམ་སྦྲུལ་གྱི་མདུད་པ་ཞིག །རང་སར་གྲོལ་བ་རྡོར་གླིང་ངའི། །བསམ་རྫོགས་འགྲོ་དོན་ལྷུན་གྱིས་གྲུབ། །དམ་སེལ་ཐེ་ཚོམ་མ་ཞུགས་པས། །སེམས་ལ་གང་ཤར་བཤད་པ་ལགས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ལུང་བྱང་ལེ་ཚན་གྱིས་ཇི་ལྟར་བསྟན་པའི་དོན་རྣམས་གུང་བསྒྲིགས་ནས་བཤད་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ནི། བདེ་འདུས་ཀྱི་ལོ་རྒྱུས་ལས། སྟོན་པ་ཀུན་ཏུ་བཟང་པོ་དང་ཐུགས་གཉིས་སུ་མེད་པ༔ བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཞེས་ཀྱང་བྱ༔ རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ༔ ལག་ན་རྡོ་རྗེ་ཞེས་ཀྱང་བྱ༔ ཞེས་སོགས་གསུངས་པ་ལྟར། འཛམ་བུ་གླིང་ལས་ལོགས་སུ་གྱུར་པ་ཤར་ལྷོ་མཚམས་ཀྱི་གླིང་ཕྲན་ལངྐའི་ཡུལ་ལམ་སིདྒྷ་ལའི་གླིང་དུ་གྲགས་པ་དེར་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཉིད་ལངྐའི་བདག་པོ་སྒྲ་སྒྲོག་གི་བུ་མགྲིན་བཅུས་སྤྱན་དྲངས་ནས་ལངྐར་གཤེགས་པའི་མདོ་གསུངས་ཤིང་། གནས་དེར་ལི་ཙ་བཱི་དྲི་མེད་གྲགས་པ་སོགས་རིག་འཛིན་གྱི་འཁོར་རྣམས་ལ་རྒྱུད་སྡེ་མང་དུ་གསུངས་པ་ཕྱག་ན་རྡོ་རྗེ་ལ་གཏད་དེ་རྡོ་རྗེ་ཆོས་སུ་མིང་བཏགས་པར་བཤད་པ་དང་། ཉན་རང་ལ་གསང་བར་བྱ་བ་ནི་རྡོ་རྗེའི་ཐེག་པ་ཡིན་ལ། དེའི་སྡུད་པ་པོ་ཡིན་པས་གསང་བའི་བདག་པོ་ཞེས་ཀྱང་གྲགས་ཤིང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་སོགས་སུ་སངས་རྒྱས་སྟོང་ཐམས་ཅད་ཀྱི་བཀའི་བསྡུ་བ་པོར་ལུང་བསྟན་ཏོ། །དེ་ནས་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་


MLP003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པའི་ཚེ། །གསང་བའི་བདག་པོ་ཉིད་དེ་བཞིན་གཤེགས་པའི་རིམ་གྲོ་པ་ཐོས་པ་འཛིན་པའི་མཆོག་འཕགས་པ་ཀུན་དགའ་བོར་བསྟན་ཏེ། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་ལས། ཀུན་དགའ་བོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟེ་ཕྱག་ན་རྡོ་རྗེ་ཡིན་ལ། རྡོ་རྗེ་འཆང་ཆེན་པོའང་དེ་ཉིད་ལས་གཞན་མ་ཡིན་ཏེ། གཞན་དུ་ན་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་དེ་བཞིན་གཤེགས་པ་ལས་ཐོས་ནས་ལྷག་ཆད་མེད་པར་ལན་གཅིག་གིས་ཇི་ལྟར་འཛིན་པར་ནུས། ཞེས་གསུངས་ཤིང་སྟོན་པས་མདོ་སྡེའི་བསྟན་པ་གཏད་པ་ལྟར་བཀའི་བསྡུ་བ་པོའང་མཛད་དོ། །དེའི་ཚེ་གཟུགས་སྐུའི་བཀོད་པ་གཉིས་པ་ནི། ནུབ་ཕྱོགས་ཨོ་ཌཱི་ཡ་ནའི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེན་པོར་གྱུར་ནས། བཅོམ་ལྡན་འདས་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ལ་མཆོད་དེ་འཚང་རྒྱ་བའི་ཐབས་ཞུས་པས། འདོད་ཡོན་སྤངས་ཏེ་བསླབ་པ་གསུམ་དང་ཕར་ཕྱིན་དྲུག་བསྟེན་ཅིག་པར་གདམས་པ་ན། འཛམ་བུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཀྱང་སླའི། །འདོད་ཡོན་སྤངས་པའི་ཐར་པ་ནི། །ནམ་ཡང་མི་འདོད་གཽ་ཏ་མ། །ཞེས་ཞུས་པས། དེར་ཉན་ཐོས་ཀྱི་ཚོགས་མི་སྣང་བར་མཛད་ནས་དཀྱིལ་འཁོར་སྤྲུལ་ཏེ་རྒྱལ་པོ་ལ་དབང་བསྐུར་བས་དེ་ཉིད་དུ་ཟུང་འཇུག་གི་སྐུ་གྲུབ་ཅིང་རྒྱལ་པོ་འཁོར་དང་བཅས་པ་རྣམས་སུ་མ་ཟད། ཨོ་རྒྱན་གྱི་ཡུལ་འགྲོ་བ་སྲོག་ཆགས་ཕྲ་མོ་ཡན་ཆད་ཐམས་ཅད་བདེ་བ་ཆེན་པོའི་ལམ་གྱིས་དངོས་གྲུབ་ཐོབ་ཅིང་འཇའ་ལུས་སུ་སོང་། དེའི་ཚེ་གཞན་ཡང་དུས་འཁོར་རྩ་རྒྱུད་ལས། ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ཅེས་གསུངས་པ་ལྟར་གསང་བདག་གི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོར་གྱུར་ནས། ཆུ་བོ་ཤཱི་ཏའི་བྱང་ཤམྦྷ་ལ་ནས་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་བྱོན་ཏེ། སྟོན་པ་ཤཱཀྱ་ཐུབ་པ་ལ་གསོལ་བ་བཏབ་པས། དེར་དུས་འཁོར་རྩ་རྒྱུད་དུ་མ་ཟད་གསང་སྔགས་ཀྱི་རྒྱུད་མཐའ་དག་ཀྱང་གསུངས་ཏེ། དམ་པ་དང་པོའི་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་བསྟན་པ། །དེ་བཞིན་དཔལ་ལྡན་འབྲས་སྤུངས་སུ། །ཆོས་བསྟན་གསང་སྔགས་ཚུལ་རབ་གསུངས། །ཞེས་


MLP003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཞིང་། མི་དང་མི་མ་ཡིན་པ་གྲངས་ལས་འདས་པས་འདོད་པའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །ཞེས་གྲགས་ཏེ། འདི་ཡང་འཕགས་པ་ཀུན་དགའ་བོ་དང་དུས་མཚུངས་པའི་གསང་བདག་གི་སྤྲུལ་པའི་སྐུའི་རྒྱལ་པོའོ། །དེ་ནས་རྒྱ་གར་ཤར་ཕྱོགས་ས་ཧོ་རའི་རྒྱལ་པོ་ཨུ་ཏ་ར་ཛྙཱ་ནའི་སྲས། སྐལ་ལྡན་རྒྱལ་པོ་ཛཿསྟེ། མཚན་གཞན་ཨིནྟྲ་བྷཱུ་ཏི་དང་། ལུང་བསྟན་རྡོ་རྗེ་ཞེས་ཀྱང་བྱ་ཞིང་། ཡོ་ག་བ་རྣམས་ལ་གྲགས་པའི་རྒྱལ་པོ་རབ་གསལ་ཟླ་བ་དང་ཡང་གཅིག་པར་འགའ་ཞིག་བཞེད་ལ། གང་ལྟར་ཡང་རྒྱལ་པོ་དེར་གྱུར་ཏེ། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་དཔལ་ཕྱག་ན་རྡོ་རྗེའི་མཐུ་ལས། རྒྱལ་པོའི་ཁང་སྟེང་དུ། གསང་སྔགས་ཀྱི་རྒྱུད་སྡེའི་གླེགས་བམ་བབས་ཤིང་། རྣལ་འབྱོར་ཕྱི་ནང་གི་རྒྱུད་དོན་ཐུགས་སུ་ཆུད་དེ། རྒྱལ་པོ་ཉིད་དང་དེའི་སྲས་དང་སྲས་མོ་རྣམས་རང་རང་གི་ཚོམ་བུ་ཁྲི་ཕྲག་ལྔ་ལ་སོགས་པའི་འཁོར་དང་བཅས་ཏེ་བདེ་བ་ཆེན་པོའི་ལམ་གྱིས་རྡོ་རྗེ་འཆང་གི་སར་མངོན་དུ་གཤེགས་སོ། །དེ་ལྟར་ཡང་། རྒྱལ་པོ་ཉིད་ཀྱིས་མཛད་པའི་སྤྱི་མདོའི་འགྲེལ་པར། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །འཛམ་བུ་གླིང་གི་ཤར་ཕྱོགས་སུ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ཚེ་གཅིག་འདི་ལ་འགྲུབ་པ་ཡི། །གསང་བའི་ཐེག་པ་དམ་པ་ཞིག །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་སྣང་ངོ་། །དེ་བས་ན་བདག་ཀྱང་སྐལ་ལྡན་དུ་ལུང་བསྟན་པ་ནི་ཐོབ་བོ། །ད་ལྟར་དུས་ལ་བབ་པ་ན་གདུང་བ་བཏོན་པ་དང་། ལོ་ཉི་ཤུ་རྩ་བརྒྱད་ལོན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་འོག་ཏུ་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། ཞི་བ་སྙིང་པོ་ཞེས་བྱ་བས། །དྲག་སྔགས་སྤྱོད་པ་སྒྲུབ་ཅིང་སྟོན། །ཞེས་ལུང་བསྟན་པ་ལྟར་སྒྲུབ་སྡེ་བརྒྱད་ལས་དྲག་སྔགས་ཀྱི་བཀའ་བབས་སློབ་དཔོན་ཤཱིནྟཾ་གཪྦྷར་གྱུར་ཅིང་། དེའི་ཕྱི་མ་ལ་བོད་ཡུལ་དུ་ལོ་ཙཱ་ཆེན་པོ་ཐུ་མི་སམྦྷོ་ཊར་གྱུར་ནས་ཡི་གེ་འབྲི་ཀློག་དང་དམ་པའི་ཆོས་བསྒྱུར་བའི་སྲོལ་བཏོད། དེའི་འོག་ཏུ་ཤར་རྒྱལ་མོ་ཚ་བའི་རོང་དུ་རྒྱལ་པོ་ལེགས་གཞེར་དཔལ་གྱི་བུ་རབ་ཏུ་བྱུང་བའི་མཚན་དགེ་སློང་པཱུརྞ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཕྱི་མ་ལ། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་པ་གོར་བཻ་རོ་ཙ་ན་རཀྵི་ཏར་གྱུར་ཏེ། བོད་


MLP003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱལ་མོ་རོང་། རྒྱ་ནགལི་ཡུལ་སོགས་སུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུས་མཐའ་ཡས་པའི་འགྲོ་བའི་དོན་མཛད་ཅིང་། རྔོག་ལོ་ཆེན་པོས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །ཀ་ཅོག་ཞང་གསུམ་ཉི་ཟླ་ཟུང་འབྲེལ་ཏེ། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ། །ཁོ་བོ་དེ་དག་དྲུང་ན་སྐར་ཕྲན་ཙམ། །ཞེས་བསྔགས་པ་ལྟར་དོན་ལའང་གནས་ཏེ། འགྲན་ཟླ་དང་བྲལ་བའི་ལོ་ཙཱ་བའོ། །དེ་ནས་བསྟན་པ་ཕྱི་དར་གྱི་འགོ་བརྩམས་ནས་རིང་པོར་མ་ལོན་པ་ན། དགེ་བཤེས་གྲྭ་པ་མངོན་ཤེས་སུ་སྐྱེ་བ་བཞེས་ཏེ། དེ་ཡང་ཡམ་ཤུད་ལས་རབ་ཏུ་བྱུང་བའི་མཚན་ཤེས་རབ་རྒྱལ་བ་དང་། ཡོངས་སུ་གྲགས་པ་དབང་ཕྱུག་འབར་ཞེས་ཟེར། ཟབ་གཏེར་གྱི་བཀའ་བབས་ཤིང་གནས་གཞི་བརྒྱ་རྩ་བརྒྱད་བཏིང་བ་སོགས་ཕྲིན་ལས་རྒྱ་ཆེ། དུས་དེར་སྐུ་ཡི་བཀོད་པ་གཅིག་ནི་གསང་ཆེན་སྔ་འགྱུར་གྱི་བསྟན་པའི་སྤྱི་མེས་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཞེས་བྱ་བར་བསྟན་ཏེ། རྒྱལ་པོ་བཀའ་ཆེམས་ཆུང་བ་ཞིག་ནས། བཻ་རོ་ཙ་ན་ཟུར་ཚོ་རྒྱུད་དུ་འབྱོན་པར་ལུང་བསྟན་པ་དེ་ཡིན་ཞེས་གོང་མ་རྣམས་གསུངས་ཤིང་། རྡོར་གླིང་གི་གཏེར་ལུང་ལས་ཀྱང་བསྟན། ཁྱད་པར་སྲམ་པ་དཔལ་ཆེན་གྱི་སྐུ་མཇལ་བར་མཛད་པའི་ཚེ་མོས་གུས་ཀྱི་རྐྱེན་གྱིས་སྔོན་རབས་གསལ་བར་སད་པ་སོགས་ངོ་མཚར་བའི་རྒྱུ་མཚན་མང་། དེ་དག་ལས་དུས་སྔ་བ་ཙམ་ན། རྒྱ་གར་གྱི་ཡུལ་དུ་དཔལ་ནག་པོ་སྤྱོད་པ་ཞེས་བྱ་བའི་སྐུའི་བཀོད་པའང་བསྟན་ཏེ། གྲུབ་པའི་སྤྱོད་པ་རྨད་དུ་བྱུང་བས་རྡོ་རྗེ་ཐེག་པ་རྒྱས་པར་མཛད། དེའི་སྐྱེ་སྲིད་ཕྱི་མ་ནི་རུ་ལག་གཙང་སྨད་ཀྱི་སྣར་ལུང་རོང་དུ་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོར་འཁྲུངས་ཏེ། བྱིས་པའི་དུས་ནས་སློབ་མི་དགོས་པར་སཾ་སྐྲྀ་ཏའི་སྐད་ཕུལ་ཕྱིན་མཁྱེན་པ་དང་། ཆོས་ཐམས་ཅད་བརྡ་བསྟན་པ་ཙམ་གྱིས་མཁྱེན་པས་པཎྜི་ཏ་སྨྲྀ་ཏིའི་སྐྱེ་བ་ཡིན་ཡང་ཟེར། འགའ་ཞིག་པཎྜི་ཏ་ཕྲ་ལ་རིང་མོས་གྲོང་འཇུག་བྱས་པའང་འདོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ནག་པོ་སྤྱོད་པའི་སྐྱེ་བར་ལུང་བསྟན་ཏོ། །གཞན་ཡང་དེ་དག་དང་རགས་པར་དུས་མཚུངས་པ་ཙམ་ན་ཤངས་པ་བཀའ་བརྒྱུད་པའི་ཆུ་འགོ་ནི་གུ་རུས་རྗེས་སུ་བཟུང་བའི་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ཚུལ་ཁྲིམས་


MLP003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དང་། རྟ་ནག་ཏུ་བྱོན་པའི་གཏེར་སྟོན་གུ་རུ་རྣོན་རྩེ་ཞེས་བྱ་བའང་བྱོན་ཏེ་སྐུ་ཡི་བཀོད་པ་མཐའ་ཡས་པའི་ཆོ་འཕྲུལ་གྱིས་འགྲོ་བའི་དོན་མཛད་པ་ཡིན། དེ་ནས་ཡར་འབྲོག་གཉན་དུ་མ་མོ་སྒང་ཤར་སོགས་ཟབ་གཏེར་གྱི་བཀའ་བབས་པ་རཀྴག་ཆོས་འབར་ཞེས་བྱ་བར་སྐྱེ་བ་བཞེས་ཤིང་། དེ་དང་རགས་པར་དུས་མཚུངས་པའི་སྔ་ཕྱི་ཅི་རིགས་པར་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་དང་། ཞི་བྱེད་བཀའ་བབས་ཕྱི་མའི་ཚིག་བརྒྱུད་རྫོགས་པས་བཀའ་རྒྱ་བཀྲོལ་ཏེ་ཕྱོགས་ཀུན་ཏུ་རྒྱས་པའི་ཆུ་འགོ་ལྟ་བུ་རོག་བན་སྐུ་མཆེད་གསུམ་གྱི་འབྲིང་པོ་ཞིག་པོ་ཉི་མ་སེང་གེ་ཞེས་བྱ་བར་གྱུར་ཏེ། དེས་མངའ་བདག་ཉང་དང་མཇལ་བའི་ཚེ་མགུར་བཞེངས་པ་ལས་ཀྱང་། སྔོན་གྱི་མཐའ་འཁོབ་རྒྱལ་པོ་དེ། །དུས་དེང་སང་ཉང་ཆུང་རལ་པ་ཅན། །སྔོན་གྱི་སྒྲ་བསྒྱུར་ལོ་ཙཱ་བ། །དུས་དེང་སང་སྨྱོན་པ་ང་འདྲ་བྱུང་། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་རྡོར་གླིང་གི་ལུང་བྱང་ལས། སུམ་སྟོན་ཇོ་དར། བསྟན་པ་གཞུང་འཛིན། དགེ་བཤེས་ཉམས་བྲོ་ཞེས་གསུམ་སྣང་ཡང་གང་དུ་བྱོན་གྱི་ལོ་རྒྱུས་མ་མཐོང་ཞིང་མ་ཐོས་ལ། གཞན་གཙང་རུ་མཚམས་ཀྱི་གཏེར་ལ་དབང་བར་ལུང་བསྟན་པའི་གཏེར་སྟོན་བོན་པོ་ལྷ་འབུམ་དང་། ཟུར་པཀྴི་ཤཱཀ་འོད་དང་ཐོག་མཚུངས་པའི་གཏེར་སྟོན་ཡེ་ཤེས་ཁྱུང་གྲགས་སོགས་དང་། མཆོག་ལྡན་མགོན་པོའི་རྣམ་ཐར་དུ་གཏེར་སྟོན་སངས་རྒྱས་བླ་མ། རྒྱ་ལོ་ཙཱ་བ། ལྡང་མ་ལྷུན་རྒྱལ། གཡག་འཕྱར་སྔོན་པོ་སོགས་གཏེར་སྟོན་གྱི་སྐྱེ་བའི་ཕྲེང་བ་ཇི་སྙེད་པའང་སྣང་ངོ་། །དེ་དག་གི་འོག་ཏུ་ཞང་མཚལ་པའི་གདན་རབས་བཞི་པ་སངས་རྒྱས་འབུམ་དུ་འཁྲུངས་ཏེ་བླ་དཔོན་བྱེ་ནས་ཕྲིན་ལས་ཟུར་དུ་བསྐྱངས་པ་ལ་སྒོམ་སྡེ་བྱུང་བས་མཚལ་ཐང་སྒོམ་སྡེ་སྤྲུལ་སྐུར་གྲགས། དེའི་སྐྱེ་བ་དེ་མ་ཐག་པ་ནི་གཏེར་ཆེན་རྡོ་རྗེ་གླིང་པ་ཡིན་ཏེ་ཟབ་མོའི་གཏེར་ཁ་མང་དུ་ཐོན། དེ་ལས་ལོ་སོ་བརྒྱད་ཙམ་གྱིས་བགྲེས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞེས་གསང་བ་བླ་ན་མེད་པའི་རྒྱུད་ཐལ་འགྱུར་ལས། དེ་ནས་བློ་གྲོས་མཆོག་གིས་འཛིན། །ཞེས་ལུང་བསྟན་པའི་སྐྱེས་མཆོག་འགྲན་ཟླ་དང་བྲལ་བ་དེ་དང་། རང་བྱུང་རྡོ་རྗེ་དང་ཤ་གྲགས་སེང་གེའི་སློབ་མ་གཡག་སྡེ་པཎ་ཆེན་དང་། རྡོར་གླིང་


MLP003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོ་ཞེ་དྲུག་ཙམ་གྱིས་གཞོན་པར་འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ་དང་། དེ་དག་ལས་སྔ་ཕྱི་ཅི་རིགས་པར་བྱོན་པ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་དང་། བྲག་ཐོག་པ་བསོད་ནམས་བཟང་པོ། པཎ་ཆེན་འཇིགས་མེད་གྲགས་པ་སོགས་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་མང་དུ་བྱོན་ཏེ། དེ་རྣམས་ཀྱང་གདུལ་བྱའི་ཡུལ་ལ་སྨོན་ལམ་མཐུན་པར་འཇུག་པའི་སྐུའི་རྣམ་རོལ་ལོ། །རྡོར་གླིང་ཤིང་བྱ་ལ་གཤེགས་པའི་ལོ་བཅུ་གསུམ་པ་མེ་བྱ་དེ་ལ་ཀུན་སྐྱོང་གླིང་པར་སྐྱེ་སྲིད་བཟུང་སྟེ་ཟབ་ཕུ་ལུང་སོགས་ནས་གཏེར་ཁ་མང་དུ་ཐོན། དེའི་ཕྱི་མ་ལ་མདོ་སྔགས་གླིང་པའམ་སྤྲུལ་སྐུ་མཆོག་ལྡན་མགོན་པོར་སྐྱེ་བ་བཞེས་ནས་གཏེར་གྱི་རྟེན་འབྲེལ་མ་འགྲིགས་ཀྱང་ཕྲིན་ལས་རྒྱ་ཆེ། དེ་རྟིང་ཕྱི་མའི་དུས་ཀྱི་མཐའ་འདིར་ཡང་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བདེ་གཤེགས་སྙིང་པོའི་སེང་གེའི་སྒྲ་སྒྲོག་པར་མཛད་པ་པོ་རྗེ་བཙུན་སྒྲོལ་བའི་མགོན་པོ་ཞེས་བྱ་བར་འཁྲུངས་པའི་སྔོན་རབས་ཀྱང་གསལ་བར་སད་ཅིང་། རྗེ་བཙུན་དེ་ཡི་གསང་བའི་རྣམ་ཐར་དུ་ཡང་། སྐྱེ་བ་འདིའི་འོག་ཏུ་བོད་ཡུལ་འདིར། སྡེ་དཔོན་སྟོབས་ལྡན་ཞིག་དང་། དགེ་བཤེས་ཕྲིན་ལས་ཅན་ཞིག་སྟེ་གཉིས་ཡོང་། ཞེས་པའི་ཕྱི་མ་དེ་ཉིད་ཡིན་པར་སྣང་ལ། དེ་དང་ཐོག་མཚུངས་པར་སྤྲུལ་པའི་རྣམ་རོལ་གཞན་ཡང་སྔ་འགྱུར་བསྟན་པའི་གསལ་བྱེད་ལྡོང་སྟོན་བློ་གྲོས་རྒྱལ་མཚན་ཞེས་བྱ་བར་གྱུར་པའི་བག་ཆགས་ཀྱང་གསལ་བར་སད་ཅིང་། དེའི་འོག་ཏུ་ལྷོ་ནུབ་རྔ་ཡབ་གླིང་དུ་སྲིན་པོའི་རིགས་ལས་མཆོག་གི་དངོས་གྲུབ་འཕོ་བ་ཆེན་པོའི་སྐུ་བརྙེས་པ་ཆོས་ཀྱི་གོ་ཆ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཕྱི་མ་ལ། པདྨ་བཀའ་ཐང་ལས། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་ལྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་༔ གཏེར་སྟོན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་བསྟན་པའི་དོན་བཞིན་ད་ལྟའི་དུས་འདིར་ཡ་རབས་རྣམས་ངན་སྤྱོད་ལ་འཇུག་པས་དམངས་སུ་འབབས་པ་དང་། མ་རབས་རྣམས་ཆེན་པོའི་ལས་ལ་རང་ཤུགས་སུ་སྤྱོད་ཅིང་། ཆོས་པར་


MLP003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་པ་རྣམས་ཀྱང་ཆོས་ལོག་དྲི་མ་ཅན་ལ་ཁ་འཛིན་གྱིས་འཆད་ཉན་བྱེད་པ་སོགས་རང་རང་གི་ཆོས་ལུགས་ལས་ལྡོག་ཕྱོགས་སུ་སྤྱོད་པས་ཆོས་ལོག་དང་། ངང་ཚུལ་བཟང་པོས་ལུགས་ལྟར་མཐུན་པར་སྤྱོད་པ་རྣམས་ཚར་གཅོད་ཅིང་། མ་རུངས་པའི་སྐྱེ་བོ་གཡོ་སྒྱུས་ལོག་པར་སྤྱོད་པ་རྣམས་གཟེངས་བསྟོད་པ་སོགས་ལེགས་ཉེས་ཀྱི་སྟངས་འཆོལ་བར་གཅོད་པས་ཁྲིམས་རལ་བ་དང་། དམ་ཚིག་གཅིག་གིས་བསྡུས་པའི་དཔོན་སློབ་རྣམས་ལྟ་སྤྱོད་དང་འདོད་པ་མི་མཐུན་པས་འཁོན་རྩོད་ཀྱིས་དུས་འདའ་བ་སོགས་ཉམས་པའི་སྐྱེ་བོས་ཀུན་ཏུ་ཁྱབ་ཅིང་། དེ་ལྟ་བུའི་ངན་པའི་གྲགས་པས་ལྷ་དང་མི་ཡི་འཇིག་རྟེན་ཐམས་ཅད་མུན་ནག་སྟུག་པོས་ཁེབས་ཏེ། སྙིགས་མར་སྤྱོད་པའི་དུས་རྟགས་མངོན་དུ་གྱུར་པ་ནི་གཏེར་བདག་གླིང་པ་འབྱོན་པའི་དུས་ཡིན་པར་གསུངས་པ་ལྟར། དམུ་རྒོད་ཀྱི་གདུལ་བྱ་མ་རུངས་པ་རྣམས་ཐབས་ལ་མཁས་པའི་ཕྲིན་ལས་ཀྱིས་འདུལ་བའི་ཕྱིར། ཚད་མེད་པའི་ཐུགས་རྗེའི་བདག་ཉིད་ཆེན་པོ་འདི་ཉིད་དུ་སྐུ་འཕོས་པ་ཡིན་ཏེ། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱང་དེའི་འཕྲོས་ལས། ཁྱད་པར་སུམ་ཅུར་ཉེ་བ་ན༔ རྨུ་རྒོད་སྐྱེ་བོ་གདུལ་དཀའི་དུས༔ འདུལ་བྱེད་ཐབས་མཁས་ཐུགས་རྗེའི་བདག༔ ཐོག་བབས་ཚུལ་དུ་འབྱུང་བར་འགྱུར༔ ཞེས་གསུངས་སོ། །མདོར་ན་འཕགས་ཆེན་རྣམས་ཀྱི་མཛད་པ་གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་བརྙེས་པས་སྨོན་ལམ་རྫོགས་ནས་རང་གི་གདུལ་བྱ་རྣམས་སྒྲིབ་པ་དངོས་སུ་སྤང་རུང་དང་། གཉེན་པོ་དངོས་སུ་སྐྱེ་རུང་དུ་སྨིན་པར་མཛད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་མཛད་པའི་སྒོ་ནས། ཞིང་ཁམས་མཐའ་ཡས་མུ་མེད་པར་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ། གཅིག་ལས་དུ་མར་སྤྲོ་བ་དང་། དུ་མ་གཅིག་ཏུ་བསྡུ་བ་སོགས་དུས་སྐད་ཅིག་ལ་བདེ་སྟོང་འོད་གསལ་གྱི་སྣང་ཆ་མ་འགགས་པའི་རོལ་མོ་སྟོན་པར་མཛད་པའི་ཚུལ་ནི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྤྱན་མངའ་བ་རྣམས་ཀྱིས་མཁྱེན་པར་ཟད་མོད། བདག་ཅག་བྱིས་པ་རྣམས་ཀྱིས་བརྗོད་པར་མི་ནུས་ཤིང་སྨོས་མི་ལོང་བས་སྐུ་ཚེ་སྔ་མའི་ཕྲིན་ལས་དང་སྐྱེ་བ་བཟུང་བའི་ཚུལ་ཟུར་ཙམ་མོ། །


previousསྐུ་ཚེ་སྔ་མའི་ཕྲིན་ལས་དང་སྐྱེ་བ་བཟུང་བའི་ཚུལ།next