Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

6 occurrences of བྱམས་པ་གླིང་
[Clear Hits]


  
  
collapse section
  
collapse section
  
collapse section
  
  
  
  
  
  
collapse section
 
བུམ་དབང་གི་རྟོགས་པའི་ཉམས་མྱོང་ཐུགས་རྒྱུད་ལ་འཕེལ་བས་གཙོ་བོར་སྐུའི་འགྲོ་དོན་མཛད་ཚུལ།
  
 expand section
 
  
  
  
expand section
 
 


6 occurrences of བྱམས་པ་གླིང་
[Clear Hits]

 
previousབུམ་དབང་གི་རྟོགས་པའི་ཉམས་མྱོང་ཐུགས་རྒྱུད་ལ་འཕེལ་བས་གཙོ་བོར་སྐུའི་འགྲོ་དོན་མཛད་ཚུལ།next

བུམ་དབང་གི་རྟོགས་པའི་ཉམས་མྱོང་ཐུགས་རྒྱུད་ལ་འཕེལ་བས་གཙོ་བོར་སྐུའི་འགྲོ་དོན་མཛད་ཚུལ།

༈ བཞི་པ་དབང་བཞི་རྟོགས་པའི་ཉམས་མྱོང་ཐུགས་རྒྱུད་ལ་རིམ་པར་འཕེལ་བས་སྐལ་བ་དང་འཚམ་པའི་འགྲོ་དོན་མཛད་ཚུལ་ལ་བཞི་ལས། དང་པོ། བུམ་དབང་གི་རྟོགས་པའི་ཉམས་མྱོང་ཐུགས་རྒྱུད་ལ་འཕེལ་བས་གཙོ་བོར་སྐུའི་འགྲོ་དོན་མཛད་ཚུལ་ནི། དགུང་ལོ་བཅུ་པ་མྱོས་བྱེད་ཅེས་པ་ཤིང་མོ་ལུག་གི་ལོའི་སྟོན་ཡབ་རྗེ་གསང་བདག་ཆེན་པོ་ལ་བཀའ་བརྒྱད་བདེ་འདུས་ཀྱི་དབང་གསན་པ་ནས་བརྩམས་ཏེ། དགུང་ལོ་སོ་གཅིག་པ་མེ་འབྲུག་གི་ལོ་ཡན་ཆོད་དུ་སྔར་ཐུགས་རྒྱུད་ལ་དབང་གི་ས་བོན་ཐེབས་པ་བྱིན་རླབས་ནུས་པའི་སྟོབས་ཀྱིས་བུམ་དབང་གི་རྟོགས་པའི་ཉམས་མྱོང་རིམ་གྱིས་འཕེལ་ཏེ་ཡུལ་སྣང་ཐམས་ཅད་གསལ་སྟོང་མཉམ་པ་ཉིད་དུ་གཏན་ལ་ཕེབས་པ་ཤས་ཆེར་སྐུའི་འགྲོ་དོན་སྤྱོད་པའི་དུས་ཡིན་པའི་ཕྱིར། གཉིས་མེད་ཀྱི་དགོངས་པ་ལས་མ་གཡོས་བཞིན་དུ་སྐུའི་བཀོད་པ་རྣམ་པར་འཕྲུལ་པ་ཆེན་པོས་ཤོད་ཆེན་སྐྱི་ལུང་སོགས་དབུས་གཙང་གི་ཡུལ་ལྷོ་བྱང་ཐ་དད་པ་དུ་མར་ཆིབས་བསྐྱོད་དེ། ཡུལ་དང་གང་ཟག་རབ་འབྲིང་ཐ་གསུམ་གྱི་གནས་ལུགས་ལ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་མོ་རྒྱ་ཆེར་མཛད་ཅིང་། གཞན་ཕན་མཁའ་ཁྱབ་ཀྱི་ཐུགས་རྗེ་ཆེན་པོ་ལྷོངས་པའི་རྐྱེན་གྱིས། རིས་མེད་པའི་གདུལ་བྱ་མཐའ་ཡས་པས་སྐུའི་དཀྱིལ་འཁོར་བསོད་ནམས་ཀྱི་མིག་གིས་མཐོང་བ་ཙམ་དང་། དེ་ལ་བརྟེན་ནས་བསྟོད་བསྔགས་མཆོད་བཀུར་སོགས་འབྲེལ་པ་ཇི་ལྟར་ཐོགས་པ་ཀུན་གྱི་རྒྱུད་ལ་རྣམ་གྲོལ་གྱི་ས་བོན་བཞག་པས་འཁོར་བ་མཐའ་ཅན་ཏུ་མཛད་པ་སྟེ། དེ་ཡང་སྐུ་གཞོན་ནུའི་དུས་སུ། ཆོས་ཀྱི་གསན་པ་དང་སྒྲུབ་པ་མཛད་པའི་ཕྱིར་ཡུལ་གཞན་དུ་ཐེགས་པ་དང་། ཕྱིས་གདུལ་བྱ་དད་ཅན་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས་པ་སོགས་ཆེ་ལོང་ཙམ་སྔར་དུས་སྐབས་སོ་སོའི་ཐད་དུ་སྨོས་པར་མ་ཟད། ཐམས་ཅད་ནི་བརྗོད་ཀྱིའང་མི་ལང་བས་འདིར་གཙོ་ཆེ་བར་རགས་ཙམ་ཞིག་བརྗོད་ན། དགུང་ལོ་ཉེར་གཅིག་པ་མེ་སྟག་ཟླ་བ་དང་པོའི་འགོར་སྐྱི་ཤོད་དུ་ཐེགས་ཏེ། གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་ལྷ་མིའི་སྟོན་པ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྤྱན་སྔར་གཡའ་མ་ལུང་ནས་སྤྱན་དྲངས་པའི་གཏེར་རྫས་རྣམས་གཟིགས་འབུལ་མཛད་པ་ན་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཟབ་གཏེར་རྣམ་དག་ཏུ་མཁྱེན་ཏེ། ཤིན་ཏུ་དགྱེས་པའི་བཀའ་ལུང་ལྟར་གཏེར་རྫས་ཀྱིས་བཀའ་གཏད་འབུལ་བར་མཛད་པས་རྟེན་འབྲེལ་གྱི་སྒོ་དང་པོར་འགྲིགདེ་ནས་ས་སྤྲེལ་ལོ་ས་གའི་ཟླ་བ་ལ་གོང་མའི་ལུང་བཞིན་སྐྱི་ཤོད་དུ་ཐེགས་ཏེ། ལྷ་ལྡན་དཀྱིལ་འཁོར་ལྡིངས་སུ་སྐུ་ཚེའི་སྒྲུབ་པ་མཛད་པའི་སྐབས་ཤིགརང་བྱོན་ལྔ་ལྡན་ཐུགས་རྗེ་ཆེན་པོའི་སྐུ་འཛུམ་ཞིང་བཞད་པའི་གསུང་གིས་དབུགས་དབྱུང་བ་དང་བྱིན་གྱིས་བརླབས་པའི་མཚན་མ་ངོ་མཚར་བ་གཟིགས། ཟླ་བ་ལྔ་པའི་ཉེར་གཅིག་གི་ཉིན་ཕོ་བྲང་རྩེར་ཕེབས་ནས་རིམ་པར་གཏེར་གསར་གཤིན་རྗེ་གཤེད་དྲེགས་འཇོམས་དང་། རིག་འཛིན་ཐུགས་ཐིག་གི་དབང་ལུང་མན་ངག་དང་བཅས་པ། གཞན་ཡང་ཟླ་བ་གསུམ་དུ་ཉེ་བར་རྩེར་བཞུགས་ནས། མཁའ་འགྲོ་སྙིང་ཐིགཐེག་མཆོག་མཛོད། ཚེའི་དབང་བཀའ་སོགས་ཆོས་བཀའ་མང་དུ་འབུལ་བར་མཛད་ཅིང་། བཟང་ཡུལ་བཀྲ་ཤིས་སྟེང་སྐོར་གྱི་ས་ཆ་སྦྱོར་འཇག་དང་། འཕྲལ་གྱི་བསྙེན་བཀུར་གྱ་ནོམ་པ། ཕྱིར་ལམ་ཞབས་སྐྱེལ་གྱི་ཆེབས་དྲེལ་མི་སྣ་དང་བཅས་སྩལ་ཏེ། ཆུ་ཤུར་བརྒྱུད་རང་གནས་སུ་ཕྱིར་ཕེབས། མི་རིང་བར་གོང་མའི་ལུང་བཞིན། ཨེ་ཆོས་ལྡན་དུ་རཏྣའི་ཆོས་སྐོར་འགའ་དང་། གཉལ་དགོན་ཆུང་དུ་ཕྱག་རྡོར་སྙན་བརྒྱུད་གསན་དུ་ཐེགས། དེ་ནས་ས་བྱ་ཧོར་ཟླ་བརྒྱད་པའི་འགོར་གོང་ནས་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་སྐྱི་ཤོད་དུ་ཆིབས་བསྒྱུར་ཏེ། ཚེས་བཅུ་གཅིག་གི་ཉིན་ཕོ་བྲང་རྩེར་གོང་ཞབས་མཇལ་ཞིང་། དེ་ཉིན་ནས་བཟུང་ཞག་བཅུ་གཉིས་ཀྱི་ཁོངས་སུ། ཕྱག་རྡོར་སྙན་བརྒྱུད། མཛོད་བདུན། ངལ་གསོ་སྐོར་གསུམ་རྩ་འགྲེལ། ཟབ་མོ་ཡང་ཐིག་རྣམས་ཀྱི་ལུང་དང་། ཉི་ཤུ་གསུམ་ནས་འཕགས་པ་ལྷ་ཁང་དུ། པད་གླིང་དང་། རྡོར་གླིང་། རཏྣ་གླིང་པ་རྣམས་ཀྱི་གཏེར་ཆོས་དང་། ཕྱག་རྡོར་སྙན་བརྒྱུད་སོགས་གཙོ་བོར་གྱུར་པའི་དབང་བཀའ་ཆེ་བ་ཉིས་བརྒྱ་སྐོར་དང་། བྱིན་རླབས་དང་རྗེས་གནང་ཁ་ཤས་བཅས་ཞག་དགུའི་ཁོངས་སུ་རྫོགས་པར་འབུལ་བར་མཛད། དེ་སྐབས་སྙིང་ཐིག་གི་དབང་གི་དུས་སྤྲོས་བཅས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁར་འོད་ལྔའི་གུར་ཁྱིམ་ཡི་གེའི་འཁོར་ལོ་ཅན་རང་སྒྲ་སྒྲོག་པར་སྣང་བ་ལ་ཐུགས་རྩེ་གཅིག་ཏུ་འདྲེས་ཏེ། བདེ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་དུ་འབྱམས་པ་གཞན་རྐྱེན་གྱི་བརྡས་སད་པར་གྱུར། སད་ནས་ཀྱང་ཏིང་ངེ་འཛིན་གྱི་ཉམས་དེས་ཞག་ཁ་ཤས་འཚོ་བ་བྱུང་། སྡེ་སྲིད་བློ་བཟང་མཐུ་སྟོབས་ཁྲི་ཕེབས་ཀྱི་ཐུགས་གཡེང་ཆོད་ནས། སླར་ཡང་གོང་ཞབས་སུ་རྙིང་མ་རྒྱུད་འབུམ། པད་གླིང་དང་། རཏྣའི་གཏེར་ཆོས་ཆ་ཚང་དང་། རྡོར་གླིང་། སངས་རྒྱས་གླིང་པ། ལས་འཕྲོ་གླིང་པ། ཤེས་རབ་མེ་འབར་སོགས་ཀྱི་གཏེར་ཆོས་རགས་རིམ་བཅས་པོད་ཆེན་བརྒྱ་ལྷག་ཙམ་གྱི་ལུང་དང་། ཐུགས་ཐིག་གི་མྱོང་ཁྲིད་ཤིན་ཏུ་སྨིན་པ་རྣམས་འབུལ་བར་མཛད་ཅིང་། གོང་ཞབས་ཉིད་ཞབས་འབམ་བསྙུན་པའི་ཚུལ་བསྟན་པར་སྐུ་རིམ་དུ་དྲག་དམར་གྱི་གཏོར་བཟློག་སོགས་དང་། ཁྱད་པར་ཀླུའི་གདོན་འགྲོལ་ཞིག་འབུལ་བར་མཛད་པའི་ཚེ། གོང་ཞབས་ཉིད་ཀྱི་འོད་གསལ་གྱི་གཟིགས་སྣང་ལ། རང་གི་ཞབས་ལ་ཤོག་རིལ་ཡི་གེ་ཅན་སྣ་ཚོགས་ཀྱིས་དཀྲིས་འདུག་པ་གཞན་གྱིས་རིམ་པར་བཀྲོལ་སོང་བ་བྱུང་ཞིང་། དེ་དང་དུས་མཚུངས་པར་རྗེ་འདི་ཉིད་ཀྱི་གཟིགས་སྣང་ལ། རྗེ་རྒྱལ་བ་མཆོག་གི་ཞབས་སྦུབས་ཅན་རག་དུང་གི་དབྱིབས་འདྲ་བ་ནས་སྔགས་པ་ཞིག་གིས་སྦྲུལ་གཟུགས་ཕྱིར་དབྱུང་བ་བསྲེག་སྦྱངས་བྱས་པའི་མཚན་མ་བྱུང་བ་ལྟར་ནངས་པར་བསྙུན་གཞི་མེད་དུ་དྭངས་པས་ཐམས་ཅད་ཡ་མཚན་པར་གྱུར་ཅིང་། དེ་ལྟར་ཟླ་བ་བརྒྱད་ཀྱི་བར་རྩེར་བཞུགས་ཏེ་ཚུར་ཡང་ཆོས་བཀའ་ཅི་རིགས་གསན་ནས་ལྕགས་ཁྱི་ནག་ཟླའི་འགོར་ཕེབས་རྫོངས་ཀྱི་གནང་སྦྱིན་དང་ཞབས་སྐྱེལ་གྱི་བཀུར་ཟོས་བཅས་དར་གླིང་དུ་ཕེབས་ཏེ། ས་ག་ཟླ་བའི་ཚེས་བཅུའི་ཉིན། གོང་ས་མཆོག་ནས་ཆོས་གཞིས་གྲྭ་རྒྱུན་སོགས་མཐུན་རྐྱེན་ཐམས་ཅད་ལྷུག་པར་སྩལ་ཏེ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་གཙང་གསར་དུ་ཚུགས་པའི་ཐོ་བཙུན་རྣམས་ཀྱི་གཙུག་ཕུད་བཞེས་རྗེས། སྡེ་སྲིད་ལྷོ་ཁར་ཆིབས་བསྒྱུར་བའི་ཆིབས་བསུར་བྱ་སར་ཐེགས། དེ་དུས་ བྱམསགླིང་མཁན་པོ་ནུབ་སྒོ་སྟེང་ next hit་དང་འབེལ་གཏམ་མཛད་པས་སྤོབས་པ་བཅོམ། དེ་ནས་ཟླ་བ་ལྔ་པའི་ཚེས་ལྔ་ལ་གྲྭ་ཚང་གི་ཚོགས་འདུ་བཅའ་སྒྲིག་སོགས་གཏན་ལ་ཕེབས་ཏེ་རང་གཏེར་གབ་རྒྱ་ཅན་གྱི་ལུང་བྱང་ལས། ཁྱད་པར་གཡོ་རུ་གཙང་མའི་སར༔ འདི་ཉིད་སྒྲུབ་ཅིང་འཆད་པའི་སྡེ༔ ཚོམ་བུ་གཅིག་ཏུ་འདུས་པ་དག༔ བརྩོན་པས་བསྒྲུབ་ན་འགྲུབ་འགྱུར་ཞིང༔ མ་འོངས་བསྟན་པ་ཆེར་འཕེལ་ནས༔ བོད་ཀྱི་བདེ་སྐྱིད་དགུང་དུ་འདེགས༔ ཞེས་ལུང་བསྟན་པའི་དོན་བཞིན་བཤད་སྒྲུབ་ཀྱི་ཆུ་བོ་མ་ལུས་པ་འདུ་བའི་གནས་སུམ་ལྡན་རིག་པ་འཛིན་པའི་འདུས་སྡེ་འདི་ཉིད་མངོན་དུ་གྱུར་ཏོ། །ལྕགས་ཕག་ཧོར་ཟླ་བཞི་པའི་མཇུག་ཏུ་གོང་མའི་ལུང་བཞིན་ཕོ་བྲང་རྩེར་ཐེགས་ཏེ། ཉང་གཏེར་མཁའ་འགྲོ་ཆེན་མོའི་ཆོས་སྐོར་རྣམས་འབུལ་བར་མཛད་ཅིང་། ཞབས་ཅུང་ཟད་བསྙུན་པའི་སྐུ་རིམ་དུ། བྱད་མ་གདོན་འགྲོལ། གྲིབ་སེལ། བསུན་བཟློག་སོགས་གནང་བས་གཞི་མེད་དུ་དྭངས། ཚུར་ཡང་དབང་རྗེས་གནང་འགའ་ཞིག་གསན་ནས་རང་གནས་སུ་ཕྱིར་ཕེབས། དེ་ནས་གྲྭ་ཕྱི་དང་འཕྱོངས་རྒྱས་རྒྱ་སྨན་རྣམས་སུ་སྤྱན་དྲངས་པ་ལྟར་རིམ་པར་ཞབས་བཅགས་ནས་དད་ཅན་མང་པོའི་རེ་བ་སྐོང་བར་མཛད། ཁྲུམས་ཟླའི་ནང་དུ་ནུབ་གཅིག་མནལ་ལྟས་ལ། དམ་སྲི་འགོང་པོའི་ཆོ་འཕྲུལ་ཡ་ང་བས་སྡིགས་སུ་བྱུང་བ་ལ་གང་ཤར་རང་སེམས་ཀྱི་རྩལ་སྣང་གཞི་མེད་རྩ་བྲལ་དུ་ཐག་ཆོད་པས། མི་ང་ཇི་ལྟར་ཞན་ཡང་པདྨའི་སྲས། །སྣང་སྲིད་ལྷ་སྐུར་ཤེས་པ་ཕྱག་རྒྱའི་གནད། །ཅིར་སྣང་སེམས་སུ་ངེས་པས་གདོད་མའི་གཤིས། །འཕོ་འགྱུར༵་མེ༵ད་པའི་རང་རིག་རྡོ༵་རྗེ༵་ཡིན། །དེ་ལ་ཁྱོད་ལས་ངས་ཀྱང་གནོད་མི་ནུས། །ནུས་ན་སྨྲ་བསམ་བརྗོད་མེད་དོན་དེ་གང་། །དེ་བས་རང་སེམས་ཀུན་གཞི་མེ་ལོང་ལྟོས། །ཕཊ་ཅེས་གསུངས་པས་ཆོ་འཕྲུལ་གྱི་སྣང་བ་བརྗོད་མེད་ཀྱི་དབྱིངས་སུ་གྲོལ་ལོ། །དེ་སོགས་མཚན་ལམ་འཚུབ་པ་མང་དུ་བྱུང་བར། ཡང་བསྐྱར་གྱི་བརྟག་པ་མཛད་པའི་གཟིགས་སྣང་ལ། རི་རོང་ནགས་ཚལ་དམ་པོའི་རྩ་བ་འདམ་རྫབ་ཀྱིས་ཁེངས་པ་ལ་མི་མང་པོ་མི་ཐར་བཞིན་དུ་བརྒལ་ནས་འགྲོ་གྱིན་འདུག་པར། རི་སྐེད་དེ་ནས་སྐད་ཕྲ་ལ་སྙན་པ་ཞིག་གིས། ཁྱོད་རང་དེར་འགྲོ་དོན་མེད། འདིར་ཤོག་ཟེར་བ་ལྟར་འཛེགས་ནས་ཕེབས་པས། ཕུག་པ་ཞིག་ཏུ་བུད་མེད་རས་དཀར་གྱི་གོས་དང་རུས་རྒྱན་ཅན་ཐོད་པ་བསྣམས་པ་ཞིག་བཞུགས་འདུག་པ་ལ། ཁྱེད་སུ་ཡིན་གསུངས་པས། དེ་ན་རེ། ཨེ་མ་ང་ནི་མཁའ་སྤྱོད་ཌཱ་ཀིའི་གཙོ། །ཤེས་རབ་སྒྱུ་འཕྲུལ་བདུད་འདུལ་དྲག་མོ་རྩལ། །པདྨའི་གཟུངས་མ་མཁར་ཆེན་བཟའ་རུ་གྲགས། །མིང་པོ་ཁྱོད་ཀྱིས་མི་ཤེས་ནོངས་པས་ལེན། །ཞེས་གསུངས་བར་ཕྱག་མཛད་ནས་གསོལ་བ་བཏབ་པས། སྤྱི་སྒོས་ཀྱི་ལུང་བསྟན་མང་པོ་བཤད་པའི་མཐར། ཕྱག་གི་ཐོད་པ་ནས་ཆང་ཐིགས་པ་ཞིག་གནང་བྱུང་བ་བཞེས་པས། རྣམ་པར་མི་རྟོག་པའི་རང་གདངས་བདེ་བ་ཆེན་པོས་ཁྱབ་པའི་ངང་ལ་མནལ་སད། དེ་ནས་ཆུ་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོའི་འགོར། གོང་མའི་ལུང་བཞིན་ཕོ་བྲང་ཆེན་པོར་ཆིབས་བཏེག་སྟེ། ལོ་གཅིག་དང་ཟླ་བ་གསུམ་གྱི་ངོ་མཐོང་ཙམ་གྱི་བར་བཞུགས་ནས། གོང་ཞབས་སུ་ན་རག་དོང་སྤྲུགས་དང་ལེགས་ལྡན་གྱི་དབང་། ཕུར་པ་འབུམ་ནག་གི་ལུང་། ཐུགས་སྒྲུབ་ཀྱི་དབང་ལུང་སོགས་ཆོས་མང་དུ་འབུལ་བར་མཛད་ཅིང་། གཏོར་བཟློགསྐུ་ཚེའི་སྒྲུབ་པ། གདོན་འགྲོལ། བྱབ་ཁྲུས་སོགས་སྐུ་རིམ་ཡང་མང་པོ་མཛད། དེ་དུས་གོང་མ་ལྔ་པ་ཆེན་པོ་ལས་དག་སྣང་རྒྱ་ཅན་སྐོར་དང་། གསང་རྫོགས་སྒྲུབ་ཆེན་དང་འབྲེལ་བའི་རྩ་དབང་སྒྲུབ་དབང་། ཚེ་བདགཕུར་པ། འཇམ་དཔལ་རྫོགས་ཆེན་སོགས་རྙིང་མ་བཀའ་གཏེར་དང་། གསར་མའི་འཇིགས་བྱེད་ཀྱི་འཕྲུལ་འཁོར་སོགས་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་མཐའ་ཡས་པར་གསན་ཞིང་། གཞན་ཡང་ཞྭ་ལུ་མཁན་ཆེན་དང་། རྡོ་རྗེ་བྲག་རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ་སོགས་གསར་རྙིང་གི་བླ་མ་མང་པོར་ཆོས་ཕར་གནང་ཚུར་གསན་དང་། གོང་གི་ཞབས་རིང་ནང་མ་དང་གྲྭ་ཚང་ཆེན་མོ་བཅས་པར་ཡང་ཆོས་མང་དུ་སྩལ། དེ་དུས་རྒྱལ་ཟླའི་ཚེས་གསུམ་གྱི་ནུབ་འོད་གསལ་གྱི་གཟིགས་སྣང་ལ། བུད་མེད་གཞོན་ནུ་མ་དར་དཀར་གྱི་གོས་དང་དུང་ཕྲེང་གྱོན་པ་ལྕང་ལོ་ཅན་ཞིག་བརྟན་མ་ཁང་དུ་འོངས་ནས་ཕྱག་བྱས། རིན་པོ་ཆེའི་སོར་གདུབ་ཅིག་ཕུལ་ཏེ། བསྟན་སྲིད་སྤྱི་ཆགས་དང་བཟློག་ཐབས་ཀྱི་ལུང་བསྟན་མང་དུ་ཞུས་རྗེས་ཁྲུང་ཁྲུང་ལ་བཞོན་ནས་ནུབ་ཕྱོགས་སུ་སོང་བ་དང་། ཡང་སྐབས་ཤིག་ནམ་མཁའི་དབྱིངས་སུ་ཉི་མའི་དཀྱིལ་འཁོར་འདྲ་བ་དམར་ངམས་འོད་འཕྲོ་བའི་དབུས་སུ་གདོང་གི་བྱད་གསལ་བས། བསྟན་སྲིད་སྤྱི་དང་སྒོས་ཀྱི་ལུང་བསྟན་ཚིགས་སུ་བཅད་པའི་དབྱངས་ཀྱིས་གསལ་བར་བསྟན། ཟླ་བ་གསུམ་པའི་འགོར། གོང་ནས་རྫོངས་བའི་གནང་སྦྱིན་ཞབས་སྐྱེལ་བཅས་འཁོས་སུ་ཕེབས་པས་སྐམ་པ་ལ་དང་ལུམ་པའི་གྲུ་བརྒྱུད་ནས་བཟང་ཡུལ་གྲོང་གསར་དུ་ཕེབས། སླར་ཡང་ཟླ་བ་བཞི་པའི་འགོར། གོང་ནས་སྤྱན་འདྲེན་འབྱོར་བ་བཞིན་རྡོ་རྗེ་བྲག་བརྒྱུད་ཕོ་བྲང་རྩེར་ཕེབས། དེར་རྒྱལ་མཆོག་དམ་པ་ཅུང་ཟད་བསྙུན་པའི་ཚུལ་བསྟན་པའི་སྐུ་རིམ་དུ། གྲྭ་ཚང་ཆེན་མོའི་གྲྭ་པ་བསྙེན་སོང་རྣམས་ཀྱིས་འབྱུང་པོ་མཐར་བྱེད་ཀྱི་ཆོ་ག་མཛད་པའི་སློབ་དཔོན་དུ་ཞབས་བསྐྱོད་ཅིང་། དེའི་སང་ཉིན་ཕོ་བྲང་རྩེར། བརྒྱགས་བརྔན་དང་རྗེས་འབྲེལ་དུ་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུའི་བྱི་བྱད་དུ་ཞུགས་ཏེ། ལྷ་སྲིན་རྣམས་ལ་བཀའ་བསྒོ་དམ་བསྒྲགས་མཛད་པའི་ཚེ། སྡེ་བརྒྱད་དྲེགས་པ་མ་ལུས་པ་རང་རང་གི་དཔུང་དང་བཅས་འདུས་ནས་གུས་པས་བཀའ་ནོད་ཅིང་ལས་སྒྲུབ་པར་དམ་བཅས་པའི་རྣམ་འགྱུར་གསལ་བ་གཟིགས་པ་དང་། ཡང་གོང་མའི་ལུང་གིས་བསྐུལ་ཏེ། སྟོང་ཉིད་ཀྱི་རང་གདངས་སྙིང་རྗེ་ཆེན་པོའི་རྩལ་སྣང་བླ་མ་དྲག་པོ་གཏུམ་དྲག་འབར་བའི་སྐུར་བཞེངས་ནས་ཧོམ་མེའི་ལས་སྦྱོར་མཛད་པས་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་མཚན་རྒྱུའི་འབྱུང་པོ་མི་བསྲུན་པའི་རྐེ་ཞགས་པས་བཅིངས་ཏེ། དབང་མེད་དུ་འཁྲིད་ནས་བསྒྲལ་བཅོམ་ཞལ་དུ་སྟོབ་པ་མངོན་སུམ་དུ་གཟིགས་ཤིང་། དེ་དུས་སྨྲེ་སྔགས་འོ་དོད་ཀྱི་སྒྲ་དང་བསྲེགས་པའི་དྲི་མི་སྡུག་པ་སོགས་དེར་འཁོད་ཀུན་གྱིས་ཚོར་བ་བྱུང་། གཞན་ཡང་དྲག་པོའི་ཟོར་ལས་དང་བྱད་གདོན་འགྲོལ་བ་སོགས་སྐུ་རིམ་མཛད་པ་རྣམས་ལ་མཚན་ལྟས་ལེགས་པ་བྱུང་བ་ལྟར་གོང་གི་སྐུའང་གཞི་མེད་དུ་དྭངས། སྣྲོན་ཟླའི་ཚེས་གསུམ་གྱི་ཉིན་ལྷ་སའི་ཨེ་ཝཾ་དུ་ཕེབས་དུས་སྐད་ཅིག་དེར་གྲུབ་ཆེན་ནག་པོ་སྤྱོད་པ་རྣལ་འབྱོར་པའི་ཆ་བྱད་གཟི་མདངས་མཚུངས་པ་མེད་པས་བརྡའ་ཐབས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་པའི་ཚུལ་མངོན་སུམ་ལྟ་བུར་ཡུད་ཅིག་གསལ་བར་གཟིགས། དེ་ནས་ཧོར་ཟླ་དྲུག་པའི་འགོར་གོང་ཞབས་སུ་མཁའ་འགྲོ་ཆེན་མོའི་བྱིན་རླབས་དང་། ཡང་རྫོང་སྙིང་ཐིག་གི་དབང་ལེ་ཚན། མ་ཅིག་གི་གཅོད་ཁྲིད་དབང་ལུང་དང་བཅས་པ་འབུལ་བར་མཛད་ཅིང་། གྲྭ་གཙང་ཚོགས་ཆེན་དང་གོང་མའི་ཞབས་ཕྱི་ནང་མ། ཕ་བོང་ཁ་ཞལ་སྔ་ནས་སོགས་ལ་དབང་ལུང་མང་པོ་དང་། ལྷ་སར་སྡེ་སྲིད་བདག་མོར་བཅས་པར་ཡང་རྐྱེན་སེལ་གྱི་དབང་བྱིན་རླབས་སོགས་མཛད་ནས། གོང་ནས་ཞབས་བསྐྱེལ་བཅས་ཕྱིར་ཕེབས་ཀྱི་ཞོར་ལ། རྡོ་རྗེ་བྲག་ཏུ་མདོ་དབང་སོགས་གསན་ཞིང་། ཕར་ཡང་པད་གླིང་དྲག་དམར་ཐེམ་མེད་ཀྱི་དབང་སོགས་སྩལ་ནས། རིམ་པར་ཡང་རྫོང་དུ་ཐེགས་ཏེ་ཉེར་ལྔའི་ཉིན་ཚོགས་བརྒྱའི་གསུང་ཆོག་མཛད་པའི་ནུབ་མོ་གཟིགས་སྣང་ལ། དྭངས་ཤེལ་བརྩེགས་འདྲའི་མཐོན་མཐིང་རྡོའི་ཕུག་པ་བཀོད་ལེགས་སྒོ་དང་ཐེམ་སྐས་རིམ་པ་ཅན་གྱི་ནང་དུ་གནུབས་ཆེན་སྔགས་འཆང་གཟི་བརྗིད་ཅན། འཁོར་རྒྱ་བན་གཞོན་ནུ་དང་། བུད་མེད་མཛེས་མ་མོན་མོའི་ཆས་ཅན་གྱི་འཁོར་དང་བཅས་པ་བཞུགས་པས་ཕྱི་གཏེར་ཐོན་པའི་ཟབ་གནད་ཀྱི་རྟེན་འབྲེལ་བདུན་དང་། གཅུང་གི་སྒོས་ལུང་སོགས་འབྱུང་འགྱུར་གྱི་ལུང་བསྟན་མང་དུ་གསུངས་ཤིང་། ཁྱད་པར་ཕུག་པའི་སྒོ་ངོས་ཡང་མཐིང་ཞུན་ལྟ་བུའི་དྭངས་པ་ཟབ་དོན་རྣམས་གསེར་གྱི་ཡི་གེའི་ཕྲེང་བར་སྣང་བ་བཀླགས་པས། དེའི་དོན་རྣམས་ཞིབ་མོར་བཀྲོལ་ནས་བརྡའ་སྤྲོད་པའི་མཚན་ལམ་བྱུང་ཞིང་། མནལ་སད་ནས་ཀྱང་བདེ་ཆེན་ཡེ་ཤེས་ཀྱི་ཉམས་མ་འགགས་པའི་རྩལ་སྣང་ལས་ཟབ་དོན་དཀའ་གནད་མང་པོ་གོ་བའི་ངེས་ཤེས་ཐུགས་ལ་རྩོལ་མེད་དུ་འཆར་བ་བྱུང་། ནངས་པར་ཡང་ཁའི་གྲུ་བརྒྱུད་བཟང་ཡུལ་དུ་ཕྱགས་ཕེབས་ནས་ཟླ་གཅིག་བར་བཞུགས་ཏེ་དར་གླིང་དུ་ཕེབས། ཡང་གོང་ནས་བ་སོའི་ཌཱ་མ་རུ་དང་གོས་ཕྱི་ནང་གི་གནང་སྐྱེས་བཅས་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ལ་ཆིབས་བཏེག་སྟེ། ཕོ་བྲང་རྩེར་གོང་ཞབས་སུ་མཁའ་འགྲོ་གྲིབ་སེལ་སོགས་སྐུ་རིམ་འགའ་ཞིག་སྒྲུབ་པར་མཛད་དེ་དར་གླིང་དུ་ཕྱིར་ཕེབས་རྗེས། སླར་ཡང་སྡེ་སྲིད་རིན་པོ་ཆེ་སྐུ་བསྙུན་པའི་རྐྱེན་སེལ་དུ་སྤྱན་འདྲེན་གྱི་བཀའ་ཤོག་སྩལ་བ་ལྟར་མགོ་ཟླའི་འགོར་ཕོ་བྲང་ཆེན་པོར་ཐེགས་ཏེ་གོང་ཞབས་མཇལ། དེ་ནས་ལྷ་སར་ཕེབས་ཏེ་སྡེ་སྲིད་རིན་པོ་ཆེར་རྐྱེན་སེལ་གྱི་དབང་བྱིན་རླབས་འཆི་བསླུ་གདོན་འགྲོལ་སོགས་མཛད་པས་མི་རིང་བར་སྐུ་དྭངས་ཤིང་། རྩེར་གོང་ཞབས་སུའང་གྲིབ་སེལ། གདོན་འགྲོལ། འཆི་བསླུ་སོགས་དང་གྲྭ་ཚང་ལ་མཁའ་འགྲོ་གྲིབ་སེལ། དཔའ་གྲོར་ཞྭ་ལུ་མཁན་རིན་པོ་ཆེར་ལོཀྟྲིའི་རིག་གཏད་སོགས་དང་། སླར་ཡང་ཕོ་བྲང་རྩེར་འཇོམས་བྱེད་ཀྱི་གཏོར་བཟློག་ཅིག་མཛད། རྒྱལ་ཟླའི་ཚེས་གསུམ་གྱི་ནུབ་མོ་མཚན་ལམ་དུ་དཀོར་བདག་གི་ཆོ་འཕྲུལ་རྣམས་ཏིང་ངེ་འཛིན་གྱི་མཐུས་ཟིལ་གྱིས་མནན་ཞིང་། ཚེས་དྲུག་གི་ནུབ་མོ་མ་གཅིག་དཔལ་ལྷ་སོགས་བསྟན་སྲུང་དུ་མས་གུས་པས་བཏུད་དེ་དམ་ཚིག་ནོས་ནས། བོད་སྤྱི་དང་བྱེ་བྲག་གི་གནས་ཚུལ་ཐམས་ཅད་གསལ་པོར་སྟོན་པའི་འབྱུང་འགྱུར་གྱི་ལུང་བསྟན་ཕུལ་བ་ཕྱིས་འཆུག་པ་མེད་པ་ཐིག་ཕེབས་ལྟར་གྱུར། ཡང་ཚེས་བརྒྱད་ཀྱི་ནུབ་བསམ་ཡས་དབུ་རྩེ་བར་ཁང་གི་བཀོད་པ་མངོན་གསུམ་པ་བཞིན་ལས་ཡངས་ཤིང་ཆེར་འཕགས་པའི་གུང་དུ་བཀོད་ལེགས་ཀྱི་ཁྲི་གཉིས་གཤིབ་ལ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གཉིས་བཞུགས་པའི་འཁོར་དུ་རིག་འཛིན་རྣལ་འབྱོར་མང་པོས་བསྐོར་བའི་དབུས་སུ་ཕྲིན་ལས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་པ་ཇི་ལྟ་བ་བཞིན་ཕྱི་ནང་སྒྲིབ་མེད་དུ་གསལ་བར་ཕུར་པ་བཀའ་གཏེར་དགོངས་དོན་གཅིག་པའི་དབང་བླ་མ་གཉིས་ཀྱིས་མགྲིན་གཅིག་ཏུ་བསྐུར་ཞིང་སྔགས་རྒྱས་བྱིན་གྱིས་བརླབས་ཏེ་བཀའ་གཏད་མཛད་པའི་མཐར། བླ་མ་གཉིས་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་ཐམས་ཅད་འོད་སྔོན་པོར་ཞུ་བ་མཐིང་ཞུན་ལྟ་བུའི་ཐིག་ལེར་གྱུར་ནས་ཉིད་ཀྱི་སྐུ་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་ཀྱི་སྐུའང་ནམ་མཁའ་དང་ཁྲིག་གེ་འདྲེས་པས་སྤྲོས་བྲལ་སྟོང་ཉིད་ཀྱི་ངང་ལ་རེ་ཞིག་འདས་ཏེ་མནལ་སད། ཡང་དེའི་སང་ནུབ་འོད་གསལ་གྱི་སྣང་བ་ལ། བུད་མེད་གཞོན་ནུ་ཞིག་གིས་ལམ་སྣ་བྱས་ཏེ་ཕྱིར་ཕེབས་པས། རྡོ་སྐས་སྔོན་པོ་ཞིག་འཛེགས་པའི་སྟེང་ན་ཕྱི་ཁང་བརྩེགས་ཀྱི་རྣམ་པ་ལ་ནང་གི་སྦུབས་བྲག་ཕུག་ཏུ་འདུག་པའི་དབུས་སུ་རྡོ་ལེབ་དཀར་པོ་གྲུ་བཞི་པའི་ཁར་ཀྲིཥྞ་ས་རའི་པགས་པ་བཏིང་བའི་སྟན་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད་ཕྱག་གཡས་གཞོན་ནུ་མའི་དཔུང་པར་བཀལ་ཞིང་། གཡོན་སྦ་འཁར་བཟུང་བ། དེའི་གཡོན་ངོས་ཀྱི་བྲག་ཐེམ་ལ་འཛེགས་པའི་བྲག་གི་བྱ་སྐྱིབས་ཀྱི་མདུན་དུ་ལྗོན་ཤིང་སྡོང་པོའི་དྲུང་ན་བི་མ་ལ་མི་ཏྲ་རྒྱ་གར་པཎ་ཆེན་དང་། བཻ་རོ་ཙ་ན་བོད་བཙུན་གྱི་ཆས་ཅན། བུད་མེད་ཨཾ་རག་རུས་རྒྱན་ཅན་གཅིག་རྣམས་བཞུགས་འདུག་པར་གུས་འདུད་མཛད་པས། བི་མ་ལས། འདུ་འཛིའི་སྤྲོས་པ་ཀུན་ཆོད་སྒོ་གསུམ་པོ། །ཡང་དག་སྒྱུ་འཕྲུལ་འཁོར་ལོའི་ཕྱག་རྒྱས་ཆིངས། །རིག་པ་བཙོན་བཟུང་འཛིན་པའི་སྲོག་རྩ་ཆོད། །རླུང་སེམས་དྷཱུ་ཏིར་འདྲེས་ནས་ཟད་པའི་མཐའ། །ནམ་མཁའི་ལམ་དུ་ཉི་མའི་འོད་བཞིན་འཆར། །ཞེས་ཟབ་མོའི་གནད་ཀྱིས་གདམས་ཤིང་བསྟན་སྲིད་སྤྱི་དང་སྒོས་རྗེ་ཉིད་རང་གི་འབྱུང་འགྱུར་བླང་དོར་གྱི་ལུང་བསྟན་དུ་མ་བཤད། ཡང་སྐས་དེ་བབས་ནས་ཕེབས་པས། སྲོང་བཙན་གྱིས་བོད་སྤྱིའི་བླང་དོར་གྱི་ལུང་བསྟན་གསུངས་ནས་མཐར་སྔར་གྱི་འཆར་སྒོ་དེ་རྣམས་ཐང་ཁའི་རི་མོ་ལྟ་བུར་སོང་བའི་མོད་ལ་མནལ་སད། ཡང་དེའི་སང་ནུབ་གསུང་གི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་གྱིས་རང་གཟུགས་ཆོ་འཕྲུལ་གྱི་བཀོད་པ་སྣ་ཚོགས་དང་བཅས་བསྟན་ནས་བླང་དོར་གྱི་ལུང་བསྟན་དང་ཕྲིན་ལས་སྒྲུབ་པར་དམ་ཚིག་ནོས། ཚེས་བཅོ་བརྒྱད་ཀྱི་ཉིན་གོང་ཞབས་སུ་གཏེར་གསར་གཤིན་རྗེ་གཤེད་ཀྱི་དབང་དང་ཚེ་དབང་འབུལ་བར་མཛད་པའི་ཚེ། རྒྱལ་མཆོག་དམ་པར་གཟིགས་སྣང་ཁྱད་པར་ཅན་བྱུང་བ་ནི། དཔལ་བེའུའི་རྒྱ་ཅན་ལས། དྲིན་ཅན་རྩ་བའི་བླ་མ་སྤྲུལ་པའི་སྐུ་མཆོག་ཆོས་རྒྱལ་གཏེར་བདག་གླིང་པའི་དྲུང་ནས་སུ་གཏེར་གསར་འཇམ་དཔལ་གཤིན་རྗེ་གཤེད་པོ་དྲེགས་པ་འཇོམས་བྱེད་ཀྱི་དབང་ཡང་བསྐྱར་གྱི་ཚུལ་དུ་ཞུས་པའི་ཚེ། བྱིན་འབེབས་ཀྱི་སྐབས་བསྐྱེད་རིམ་གྱི་གསལ་སྣང་ཤིན་ཏུ་ཆེ་ཞིང་། ཁྱད་པར་རྩ་བའི་ཞལ་རེག་མཐོང་ལྟ་བུ་དང་། བུམ་དབང་དུས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྟེན་བརྟེན་པ་ཐམས་ཅད་ཤིན་ཏུ་གསལ་བ་དེ་འདྲ་སྔོན་ཆད་ཡོང་མ་མྱོང་། གཏེར་གསར་ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་བུམ་གྱི་བྱིན་རླབས་སྐབས། རྡོ་རྗེ་སློབ་དཔོན་ད་ལྟའི་སྐུའི་སྣང་བ་ཇི་ལྟ་བ་དྭངས་ཤེལ་གྱི་ངོས་འཇའ་ཚོན་ཤར་བ་ལྟ་བུའི་ནང་དུ་སློབ་དཔོན་ཆེན་པོ་ཟ་ཧོར་མའི་གཡས་སུ་ལྷ་ལྕམ་ལྷ་མོའི་ཆ་བྱད་དང་། གཡོན་དུ་མཁར་ཆེན་བཟའ་རྣལ་འབྱོར་མའི་ཆ་ལུགས་ཅན། མདུན་དུ་ལོ་ཆེན་བཻ་རོ་ཙ་ན་གསང་གོས་སྔོན་པོའི་སྟེང་དུ་ཆོས་གོས་དང་པཎ་ཞུ་དམར་པོའི་ལྡེམ་ཡར་སློག་ཕྱག་གཡས་སྡིགས་མཛུབ་ཀྱི་རྩེ་ལས་ཐོག་འཕེན་པའི་རྣམ་པ་ཅན། གཡོན་དཀུར་བརྟེན་པ། སྟག་ལྤགས་ཀྱི་སྟན་ལ་བཞུགས་པ་གསལ་ཞིང་། ཚེ་ཆང་གནང་བའི་དུས་མཚོ་རྒྱལ་གྱི་ཕྱག་གི་ཐོད་པ་ལས་བདུད་རྩི་བབས་ཏེ་ཚེ་ཆང་གི་བདུད་རྩི་ལ་འདྲེས། ཚེ་མདའི་རྒྱས་གདབ་ཀྱི་ཚེ། སྙིང་གར་རྟ་མགྲིན་ཡང་གསང་ཁྲོས་པ་ཞལ་གསུམ་ཕྱག་དྲུག་པར་གསལ་བའི་སྐུ་ལས་འཕྲོས་པའི་མེས་རྩ་ནང་བརྒྱུད་དེ་རྩ་སྒོ་ནས་ཡར་མེ་ལྕེའི་རྩེ་ལ་སྡིག་པའི་ཚྭ་ཚྭ་འཕྲོ་བའི་ཉམས་ཤར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་གཞན་ཡང་པད་དཀར་རྒྱ་ཅན་དུ། གནས་བཞི་ནས་ༀ་ཨཱཿཧཱུྃ་ཧྲཱིཿབཞིའི་ཡི་གེའི་འཕྲོ་འདུས་དབང་བཞི་འགའ་ཞིག་ལ་བསྐུར། དེའི་རྐྱེན་གྱིས་ཆོས་རྒྱལ་གཏེར་བདག་གླིང་པ་ཐོད་ཕྲེང་རྩལ་དུ་སོང་། དེའང་ཟ་ཧོར་མར་གནས་འགྱུར། ཞེས་དང་། དུང་དཀར་རྒྱ་ཅན་དུ། གཏེར་བདག་གླིང་པ་ད་ལྟའི་སྐུའི་ཆ་ལུགས་ཇི་ལྟ་བ་སྐྱིལ་ཀྲུང་གིས་བཞུགས་པའི་དབུ་སྐྲ་ཐོར་ཚུགས་ཞྭ་མེད་ཞལ་མདངས་དཀར་ཞིང་སྤྱན་ཧུ་རེ་གཟིགས་པ། དེའི་ངང་ནས་སློབ་དཔོན་ཟ་ཧོར་མ་རྡོ་རྗེ་འཆང་དུ་གནས་འགྱུར། ཞེས་དང་། དེ་ནས་མཚན་བརྒྱད་སོགས་བླ་མ་བརྒྱུད་པ་ཁྲོམ་ཚོགས་སུ་རམ་རམ་གསལ་ཞིང་། དེའི་ནང་ནས་གཏེར་བདག་གླིང་པ་ཞལ་དཀྱིལ་ཤིན་ཏུ་གསལ་ཞིང་ཞལ་འཛུམ་པ་ཚེམས་དཀར་པོ་སྐྱ་ཁྲིག་གེ་བ་གསལ་བ་ཤར། ཞེས་དང་། རྒྱལ་མཚན་གྱི་རྒྱ་ཅན་དུ། དེ་ནས་ཇོ་མོ་དང་མཉམ་དུ་གཏེར་བདག་གླིང་པ་ད་ལྟའི་སྐུའི་རྣམ་པ་ཅན་བྱོན། ཇོ་མོའི་ཞལ་ནས། ཆོས་རྣམས་ཀ་ནས་དག་པ་སྟེ། །གཞི་གདོད་མ་གནས་ལུགས་ཆོས་སྐུ་ཡིན། །ཕྱི་དབྱིངས་ཀྱི་སྣ་ཚོགས་ཤར་བ་རྣམས། །དེ་གཏད་མེད་ཟང་ཐལ་ལོངས་སྐུ་ཡིན། །ལར་རྟོག་པའི་འཕྲོ་འདུ་གང་ཤར་བ། །དེ་རང་ངོ་འཕྲོད་པ་སྤྲུལ་སྐུ་ཡིན། །ཞེས་གསུངས་པའི་མུས་ལ་འོད་ཟེར་ཞིག་འཕྲོས་པས་རྐྱེན་བྱས་མདུན་གྱི་བླ་མ་རྣམས་རང་གི་སྙིང་དབུས་སུ་འཇའ་ཤེལ་ལྟ་བུའི་ཁ་དོག་ལྔ་པ་སོར་གང་ཙམ་ཞིག་གསལ་སིང་ངེ་བའི་ཉམས་ཤར། ཞེས་དང་། གསེར་ཉའི་རྒྱ་ཅན་ཏུ། ཟུར་ཆེན་དང་གཏེར་བདག་གླིང་པ་གཉིས་ཀྱི་སྐུལ་ཚིག་སྐབས་ཞལ་དཀར་ཞིང་འཛུམ་པ་ཙམ་ལས་འདི་ཡིན་མ་བྱུང་། ཞེས་དང་། ཤྭ་ནའི་རྒྱ་ཅན་ཏུ། བྱ་གླང་སྦྲུལ་དང་ཁྱི་ལོ་པ། །བྱང་དང་ཤར་དང་ལྷ་ོཕྱོགས་འབྱུང་། །ཁྱད་པར་གོས་དཀར་ལྕང་ལོ་ཅན། །ན་ཚོད་ཡར་རྒན་མི་ཞིག་དང་། །ཐོག་མར་རྟེན་འབྲེལ་འགྲིག་ན་ཤིས། །ཞེས་པ་ལ་སོགས་པས་མཚོན་ཏེ་དག་པའི་གཟིགས་སྣང་སྔ་ཕྱིར་དུ་མ་སྣང་ནའང་ཐམས་ཅད་བརྗོད་པར་མ་ནུས་སོ། །ཟླ་མཇུག་དེར་གོང་ནས་གནང་སྦྱིན་ཞབས་སྐྱེལ་བཅས་དར་གླིང་དུ་ཕྱིར་ཕེབས། ཡང་ཤིང་སྟག་ནག་ཟླའི་མཇུག་ལ་གོང་མའི་ལུང་བཞིན་ཕོ་བྲང་ཆེན་པོར་ཐེགས་ཏེ། ཟླ་གཅིག་ལྷག་ཙམ་བཞུགས་ནས། གོང་ཞབས་སུ་འཇོམས་བྱེད་ལ་སོགས་པའི་དབང་དང་། བར་ཆད་ལམ་སེལ་གྱི་ལུང་སོགས་ཆོས་བཀའ་ཅི་རིགས་འབུལ་བར་མཛད་ཅིང་། བྱད་འགྲོལ། གདོན་འགྲོལ། བྱབ་ཁྲུས། འཆི་བསླུ། མཁའ་འགྲོ་གྲིབ་སེལ། བསུན་བཟློག་དང་འབྲེལ་བའི་ཞབས་བརྟན། དྲག་དམར་གྱི་སྒྲུབ་པ་སྔོན་འགྲོའི་སྲེག་འཕང་། འཇོམས་བྱེད་ཀྱི་གཏོར་བཟློགཀླུ་ཆོག་སོགས་སྐུ་རིམ་ཇི་སྙེད་པ་དང་། སྡེ་སྲིད་བདག་མོ་ཡུམ་སྲས་བཅས་པར་ཡང་དབང་བྱིན་རླབས་སོགས་འགྲོ་དོན་ཅི་རིགས་མཛད། ཉེར་བཞིའི་ཉིན་རྗེ་འདི་པར་སྡེ་སྲིད་རིན་པོ་ཆེ་ནས་ཞབས་བརྟན་གྱིི་གསོལ་འདེབས་བསྒྲུབས་ཤིང་། ཉེར་ལྔ་ལ་ཆིབས་བཏེག་པའི་ལམ་ཞོར་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་རྣམ་རྒྱལ་སྒང་དུ་བཞུགས་སྒར་གྱི་སར་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ། ཚེ་རྟའི་དབང་ཞུས་ཤིང་། རིམ་པར་ལུམ་པའི་གྲུ་བརྒྱུད་དར་གླིང་དུ་ཕེབས་ནས་གྲྭ་ཚང་དུ་ཕུར་པ་སྤུ་གྲིའི་ཚོགས་སྒྲུབ་དང་། ན་རག་དོང་སྤྲུགས་ཀྱི་ཆོ་གའང་འཛུག་པར་མཛད། ཆུ་སྟོད་ཟླ་བའི་ཉི་ཤུའི་ནུབ་འོད་གསལ་གྱི་གཟིགས་སྣང་ལ་མཁའ་ལྡིང་ལ་ཆིབས་ཏེ་ནམ་མཁའི་དབྱིངས་ལ་ཕེབས་པ་ལས། རིན་པོ་ཆེའི་རི་དབང་དབྱིབས་ལེགས་ལྷུན་ཆགས་པ་ནགས་ཚལ་མེ་ཏོག་ཆུ་མཚོས་བསྐོར་བར་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་བལྟ་བས་མི་ངོམས་པ་ན། གནོད་སྦྱིན་གྱི་དབང་པོ་འཁོར་དང་བཅས་པའི་ངོ་མཚར་བཀོད་པ་བསམ་གྱིས་མི་ཁྱབ་པ་གཟིགས་ནས། སླར་ཡང་ཤར་ཕྱོགས་ཀྱི་ནམ་མཁའ་ལ་འཕུར་ཏེ་སོང་བའི་སྒྲས་ཁོར་ཡུག་ཀུན་གཡོ་བ་སྙམ་བྱེད་པའི་རྐྱེན་གྱིས་ས་གཞིར་འཁོད་པའི་འགྲོ་བ་སྣ་ཚོགས་པས་རྗེ་ཉིད་རང་ལ་དད་གུས་ཆེན་པོས་མཆོད་བསྟོད་སྲི་ཞུ་འབུལ་བ་གཟིགས། དེ་ནས་ལྷོ་བྲག་བོན་པོ། མོད་མཁར། མོན་གྱི་ཆུ་འགོ་རོང་། མཚོ་སྣ། ཤ་འུག་སོགས་སུ་རིམ་གྱིས་ཕེབས་ཏེ། དེ་དག་ཀུན་ཏུ་དབང་བྱིན་རླབས་སོགས་ཀྱིས་མོན་བོད་ཀྱི་དད་ཅན་མང་པོར་ཐར་པའི་ལམ་ལ་ས་བོན་བཞག་ནས་དབུས་སུ་ཕེབས། ཤིང་ཡོས་མཆུ་ཟླའི་འགོར་བྲག་དམར་མཆིམས་ཕུའི་དབེན་རིར་ཐེགས་ཏེ། སྐུ་མཚམས་ཀྱི་བཅད་རྒྱར་བཞུགས་པ་ན། གོང་ནས་བཀའ་ཤོག་ཕེབས་པ་ལྟར་ཟླ་མཇུག་ལ་སྐུ་མཚམས་གྲོལ་ནས་ཕོ་བྲང་རྩེར་ཕེབས་ཏེ་གོང་ཞབས་མཇལ། དེ་ནས་སྡེ་སྲིད་ཤུན་དུ་དམ་རྩིར་བཞུགས་པའི་སར་ཐེགས་ཏེ་ཐུགས་གསོ་ཞིང་དབུགས་དབྱུང་བའི་ཞུ་བ་དང་སླར་རྩེར་གོང་ཞབས་སུ་སྡེ་སྲིད་རིན་པོ་ཆེའི་སྙན་འབུལ་རྣམས་གསོལ་ཞིང་། སྐུ་ངོའི་ཞུ་བ་དངོས་བརྒྱུད་དུ་མ་ནས་འབུལ་བར་མཛད་པས་བཀའ་བཞེས་བཟང་པོ་བྱུང་བ་ལྟར་མི་རིང་བར་དགོངས་པ་གྲོལ། དེ་དུས་ཕོ་བྲང་རྩེར་གུ་དྲག་གི་གཏོར་བཟློག་དང་ཧོམ་མེའི་ལས་སྦྱོར། གཤིན་རྗེ་དྲེགས་འཇོམས་ཀྱི་གཏོར་བཟློག་དང་མནན་པ། གནས་ཆུང་ལྕོག་ལ་གྲིབ་སེལ། ཕུར་པའི་སྒོ་ནས་དམ་སྲི་མ་རུངས་པ་ལ་སྲེག་པའི་ལས་སྦྱོར། གཞན་ཡང་གོང་དུ་བྱབ་ཁྲུས་གྲིབ་སེལ། འཆི་བསླུ་བསུན་བཟློག་རྣམས་ཀྱི་སྐུ་རིམ་མཛད། སྡེ་སྲིད་བློ་བཟང་སྦྱིན་པ་ཁྲི་ཕེབས་ཀྱི་ཐུགས་གཡེང་རྣམས་ཆོད་ནས། གོང་ཞབས་སུ་སྤྱི་མདོ་དགོངས་འདུས། མགོན་པོ་གཡུལ་བཟློགགཟའ་བཅོས་རིན་ཆེན་ཕྲེང་བ་རྣམས་ཀྱི་ལུང་། རཏྣའི་དྲག་དམར་གྱི་དབང་ལུང་། འཆི་མེད་འོད་སྣང་དང་། ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་སོགས་ཆོས་བཀའ་མང་པོ་འབུལ་བར་མཛད་ཅིང་། སྐུ་ཞབས་གྲྭ་ཚང་སོགས་ཚོགས་ཆེན་དང་གྲྭ་པ་དོན་གཉེར་ཅན་སོ་སོ། རྩེའི་ཞམ་རིང་ནང་མ་འགའ་རེ་བཅས་པར་དབང་ལུང་མན་ངག་མང་པོ་དང་། བཤེས་གཉེན་འགའ་ལ་ཆོས་ཚུར་གསན་ཕར་གནང་སོགས་མཛད། དེ་དུས་གཟིགས་སྣང་གི་དོན་བཞིན་འཇོམས་བྱེད་ཀྱི་སྐུ་དང་ཡུལ་འཁོར་སྲུང་གི་སྐུ་བརྙན་ལ་གོང་མའི་ལུང་ལྟར་རབ་གནས་གནང་བའི་ཚེ། འཆི་བདག་ལས་ཀྱི་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་སོགས་དྲེགས་པའི་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ་དམག་གི་ཁྲོམ་ལྟ་བུར་ལྷགས་པ་ན། རྗེ་ཉིད་རིག་རྩལ་གཉེན་པོའི་ལྷ་དུས་དགྲའི་དབང་པོར་ཤར་བའི་སྙེམས་པས་ཟིལ་གྱིས་མནན་ཞིང་བཀའ་བསྒོས་པས་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་དམ་ནོད་པའི་གསལ་སྣང་ཡུད་ཅིག་ཏུ་ཤར་གསུང་། ཟླ་བ་བཅུ་པའི་འགོར་གོང་ནས་ཞབས་སྐྱེལ་སོགས་མཐུན་རྐྱེན་འཛོམ་པས་ཕྱིར་ཕེབས་ཀྱི་ལམ་ཞོར་འགག་གྲོང་དུ་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་སྤྱན་དྲངས་ཏེ། གཏེར་གསར་གཤིན་རྗེ་གཤེད་ཀྱི་དབང་ལུང་དང་། ཞབས་ཕྱིར་ལྷ་ཁང་གི་ཡུམ་སྲས་ལྔ་དང་བཅས་པས་ཐུགས་ཐིག་གི་དབང་ལུང་རྣམས་གསན་ཞིང་། རིམ་པར་དར་གླིང་དུ་ཕེབས། དེ་དུས་འདུམ་པོར་མེས་པོ་དོན་འགྲུབ་དབང་རྒྱལ་སྐུ་གཤེགས་པའི་སྒྲིབ་སྦྱོང་གསལ་འདེབས་མཛད་པའི་ནུབ་མོ་འོད་གསལ་གྱི་གཟིགས་སྣང་ལ། མེས་པོ་ཉིད་རྡོ་རྗེ་རྣལ་འབྱོར་མ་མི་མོའི་རྣམ་པ་ཅན་གྱིས་མཁའ་སྤྱོད་ཀྱི་གནས་སུ་བདེ་བར་ཁྲིད་པ་གཟིགས། སླར་ཡང་མེས་པོའི་ནང་རྟེན་རབ་གནས་ལ་སྤྱན་དྲངས། དེའི་ཚེ་སྔ་སོར་གོང་ཞབས་མཆོག་ནས་གདན་སའི་གཞིར་གྲྭ་ཕྱི་འབྲས་ཀྱི་ཕུ་ཐར་པ་གླིང་གི་དགོན་པ་ལྷ་འབངས་དང་བཅས་པ་སྩལ་བ་ལྟར། མགོ་ཟླའི་ཚེས་ལྔ་ལ་ཟླུམ་པོ་ནས་ལམ་བསྐྱང་སྟེ་རྗེ་ཉིད་གྲྭ་ཚང་དང་བཅས་ཐབས་ཅིག་ཏུ་བཏེག་ནས། དེ་ནུབ་ཆིབས་རགས་རྣམས་ལྡིང་པོ་ཆེར་སྤྱན་དྲངས་ཏེ་བཀུར་སྟི་ཆེན་པོས་མཆོད། ནངས་པར་ཚེས་དྲུག་གི་ཉིན་དཀར་ཕྱོགས་ལ་དགའ་བའི་ཡུལ་བདག་རྣམས་ཀྱིས་ངོ་མཚར་བའི་ལྟས་མངོན་དུ་གྱུར་པའི་སྣང་བ་སོགས་ལྷ་མི་ཀུན་གྱིས་བསུ་བའི་བཀོད་པ་དང་བཅས་པས་མདུན་བསྟར་ཏེ་ཐར་པ་གླིང་དུ་ཕེབས། དེར་ཚེས་བཅུའི་ནུབ་མནལ་ལམ་དུ་དགོན་པའི་རྒྱབ་རིའི་རྩེ་མོར་རྣམ་པར་བཀྲ་བའི་གདུགས་ཆེན་པོ་འཁོར་བ་དང་། གཡས་གཡོན་གྱི་རི་རྩེར་རྒྱལ་མཚན་ཆེན་པོ་རེ་བཙུགས་འདུག་པའི་བར་རྣམས་དར་སྣ་ཚོགས་ཀྱི་ལྡ་ལྡི་དང་། ཆུན་འཕྱངས་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་བྲེས་པའི་བར་ཐམས་ཅད་རྔ་ཡབ་དང་དྲིལ་གཡེར་དཔྱངས་པ་ལས་སྒྲ་སྙན་པར་སྒྲོག་པ། ཉེ་འདབས་ཀྱི་ས་གཞི་ཐམས་ཅད་ཀྱང་ཁོད་སྙོམས་པ་ལ་མེ་ཏོག་སྣ་ཚོགས་ཀྱི་ཚལ་བཀྲ་བ་ལས་འོད་ཟེར་ཉི་མ་ལྟར་འབར་བས་ནམ་མཁའི་མདངས་འགྱུར་བ། བར་སྣང་འཁོར་ཡུག་ཐམས་ཅད་འཇའ་ཚོན་དང་ཆུ་འཛིན་གྱིས་མཛེས་པར་བྲེས་པ་ལས་མེ་ཏོག་གི་ཆར་ཟིམ་འབེབས་པ། བྱ་དང་རི་དྭགས་མི་དང་མི་མ་ཡིན་པ་སོགས་མཛེས་སྡུག་ཅན་བདེ་ཞིང་སྐྱིད་པའི་རྣམ་འགྱུར་བག་ཕེབས་པར་སྤྱོད་པ། ནམ་མཁའི་དབྱིངས་ནས་འཇའ་ཚོན་གྱི་གུར་ཁྱིམ་ཕུབ་པའི་དབུས་སུ། སློབ་དཔོན་ཆེན་པོ་པདྨའི་སྐུའི་སྣང་བརྙན་གསལ་ཉམས་ཧ་ཅང་མི་ཆེ་བ་ལས་འོད་ཟེར་མུ་མེད་པར་འཕྲོ་བས་སྒྲིབ་པ་ལྟ་བུར་བཞུགས་པ་ལ་ཤིན་ཏུ་དད་པའི་གདུང་ཤུགས་དྲག་པོས་གསོལ་འདེབས་མཛད་པ་ན། ལྷོ་རིའི་རྒྱལ་མཚན་གྱི་རྩ་བར་བུད་མེད་རབ་བྱུང་ཆས་མཛེས་ཆགས་ཀྱི་ཉམས་འགྱུར་གཡོ་བས། ཕྲ་ཞིང་སྙན་པའི་སྐད་གདངས་ཀྱིས་ཞིང་འདི་ནི་ངོ་མཚར་དཔལ་གྱི་ཞིང་། །གནས་འདི་ནི་བདེ་ལྡན་པདྨ་འོད། མགོན་འདི་ནི་འགྲོ་འདུལ་པདྨ་རྩལ། །འཁོར་དག་པ་ཞིང་སྐྱེས་མཁའ་འགྲོའི་ཚོགས། །ཆོས་ཐེག་མཆོག་ལམ་གྱི་མྱུར་ལམ་ཡིན། །ལས་སྐལ་བ་བཟང་ངམ་མི་བཟང་ཡང་། །དུས་ལན་གཅིག་འབྲེལ་ན་དོན་ལྡན་ཡིན། །དེ་གོའམ་ཆགས་མེད་རྡོ་རྗེ་རྩལ། །ཞེས་ཟེར་བ་དང་། ཡང་བྱང་རིའི་རྒྱལ་མཚན་གྱི་རྩ་བའི་བུ་མོ་མཛེས་མ་དར་གོས་དང་མེ་ཏོག་གི་རྒྱན་ཅན་ཞིག་གིས། ཞིང་འདིར་དཀའ་བའི་འཕྲང་དམ་པོས། །འབད་པས་སྒྲུབ་པ་དོན་ལྡན་ཡིན། །འདི་ནས་བཅུ་ཕྲག་འགའ་འདས་མཐའི། །སྒྲ་སྒྲོག་ཅན་གྱི་ལོ་ཚུན་ལ། །དབྱར་གྱི་དུས་ཀྱི་ཆུ་བོ་བཞིན། །རྒྱས་པར་འགྱུར་ལ་པདྨའི་བསྟན། །ཕྱོགས་མཐར་འདྲེན་པའི་ཆུ་འགོ་བྱེད། །དེ་ནས་ལོག་ཅན་སྨོན་ལམ་མཐུས། །ཅུང་ཟད་ཉམས་པ་ལྟར་བྱེད་ཀྱང་། །སླར་ཡང་སྒྲ་གཅན་ལས་ཐར་བའི། །ཉི་ཟླ་བཞིན་དུ་འགྱུར་བ་འཆར། །སྔོན་དུས་པདྨ་སཾ་བྷ་ཝས། །བྱིན་བརླབས་ཞབས་ཀྱིས་བཅགས་པའི་རི། །བག་ཕེབས་བདེ་བ་འཕེལ་བའི་ས། །ངོ་མཚར་གཏེར་གྱིས་གང་བའི་མཛོད། །དཔལ་འབྱོར་ཆུ་བོ་འདུ་བའི་རྫིང་། །ཐེག་མཆོག་འབྲས་བུ་སྨིན་པའི་ཚལ། །གངས་ཅན་ཡུལ་གྱི་ལྟེ་བ་ལས། །གཡོ་རུ་གཙང་མའི་ས་གཞི་ཡིན། །ཁྱོད་ཀྱི་རིང་ལུགས་རྒྱས་པར་འགྱུར། །ཞེས་སོགས་ལུང་བསྟན་དང་། གཞན་ཡང་ངེས་བཟུང་མེད་པའི་མཁའ་ཁྱབ་ཀྱི་ལྷ་ཚོགས་མང་པོས་ཤིས་པ་བརྗོད་པའི་ཚུལ་དང་། མཐར་དེ་ཐམས་ཅད་འཇའ་ཟེར་འོད་ལྔའི་གོང་བུར་ཞུ་ནས་ད་ལྟའི་གནས་གཞི་འདི་ཉིད་ཀྱི་ཐད་དུ་ཐིམ་པའི་ཉམས་སྣང་དང་ལྷན་ཅིག་མནལ་སད་ཅིང་། མནལ་ལམ་འདི་ལ་བལྟས་ནས་འདིར་སློབ་དཔོན་པདྨའི་བསྟན་པ་ལ་འཕེལ་རྒྱས་ཅུང་ཟད་འོང་ངམ་སྙམ་དུ་བསམས་གསུངས་། དེ་ནས་སྣེའུ་གདོང་རྩེར་སྤྱན་དྲངས་ཏེ། ཞབས་དྲུང་དགའ་ལྡན་དང་། བདག་མོ་ཡུམ་སྲས་ནང་འཁོར་བཅས་པས་ཐུགས་ཐིག་དང་། འཇོམས་བྱེད་ཀྱི་དབང་ལུང་། རྫོགས་རིམ་ངེས་དོན་སྙིང་པོའི་ཉམས་ཁྲིད་རྣམས་ཀྱིས་སྨིན་པར་གསན་ཞིང་། ལྷ་གཟིགས་ཞབས་དྲུང་ནས་ཕྱག་དར་རྩེ་སྤྲོད་དང་། ཇ་སྣ་སྔོན་གཏོད་སོགས་བཀུར་སྟི་ཆེན་པོས་མཆོད། གདན་སར་ཕྱིར་ཕེབས་མཚམས་གོང་མའི་ལུང་བཞིན་ཕོ་བྲང་ཆེན་པོར་ཐེགས་ཏེ། རྒྱལ་མཆོག་དམ་པ་ཞབས་བསྙུན་པའི་སྐུ་རིམ་གནད་དུ་འགྲོ་བ་འགའ་ཞིག་མཛད་པས་མི་རིང་བར་དྭངས། དེ་སྐབས་སྨིན་གྲོལ་གླིང་གཙུག་ལག་ཁང་གི་ཨར་ལས་ལོ་སྔ་རྟིང་གང་ལ་ལེགས་བརྟག་པ་མཛད་བཞེད་ནས། མེ་འབྲུག་མཆུ་ཟླའི་ཚེས་གསུམ་གྱི་ནུབ་མོ་གསོལ་འདེབས་དང་ཕྲིན་བཅོལ་མཛད་དེ་མནལ་བའི་གཟིགས་སྣང་ལ། ཡེ་ཤེས་ཀྱི་ཌཱཀྐི་མ་མི་མོའི་རྣམ་པ་ཅན་གྱིས་གཙུག་ལག་ཁང་གི་ཨར་ལས་ད་ལོ་རང་གནང་ན་བར་ཆད་ཉུང་ཞིང་། འགྲུབ་སླ་བ་དང་། སྤྱི་སྒོས་ལ་ཕན་ཕྱིར་རྟེན་འབྲེལ་གྱི་ཐབས་བཅོས་དུ་མ་བསྒྲུབ་དགོས་པའི་ལུང་གསལ་པོར་བསྟན་པ་ལྟར་ཨར་ལས་འཕྲལ་དུ་གནང་བཞེད་ཀྱིས་དགོན་པར་ཕྱིར་ཕེབས་ཏེ། མཆུ་ཟླའི་ཉེར་དགུའི་ཉིན་རྡོ་རྗེ་ཕུར་པའི་སྒོ་ནས་གཙུག་ལག་ཁང་གི་ས་ཆོག་མཛད་པ་ན། ས་བཟུང་གི་ཚེ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུའི་གསལ་སྣང་རེག་མཐོང་ལྟ་བུར་འཆར་བའི་སྙེམས་པ་བརྟན་པོས་ཕྱི་ནང་གི་བདུད་རྣམས་གཞོམ་པར་མཛད་ཅིང་། དེ་དུས་མ་འོངས་འབྱུང་འགྱུར་གྱི་རྣམ་པ་དུ་མའང་ཆགས་ཐོགས་མེད་པར་ཐུགས་ལ་གསལ་བར་ཤར། ས་འདྲ་བར་ཕེབས་སྐབས་ཐེམ་སྐས་ཀྱི་མཇུག་ཏུ་འགྱུར་མེད་ཀྱིས་ཆང་བུམ་གང་བ་ཁུར་ཡོང་བ་དང་ཐུགས་པས་ལ་ཉེ་བཟང་ཞིང་། སྐབས་འདི་ཚོར་བུད་མེད་ལོ་ཉི་ཤུ་སྐོར་འགྲོ་བ་མཛེས་ཆགས་ཀྱི་རྣམ་འགྱུར་ཅན་སྨིན་མཚམས་སུ་དགའ་འཁྱིལ་གྱི་རི་མོ་ཡོད་པ་ཞིག་གཟིགས་པ་རྣལ་འབྱོར་མའི་རིགས་ཅན་གྱི་མཁའ་འགྲོ་ཞིག་ཡིན་པར་འདུགགཟུགས་ཅན་གཟུགས་མེད་གང་ཡིན་གྱི་ངེས་པ་མ་རྙེད་གསུངས། དབོ་ཟླའི་འགོར་སྡེ་སྲིད་ཟུར་པས་ཟངས་རིར་སྤྱན་དྲངས་པའི་ཚེ་ཀླུ་ཁང་གི་གྲུར་རླུང་ནག་མི་བཟད་པ་བྱུང་བ་ན་ལས་མགོན་གྱིས་བསྐྱབས་པའི་གཟིགས་སྣང་ཤར་བ་དང་ལྷན་ཅིག་གིས་ཞི་བར་གྱུར། དེར་སྡེ་སྲིད་རིན་པོ་ཆེར་ཕྲལ་སེལ་གྱི་དབང་རྗེས་གནང་དང་སྐུ་རིམ་གྱི་རྟེན་འབྲེལ་དུ་མ་མཛད་ཅིང་ཡར་ངོའི་ཚེས་བཅུ་མཆོད་པའི་སྲོད་ཀྱི་དུས་སུ་ལེའུ་བདུན་མའི་གསོལ་འདེབས་དཔོན་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གནང་བས། དད་པའི་གདུང་ཤུགས་དྲག་པོས་ཐུགས་ཉམས་ཀྱི་སྣང་བ་བདེན་མེད་དུ་བུན་ལོང་གིས་སོང་བ་དང་ལྷན་ཅིག་མདུན་གྱི་ནམ་མཁར་ཨོ་རྒྱན་ཆེན་པོ་སྐུ་མདོག་དཀར་པོ་གཞོན་མཛེས་རུས་པའི་རྒྱན་ཅན་གཡས་ཌཱ་མ་རུ་ཁྲོལ་ཞིང་གཡོན་ཐོད་པ་བསྣམས་པ་ཞབས་གཡོན་བརྐྱངས་པའི་གར་སྟབས་ཡུམ་མཁའ་འགྲོ་དམར་མོ་དང་འཁྲིལ་བ། སྐུ་ལས་མུ་མེད་པའི་འོད་ཟེར་འཕྲོས་པའི་རྩེ་ནས་མཁའ་འགྲོ་མ་ཉི་ཟེར་གྱི་རྡུལ་ལྟར་འཕྲོ་ཞིང་། ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་གདངས་བུང་བ་ཚང་བཤིག་པ་ལྟར་སྒྲོག་པ། བླ་མའི་གནས་གསུམ་གྱི་འོད་ཟེར་འཕྲོ་འདུས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་དང་ལྷན་ཅིགདེའི་ཞལ་ནས། ལུས་ནི་སྣང་སྟོང་ཕྱག་རྒྱ་སྒྱུ་མའི་སྐུ། །ངག་ནི་གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྒྲ། །སེམས་ནི་རིག་སྟོང་བརྗོད་མེད་ཀ་དག་ངང་། །འཕོ་འགྱུར་དྲི་བྲལ་ཆོས་དབྱིངས་ཁྱབ་བརྡལ་ཀློང་། །སྤྲོས་ཀུན་ཞི་བ་རྒྱ་མཚོའི་རྦ་རླབས་བཞིན། །རྟོགས་པ་གང་དེ་ཨ་ཧོ་ལམ་གྱི་མཆོག །ཨེ་མ་དེ་རིང་ཁྱོད་དང་ང་ཞེས་བཟུང་། །གཟུང་བའི་ཡུལ་མེད་ཆུ་ནང་ཟླ་གཟུགས་འདྲ། །འཛིན་པའི་སེམས་ཀྱང་འཛིན་མེད་རྩ་བ་བྲལ། །དེ་ཕྱིར་ཐ་དད་མ་བལྟ་འོད་གསལ་བ། །ཆོས་ཀུན་འབྱུང་གནས་གདོད་མའི་ངོ་བོ་ཡིན། །ཞེས་གདམས་པའི་ངང་ལ་སྤྲུལ་པ་འོད་ཟེར་དང་བཅས་པ་བསྡུས་ནས། ཡབ་ཡུམ་འོད་དཀར་གསལ་འཚེར་བ་ཞིག་ཏུ་ཞུ་ནས་ཉིད་ཀྱི་སྐུ་ལ་ཐིམ་པས་རིག་སྟོང་འགྱུར་མེད་ཀྱི་ངོ་བོར་འདྲེས་ཤིང་། དེ་ནས་ཞག་འགའི་བར་དེ་ཉིད་ཀྱི་ངང་ལས་མི་གཡོ་བའི་རྩལ་སྣང་སྙིང་རྗེ་སྒྱུ་མའི་རོལ་པ་འགག་མེད་དུ་འཆར་བ་བྱུང་ལ། ཕྱིར་ལམ་མོན་མཁར་མདའ་ནས་བསམ་ཡས་གཟིགས་པའི་ཚེ། སྔོན་ལོ་པཎ་རྒྱལ་བློན་འཛོམས་པའི་དུས་ཀྱི་བག་ཆགས་སད་ནས་དེ་དུས་ཀྱི་གནས་གྲོགས་འཁོར་དང་སྤྱོད་ཚུལ་སོགས་གཟིགས་པའི་ཉམས་སྣང་ཤིན་ཏུ་གསལ་བར་ཤར། དགོན་པར་ནག་ཟླའི་ཚེས་ལྔའི་ནུབ་ཨ་ཙ་ར་གཅེར་བུ་མདོག་ནག་མི་ལྤགས་ཕྲག་ལ་བཀལ་ཞིང་ཁྱི་ནག་འཁྲིད་པ་ཞིག་འོངས་ནས། དཔལ་ཆེན་ཁྲོ་བོའི་ཁང་པ་འདི་ནུབ་བྱང་ནས་ཞལ་ལྷོར་གཟིགས་ན་དྲག་པོའི་ལས་སྒྲུབ་པ་ལ་སྐབས་སུ་ལོས་བབས་ཟེར་བ་ལ། དེ་ལྟར་བྱས་པས་ཆོག་ཅེས་གསུངས་པ་ན་དེ་བཞིན་བྱེད་རྟིང་ཁྱི་དེ་འདིར་འདོགས་པ་ཡིན་ཟེར་ནུབ་བྱང་གི་ཡོ་འབོག་སྡོང་པོ་དེ་ལ་བཏགས་སོང་བ་དང་མནལ་སད་པ་བཞིན། སྔ་མའི་ཆར་མགོན་ཁང་གཞལ་ཡས་ཁང་གི་ས་དམིགས་འདིར་གནང་རྩིས་ལ། སྲུང་མ་རང་ཉིད་ཀྱིས་གནས་ཁང་བདག་གིར་མཛད་པ་ལ་དགོངས་ནས་བཀོད་པ་བསྒྱུར་བར་མཛད། དེ་ནས་ཁྲུམས་ཟླའི་ཚེས་ལྔ་ལ་ཙ་རིར་བཏེགས་ཏེ། ཕོ་བྲང་གི་མདུན་གྱི་ན་ཐང་དེར་བཞུགས་པའི་ཚེ་ཡར་ལྷ་ཤམ་པོ་སྐྱེས་པ་བཞིན་བཟང་གི་རྣམ་པས་གུས་པར་བཏུད་ཅིང་ཕྲིན་ལས་སྒྲུབ་པར་དམ་ནོད། ཆོས་ཟམ་དུ་ཞིང་སྐྱོང་གིས་བསུས་ཏེ་ཕྲིན་ལས་སྒྲུབ་པར་ཁས་བླངས་ཤིང་། ཞིང་དེའི་ལྷན་ཅིག་སྐྱེས་མ་མི་མོའི་རྣམ་པར་བསྟན་ནས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པས་སྐུའི་རྩ་ཁམས་རྣམས་སྒྲིབ་མེད་དུ་གཟིགས་པ་དང་། དེའི་སང་ཉིན་ནས་བདེ་ཉམས་རྩལ་ཤུགས་འགོག་པ་མེད་པར་འཆར་ཞིང་། ཕེབས་ལམ་ཀུན་ཏུ་འཇས་ལུང་པ་ཁེངས་པ་དང་འཇའ་མདུང་ཚུགས་སུ་སྐུ་ལ་ཟུག་པ་སོགས་ངོ་མཚར་བ་ཀུན་གྱིས་མཐོང་། ཅིག་ཆར་དུ་ཕེབས་སྐབས་ཁ་བས་ལམ་བཅད་དེ་སྐོར་མི་རྣམས་ཕྱིར་ལོག་བྱུང་བ་དང་། དེ་ནུབ་གཟིམས་ལམ་དུ། གནོད་སྦྱིན་དཔའ་བོས་ལ་ལ་མི་ཐར་བའི་ཉེན་མེད་ཅེས་ལུང་བསྟན་པ་ལྟར་སང་ཉིན་ནས་ནམ་མཁའ་དྭངས་ཤིང་ཕེབས་ལམ་དབྱར་གུང་ལས་ཀྱང་བདེ་བར་བྱུང་། གནས་ངོ་མཚར་ཅན་སོ་སོར་བདེ་སྟོང་གི་ཡེ་ཤེས་འོད་གསལ་ལས་མི་གཡོ་བའི་ངང་ནས་ཚོགས་མཆོད་སོགས་མཛད་པས། ཡེ་ཤེས་ཀྱི་ལྷ་དང་ཌཱ་ཀི་དམ་ཅན་འདུས་པའི་གཟི་བྱིན་དེར་ཚོགས་ཀུན་གྱི་རྒྱུད་ལ་ཕེབས་པའི་རྟགས་དང་། དཔའ་བོའི་བརྡའ་སྐད་སྤྱུག་གླུ་འབོད་ཅིང་རྣམ་བཀྲའི་འཇའ་གུར་བྲེས་པ་ལས་མེ་ཏོག་གི་ཆར་འབེབས་པ་དང་། དྲི་ཞིམ་པོའི་ངད་འཐུལ་བས་ཀུན་གྱི་ཡིད་ཚིམ་པར་བྱེད་ལ། ཁྱད་པར་ཕོ་བྲང་ཆེན་མོར་ཁང་བཟང་བཀོད་ལེགས་པའི་ནང་དུ་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་མཁའ་འགྲོའི་འཁོར་དང་བཅས་པས། ད་རེས་ཕྱི་ནང་གི་ཚོགས་ཀྱི་འདུ་བའི་རྟེན་འབྲེལ་འདིས། སྔར་རྟེན་འབྲེལ་ཉམས་པ་མང་པོ་ཞིག་གསོས་ཤིང་ལོ་བཅུ་ཚུན་ཆོད་ཀྱི་བར་ཆད་རྣམས་སེལ་བ་དང་། ཟབ་གཏེར་འདོན་པའི་དུས་གནད་སོགས་ལུང་བསྟན། དེའི་སང་ནུབ་སྟག་ཚང་དུ། སྐད་ཕྲ་ལ་སྙན་པ་ཞིག་གིས་བོས་བྱུང་བ་ལྟར་ཐེགས་པས། ཨོ་ཌཱི་ཡ་ནའི་ཡུལ་ཡིན་ཟེར་བ་དུར་ཁྲོད་དང་གྲོང་ཁྱེར་རི་རོང་ནགས་ཚལ་དང་བཅས་པ་འདུག་པ་དེར་བུ་མོ་ཞིག་གིས་ལམ་སྣ་དྲངས་ཏེ་ཕེབས་པ་གྲོང་ཁྱེར་གྱི་དབུས་ན་ཚོང་འདུས་ལྟ་བུའི་ཁྲོམ་དང་། དེའི་ཤར་ལྷོ་ངོས་སུ་ཁང་པ་སྒོ་མང་པོ་དོད་པ་ཞིག་འདུག་པས་ནང་དུ་གཟིགས་པས། ཌཱཀྐི་མི་མོའི་རྣམ་པ་ཅན་གྱིས་བམ་རོ་དུམ་བུར་འདྲལ་ཞིང་བཀྲམས་པ་དང་གཡོས་བྱེད་པ། སྒོ་ནང་དེར་ཐེགས་འདོད་པ་ན་མིའུ་ཐུང་བེར་དབྱུག་ཐོགས་པ་ཞིག་གིས་བསྲུངས་ཏེ་མ་བཏང་བ་ལ། བྱིས་པ་གཞོན་ནུ་ཞིག་གིས་ངོ་ཆེན་བྱས་ཏེ་ནང་དུ་ཁྲིད། དེར་བུ་མོ་གཡོས་བྱེད་མི་དེའི་རྩར་བཞུགས་ནས་ཅི་བྱེད་དྲིས་པས། འདིར་རྒྱ་བོད་ཀྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་མགྲོན་དུ་འབྱོན་པས་གཡོས་བྱེད་པ་ཡིན་ཟེར། ནམ་འབྱོན་གསུངས་པས་ད་ལྟ་འབྱོན་ཟེར། དེ་མ་ཐག་སྐྱེས་པ་དེས་ད་བྱོན་བྱུང་ངོ་ཟེར། བསུ་བ་བྱེད་དགོས་དགོངས་ཏེ་ཕེབས་པ་ན་ཆས་ངེས་མེད་བདུན་ཙམ་རིམ་པར་བྱོན་བྱུང་བ་སོ་སོར་བཏུད་དེ་ནང་དུ་ལོག་ཕེབས་པས་གཞན་རྣམས་དེར་བྱོན་ཚར་ནས་ཆ་ལུགས་རྣམ་འགྱུར་མི་འདྲ་ཞིང་གཟི་བྱིན་མཚུངས་པ་མེད་པར་བཞུགས་འདུག་པ་ལ། རྗེ་ཉིད་རང་ཡང་བུད་མེད་དེ་དང་ལྷན་ཅིག་གནས་པའི་ཁུལ་གྱིས་བཟའ་བཏུང་རྣམས་རིམ་པར་སྟོབ་པའི་གྲོགས་མཛད་དེ་ཐམས་ཅད་ཀྱིས་ལོངས་སྤྱད་པའི་མཐར། གསར་རྙིང་ངེས་མེད་ཀྱི་སྔགས་དང་རྒྱ་བོད་ཀྱི་སྐད་སྣ་ཚོགས་པས་ཉམས་གླུ་ཅི་དགར་ལེན་ཞིང་། འོད་ཟེར་སྤྲོ་བ། སྐུ་མི་སྣང་བ་འོད་ཀྱི་གོང་བུར་རྫུ་བ་སོགས་ཆོ་འཕྲུལ་ངོ་མཚར་བ་དུ་མ་སྟོན་བཞིན་དུ་འདུག་པ་ལ། དད་གུས་དྲག་པོས་ཕྱག་དང་གསོལ་འདེབས་མཛད་པས། ཐམས་ཅད་ཀྱིས་བྱིན་རླབས་དང་སྨོན་ལམ་སོགས་མཛད་དེ། ལ་ལ་སྒོ་ལ་འཐོན། ལ་ལ་རྒྱ་མཐོངས་ནས་འཕུར་ཏེ་གཤེགས། ད་ཅིའི་གྲལ་དེ་ན་རབ་བྱུང་དང་གྲུབ་ཐོབ་ཆས་ཏེ་གཉིས་བཞུགས་འདུག་པར་འདི་གཉིས་ཀྱི་ཕྱིར་འབྲང་ན་མཁའ་སྤྱོད་དུ་འགྲོ་བ་ལ་ཚེགས་མི་འདུག་དགོངས་ཏེ་མོས་གུས་དྲག་པོས་གྲུབ་ཐོབ་དེ་ལ་འཇུས་པས་རབ་བྱུང་དེ་གྲུབ་ཐོབ་དེ་ལ་ཐིམ། དེ་ཉིད་ནམ་མཁར་ཡེར་གྱིས་གཤེགས་པ་ན་རྗེ་རང་ཡང་ནམ་མཁར་ཡེར་གྱིས་བཏེགས་མ་ཐག་ཐུགས་མི་རྟོག་པའི་ངང་ལ་ཐུམ་གྱིས་སོང་། དེ་སད་པ་ན་སྔར་གྱི་ཁང་པ་དེ་ན་ཕེབས་འདུགདེར་བུད་མེད་དེས་འདི་ཁྱོད་རང་གི་སྐལ་བ་ཡིན་ཟེར་བྱིས་པའི་རོ་དེའི་སྨད་ཤ་གསང་གནས་ཀྱི་དུམ་བུ་འཇགས་པ་ཞིགའབྲས་ཟན་གོང་བུ། འཁུར་བ་གཅིག་རྣམས་ཕུལ་བྱུང་བ་ཕྱག་ཏུ་བཞེས་པ་དང་མནལ་སད། ཙ་རི་འཁོར་ནས་ཕྱིར་ལམ་རྩེ་ལེ་དགོན་དང་སྒམ་པོ་རྣམས་སུ་རིམ་པར་སྤྱན་དྲངས། སྒམ་པོ་སྤྲུལ་སྐུ་རིན་པོ་ཆེར་ཐུགས་ཐིག་དང་དྲེགས་འཇོམས་ཀྱི་དབང་ལུང་སྩལ། དེ་ནས་རྒྱལ་དུ་ཐེགས་ཏེ་ཞག་གཉིས་བཞུགས་པའི་རྟིང་མའི་མནལ་ལམ་དུ། རྒྱལ་གྱི་བྱང་ཤར་གྱི་རི་རྒྱུད་དེར་གངས་དང་རྫའི་རྣམ་པས་བསྐོར་བའི་ཁུགས་སུ་ལྷ་མོའི་བླ་མཚོ་ཡིན་དགོངས་པའི་མཚོ་སྔོ་ནག་མི་ལྤགས་བཀྲམ་པ་ལྟ་བུ་རྒྱ་ཁྱོན་ཚད་མེད་པའི་དབུས་སུ་མཁར་དམར་སྨུག་རྩེ་མོ་ནམ་མཁའི་མཐོངས་སུ་སླེབ་པ་བར་གྱི་སྒོ་དང་སྐར་ཁུང་རྣམས་ནས་ཁྲག་ཞག་འབབས་ཤིང་སྒོ་རྣམས་སུ་ཐེམ་སྐས་བང་རིམ་གསུམ་བཞི་ཙམ་རེ་ཡོད་པ། དེའི་ཕྱིར་འདོད་སྣམ་ལྟ་བུའི་སྟེགས་བུའི་མཐར་མུ་རན་གྱིས་བསྐོར་བ་ལ་ཤ་ཁྲག་ནང་ཁྲོལ་སོགས་བདལ་བ། དེ་ནས་མཚོ་འགྲམ་གྱི་བར་ཟམ་པ་དལ་ལེར་ཡོད་པ། མཚོ་མཐའ་ཀུན་ཏུ་འཇིག་རྟེན་གྱི་བྱ་བྱེད་སྣ་ཚོགས་ཀྱིས་བུན་ལོང་དུ་བསྐོར་བ། མཁར་གྱི་བར་རྣམས་ནས་མེ་སྟག་དང་ན་བུན་དུད་སྤྲིན་རླུང་འཚུབ་སོགས་འཇིགས་པའི་ཆོ་འཕྲུལ་གྱི་རྣམ་པ་གཟིགས་པའི་མོད་ལ་མནལ་སད། དེ་ནས་ལྕགས་ཟམ་བརྒྱུད་བཤད་སྒྲུབ་གླིང་དང་། སྤུ་ཐང་ལ་ལ་བྱས་རིམ་པར་ཨེ་ཡི་ཆབ་ཚན་བརྟེན་ནས་ཕྱིར་ལམ་གཟིམས་ཤག་ལྷོ་པའི་བཀའ་འགྱུར་སོགས་ལ་རབ་གནས་དང་། རྒྱ་རི་ཞབས་དྲུང་མ་ཆེན་ལ་ཐུགས་ཐིག་གི་དབང་ལུང་། མཆེད་མཁར་རྫོང་དུ་ཞབས་དྲུང་སྙིང་སྙིང་ལ་ཚེ་དབང་། ཟངས་རིར་རབ་གནས། སྣེ་གདོང་རྩེར་ཞབས་དྲུང་ཡབ་སྲས་ལ་ཚེ་དབང་སོགས་མཛད་དེ་གདན་སར་ཕེབས། དེ་ནས་མི་རིང་བར་རྒྱལ་ཟླའི་ནང་དུ་གོང་མའི་ལུང་ལྟར་ཕོ་བྲང་ཆེན་མོར་ཞབས་བསྐྱོད་ནས། གོང་ཞབས་སུ་ཚེ་དབང་དང་པད་གླིང་གུ་དྲག་གི་དབང་གིས་མཚོན་དབང་བྱིན་རླབས་རྗེས་གནང་གྲིབ་སེལ་བྱབ་ཁྲུས་སོགས་དང་གནམ་ལྕགས་བྲག་གི་གཏེར་ཤོག་རྣམས་བུ་དཔེར་ཕབ་རྗེས་དེའི་དབང་ལུང་ཁྲིད་དང་བཅས་པ་འབུལ་བར་མཛད་ཅིང་། མེ་སྦྲུལ་མཆུ་ཟླ་ཤར་མཚམས་སྐུ་ཚེ་སྒྲུབ་པའི་བཅད་རྒྱ་གནང་བ་གྲོལ་རྟིང་། དབོ་ཟླའི་འགོར་གདན་སར་ཕྱིར་ཕེབས་ནས་གཙུག་ལག་ཁང་གི་ཞལ་བ་དང་དྲི་གཙང་ཁང་མགོན་ཁང་སོགས་ཀྱི་འབུར་བཟོའི་ལས་གྲྭ་རྣམས་བཙུགས་ཏེ། ས་གའི་ཟླ་བར་གོང་མའི་ལུང་བཞིན་ཁྲ་འབྲུག་ཏུ་ཐེགས། དེར་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་དང་། སྣེའུ་གདོང་རྩེར་ཞབས་དྲུང་ཡིད་བཞིན་ནོར་བུ་ལ་ཚེ་གུར་རྟ་མགྲིན་ལ་སོགས་པའི་དབང་། དེ་ནས་ཟངས་རིར་ཡང་སྤྱན་དྲངས་ཏེ་སྡེ་སྲིད་སྟངས་དཔྱལ་ལ་ཚེ་དབང་བྱབ་ཁྲུས་གདོན་འགྲོལ་སོགས་མཛད་ནས་རིམ་པར་གདན་སར་ཕེབས། དེ་ནས་མདོ་མཁར་དུ་སྡེ་པ་དགོས་དགོས་གཤེགས་པའི་འདད་ཀྱི་གྲལ་དབུ་དང་། ཤེལ་བྲག་དུར་ཁྲོད་དུ་སྐུ་མེས་ནོར་བུ་དར་རྒྱས་ཀྱི་པུར་སྲེགའདུམ་པོར་སྐུ་ཞང་འབྲིང་པོ་གཤེགས་པའི་འཕོ་བའི་མཚམས་སྦྱོར་རྣམས་ལ་སྤྱན་དྲངས་པ་ལྟར་ཐེགས་ནས་རྗེས་སུ་བཟུང་། མགོ་ཟླའི་ཡར་ངོའི་དུས་དགེ་བར་གོང་ཞབས་མཆོག་ནས་སྟན་དཀར། འབུལ་བ་གྱ་ནོམ་པ། འདུས་ཚོགས་སུ་མང་འགྱེད། བརྟན་བཞུགས་རབ་དཀར་ལྷག་བསམ་མའི་བཀའ་རྩོམ་དང་བཅས་ཏེ། ཞབས་པད་རིང་འཚོའི་རྟེན་འབྲེལ་བསྒྲིག་པའི་མི་སྣ་ཆེད་དུ་སྩལ་བ། རུང་ཁང་གསར་པའི་ཐབ་ཞལ་བསྲོའི་མང་ཇ་འདེབས་མ་རག་པ་དང་འགྲིག་པའི་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་ཅིང་། ས་རྟ་ཧོར་ཟླ་བཞི་པའི་འགོར་གོང་མའི་ལུང་བཞིན་ཕོ་བྲང་ཆེན་མོར་ཐེགས་ཏེ་གོང་ཞབས་སུ་ཚེ་དབང་དང་། གུ་དྲག་གི་དབང་། འཆར་ཀ་གནུབས་ལུགས་ཀྱི་དབང་ལུང་རྣམས་འབུལ་བར་མཛད་ཅིང་། སྐུ་རིམ་དུ་གདོན་འགྲོལ། བྱད་འགྲོལ། འཆི་བསླུ། མཁའ་འགྲོ་དང་སྡེ་བརྒྱད་ཀྱི་གྲིབ་སེལ་རྣམས་མཛད། དེར་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་སོགས་བཤེས་གཉེན་མང་པོ་དང་། སྐུ་ཞབས་གྲྭ་གཙང་གི་གྲྭ་པ་འགའ་རེར་ཡང་དབང་ཆོས་སྩལ། དེ་ནས་ལྷ་སར་རྨེ་རུ་རྙིང་པར་ཆོག་རོགས་ཞབས་ཕྱི་སུམ་ཅུ་སྐོར་དང་བཅས་ཏེ་ཁྲོ་རོལ་ཁྱུང་དགུ་མའི་གཏོར་བཟློགདཀྱིལ་འཁོར་སྡིངས་སུ་བཀའ་བརྒྱད་ལ་བརྟེན་པའི་རབ་གནས་དང་། ཚོགས་བརྒྱ། ཞི་བའི་སྲེག་བླུགས་བརྒྱ་རྩ་རྣམས་མཛད་རྗེས་རྩེར་ཞག་ཤས་བཞུགས་ནས་ཕྱིར་ཕེབས། མི་རིང་བར་ཁྲ་འབྲུག་ཏུའང་བསྟན་སྲིད་ཀྱི་སྐུ་རིམ་སྔ་མ་དང་འདྲ་བའི་སྟེང་ཕུར་པའི་སྒྲུབ་ཆེན་བཅས་མཛད། དེ་ནས་རིམ་པར་སྣེའུ་གདོང་རྩེར་ཞབས་དྲུང་ཡབ་སྲས་ལ་དབང་བཀའ། ཟངས་རིར་ཡང་སྤྱན་དྲངས་ཏེ་སྡེ་སྲིད་རིན་པོ་ཆེར་ཚེ་གུར་གྱི་དབང་། རྫོངས་དང་རྟེན་གསུམ་མང་པོར་རབ་གནས་མཛད་ཅིང་། གདན་ས་ཐེལ་དུ་ཞབས་དྲུང་དགའ་ལྡན་གྱིས་སྤྱན་དྲངས་ཏེ་གནས་རྟེན་ངོ་མཚར་ཅན་རྣམས་མཇལ་ཏེ་ཕྱིར་ཕེབས། དེ་ནས་ས་ལུག་ཆོ་འཕྲུལ་གྱི་དུས་ཆེན་ཐོག་རྗེ་ཉིད་འདུས་པར་བཅས་པས་གཙུག་ལག་ཁང་རྟེན་དང་བརྟེན་པ་རྣམས་ལ་དོང་སྤྲུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་རབ་གནས་ཀྱི་ཆོ་ག་ཉིན་གཉིས་པའི་ལུགས་སུ་མཛད། སྣྲོན་ཟླའི་འགོར་གོང་མའི་ལུང་བཞིན་ལུམ་པའི་གྲུ་བརྒྱུད་ཞོར་ལ་གཞོང་པ་ལྷ་ཆུ་མཇལ་བར་མཛད་ནས་ཕོ་བྲང་རྩེར་ཕེབས། གོང་ཞབས་ཀྱི་བཀའ་ལས་རེ་ཞིག་གཡེང་བས་ལྷོད་ཆགས་ཤིག་མི་ཡོང་འདུག་པས་འབྲི་གུང་གི་སྤྱན་འདྲེན་ལྟར་ཐོག་མར་དབུར་སྟོད་དུ་ཕེབས་ན་འཐད་པའི་བཀའ་ལུང་བཞིན་རྩེར་ཞག་གསུམ་བཞུགས་ཏེ་ཆིབས་བཏེག་པའི་ལམ་དུ་རིམ་པར་ལ་མོ་དང་ཀ་ཚལ་སོགས་སུ་སྤྱན་དྲངས་ནས་མཆོད་ཅིང་། ཞྭ་ལྷ་ཁང་མཇལ་དུ་ཐེགས་སྐབས་དྭངས་པའི་མཁའ་ལ་འཇའ་སྤྲིན་འཁྲིགས་པ་དང་། ཁྱད་པར་དུ་ནུབ་ཕྱོགས་ཀྱི་མཁའ་ལ་འཇའ་ཚོན་སྣ་ལྔའི་སྡོང་པོ་དལ་གྱིས་བྱུང་། དེ་ནུབ་ཕྱག་མཆོད་དང་བསྐང་གསོ་མཛད་ནས། ནངས་པར་བསུ་བའི་བཀོད་པ་ཚར་དུ་དངར་བའི་བཀུར་སྟིས་སྤྲོ་ལུང་དུ་སྤྱན་དྲངས་ཏེ་ཐོག་མའི་མཇལ་འཛོམ་དང་། དེ་ནས་སྤྲུལ་སྐུ་རིན་པོ་ཆེ་སྔོན་ལ་ཕེབས་ཏེ་རྩེ་བར་སྤྱན་དྲངས་ནས་བཀུར་སྟི་ཆེན་པོས་མཆོད་ཅིང་། མཆོག་སྤྲུལ་ཉིད་ལ་གཏེར་གསར་སྐོར་གྱི་དབང་ལུང་རྒྱ་ཅན་གྱི་དབང་བཀའ་བཅུ་བདུན་ཙམ་དང་རྩ་བའི་ཆོག་བསྒྲིགས་བཅས་པའི་ལུང་རྣམས་འབུལ་བར་མཛད་དེ། ཕྱིར་ཕེབས་ཀྱི་ལམ་དུ་ཡེར་པར་ཚོགས་མཆོད་གནང་སྐབས། ཡེ་ཤེས་ཀྱི་བྱིན་ཐུགས་རྒྱུད་ལ་ཞུགས་པས་གནས་དུས་འཁོར་སློབ་ཀྱི་ལས་དང་སྨོན་ལམ་གྱི་འབྲེལ་པ་རྣམས་སྒྲིབ་མེད་དུ་ས་ལེར་གཟིགས། ཆུ་སྟོད་ཟླ་བའི་ཚེས་བཞིར་ཕོ་བྲང་ཆེན་པོར་ཕེབས། དེ་ཉིན་སྡེ་སྲིད་སངས་རྒྱས་མཚོ་ཁྲིར་འཁོད་པའི་དགྱེས་སྟོན་ཐོག་མའི་དུས་དང་འགྲིགདེ་སྐབས་གཟིམས་ཆུང་ཁམས་གསུམ་རྣམ་རྒྱལ་དུ་གོང་ཞབས་ཡས་ཕྱིན་ལྷན་རྒྱས་སུ་ཕེབས་པའི་ཐོག་སྡེ་སྲིད་རིན་པོ་ཆེར་བགེགས་སྐྲོད་དང་ཁྲུས་གསོལ་སྔོན་དུ་འགྲོ་བས་ཁྲིར་བཞུགས་སུ་གསོལ་ལ་མངའ་དབང་རིན་ཆེན་འབར་བ་འབུལ་བར་མཛད་ཅིང་། རྒྱལ་བ་སྲས་དང་བཅས་པ་རྣམས་དང་ལྷན་ཅིག་གོང་མ་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོས་ཀྱང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བས་མངའ་གསོལ་བར་མཛད་དོ། །ཁྲི་འབུལ་བཞེས་རྟིང་། བླ་མ་དགེ་བཤེས་དཔོན་ཆེན་དཔོན་སྐྱ་དྲུང་འཁོར་སོགས་མང་པོར་སོ་སོའི་རེ་བ་སྐོང་བའི་ཆོས་འབྲེལ་དང་། བཤེས་གཉེན་འགའ་ལས་ཚུར་ཡང་ཆོས་བཀའ་ཅི་རིགས་གསན་ཞིང་སྐུ་ཞབས་གྲྭ་ཚང་གི་གྲྭ་པ་ལྔ་བཅུ་སྐོར་ལ་ཞལ་འདོན་ཆོ་ག་ཚང་མའི་དབང་བཀའ་རྗེས་གནང་སྲོག་གཏད། དེ་རྗེས་བཀའ་འགྱུར་ཁང་དུ་གྲྭ་གཙང་ཚོགས་ཆེན་ལ་རྒྱ་ཅན་གྱི་དབང་དང་བྱིན་རླབས་ཀྱི་བཀའ་བརྒྱ་ཕྲག་ཏུ་ཉེ་བ་ལུང་དང་བཅས་པ་མཛད། གཞན་ཡང་གོང་ཞབས་སུ། རྡོར་གླིང་གི་བླ་མ་བཀའ་འདུས་དང་གསང་འདུས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་ངན་སོང་ཀུན་སྐྱོབ་རྣམས་ཀྱི་དབང་ལུང་། ཡས་ཕྱིན་ཐུན་མོང་དུ་ཚེ་གུར་གྱི་དབང་དང་བྱད་གདོན་འགྲོལ་བ་འཆི་བསླུ་སོགས་སྐུ་རིམ་ཡང་མང་དུ་མཛད་དེ། གོང་ནས་ཞབས་སྐྱེལ་བཅས་གདན་སར་ཕྱིར་ཕེབས། ཡང་ལྕགས་སྤྲེལ་ནག་ཟླའི་ནང་དུ་གོང་མའི་ལུང་བཞིན་ཕོ་བྲང་རྩེར་ཐེགས་ཏེ། གོང་ཞབས་ཡས་ཕྱིན་གདན་འཛོམ་པར་ཚེ་གུར་རྟ་མགྲིན་གཟའ་དབང་རྣམས་དང་། འཆི་བསླུ་བྱད་གདོན་འགྲོལ་བ། དེ་རྗེས་གོང་ཞབས་སུ་རྡོར་གླིང་གཏེར་ཆོས་ཀྱི་དབང་ལུང་འཕྲོ་རྣམས་ཡོངས་རྫོགས་འབུལ་བར་མཛད་ནས། སྤྲེལ་ཟླའི་ཚེས་བཅུར་མཆོད་པའི་ཚོགས་དབུར་རྗེ་རྒྱལ་བའི་དབང་པོ་ཞབས་པད་བསྐྱོད་པའི་ཞབས་ཕྱིར་གོང་མའི་ལུང་བཞིན་ཕེབས་ཏེ་གསུང་ཆོག་ལྷན་ཅིག་ཏུ་གནང་ཞིང་། གོང་ནས་ཞབས་སྐྱེལ་བཅས་ཕྱིར་ཕེབས་ཀྱི་ལམ་ཞོར་དཔལ་དེའུའི་སྡེ་པ་གཤེགས་པའི་སྐྱབས་གནས་སུ་སྤྱན་དྲངས་པ་ལྟར་ཐེགས་ཏེ། རིམ་པར་གདན་སར་ཕེབས། དེ་ནས་གཟིམས་ཆུང་ཀུན་བཟང་ཡང་རྩེར་སྐུ་མཚམས་ལ་བཞུགས་པའི་ཚེ་ཀུན་མཁྱེན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ་ཉིད་སེར་འབྲས་སུ་ཆིབས་བསྐྱོད་པའི་དངོས་གནས་རྣམས་གསལ་པོར་མནལ་ལམ་དུ་ཤར་བ་གོང་དུ་གསོལ་བ་ན་ཇི་བཞིན་གཏན་ལ་ཕེབས་ཞེས་དབུགས་དབྱུང་བའི་ལུང་སྩལ་ཅིང་། དེ་དུས་གཟིགས་སྣང་གི་རྣམ་འགྱུར་དང་རྟེན་འབྲེལ་གྱི་བརྟག་དཔྱད་ཤར་བ་རྣམས་རིང་པོར་མ་སོང་བར་ཕྱིས་ལོ་ཟླའི་ངེས་པ་ཇི་བཞིན་འཆུག་པ་མེད་པར་མངོན་དུ་གྱུར་། དེ་ནས་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་རིམ་བཞིན་གྲི་གུ་བརྒྱུད་ཤ་འུག་ཏུ་ཞབས་བསྐྱོད་དེ་ཟབ་གཏེར་སྤྱན་དྲངས། དེར་མོན་བོད་ཀྱི་སྐལ་ལྡན་ཁྲི་ཕྲག་ཙམ་ལ་ཁྲོམ་དབང་མཛད་པའི་ཚེ་འཇའི་འོད་ཁྱིམ་གྱིས་ཁྲོམ་མཐའ་བསྐོར་བའི་སྣེ་གཉིས་ཁྲི་ཡི་གཡས་གཡོན་དུ་ཟུག་པའི་ངོ་མཚར་གྱི་ཆོ་འཕྲུལ་བསྟན། ཕྱིར་ལམ་མཚོ་སྣ་མདོ་མཁར་སོགས་ཡུལ་སོ་སོར་གཞན་དོན་སྐྱོང་བཞིན་དུ་གདན་སར་ཕེབས་ཤིང་། གོང་ཞབས་ཡས་ཕྱིན་ནས་སྐྱིད་རུ་དང་དར་རྒྱས་ཁང་གསར་སྐོར་གྱི་ས་རིས་རྣམས་མཆོད་གཞིས་སུ་སྦྱོར་འཇགས་ཀྱི་བཀའ་དྲིན་སྩལ། དེ་རྟིང་ཟླ་བ་བཅུ་གཅིག་འགོར་ཡར་འབྲོག་ཁྲི་དཔོན་ནས་རི་བོ་བྲག་ཏུ་སྤྱན་དྲངས་ཏེ། གཏིང་ཁེབས་ཁྲི་ལྕམ་ལ་ཚེ་གུར་གྱི་དབང་ལ་སོགས་པ། གླིང་ཞབས་དྲུང་ཡབ་ཡུམ་སྲས་ལྕམ་སྲིང་བཅས་པར་དབང་བྱིན་རླབས་མང་པོ་དང་། ཁྱད་པར་གཏེར་གསར་སྐོར་གྱི་དབང་ལུང་རྣམས་དང་ཨ་ཏིའི་ཁྲིད་བཀའ། སྟག་ལུང་དུའང་དཔོན་སློབ་རྣམས་ལ་ཚེ་གུར་གྱི་དབང་སོགས་ཡུལ་དེ་དག་གི་ཆེ་ཕྲ་ཚང་མས་བཏུད་ཅིང་། སོ་སོའི་རེ་བ་ཆོས་བཞིན་ཏུ་སྐོང་བར་མཛད་དེ་ཕྱིར་ཕེབས། ལྕགས་བྱ་ཧོར་ཟླ་དྲུག་པའི་འགོར་གོང་མའི་ལུང་བཞིན་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་ཐེགས་ཏེ། ཡས་ཕྱིན་ལྷན་རྒྱས་སུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་བཀའ་དང་། ཤོག་སེར་རྣམས་འབེབས་པར་གནང་གྲུབ་བསྟུན་ལུང་རྣམས་ཚང་མ་དང་། གོང་ཞབས་ཉིད་དུ་གཤིན་རྗེ་གཤེད་རུ་མཚོན་དམར་པོ། ཕུར་པ་སྤུ་གྲིའི་དབང་ལུང་། ཡང་ཏིག་གཅེས་སྒྲོན་གྱི་ཉམས་ཁྲིད། ཁྱད་པར་མཁའ་འགྲོ་སྙིང་ཐིག་གི་ཁྲིད་བཀའ་ཤིན་ཏུ་སྨིན་པར་འབུལ་བར་མཛད་དུས་རུ་ཤན་དབྱེ་བ་སོགས་ལུས་ངག་གི་གནད་དང་། གནས་ལུགས་ཀྱི་དྲི་བ་ལ་ཞུན་མཐར་གཅོད་པ་སོགས་བདག་གིར་བཞེས་ཤིང་། གཞན་ཡང་དེ་དག་གི་བར་མཚམས་རྣམས་སུའང་ཞབས་རིམ་ནང་མ་དང་བཤེས་གཉེན་མང་པོར་སྣང་མུན་འཁོར་ཡུག་ཏུ་དབང་ལུང་མང་དུ་སྩལ། དེ་དུས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཀྱི་ངོ་སྤྲོད་འབུལ་བར་མཛད་པའི་ཚེ་རྗེ་ཐམས་ཅད་མཁྱེན་པའི་སྐུའི་གསལ་སྣང་ཉིད་མཐིང་ཞུན་ལྟར་འོད་ཀྱི་གོང་བུར་འདྲིལ་བ་དང་། ཡང་རྡོ་རྗེ་འཛིན་པའི་རྒྱན་དང་ཕྱག་ཆས་དབང་བསྐུར་ཞིང་བསྟན་པ་དྲི་མེད་ཡུན་རིང་དུ་སྐྱོངས་ཤིག་པའི་བརྡའ་ཐབས་རྟེན་ཅིང་འབྲེལ་འབྱུང་གི་གནང་སྐྱེས་སྩལ་ཏེ་ཤིན་ཏུ་དགྱེས་པ་ཆེན་པོས་དབུགས་དབྱུང་དང་བཀའ་ཆེམས་ལྟ་བུའི་ཞལ་གདམས་ལྷུག་པར་སྩལ་བའི་ཚེ། མོས་གུས་ཀྱི་རྐྱེན་ལས་གོང་ཞབས་ཀྱི་སྐུ་ཡི་དཀྱིལ་འཁོར་གྱི་གསལ་སྣང་ཆུ་ཟླའི་གཟུགས་བརྙན་རླབས་ཀྱིས་བསྐྱོད་པའི་གསལ་འགྲིབ་ལྟར་རེས་གསལ་རེས་མི་གསལ་བར་སྣང་བའི་མཐར་ཨ་ཡིག་འོད་ཀྱི་གོང་བུར་དྭངས་བའི་གཟིགས་སྣང་མཚར་ཞིང་འཚུབ་པའི་རྣམ་པ་གསལ་བ་ནི་མི་རིང་བར་གཟུགས་སྐུའི་བཀོད་པ་ཆོས་སྐུའི་དབྱིངས་སུ་བསྡུ་བའི་རྟགས་སུ་སྣང་གསུངས་། དེ་ནས་ཕེབས་གདོང་ལོ་རོ་བཀྲ་ཤིས་མཐོང་སྨོན་པ་རྣམས་ཀྱིས་གཞུང་དུ་བླ་མ་ཞུས་པ་ལ་བརྟེན་དགོན་མ་ལག་དང་བཅས་པ་སོགས་གནང་སྦྱིན་ཕུལ་དུ་བྱུང་བ་དང་འཁོས་སུ་ཕེབས་པའི་ཞབས་སྐྱེལ་བ་དང་བཅས་པས་གདན་སར་ཕེབས། དེ་ནས་ཟླ་བ་བཅུ་པའི་མཇུག་ལ་ཏྲེ་བོ་སྤྲུལ་པའི་སྐུས་སྤྱན་དྲངས་པ་ལྟར་དཔལ་དེའུ་ནས་རོང་ཆེན་བརྒྱུད། སྒོ་མོ་རབ། སྐྱིད་གཤོང་ནང་པ། བྱམས་ཆེན། རིན་སྤུང་རྫོང་རྣམས་སུ་རིམ་པར་ཞབས་བསྐྱོད་ནས་དཀར་པོ་ལྕོག་ཏུ་ཕེབས་ཏེ། སྤྲུལ་པའི་སྐུའི་ཡབ་ཀྱི་སྒྲིབ་སྦྱོངས་བྱང་བཞུའི་ཆོ་ག་དང་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་རྣམས་ལ་གཏེར་གསར་བླ་མ་ཞི་དྲག་འཇོམས་བྱེད་རྡོར་སེམས་རྣམས་ཀྱི་དབང་ལུང་དང་། ཀུན་རིགས་ཀྱི་དབང་དང་སྒྲོལ་དཀར་གྱི་རྗེས་གནང་། ཟབ་མོ་ནང་དོན་གྱི་ལུང་སོགས་དང་ཡུལ་པར་ཁྲོམ་དབང་སོགས་སྩལ་ཅིང་ཞབས་ཏོག་དང་འབུལ་ནོད་རྒྱ་ཆེར་བསྒྲུབས། དེ་ནས་ཆོས་གཏེར་གླིང་དང་། འབྲས་ཡུལ་སྐྱེད་ཚལ་དུ་སྤྱན་དྲངས་ནས་མཆོད་དེ། འདུ་ཁང་དང་ཕྱིའི་ཆོས་ཁྲིའི་ཐོག་ནས་འདུས་པར་ཚོགས་ཆོས་ཀྱང་སྩལ། ཕྱིར་ལམ་བོན་ལུང་དང་སྙེ་མོ་སོགས་རོང་ཆུང་བརྒྱུད། གོང་དཀར་ཆོས་སྡེ་དང་རྫོང་། བདེ་ཆེན་ཆོས་འཁོར་སོགས་སུའང་རིམ་གྱིས་ཕེབས་ནས་མཆོག་དམན་ཀུན་གྱིས་བཀུར་ཞིང་། སོ་སོའི་རེ་བ་སྐོང་བའི་ཆོས་སྦྱིན་རྒྱ་ཆེར་སྩོལ་བཞིན་པར་གདན་སར་ཕེབས། དེ་ནས་ཆུ་ཁྱི་ཧོར་ཟླ་དང་པོའི་ཚེས་དགུའི་ཉིན་བླ་མ་ལྷ་ཁང་གི་རབ་གནས་མཛད་པས་ཡབ་རྗེ་གསང་བདག་ཆེན་པོའི་སྐུས་མེ་ཏོག་བཟུང་། ཚེས་བཅུའི་ནུབ་འོད་གསལ་གྱི་གཟིགས་སྣང་ལ། ལྗོན་ཤིང་རབ་ཏུ་རྒྱས་པའི་སྡོང་པོ་ལོ་འདབ་མེ་ཏོག་འབྲས་བུ་མཚར་དུ་བཞད་པས་དུད་པ་ལ། མཛེས་པའི་བྱ་ཚོགས་སྙན་པའི་སྒྲ་དང་བཅས་འཕུར་ལྡིང་གི་རྩེད་འཇོས་རོལ་པའི་མཐར་མི་བཟད་པའི་རླུང་དྲག་པོས་སྐད་ཅིག་ལ་བསྒྱེལ་ཏེ། བྱ་ཚོགས་རྣམས་ཁོར་ཡུག་ནམ་མཁའི་ཕ་མཐར་བྱེར་བ་དང་ལྷན་ཅིག་ཨ་ཧཾ་གི་སྒྲས་སྲིད་གསུམ་གཡོ་བའི་མཚན་ལམ་འཚུབ་པ་དང་། དབོ་ཟླའི་ཉི་ཤུ་ལྔ་ཡི་ཉིན་དཔལ་འབྱོར་གླིང་དུ་རབ་གནས་ཀྱི་གྲལ་དབུར་སྤྱན་དྲངས་ཏེ་གསུང་ཆོག་གནང་བའི་ཚེ། སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་གྱིས་ཆགས་ཐོགས་མེད་པའི་གཟིགས་ངོར། གོང་མ་ཐུགས་རྗེའི་བདག་ཉིད་རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གཟུགས་སྐུའི་བཀོད་པ་བདེ་གསལ་རྣམ་པར་མི་རྟོག་པའི་བདག་ཉིད་རང་བཞིན་གྱི་འོད་གསལ་བ་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་དབྱིངས་སུ་བསྡུས་པའི་གནས་ལུགས་ཐམས་ཅད་མེ་ལོང་ལ་པྲ་ཕབ་པ་ལྟར་ས་ལེར་གཟིགས་པ་བཞིན། དེ་འཕྲལ་གོང་དུ་མཚན་ལྟས་འཚུབ་མོ་བྱུང་ཚུལ་གྱི་ཞུ་ཡིག་འབུལ་མི་ཆེད་གཏད་གནང་བར། ཚུར་གྱི་བཀའ་ལན་དུ། མཚན་ལྟས་དེ་རྣམས་འཚུབ་པ་ཞིག་ཡིན་འདྲ་རུང་། སྐུ་རིམ་གང་འགབ་ཀྱི་ཞིབ་ཆ་མགྱོགས་ཙམ་འདི་ཁར་ཕེབས་དགོས་འདུག་པས་དེ་དུས་ཞུ་ཞེས་གསང་རྒྱའི་རྫུ་བག་མི་འཆོར་བའི་བསླབ་སྟོན་ཕེབས། དེ་ནས་ཟླ་བ་གསུམ་པའི་འགོར་གོང་མའི་ལུང་བཞིན་བསམ་ཡས་སུ་ཆིབས་བསྐྱོད་དེ། དབུ་རྩེ་བར་ཁང་དུ་གཏོར་བཟློགཚོགས་བརྒྱ། བསྐངས་བཤགས། མཁའ་འགྲོའི་མེ་མཆོད། སྐུ་ཚེའི་སྒྲུབ་པ་སོགས་མཛད། དེ་དུས་ཚེས་བཅོ་ལྔའི་ཉིན་བར་ཁང་གཡུ་ཞལ་གྱི་ལྷ་གཙོ་འཁོར་རྣམས་གཡོ་འགུལ་དང་གསུང་ཕན་ཚུན་དུ་བགྲོ་ཞིང་འོད་ཟེར་སྤྲོ་བསྡུའི་ཆོ་འཕྲུལ་གྱི་བཀོད་པ་གཟིགས་པས་བཟོད་མེད་ཀྱི་བྱིན་རླབས་ཐུགས་རྒྱུད་ལ་ཞུགས་ཏེ། ལྐོག་གྱུར་གྱི་དངོས་པོའི་གནས་ལུགས་ཇི་སྙེད་པར་ཐུགས་ཀྱི་སྣང་ཆར་ཤར་བ་བཞིན་མ་སྦས་པར་གསོལ་བ་ཕྱིས་ཐིག་ཐོག་ཏུ་ཁེལ་བས་མིའི་དབང་པོ་ཉིད་ཀྱང་ཐུགས་ཡིད་ཤིན་ཏུ་ཆེས་པར་གྱུར། སྟག་རྩེ་ཞབས་དྲུང་གིས་ཕོ་བྲང་དུ་སྤྱན་དྲངས་ནས་བསྙེན་བཀུར་རྒྱ་ཆེན་པོ་སྟོབ་ཅིང་། ལྷ་ཁང་རྣམས་ཞིབ་མཇལ་མཛད་དེ་གདན་སར་ཕེབས། དེ་ནས་ས་ག་ཟླ་བའི་དུས་ཆེན་ཐོག་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་ཀྱི་ཆོ་ག་མཛད་དེ། ཚེས་དགུའི་ཉིན་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ས་ཆོག་དང་འབྲེལ་བར་རྗེ་ཉིད་གཙོ་བོར་ཕེབས་ནས་ཁྲག་འཐུང་རྩ་འཆམས་གནང་བ་ནས་བརྩམས་སྟ་གོན་ཕྱི་ནང་གི་མཚམས་གཅོད་སོགས་སྒྲུབ་ཆེན་གྱི་ལས་རིམ་རྒྱས་པས་ཁོག་ཕུབ་པའི་ཚོགས་སྒྲུབ་དང་སྦྲེལ་ཏེ། བཅོ་ལྔ་ལ་རབ་གནས་ཀྱི་སྟ་གོན་དང་། བཅུ་དྲུག་ལ་དངོས་གཞིའི་མེ་ཏོག་འཐོར་བའི་དུས་སྣམ་སྦྱར་ཅན་གྱི་སེར་སྦྲེངས་ཀྱི་བཀོད་པ་ཚར་དུ་དངར་ཞིང་། ཙཱ་རུའི་དགའ་སྟོན་གྱིས་ཀྱང་དེར་འདུས་ཁྲོམ་པ་རྣམས་ཚིམ་པར་མཛད། དེ་ཉིན་ཡེ་ཤེས་པ་སྤྱན་འདྲེན་དང་མེ་ཏོག་འཐོར་བའི་ཚེ་ཡེ་ཤེས་ཕེབས་པའི་གཟི་བྱིན་འབར་ཞིང་། ཕྱི་རོལ་དུའང་ནམ་མཁའ་བཻ་ཌཱུཪྻ་ལྟར་དྭངས་བ་ལ་འཇའ་ཚོན་སྣ་ཚོགས་ཀྱིས་སྤྲས་པ་ལས་མེ་ཏོག་གི་ཆར་ཟིམ་དང་། ཕྱི་དྲོ་གནོད་པ་མེད་པའི་འཇམ་ཆར་གཤིན་པའི་ངང་ནས་མཚན་ལ་ཆར་ཆེན་པོ་བབས་པས་ཀུན་དགའ་ཞིང་རངས་པར་གྱུར། དེའི་སང་ཉིན་བདེ་ཡངས་སུ་རྒྱས་པའི་སྲེག་བླུགས་ཀྱི་མཆོད་སྦྱིན། བཅོ་བརྒྱད་ཀྱི་སྔ་དྲོ་ཁྲོམ་ཁྲི་ཕྲག་བརྒལ་བར་དབང་སྦྱིན་དང་བཟའ་བཏུང་། ཕྱི་དྲོ་སྨད་ལས་རྒྱས་པའི་ལས་རིམ་དང་འབྲེལ་བར་རྔ་འཆམས་དང་བྲུབ་འཆམས། བཅུ་དགུ་ལ་གྲྭ་གཙང་འདུས་ཚོགས་ཀྱི་སྟེང་དུ་གྲྭ་ནང་དང་མོན་མཁར་ཁུལ་གྱི་རང་དགོན་རྣམས་དང་། བྱེ་རྫིང་ཚོགས་པ་སོགས་གྲྭ་ནང་ཕྱིའི་དགོན་ཆེ་ཆུང་མ་ལུས་པའི་སེར་ཚོགས། ནང་བཟན་དང་མི་སེར་དུད་ཆེ་ཆུང་ཐམས་ཅད་དེ་སྐྱ་སེར་གྱི་འདུས་པ་ཚོགས་ཆེ་བ་ལ་སྟོན་མོ་སྤྱི་འགྱེད་ལག་འགྱེད་དང་བཅས་པ་རྒྱ་ཆེར་སྒྲུབ་པར་མཛད་ཅིང་། གྲྭ་ནང་གི་དགོན་གཞན་རྣམས་དང་། འཕྱོངས་རྒྱས་དང་ལྷོ་བྲག་གི་དགོན་རང་དང་ཆོས་སྲིད་ཅི་རིགས་པར་འབྲེལ་བ་རྣམས་ལ་མང་ཇ་སྦྱོར་སྦྲེལ་སྤྱི་འབུལ་གྲྭ་འགྱེད་དང་བཅས་པ་ཆེད་དུ་སྩལ་མི་མངགས་ཤིང་། ཉེར་གཉིས་ལ་རྡུལ་ཚོན་ཆུ་བོར་གཤེགས་པའི་བར་མཐའ་རྒྱས་སུ་མཛད་ནས་ཆུ་སྟོད་ཟླ་བའི་ནང་ལ་གོང་མའི་ལུང་བཞིན་བསམ་ཡས་སུ་ཐེགས་ཏེ་འཇོམས་བྱེད་ཀྱི་མནན་སྲེག་འཕང་གསུམ། ཞི་བའི་སྲེག་བླུགས་བརྒྱ་རྩ། རབ་གནས་དང་བཅས་པ་མཛད་དེ་ཕྱིར་ཕེབས། ཟླ་བ་དགུ་པའི་ཚེས་བཅོ་བརྒྱད་ལ་བྱིན་རླབས་མོས་པའི་མཐུ་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པས་སད་པ་ལས་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་གཟིགས་ངོར་གནས་ལུགས་ཇི་བཞིན་གསལ་བ་རྣམས་སྦ་གསང་མེད་པར་གསུང་ངག་ནས་གསོལ་བའི་དོན་མངོན་དུ་གྱུར། དེ་ནས་གོང་དུ་སྤྱན་འདྲེན་བྱུང་བ་ལྟར་བྱེ་ལ་བརྒྱུད་ཆིབས་བསྐྱོད་དེ། ཉེར་བརྒྱད་ཀྱི་ཉིན་ཕོ་བྲང་རྩེར་ཕེབསདེ་འཕྲལ་ཞམ་རིང་ནང་མ་དག་སྐུ་མདུན་དུ་ཕྱག་འབུལ་དུ་ཕེབས་པར་རྨི་ལམ་གྱི་མཚན་བལྟས་གང་ལ་བརྟགས་ཀྱང་བློ་བདེ་པོ་མ་བྱུང་ཚུལ་སྩལ་བར། ཐུགས་ཁོལ་དགོས་པ་མེད་ནངས་པར་སྐུ་ཞབས་སུ་ཕེབས་དུས་མཁྱེན་འགྱུར་ལ་རྫུན་ཅི་ལ་ཞུ་ཞེས་གསང་རྒྱའི་རྫུ་བག་ཆེས་ཟབ་ཅིང་། བྱད་ངོ་དང་འཕྲལ་གྱི་བྱ་བྱེད་ལ་བརྟགས་ཀྱང་བཞུགས་ཡོད་ཡོད་འདྲ་བ་འདུག་གསུང་། དེའི་སང་ཉིན་སྡེ་སྲིད་སྐུ་ཞབས་ཀྱང་རྩེར་ཕེབས་ཐོགདགེ་སློང་འཇམ་དབྱངས་གྲགས་པ་བྱོན་ནས་སྐུ་མཚམས་ཁོག་ཏུ་ཡས་ཕྱིན་ཐུན་མོང་དུ་མཇལ་ཁ་གནང་གི་ཡིན་ཞེས་སྤྱན་འདྲེན་དུ་བྱུང་བ་ལྟར་སྐུ་རྐྱང་གིས་ཕེབས་པར། གཟིམས་ཆུང་ཁམས་གསུམ་གྱི་འཆོང་རྩེའི་སྒོ་མང་མདུན་དུ་བཞུགས་སྟན་བཏིང་སྟེ། ད་ལྟ་ཡས་ཕྱིན་གཉིས་བཀའ་བགྲོས་ཀྱི་སྐབས་ན་འདུག་པས། རེ་ཞིག་འདིར་སྐུ་ངལ་བསྟེན་པ་ཞུ་གསུང་བ་ལྟར་བཞུགས་པ་ལ་གསོལ་ཇ་ཞིག་ཞུས་རྗེས། དགེ་སློང་ལགས་ཀྱིས་གསང་རྒྱ་བཀྲོལ་ཞིང་། དེར་སྡེ་པ་བཀྲས་རབ་པའང་ངེད་དཔོན་གཡོག་རྣམས་གནས་སྐབས་འདི་འདྲར་ཡོད་ཅེས་སྤྱན་ཆབ་བསིལ་བཞིན་ཏུ་བྱོན་བྱུང་གསུངས། དེ་ནས་སྡེ་སྲིད་རིན་པོ་ཆེ་དང་མཇལ་ཏེ། ཞི་དབྱིངས་སུ་སྙོམ་པར་ཞུགས་པའི་མཛད་པ་ཐ་མ་བསྟན་ཚུལ་གྱི་གནས་ལུགས་རྣམས་ཞིབ་མོར་སྩལ་ཅིང་གསང་རྒྱའི་འགག་བསྡམས་ཀྱང་བཞེས། ཟླ་བ་བཅུ་པའི་ཚེས་དགུའི་ཉིན་གསང་རྒྱའི་དགག་དགོས་ལ་དགོངས་ཏེ། ཡས་ཕྱིན་ལྷན་རྒྱས་སུ་འབུལ་བའི་ཚུལ་གྱིས་རྣམ་པར་རྒྱལ་བའི་གྲྭ་ཚང་ཆེན་མོ་འདུས་ཚོགས་ཀྱིས་དྭངས་མ་བཅུད་འདྲེན་དང་འབྲེལ་བར་བརྟན་བཞུགས་ཀྱི་གསུང་ཆོག་མཛད་པའི་ཐོག་འབུལ་བ་ཕྱག་འགྱེད་སྣེ་བཞག་སོགས་ཕུལ་དུ་བྱུང་བ་སྒྲུབ་པར་མཛད་ཅིང་། དེའི་ཕྱི་དྲོ་ཡས་ཕྱིན་ཐུན་མོང་དུ་འབུལ་བའི་ཟོལ་གྱིས་མི་དབང་ཆེན་པོར་ཚེ་དབང་བརྒྱ་རྩ་སྩལ། བཅུ་གསུམ་ལ་ཚོམས་ཆེན་དུ་བྲིས་ཐང་མང་པོར་རབ་གནས་ཉིན་གཉིས་མའི་གསུང་ཆོག་མཛད་པའི་དངོས་གཞིའི་ནུབ་མོ་འོད་གསལ་གྱི་གཟིགས་སྣང་ལ། ལྷ་ཆེན་བདེ་འབྱུང་ཉིད་དམར་འོད་ཆགས་པའི་སྐྱེས་བུ་བཞིན་བཟང་གི་རྣམ་པར་འོངས་ནས་ཁམས་གསུམ་གྱི་སྲོག་བཅུད་རྣམས་རིན་པོ་ཆེའི་སྒྲོམ་བུའི་རྣམ་པར་ཕུལ་བའི་དགེ་མཚན་གཟིགས། ཚེས་བཅོ་བརྒྱད་ཀྱི་སྔ་དྲོ་གཟིམས་ཆུང་ཉི་འོད་རྩེར་སྡེ་སྲིད་སྐུ་ཞབས་སུ་གྲིབ་སེལ་དང་དབང་བཀའ་འབུལ་བའི་ཟོལ་གྱིས་སྐུ་གདུང་རིན་པོ་ཆེའི་དྲུང་དུ་ཕེབས་ཏེ། མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་མཁའ་འགྲོའི་གྲིབ་སེལ་སོགས་རྟེན་འབྲེལ་བསྒྲིག་ཐབས་ཀྱི་ཆོ་གའང་མང་དུ་མཛད། དེ་དུས་གདུང་ཤུགས་དྲག་པོས་གསོལ་འདེབས་གནང་བའི་ཚེ་བྱིན་རླབས་སློང་པས་མོས་གུས་རང་རིག་འོད་གསལ་ཏུ་དྭངས་ཏེ། ཐ་མལ་གྱི་སྣང་བ་འགག་པའི་མི་རྟོག་པ་ལས། རྗེ་ཐམས་ཅད་མཁྱེན་པའི་སྐུའི་སྣང་བ་གཟི་བྱིན་འབར་ཞིང་ཆོ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་སྟོན་པ་དང་། མ་འོངས་འབྱུང་འགྱུར་གྱི་གནས་མང་པོའང་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན་སྒྲིབ་མེད་དུ་གསལ་ལེར་གཟིགས་ཤིང་། དེ་ཉིད་དུ་སྡེ་སྲིད་རིན་པོ་ཆེར་རྒྱ་ཅན་གྲོ་ལོད་ཀྱི་དབང་ཡང་སྩལ། དེའི་ཕྱི་དྲོ་ནས་བརྩམས་ཏེ་མགོ་ཟླའི་ཚེས་གསུམ་གྱི་བར་ཉིན་རེ་བཞིན་གཟིམས་ཆུང་ཁམས་གསུམ་དུ་ཡས་ཕྱིན་ལྷན་རྒྱས་ལ་འབུལ་བའི་རྫུས་སྡེ་སྲིད་སྐུ་ཞབས་སུ་དབང་བྱིན་རླབས་རྗེས་གནང་བྱབ་ཁྲུས་བྱད་གདོན་འགྲོལ་བ་སོགས་རྐྱེན་སེལ་མང་པོ་འབུལ་བར་མཛད། གཞན་ཡང་རྩེའི་ཞམ་རིང་ནང་མ་དང་། གཞིས་ཀལྷ་ས་རྣམས་སུའང་མཆོག་དམན་མང་པོའི་དོན་མཛད་ནས་བྱེ་ལ་བརྒྱུད་གདན་སར་ཕྱིར་ཕེབས་རྗེས། སྐུ་ཞང་འདུམ་པོ་བ་དང་སྙེ་མདོ་བ་རྣམས་ཀྱིས་རང་རང་གི་གནས་སུ་སྤྱན་དྲངས་ཏེ་ཕུན་སུམ་ཚོགས་པའི་བསྟི་སྟང་གིས་མཆོད། རྒྱལ་ཟླའི་བཅོ་ལྔའི་ནུབ་འོད་གསལ་གྱི་གཟིགས་སྣང་ལ། ཕོ་བྲང་གྲུ་འཛིན་གྱི་གཟིམས་ཆུང་བདེ་བ་ཅན་གྱི་སྒོའི་ནུབ་འཁྲིས་སུ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་བཞུགས་པ་ལ། འདོད་དོན་གལ་ཆེ་བ་ཞིག་ཞུ་སྙམ་དུ་དགོངས་པ་ན། ལས་དབང་ཆེ་བའི་ཞབས་ཕྱི་ཟུང་ཞིག་འོང་བས་ཞུ་བར་རྔོ་མ་ཐོགས། ཇེ་ཞིག་ན་དེ་གཉིས་ཕྱིར་འཐོན་སོང་བ་དང་། ཞུ་བ་ལ་མ་ལྟོས་པར་ཤིན་དུ་དགྱེས་པ་ཆེན་པོས་ལུང་བསྟན་སྩལ་བའི་མཐར་སྤུ་གྲི་རྣོན་པོས་སྐུ་ལུས་འདྲལ་བར་མཛད་པ་ན་དེ་ལས་འོད་ཟེར་སྤོས་དུད་ལྟ་བུས་གནས་ཁང་ཁྱབ་པའི་དབུས་སུ་ཕྱི་མཐའ་འབྱུང་འགྱུར་གྱི་གཟུགས་བརྙན་སྣ་ཚོགས་གསལ་ལེར་ཤར་བ་གཟིགས། དེ་ནས་ཆུ་ཕག་གི་ལོ་ལ་རྡོ་རྗེ་བྲག་ཏུ་བསུ་བའི་བཀོད་པ་སོགས་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ་རིག་འཛིན་སྤྲུལ་པའི་སྐུར་དབང་ལུང་མང་དུ་སྩལ་ཅིང་། ནག་ཟླའི་འགོར་རྩེ་གདོང་དུ་གདན་འདྲེན་འབྱོར་བ་ལྟར་རིམ་བཞིན་གན་པ་ལ་ནས་དཔལ་དེའུ་དང་རོང་ཆེན་བརྒྱུད། ཁུ་ལུང་མཁར་གདོང་། ཕུང་པོ་རི་བོ་ཆེ་རྣམས་ཀྱི་གནས་གཟིགས་དང་ཚོགས་བརྒྱ་མེ་མཆོད་སོགས་མཛད་ནས་རྩེ་གདོང་དུ་ཕེབས་ཏེ། ཞབས་དྲུང་ཁྲི་ཆེན་གྱིས་སྒོ་ནང་དུ་ཞབས་བསུ་དང་ཕྱག་དར་རྩེ་སྤྲོད་ཁྲི་མཉམ་རྒྱག་སོགས་ཀྱི་བཀུར་སྟིས་མཆོད་ཅིང་། དེར་ཁྲི་ཆེན་ཉིད་ལ་གཏེར་གསར་སྐོར་གྱི་དབང་ལུང་ཁྲིད་བཅས། མཁའ་འགྲོ་སྙིང་ཐིགཚེ་བདགབླ་མ་གསང་འདུས་སོགས་ཀྱི་དབང་ལུང་དང་། ཞབས་དྲུང་རྒྱན་རིན་པོ་ཆེར་ཡང་ཚེ་དབང་བརྒྱ་རྩ་རྣམས་ཀྱང་འབུལ་བར་མཛད་ཅིང་བླ་བྲང་ཕན་ཚུན་ཐམས་ཅད་ཀྱིས་བསྙེན་བཀུར་འབུལ་ནོད་ཕུན་སུམ་ཚོགས་པར་བསྟབས། དེ་ནས་རྣམ་གླིང་རྫོང་། སྟག་སྣར་ཆིབས་བསུ་སེར་སྦྲེངས་ཀྱི་བཀོད་པ་ཚར་དུ་དངར་བས་ལྷ་ཕུ་ཀླུ་ལྡིང་བཅས་པར་སྤྱན་དྲངས་ཤིང་། ཟན་ཐང་ཆུ་ཚན་མེ་མཚོར་རྣམས་སུའང་རིམ་གྱིས་ཕེབས་ནས་ཟབ་ཕུ་ལུང་དུ་མཆོད་འབུལ་ཚོགས་བརྒྱ། མེ་མཆོད་དང་། རི་མཐིལ་གྱི་གནས་ངོ་མཚར་ཅན་ཐམས་ཅད་མཇལ་ཞིང་འུ་ཡུག་བྱང་འབྲོག་སོགས་ནས་ཆེད་དུ་ལྷགས་པའི་མཆོག་དམན་མཐའ་ཡས་པའི་དོན་མཛད། ཕྱིར་ལམ་རྒྱ་མཚོའི་མདར་ཕེབས་དུས་ཇོ་མོ་གངས་དཀར་མ་སོགས་ཡུལ་བདག་འཁོར་བཅས་ཀྱིས་བཏུད་ཅིང་མཆོད་པའི་ཐུགས་ཉམས་ཆེས་གསལ་ཞིང་། ཕྱི་ལྟས་ཆར་རླུང་དྲག་པོའི་འཚུབ་འཁོར་ཡ་མཚན་པའང་བྱུང་། སྟག་སྣར་ཞག་བརྒྱད་བཞུགས་ཏེ་སྤྲུལ་པའི་སྐུ་དཔོན་སློབ་ལ་དབང་ལུང་མང་དུ་སྩལ་བར་ཞབས་ཏོག་ཕུལ་དུ་བྱུང་བ་སྒྲུབ། དེ་ནས་རྣམ་གླིང་ཀླུ་ཁང་དུ་ཞག་གསུམ་གྱི་བར་དུ་ཡུལ་པ་རྣམས་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟར་མཆོད་ཅིང་བཀུར། ཚེས་བཅོ་བརྒྱད་ལ་སྲམ་པ་སྒྲུབ་ཁང་དུ་དཔལ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ཅན་མཇལ་བ་ན། དད་པ་དང་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་ཞིང་ཚོགས་མཆོད་དང་རྣལ་འབྱོར་གྱི་ས་མ་དྷཱིཿལ་བཞུགས་པའི་ཚེ། སྔོན་ལྷ་རྗེ་ཟུར་པོ་ཆེར་འཁྲུངས་དུས་ཀྱི་དགེ་བའི་བག་ཆགས་བཟང་པོ་སད་དེ། དེ་དུས་ཀྱི་འཁོར་སློབ་བཤད་སྒྲུབ་ཀྱི་ཕྲིན་ལས་བསྐྱངས་ཚུལ་སོགས་སྒྲིབ་མེད་དུ་ས་ལེར་གཟིགས། ནངས་པར་སྡེ་པ་ཉུག་པས་སྤྱན་དྲངས་ཏེ་མཆོད་ཅིང་། རི་བཞི་མའི་གྲུ་ཁར་རྩེ་གདོང་གདུང་རྒྱུད་ཁྲི་རྒྱན་ཡུམ་དང་བཅས་པས་ཕྱག་དར་རྩེ་སྤྲོད་དང་ཁྲི་གུང་གཤིབས་ཀྱི་དབུས་སུ་བཀུར་ཞིང་མཆོད་པར་ཆོས་འབྲེལ་ཡང་སྩལ་ནས། འུག་པ་ལུང་དང་གསེར་མདོག་ཅན་རྣམས་སུའང་སྤྱན་དྲངས་ཏེ། ཟུར་པའི་བླ་མ་ཡབ་སྲས་ལ་དབང་དང་གསེར་མདོག་ཅན་གྱི་བྱ་རྒོད་ཕུང་པོའི་ཆོས་ཁྲིའི་སྟེང་ནས་ཚོགས་ཆོས་ཀྱང་སྩལ། དེ་ནས་གཞིས་རྩེའི་རྫོང་བཞུགས་ཞོལ་བ་བཅས་པས་སྤྱན་དྲངས་པ་བཞིན་ཕེབས་ལམ་རྣམས་སུ་མི་ཁྲོམ་མི་ཤོག་པ་ལྟ་བུས་ཕེབས་ཏེ་ཕུན་ཚོགས་དགའ་ཚལ་དུ་བཞུགས་ནས་ཁྲོམ་དབང་དང་སྒོས་དབང་བསྔོ་བྱང་སོགས་ཀྱིས་སོ་སོའི་རེ་བ་སྐོང་བ་དང་། བཀྲ་ཤིས་ལྷུན་པོར་མཆོག་སྤྲུལ་རིན་པོ་ཆེ་མཇལ་དུ་ཕེབས་པར་བཞུགས་གདན་སོགས་ཀྱི་བཀུར་ཟོས་དང་སྟོན་མོ་གནང་སྦྱིན་བཅས་རྒྱ་ཆེར་སྩལ་ཅིང་། གནས་རྟེན་རྣམས་ཀྱང་ཞིབ་མཇལ་མཛད། དེ་ནས་གསང་སྔགས་གླིང་པ་རྣམས། འབྲོང་རྩེ་བ། རྒྱལ་རྩེ་རྫོང་རྣམས་སུ་རིམ་བཞིན་སྤྱན་དྲངས་ཏེ་བཀུར་ཞིང་ཆོས་སྦྱིན་ཡང་ཅི་དགར་སྩལ་ནས། རྭ་ལུང་གི་གནས་མཇལ་དུ་ཕེབས་ཤིང་། མཁའ་རོའི་ལ་བརྒྱུད་སྣ་དཀར་རྩེ། འཛམ་གླིང་ཆོས་འཁོར། བསམ་སྡིངས་རྣམས་སུ་སྤྱན་དྲངས་ཏེ་རྗེ་བཙུན་མར་ཚེ་རྟའི་དབང་བཀའ་མཛད། སྟག་ལུང་རྫོང་རི་བོ་བྲག་གླིང་རྣམས་སོ་སོའི་དཔོན་སློབ་དང་། སྒྲུབ་སྡེ་བསམ་གཏན་རྫོང་པ་རྣམས་ཀྱིས་བསྟི་སྟང་ཆེན་པོས་བཀུར་ཞིང་རང་སྐལ་གྱི་ཆོས་སྦྱིན་རྒྱ་ཆེར་སྩོལ་བ་སོགས་རིམ་པར་འགྲོ་དོན་སྐྱོང་བཞིན་པས་གདན་སར་ཕེབས། མི་རིང་བར་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་ཕེབས་པར། བླ་མ་དགོངས་འདུས། གནུབས་ལུགས་གཤེད་དམར། ཡང་དག་སྙིང་པོ། གཡུ་ཐོག་སྙིང་ཐིག་སོགས་དབང་ལུང་རྒྱ་ཆེར་སྩལ། དེ་ནས་མགོ་ཟླའི་མཇུག་ཏུ་གོང་མའི་ལུང་བཞིན་ཕོ་བྲང་ཆེན་མོར་ཕེབས་ཏེ། རྒྱལ་ཟླའི་ཚེས་གཅིག་ནས་བཟུང་། ཡས་ཕྱིན་ཐུན་མོང་དུ་འབུལ་བའི་ཚུལ་གྱིས་སྡེ་སྲིད་རིན་པོ་ཆེར་ཚེ་དབང་བརྒྱ་རྩ། རཏྣའི་གུར་དྲགརྟ་ནགཕྱག་རྡོར་རྡོ་རྗེ་གྲོ་ལོད་སོགས་ཀྱི་དབང་དང་། བྱད་གདོན་འགྲོལ་བ། བྱབ་ཁྲུས། གྲིབ་སེལ་རྣམས་འབུལ་བར་མཛད་ཅིང་། ཤིང་བྱི་ཟླ་བ་དང་པོའི་ཚེས་དགུ་ལ་བྲིས་ཐང་མང་པོར་རབ་གནས་ཉིན་གཉིས་མའི་ཆོ་གགྲྭ་ཚང་ཆེན་མོའི་གྲྭ་གསར་སུམ་ཅུ་སྐོར་ལ་ཞལ་འདོན་ཚང་མའི་དབང་རྗེས་གནང་སོ་སོའི་འཕྲིན་ལས་ཀྱི་ལུང་དང་བཅས་པ། མཆོད་དཔོན་ཆེན་མོ་དང་གཞིས་ཀའི་ཡུམ་སྲས་སོགས་ལའང་དབང་བྱིན་རླབས་མང་དུ་སྩལ་ནས་གནང་སྦྱིན་ཞབས་སྐྱེལ་དང་བཅས་མཐུན་རྐྱེན་འཛོམ་པས་གདན་སར་ཕྱིར་ཕེབས། ནག་ཟླའི་ཚེས་བཅུ་གཉིས་ཀྱི་ནམ་སེང་ལ་བླ་བྲང་ཆོས་འཁོར་ལྷུན་པོའི་ས་ཆོག་དང་འགྲམ་རྡོ་གཞུག་པ་སོགས་མཛད་ཅིང་། དེ་ཉིན་རས་ཆེན་རིག་འཛིན་རྣམ་རྒྱལ་གྱིས་གནས་ཆེན་གྱི་ས་རྡོ་དང་། གུར་གུམ་གྱི་གེ་སར། ཁམས་པ་གནས་སྐོར་བ་འགས་རྒྱ་གར་འཁོར་བའི་གནས་ཆེན་གྱི་ས་རྡོ་དང་ཤིང་སྣ། ཁྱད་པར་བྱང་ཆུབ་ལྗོན་ཤིང་གི་ཡལ་ག་ལག་ངར་ཙམ་པ་ལོ་མ་མང་པོ་དང་བཅས་པ་ཕུལ་བས་རྟེན་འབྲེལ་གྱི་ལ་ཉེ་བཟང་། ཟླ་བ་དགུ་པའི་འགོར་ལྷོ་བྲག་ཏུ་གུ་རུ་ལྷ་ཁང་དུ་སྤྱན་དྲངས་པ་ལྟར་ཐེགས་ནས། ཐུགས་སྲས་སྤྲུལ་པའི་སྐུར་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་རྣམས་སྩལ་བར་བསྙེན་བཀུར་དང་འབུལ་ནོད་ཕུལ་དུ་བྱུང་བས་མཆོད། གཞིས་བྱེས་ཆབས་ཅིག་པར་གུ་རུ་ལྷ་ཁང་དུ་ཐེགས་ཏེ། གསུང་སྤྲུལ་རིན་པོ་ཆེའི་སྤྲུལ་པའི་སྐུའང་ངོས་འཛིན་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིགས་པར་མཛད་ནས་ཕྱིར་ཕེབས། ཤིང་གླང་ཟླ་བ་ལྔ་པའི་འགོར་སྟག་རྩེ་ཞབས་དྲུང་གིས་བསམ་ཡས་སུ་སྤྱན་དྲངས་པ་ལྟར་ཆིབས་བསྐྱོད་དེ། ཚེས་བཅུ་དྲུག་གི་སྔ་དྲོ་ཕོ་བྲང་དུ་ཞབས་དྲུང་རྡོ་རྗེ་རྣམ་རྒྱལ་ལ་ཚེ་དབང་མཛད་ཅིང་། དེའི་ཕྱི་དྲོ་དཀར་ཆལ་ཐང་དུ་རྒྱ་གུར་ཕུབ་པར་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་བྱམས་པའི་གོས་སྐུ་ལ་རབ་གནས་ཀྱི་སྟ་གོན་དང་། ནངས་པར་དངོས་གཞིའི་ཆོ་ག་མཛད་པའི་ཡོན་བདག་བསྐོ་བཞག་ལ་ཐལ་ཇི་ཉིད་ངོས་ཕེབས་དང་། རབ་སྟོན་ཡང་རྒྱས་པར་བསྟབས། དེ་ནས་ཕོ་བྲང་གི་ཚོམས་སུ་ཚེ་སྒྲུབ་ཞག་ལྔ་མཛད་དེ་གུ་རུའི་ཞབས་རྗེས་ཀྱི་དྲུང་དུ་ཞབས་དྲུང་ལ་འཆི་བསླུ་དང་ཚེ་དབང་བརྒྱ་རྩ་སྩལ་ནས་གདན་སར་ཕྱིར་ཕེབས། དེ་ནས་ཟླ་བ་དགུ་པའི་མཇུག་ཏུ་གོང་མའི་ལུང་བཞིན་བསམ་ཡས་སུ་ཐེགས་ཏེ། མནན་ཟོར་བསྟན་མདོས་ལྷ་སྲིན་དམ་འདོགས་རབ་གནས་རྣམས་མཛད་ནས་ཕྱིར་ཕེབས་ཏེ་བླ་བྲང་གི་བྱ་འདབས་ཕུབ་པར་མཛད་རྗེས། སླར་ཡང་བསམ་ཡས་སུ་ཐེགས་ཏེ། རྟ་མགྲིན་གླིང་དུ་རྡོ་རྗེ་གྲོ་ལོད་ཀྱི་སྒོ་ནས་མནན་པ་མཛད། དེར་ཟླ་བ་བཅུ་པའི་ཚེས་བཅུ་བདུན་གྱི་ནུབ་མོ་འོད་གསལ་གྱི་གཟིགས་སྣང་ལ། ཁང་བཟང་གི་བཀོད་པ་ཡ་མཚན་པའི་ནམ་མཁའ་ལས་རོལ་མོའི་སྒྲ་གྲགས་པ་གསན་པའི་རྐྱེན་གྱིས་གཟིགས་པའི་ཚེ། མདུན་གྱི་ནམ་མཁར་འཇའ་འོད་ཀྱི་གུར་ཁྱིམ་རྣམ་པར་བཀྲ་བའི་ནང་མཐིང་ཞུན་ལྟར་གསལ་ཞིང་དྭངས་པའི་དབུས་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ཏིལ་གྱི་གོང་བུ་བཞིན་དུ་གང་བའི་འོག་ཏུ་རྩིབ་ཤར་ལྟ་བུའི་འཇའ་ཚོན་གྱི་སྟེང་ན་འཕགས་པའི་གནས་བརྟན་བཅུ་དྲུག་ཆགས་བྲལ་ཉན་ཐོས་ཀྱི་གཟུགས་ཕྲེང་ཚར་དུ་དལ་གྱིས་གཤེགས་པའི་རྣམ་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་ཀྱི་མེ་ཏོག་ཆར་ལྟར་དབབ་བཞིན་དུ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །ཞེས་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་རྣམས་གསུང་བའི་འུར་དེང་གི་སྒྲས་གནམ་ས་གཡོ་བ་ཙམ་དུ་ལྡིར་བའི་རྐྱེན་གྱིས་མནལ་སད་པའི་ཚེའང་དྲི་བསུང་གི་ངད་དང་སྒྲ་གདངས་རྣམས་ཐུགས་ཡུལ་དུ་ལམ་མེར་སྣང་ཞིང་། ཞག་འགའི་བར་དུ་རྩོལ་མེད་ཀྱི་ཏིང་ངེ་འཛིན་ངང་གིས་འཕེལ་བ་དང་། འདི་ལས་ཕྱིས་ཀྱི་རྟེན་འབྲེལ་མང་པོའང་རྟོགས་པར་གྱུར་གསུངས། འཆར་ཁའི་སྲུང་བཟློག་གི་སྒྲུབ་པ་བདུན་ཕྲག་གཅིག་མཛད་ནས་ཉེར་དགུ་ལ་མདོས་ཟོར་འཕངས་ཏེ་གདན་སར་ཕྱིར་ཕེབས། མགོ་ཟླའི་ཚེས་བཅོ་བརྒྱད་ལ་གོང་མའི་ལུང་བཞིན་ཆིབས་བཏེགས་ཏེ་ཕོ་བྲང་ཆེན་པོར་ཕེབས། དེ་མ་ཐག་སྐུ་རྐྱང་གིས་གོང་ཞབས་མཇལ་བའི་ཚུལ་དང་། ཉེར་བཞི་ལ་རྩེར་སྡེ་སྲིད་རིན་པོ་ཆེ་མཇལ་ཞིང་དེ་ཉིན་ནས་བཟུང་རྩེ་ཤོད་ལྷན་རྒྱས་སུ་འབུལ་བའི་ཟོལ་གྱིས་སྡེ་སྲིད་སྐུ་ཞབས་སུ་ཚེ་གུར། རྟ་མགྲིན། རྡོ་རྗེ་གྲོ་ལོད་སོགས་ཀྱི་དབང་བྱིན་རླབས་མང་པོ་དང་། འཆི་བསླུ། བྱད་འགྲོལ། བྱབ་ཁྲུས། གྲིབ་སེལ་རྣམས་འབུལ་བར་མཛད། ལྷ་སར་ཡང་སྡེ་སྲིད་རིན་པོ་ཆེར་ཀླུའི་གདོན་འགྲོལ་དང་། རྩེར་བྲིས་འབུར་གྱི་རྟེན་མང་པོར་རབ་གནས་ཀྱི་ཆོ་ག་ཉིན་གཉིས་མ་རྣམས་རིམ་པར་མཛད་ཅིང་གཞན་ཡང་གྲྭ་གཞིར་ཡུམ་སྐུ་མཆེད་དང་། ཆུ་བཟང་དུ་གཞིས་ཀའི་ཞལ་ངོ་རྣམས་ལ་སོ་སོར་དབང་བྱིན་རླབས་དང་། ཡུམ་མཆེད་ལ་ཁྲིད་ཀྱི་དམིགས་སྐྱོར། ལ་མོ་རྩེའི་གྲྭ་པ་ཉི་ཤུ་སྐོར་ལ་གསང་རྫོགས་ཀྱི་མགྱོགས་དབང་དང་། འཁོར་བ་དབྱིངས་སྒྲོལ་གྱི་དབང་རྣམས་སྩལ་ནས་མེ་སྟག་མཆུ་ཟླའི་ཉ་ལ་གོང་ནས་ཕུལ་དུ་བྱུང་བའི་གནང་སྦྱིན་དང་ཞབས་སྐྱེལ་བཅས་ཕྱིར་ཕེབས་ཀྱི་ལམ་ཞོར་ནོར་བུ་ཚེ་རིང་གིས་རྣམ་རབ་ཏུ་སྤྱན་དྲངས་ཏེ་སྤྱི་དབང་སྒོས་དབང་སོགས་སྩལ་ཅིང་། སྦྲེ་ཤིང་དུ་མར་པའི་གདུང་ཁང་མཇལ་དུ་ཐེགས་ཏེ་ཕྱག་མཆོད་སྨོན་ལམ་མཛད་ནས་རིམ་པར་གདན་སར་ཕེབས། ཟླ་བ་བདུན་པའི་ཚེས་བཅུའི་ཉིན་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་བླ་བྲང་དུ་ཐོག་མར་ཕེབས་ནས་མཚན་འདོགས་དང་དྲག་དམར་གྱི་དབང་སྩལ་ཏེ། བླ་བྲང་དུ་དབང་བསྐུར་མཛད་པའི་ཐོག་མའང་འདི་ཡིན་ནོ། །དེ་དག་གི་ཚེ་བསམ་ཡས་ཁྲ་འབྲུག་རྣམས་སུ་གཞུང་གི་སྐུ་རིམ་དུ་སྔ་ཕྱི་ཅི་རིགས་པར་ཞབས་བསྐྱོད། དེ་ནས་རྒྱལ་གྱི་ཟླ་བ་ལ་བླ་བྲང་ཆོས་འཁོར་ལྷུན་པོའི་རབ་གནས་རྗེ་ཉིད་འདུས་པར་བཅས་པས་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་ཚེས་བཅུ་ལ་སྟ་གོན་དང་། བཅུ་གཅིག་ལ་དངོས་གཞིའི་མེ་ཏོག་འཐོར་བའི་དུས་སྣམ་སྦྱར་ཅན་གྱི་སེར་སྦྲེངས་ཀྱི་བཀོད་པས་ཀུན་གྱི་ཡིད་འཕྲོག་པར་མཛད་ཅིང་། སྔ་དྲོ་ཡེ་ཤེས་པ་བཞུགས་པའི་ཚེ་བྱིན་ཕེབས་པའི་གཟི་བྱིན་མཆོག་ཏུ་འབར་བ་དང་ལྷན་ཅིག་པའི་དཀྱིལ་འཁོར་གཡོས་ཤིང་། ནམ་མཁའ་བཻ་ཌཱུཪྱ་ལྟར་དྭངས་པ་ལ་འཇའ་ཚོན་གྱི་སྡོང་པོ་རྣམ་པར་བཀྲ་བས་ཐམས་ཅད་ངོ་མཚར་བར་གྱུར། ས་འབྲུག་དབོ་ཟླའི་འགོར་ཐུགས་སྲས་སྤྲུལ་པའི་སྐུ་ཡབ་སྲས་ཕེབས་པར་དག་པའི་ཐུགས་བསྐྱེད་རྨད་དུ་བྱུང་བས་གསུང་སྤྲུལ་ཀུན་བཟང་རྡོ་རྗེ་ཀུན་གྱིས་རྩོད་མེད་དུ་གོང་མའི་ཁྲི་ལ་མངའ་དབང་བསྐུར་ཞིང་སྡོམ་པ་གསུམ་གྱིས་ཐུགས་ཀྱི་རྒྱུད་ཡོངས་སུ་གཏམས་པར་མཛད། ལྕགས་རྟ་དབྱུག་ཟླའི་འགོར་སྐུ་ཞང་འདུམ་པོ་བས་རྗེ་ཉིད་འདུས་པར་བཅས་པ་སྤྱན་དྲངས་ནས་རབ་གནས་ཉིན་གཉིས་མ་དང་དོང་སྤྲུགས་ཀྱི་གསུང་ཆོག་སོགས་མཛད། ཕྱིར་ལམ་ཚོགས་ཀྱི་ཀུན་རར་སྤྱན་དྲངས་ནས་སྤྱི་སྒེར་ཐམས་ཅད་ཀྱིས་མཆོད་ཅིང་previous hit བྱམསགླིང next hit་མཆོད་རྟེན་ཡང་མཇལ་དུ་ཕེབས། དེ་ནས་ཕྱི་ལོ་སྐུ་འབུམ་བཞེངས་རྒྱུའི་ས་གཞིར་ཚེས་བཅུ་གཅིག་གི་ཉི་ཤར་སྦོམ་གཏའ་སྡོམ་པའི་སྐར་འཛིན་ཙམ་མཛད་རྗེས། ནམ་མཛོད་སྒྲུབ་སྡེ་བའི་གྲྭ་པ་བསྙེན་སོང་བཞིས་བདུན་ཕྲག་གཅིག་གྱི་བར་ཀྱེ་རྡོར་གྱི་སྒོ་ནས་ཞི་པའི་སྲེག་བླུགས་དང་གྲྭ་ཚང་གི་གྲྭ་པ་བསྙེན་པ་ཐེམ་པ་ཞལ་གྲངས་ཀྱིས་འཇོམས་བྱེད་ཀྱི་སྒོ་ནས་དྲག་པོའི་སྦྱིན་སྲེག་རྣམས་མཛད། ལྕགས་ལུག་མཆུ་ཟླའི་ཟླ་སྒང་ལ་རྡོ་རྗེ་བྲག་ཏུ་སྤྱན་དྲངས་ཏེ་རིག་འཛིན་སྤྲུལ་པའི་སྐུར་ཚེ་གུར་བྱང་ཆུབ་སེམས་དཔའི་སྤྱོད་དབང་སོགས་འབུལ་བར་མཛད་ཅིང་། ཚུར་ཡང་པཱུ་ཏྲའི་སྲོག་གཏད་སོགས་གསན་ནས་ཕྱིར་ཕེབས། དབོ་ཟླའི་ཚེས་བཅུའི་སྔ་དྲོ་སྐུ་འབུམ་གང་དུ་བཞེངས་བའི་གཞིར་གྲྭ་ཚང་གིས་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད་པ་ན། གཎྜཱི་བརྡུང་བ་དང་ལྷན་ཅིག་འབྲས་ཕུའི་རི་རྩེ་དང་། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས་ཞེས་པའི་མདོ་ཚིག་འདོན་པའི་ཚེ། ས་དེར་ཉི་མ་ལྷག་གིས་ཤར་ཞིང་། རྗེ་ཉིད་གཟིམས་ཆུང་ནས་ཞབས་བསྐྱོད་པ་དང་མཉམ་དུ་ཞོགས་ཚོགས་ཀྱི་དུང་བུས་པ་སོགས་མ་བསྒྲིག་པར་འགྲིག་པའི་དགེ་མཚན་དང་། དེ་ནས་རྗེ་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་ས་ཆོག་དང་། གྲྭ་པ་བརྒྱད་ཀྱིས་འོད་ཟེར་དྲི་མེད་ཀྱི་ས་ཆོགགཞན་ཡང་བསང་མཆོད། ཆུ་གཏོར། འབུམ་ལྔ་སྒྲོག་པ། རྨང་གི་ཐིག་བྲེས་ནས་གཏེར་དང་འགྲམ་རྡོ་གཞུག་པ་སོགས་མཛད་པ་ལས། ཆུ་སའི་སྒོ་ནས་པྲ་བརྟག་པའི་ཚེས་བཟང་ཞིང་འཐས་པ་དང་། ཆུ་པྲ་གཡས་སུ་འཁྱིལ་བའི་དབུས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་བཾ་ཡིག་ལཱཉྩ་ནའི་གཟུགས་སུ་གསལ་བར་ཤར་ལ། དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ནམ་མཁའ་གང་བས་བྱིན་གྱིས་བརླབས་པ་དང་ཐུགས་ཉམས་ཀྱི་རྩལ་སྣང་གཟི་བྱིན་རྒྱས་པ་སོགས་ངོ་མཚར་བའི་མཚན་མ་བཟང་པོ་གཟིགས་ཤིང་། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་མཐུན་པའི་རྐྱེན་སྦྱར་ཏེ་ཉེ་འདབས་ནས་ས་རྡོ་ཆུ་སོགས་འབད་མེད་དུ་བརྡོལ་བ་དང་། ལས་མི་རྣམས་ཀྱང་དགའ་ཞིང་སྐྱིད་པའི་གླུ་གཞས་འཁྱིལ་ལེ་བའི་ངང་ནས་རང་རང་གི་ལས་ལ་བརྩོན་པས། ལས་མི་ཉུང་ངུས་དབྱར་ངོ་གཅིག་ལ་གེགས་མེད་དུ་འགྲུབ་པའི་ཆོ་འཕྲུལ་བསྟན་ཞིང་། ཁྱད་པར་ས་གའི་ཚེས་བཞི་ནས་བརྩམས་ཏེ་རིམ་པར་བྲེའི་ཐད་ཀྱི་འོག་གཞིར་ཀླུའི་བུམ་གཏེར་དང་དེའི་སྟེང་ས་བདག་གི་རྟེན་འཛུགས་མཛད་པའི་ཚེ་ནམ་མཁའ་དྭངས་པའི་མུར་སྐད་ཅིག་གིས་འཇམ་ཆར་གཤིན་པར་བབས། དེ་ནས་བྲེ་གཤམ་དུ་གནོད་སྦྱིན་གྱི་བུམ་གཏེར་དང་བྲེ་རྩིག་ནང་དུ་ཁྲོ་ཆེན་དཀོར་ཆས་གཏམས་པའི་ལྟེ་བར་གནོད་སྦྱིན་གྱི་འཁོར་ལོ་དང་བང་རིམ་གྱི་གཟུངས་རྣམས་ཀྱང་རིམ་པར་ཕུལ་ཏེ། སྣྲོན་ཟླའི་ཚེས་བརྒྱད་ལ་བུམ་རྟེན་གྱི་ནང་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་སྒྲུབ་དང་། དགུ་ལ་འོད་ཟེར་དྲི་མེད་ཀྱི་སྟ་གོན་མཛད་ནས་བཅུ་ལ་དཀྱིལ་འཁོར་བཞེངས་པའི་དབུས་སུ་སྲོག་ཤིང་བཙུགས་ཏེ་སྒྲུབ་མཆོད་དང་སྲོག་ཤིང་བརྟན་པའི་ཆོ་ག་གནང་བའི་ཚེ་ཐོག་མར་ཆར་ཟིམ་འཇམ་པོས་རྡུལ་རྣམས་མནན་རྗེས་ནམ་མཁའ་དྭངས་པ་ལས་སྲོག་ཤིང་གི་རྩེ་མོའི་ཐད་ཀར་འཇའ་ཁྱིམ་གདུགས་ལྟར་ཕུབས་པ་ལས་འཕན་དར་ལྟ་བུའི་འཇའ་ཚོན་འཕྱང་བ་དང་། མེ་ཏོག་དཀར་པོའི་ཆར་བར་སྣང་ཁྱབ་པར་ལྡིང་བར་ཀུན་གྱི་མཐུན་སྣང་དུ་བྱུང་ཞིང་། དེ་དུས་དག་པའི་གཟིགས་སྣང་ལ་ཨོ་རྒྱན་ཆེན་པོས་སྲོག་ཤིང་འཛུགས་པ་དང་། མཁའ་འགྲོ་སྡེ་བཞི་ས་ཕྱོགས་ཀྱི་འདྲེན་ཐག་འཐེན་པ། རྒྱལ་བ་མ་ཕམ་པ་སོགས་སངས་རྒྱས་སྲས་དང་བཅས་པ་གྲངས་མེད་པས་བྱིན་བརླབས་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བ། དཀར་ཕྱོགས་ཀྱི་ལྷ་དང་སྲུང་མས་ཕྱོགས་བཅུ་ཀུན་ནས་མཆོད་སྤྲིན་མཐའ་ཡས་པ་སྤྲོ་བ་སོགས་ངོ་མཚར་བ་དང་། ཟླ་བ་དྲུག་པའི་ཉེར་ལྔ་ལ་ཆོས་སྐྱོང་རྣམས་ཀྱི་རྟེན་འཛུགས་གནང་བའི་ཚེ་སྒྲུབ་ཁང་ནས་རྟེན་རྫས་ཀྱི་ཕྱི་བཞིན་རླུང་འཚུབ་དྲག་པོ་འཁོར་བཞིན་དུ་འཛུགས་པའི་བར་འགྲོ་བ་ཀུན་གྱི་མཐུན་སྣང་དང་། དག་པའི་གཟིགས་ངོར་དམ་ཅན་མོན་པ་ཕོ་མོའི་གཟུགས་བཟུང་ནས་སྤྲུལ་པའི་བྱ་ཁྱི་དུ་མའི་འཁོར་དང་བཅས་ཏེ་རྟེན་གྱི་གནས་སུ་ཡུད་ཀྱིས་ཐིམ་པའི་གཟིགས་སྣང་ངོ་མཚར་བ་བྱུང་། ཁྲུམས་ཟླའི་ཚེས་བདུན་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་དབུས་གྲྭ་གཙང་ཡོངས་རྫོགས་དང་། ཏྲེ་བོ་སྤྲུལ་པའི་སྐུ། རབ་འབྱམས་པ་ཆག་པ་ཆོས་འཕེལ་སོགས་ཕྱོགས་འདུས་པ་སྟེ། འདུས་པ་ཕྱེད་སུམ་བརྒྱ་ཙམ་ལ་འདུས་པ་ཆེན་པོ་མདོའི་དབང་རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་སྒྲིལ་བའི་ཕྱག་བཞེས་རྣམ་པར་དག་པ་ཞག་བཅུ་གཅིག་གི་ཁོངས་སུ་རྫོགས་པར་སྩལ་རྗེས། སྐུ་འབུམ་གྱི་བྲེ་དང་འཁོར་ལོའི་གཟུངས་འབུལ་རྣམས་གྲུབ་ནས། བཅུ་དགུའི་ཉིན་རྒྱལ་མཚན་འཛུགས་པའི་ཆོ་གས་ཆར་ཁེབས་གན་ཇི་ར་དང་བཅས་སྒྲོན་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཚེ་འབྲུག་སྐད་གྲགས་ཤིང་ཆར་ཟིམ་བབས་པའི་དགེ་མཚན་དང་། ཉེར་གསུམ་ལ་བུམ་ཐོག་ཏུ་རྗེ་ཉིད་ཀྱི་ཞབས་ཕྱིར་དབུ་ཆེ་དང་བསྙེན་སོང་སུམ་ཅུ་སྐོར་གྱིས་བླ་མ་ཞི་བ། བར་ཁང་དུ་སྤྲུལ་པའི་སྐུ་གཞན་ཕན་དབང་པོས་དབུ་མཛད་ཆེ་བགྲེས་སུམ་ཅུ་སྐོར་གྱིས་ཞི་ཁྲོ་རིགས་བསྡུས། འོག་ཁང་དུ་བདག་ཅག་གྲྭ་པ་བཞི་བཅུ་སྐོར་གྱིས་བདེ་འདུས་ཏེ། དཀྱིལ་ཁག་གསུམ་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག་སོ་སོ་དང་། གྲྭ་པ་བརྒྱད་ཅུ་སྐོར་གྱིས་རྟེན་འབྲེལ་སྙིང་པོས་མེ་ཏོག་སྒྲུབ་པ་རྣམས་མཛད་ནས། ཆོག་གྲྭ་ཐམས་ཅད་བསྒྲིལ་བའི་སེར་སྦྲེངས་ཀྱི་གཙོ་བོར་རྗེ་ཉིད་ཞབས་བསྐྱོད་པས་མེ་ཏོག་འཐོར་བ་དང་། ཕྱོགས་སོ་སོ་ནས་བརྟན་བཞུགས་ཀྱང་མཛད། དེའི་ཚེ་མཁའ་ལ་འཇའ་ཚོན་གྱི་གུར་ཁྱིམ་ཕུབ་ཅིང་། ཕྱོགས་མཚམས་རྣམས་སུ་ཆུ་འཛིན་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པར་འཁྲིགས་པའི་ཁོར་ཡུག་འོད་ཟེར་དཀར་པོའི་ཕྲེང་བས་བསྐོར་བའི་དགེ་མཚན་བཟང་པོ་ཀུན་གྱི་མཐུན་སྣང་དུ་མངོན་པར་བསྟན། དེ་ནུབ་དག་པའི་གཟིགས་སྣང་ལ། རིན་པོ་ཆེའི་ཐེམ་སྐས་ལ་འཛེགས་ནས། ཁང་བཟང་ཡིད་དུ་འོང་བའི་ནང་དུ་ཐེགས་པ་ན། དེར་དྭངས་གསལ་འོད་ཀྱི་འཁོར་ལོའི་དབུས་སུ་རིགས་བརྒྱའི་ལྷ་ཚོགས་རྣམས་ལྷམ་མེར་བཞུགས་པ་ལ་མོས་གུས་རྩེ་གཅིག་པས་ཐུགས་ཡིད་འདྲེས་པའི་ཚེ། ལྷ་ཚོགས་ཐམས་ཅད་འུབ་ཀྱིས་འདུས་པ་མགོན་པོ་འོད་དཔག་ཏུ་མེད་པ་དམར་གསལ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བར་གྱུར་ནས་འདི་སྐད་དུ། ཁྱོད་ཀྱི་ཕྲིན་ལས་གཞན་ཕན་གདུལ་བྱའི་ཡུལ་ལ་སྨིན་པས་མྱུར་དུ་པདྨས་བརྒྱན་པའི་ཞིང་ཁམས་སུ་རྣམ་རོལ་མཐའ་ཡས་ཞེས་བྱ་བའི་དེ་བཞིན་གཤེགས་པར་ཁྱོད་འགྱུར་ལ། དེའི་ཚེ་འདི་ལྟར་དགེ་བའི་ལས་ལ་འབྲེལ་བ་ཐོགས་པ་ཀུན་ཀྱང་འདུས་པ་དང་པོར་སྐྱེ་བར་འགྱུར་བའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཞེས་ལུང་བསྟན་དབུགས་དབྱུང་སྩལ་བའི་མནལ་ལམ་ཆེས་ངོ་མཚར་བ་སྣང་བར་གྱུར་ཏོ། །དེ་ནས་དབྱུག་ཟླའི་ཉེར་གཅིག་ལ་ཡབ་སྲས་ལྷན་ཅིག་ཏུ་ལུམ་པའི་གྲུ་བརྒྱུད། ཉེར་ལྔ་ལ་སྐྱེ་ཆུའི་རབ་ཁར་ཡུམ་སྐུ་མཆེད་ཀྱི་ཐབ་བསུ་དང་བཅས་ཕོ་བྲང་ཆེན་པོར་ཕེབས། དེ་འཕྲལ་རྗེ་ཉིད་སྐུ་རྐྱང་གིས་གོང་ཞབས་ཀྱི་མཇལ་ཕྱག་ཞུ་བའི་ཚུལ་དང་། ནངས་པར་ཡས་ཕྱིན་ལྷན་རྒྱས་སུ་འབུལ་བའི་རྫུས་སྡེ་སྲིད་སྐུ་ཞབས་ལ་སྔ་དྲོ་ཚེ་དབང་དང་། ཕྱི་དྲོ་རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་འབུལ་བར་མཛད་ཅིང་། དེ་ཉིན་དཔོན་སློབ་ཐམས་ཅད་ཀྱིས་ཤོད་ཀྱི་མཇལ་ཕྱག་ཀྱང་ཞུ་བར་མཛད། དེ་རྗེས་གསང་རྒྱའི་དགག་དགོས་ལ་དགོངས་ཏེ་ཟླ་བ་བཅུ་པའི་ཚེས་གཉིས་ཀྱི་སྔ་དྲོ་གཟིམས་ཆུང་ཁམས་གསུམ་རྣམ་པར་རྒྱལ་བར་གསང་ཁོག་ཏུ་ཡབ་སྲས་ལྷན་ཅིག་ཏུ་ཕེབས་ནས་གོང་ཞབས་བཞུགས་པའི་ཚུལ་གྱིས་གདུང་རྒྱུད་རིན་པོ་ཆེའི་གཙུག་ཕུད་ཕུལ་བར། སྡེ་སྲིད་སྐུ་ཞབས་ཀྱི་བསླབ་སྟོན་ལྟར་མཚན་རྗེ་ཉིད་རང་གི་ཕྱག་བྲིས་སུ་མཛད་པ་འདོགས་པའི་ཚུལ་དང་། གཙུག་ཕུད་ཀྱང་གོང་མའི་སྐུ་ཚབ་ཀྱིས་དབུ་སྐྲ་ནས་བཟུང་སྟེ། རྗེ་ཉིད་རང་གཅོད་དུ་འཇུག་པར་མཛད་གསུངས། དེ་བཞིན་གཤེགས་པའི་འཕེལ་གདུང་ལ་སོགས་བའི་བྱིན་རྟེན་མང་པོ་ཕྱག་ལས་བསྟར་ཏེ་སྩལ་བའི་ཚུལ་དང་རྒྱ་ཡི་ཤིང་འབྲས་སོགས་བཞེས་སྤྲོ་ཁྱད་མཚར་དུ་མའང་སྩལ་ཅིང་ཕྱིར་ཕེབས་ཀྱི་གཟིམས་ཆུང་འགག་ཏུ་ཞབས་ཕྱི་ནང་མ་རྣམས་ཀྱིས་མགུལ་དར་དང་། དེ་ནས་ཀྱང་སྐུ་ཞབས་གྲྭ་ཚང་སྤྱི་སོ་དང་སྒེར་པ་ཅི་རིགས། གཞིས་ཁའི་ཡུམ་སྐུ་མཆེད། དྲུང་འཁོར་དང་ལྷ་ས་གནས་ཆེན་པ་མང་པོས་ཀྱང་ལེགས་སྐྱེས་ཀྱི་ཞལ་གསོ་རིམ་པར་ཕུལ། དེ་ཉིན་ནས་བཟུང་གྲྭ་ཚང་ཆེན་མོའི་གྲྭ་གསར་གཙོར་གྱུར་གྱི་བརྒྱད་ཅུ་སྐོར་ལ་ཚོམས་ཆེན་དུ་བླ་མ་གསང་འདུས། བཀའ་བརྒྱད་གསང་རྫོགས། འགྲོ་བ་ཀུན་སྒྲོལ། ཁྲོ་ཆུ། ཡང་བཟློགརྒྱ་ཅན་སྐོར་སོགས་ཀྱི་དབང་བྱིན་རླབས་དང་། ཆོས་སྐྱོང་སྐོར་གྱི་རྗེས་གནང་སྲོག་གཏད་མང་པོ་ཉིན་ལྔའི་བར་འབྲེལ་ཆགས་སུ་སྩལ་ཅིང་། དེ་དུས་ཡས་ཕྱིན་ཐུན་མོང་དུ་འབུལ་བའི་ཚུལ་གྱི་ཤོད་དུ་རིམ་པར་སྒྲ་མི་སྙན་གྱི་ཚེ་དབང་། རྒྱ་ཅན་གྲོ་ལོད་ཀྱི་དབང་། གཡུ་ཐོག་སྙིང་ཐིག་དང་བདུད་རྩི་བུམ་པའི་དབང་ལུང་། སྐུ་གསུམ་རིགས་འདུས་དང་འཆི་མེད་དཔལ་སྟེར་གྱི་ཚེ་དབང་། ནཱ་ག་རཀྴའི་རྗེས་གནང་། ལོཀྟྲིའི་རིགས་གཏད། གཟའི་དུག་འབྱིན། བྱད་འགྲོལ། གདོན་འགྲོལ། གྲིབ་སེལ། འཆི་བསླུ་སོགས་འབུལ་བར་མཛད། ཚེས་བཅོ་ལྔ་ནས་བཟུང་སྒྲུབ་པ་ལ་བཞུགས་ཏེ་ཉེར་དགུའི་ཉི་ཤར་ནས་གནམ་གང་གི་ཐོ་རེངས་བར་གསེར་གདུང་ཆེན་མོའི་འོག་སོགས་སུ་ཀི་ཀང་རླུང་བྲུབས་ཀྱི་ལས་སྦྱོར་དང་ཟོར་འཕེན་མཛད། དེ་དུས་ཉེར་དགུའི་སྲོད་ལ་ལྷོ་ནུབ་ཀྱི་ཟུར་གྱི་རྩིག་སྟེང་ནས་གྲྭ་པ་བསྟན་འཛིན་བསམ་འགྲུབ་ཟེར་བ་ཐོག་སོ་ལྔར་ལྷུངས་ཀྱང་ཅི་ཡང་མ་སྐྱོན། གྲྭ་ཚང་གི་གྲྭ་པ་མང་པོར་ལོཀྟྲི་དང་རླུང་བྲུབས་སོགས་དྲག་སྔགས་མང་པོའི་ལུང་དང་ཕྱག་ཁྲིད། གོང་གི་ཞམ་རིང་ནང་མ་དང་། སེར་འབྲས་ཀྱི་གྲྭ་པ་དྲུང་འཁོར་ལྷ་སའི་བསྙེན་གནས་པ་སོགས་དོན་གཉེར་ཅན་མང་པོར་དབང་ལུང་ཁྲིད་བཀའ། ཆུ་བཟང་དུའང་སྤྱན་དྲངས་ནས་རྐྱེན་སེལ་གྱི་དབང་བྱིན་རླབས། ཕྱིར་ལམ་ཕ་བོང་ཁར་གྲུབ་རྒྱ་དགེ་སློང་ལ་གེགས་སེལ་བོག་འདོན་རྣམས་སྩལ་ཏེ་རྩེར་ཕེབས། ཉེར་བཞི་ལ་ཆབ་མདོ་རྒྱལ་བ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་འབུལ་སྐྱེས་ཕུལ་དུ་བྱུང་བ་དང་བཅས་ཆེད་དུ་ཕེབས་པར་བསྟི་སྟང་ཆེན་པོས་མཇལ་འཛོམ་གནང་ཞིང་། དཔོན་སློབ་ཐུན་མོང་ལ་ཚེ་དཔག་མེད་དང་རྟ་མགྲིན་གྱི་དབང་མཛད་པ་ནས་བཟུང་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པས་ལོ་རེ་བཞིན་འཚམས་འདྲིའི་ཞུ་ཡིག་འཕུལ་ལེན་དང་། དེ་དུས་སྔགས་ཀྱི་ལག་ལེན་བྱང་བའི་གྲྭ་པ་ཞིག་གཏོང་དགོས་ཚུལ་གྱི་བཀའ་ལུང་ལྟར། སླར་དགེ་སློང་ཨོ་རྒྱན་བསོད་ནམས་ཅན་ཞབས་ཕྱིར་རྫོང་སྟ་མཛད། རྒྱལ་ཟླའི་བཅུ་དགུའི་སྔ་དྲོ་གོང་ཞབས་ཡས་ཕྱིན་ཐུན་མོང་དུ་འབུལ་བའི་ཚུལ་གྱི་མི་དབང་ཆེན་པོར་གཅོད་ཡུལ་སྟན་ཐོག་གཅིག་མའི་ཁྲིད་དམིགས། རྡོར་སེམས་དང་ཚེ་དཔག་མེད་ཀྱི་སྒོམ་རིམ་རྣམས་འབུལ་བར་མཛད་ཅིང་། དེ་ཉིན་ཕུན་སུམ་ཚོགས་པའི་གནང་སྦྱིན་དང་ཞབས་སྐྱེལ་བ་སོགས་མཐུན་རྐྱེན་འཛོམ་པའི་ཆིབས་བཏེགས་ཏེ། ལམ་ཞོར་དངོས་གྲུབ་དགོན་དུ་སྤྱན་དྲངས་ཤིང་མཆོད་ནས། ལུམ་པའི་གྲུ་བརྒྱུད་ཉེར་ལྔ་ལ་གདན་སར་ཕེབས། དེ་ནས་བཀྲ་ཤིས་མཐོང་སྨོན་པས་སྤྱན་དྲངས་སྔ་ཕྱིར་བྱུང་བ་ལྟར་ཆུ་སྤྲེལ་ཟླ་བ་དང་པོའི་ཉེར་གཅིག་ལ་ཆིབས་བཏེགས་ཏེ། ཕེབས་ལམ་རྣམས་སུ་གཞན་དོན་སྐྱོང་བཞིན་པས་གནམ་གང་གི་ཉིན་ཐབ་བསུ་ཆིབས་བསུ་སེར་སྦྲེངས་རྣམས་ཀྱིས་ཞབས་བསུས་ཏེ་ཀུན་བཟང་ཆོས་གླིང་དུ་ཕེབས། དབོ་ཟླའི་ཚེས་གཅིག་གི་ནུབ་མི་དབང་ཆེན་པོའི་ཡུམ་ལ་འཕོ་བའི་གསལ་འདེབས་མཛད་པའི་མནལ་ལྟས་བྱུང་བ་ལྟར་ཚེས་བཅུ་གཅིག་གི་ཉིན་བསྔོ་རྟེན་འབུལ་མི་འབྱོར་ཞིང་གཤེགས་དུས་འཕོ་བ་འབྱོངས་པའི་རྟགས་མཚན་གསལ་བའི་ལོ་རྒྱུས་བྱུང་བས་ཐམས་ཅད་གཟིགས་སྣང་ལ་ཡིད་ཆེས་པར་གྱུར། ཚེས་གཉིས་ནས་བཟུང་རིམ་པར་མགོན་ཁང་དུ་ཕེབས་ཏེ་གཏོར་འབུལ་ཕྲིན་བཅོལ་དང་། འདུ་ཁང་གི་ཁྲོ་ཐོག་ཏུ་སྤྱན་དྲངས་ནས། གྲྭ་ཚང་སྒྲུབ་སྡེ་བཅས་པས་ཞབས་བརྟན་རྒྱས་པར་བསྟབས། དེའི་སང་ཉིན་རྔ་འཆམས་དང་བྲུབ་འཆམས་ཀྱི་ཕྱག་ལེན་རྣམས་གཟིགས་ལམ་དུ་ཕུལ་ཞིང་། ཚེས་དྲུག་ལ་གྲྭ་གཙང་ཡོངས་ལ་གཏེར་གསར་གྱི་བླ་མ་ཞི་དྲག་དང་། གཤིན་རྗེ་གཤེད་ཀྱི་དབང་། ཕྲིན་ལས་སྐོར་གྱི་ལུང་དང་བཅས་པ་སྩལ་ནས་ཚེས་བདུན་ལ་སྦྱོར་ཡོན་མཆོད་ཀྱི་སྤྱན་འདྲེན་བྱུང་བ་ལྟར། རྒྱལ་བུ་དཔོན་བློན་དང་རྩེའི་དྲུང་འཁོར་རྣམས་ཀྱིས་ཆིབས་བསུ། ཆོས་སྡེའི་སེར་སྦྲེངས་དང་བཅས་པས་མདུན་བསུས་ཏེ་བླ་བྲང་དུ་སྤྱན་དྲངས་ནས། སྤྲུལ་སྐུ་རིན་པོ་ཆེར་གཏེར་གསར་གྱི་ཆོས་བཀའ་འགའི་ལུང་དང་། ཞོལ་དུ་སྡེ་པས་སྤྱན་དྲངས་ཏེ་ཚེ་གུར་གྱི་དབང་ཞུས་ཤིང་། སྲིད་ཀྱི་རྟེན་འབྲེལ་བྱིན་རླབས་མཛད་པས་ལོ་དུས་ལས་མ་འགྱང་བར་རྒྱལ་བུའང་བྱུང་བར་སྣང་། ཡོན་མཆོད་ཐམས་ཅད་ཀྱིས་བསྙེན་བཀུར་འབུལ་ནོད་ཕུལ་དུ་བྱུང་བས་མཆོད་ནས་ཕྱིར་ཕེབས། བཅུ་གསུམ་ལ་ཀུན་བཟང་ཆོས་གླིང་གྲྭ་ཚང་དུ་བླ་མ་དྲག་པོའི་ཆོ་ག་ཚུགས་པའི་གྲལ་དབུར་ཞབས་བསྐྱོད་དེ་དངོས་གྲུབ་ལེན་པ་དང་རྗེས་འབྲེལ་དུ་གཏོར་དབང་ཡང་སྩལ། བཅུ་བཞི་ལ་བྱ་ས་ཞབས་དྲུང་གིས་བསྟི་སྟང་ཆེན་པོས་སྒྲོ་གཞིས་ཀར་སྤྱན་དྲངས་ནས་མཆོད་ཅིང་ཚེ་དབང་དང་ལེའུ་བདུན་མའི་ལུང་སྩལ། སླར་ཡང་ཕྱིར་ཕེབས་ཏེ། གྲྭ་ཚང་གི་སློབ་དཔོན་དང་གཉེར་པའི་ལས་ཚན་བསྐོ་བ་སོགས་མཛད་ནས། ཕྱིར་ལམ་གྲུབ་དབང་སྤྲུལ་སྐུ་རིན་པོ་ཆེས་དྲེའུ་ལྷས་དང་། སྡེ་པ་སྐྱིད་ཕུག་པས་ལྷུན་རྩེ་རྫོང་དུ་སྤྱན་དྲངས་ཏེ་སོ་སོས་བཀུར་སྟི་ཕུལ་དུ་བྱུང་བས་མཆོད་ཅིང་། རིམ་པར་ཡར་སྟོད་བརྒྱུད་ལམ་དུ་དད་ཅན་མང་པོའི་དོན་མཛད་བཞིན་པས་གདན་སར་ཕེབས། དེ་ནས་བླ་བྲང་གི་ཡང་ཐོག་སྤར་བའི་ཨར་ལས་བསྟབས། གཙུག་ལག་ཁང་དུ་སྟན་སྤོས་ཏེ་དབྱར་ངོ་བཞུགས་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་། འདུས་མདོ། ཡང་དག་རྣམས་ཀྱི་སྒྲུབ་དཀྱིལ་དང་། ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་རྣམས་བཀའ་རྩོམ་མཛད་ཅིང་། མངའ་རིས་ཁམས་ཀོང་སོགས་ཕྱོགས་འདུས་པ་མཆོག་དམན་མང་པོར་དབང་ལུང་གཏོས་ཆེ་བ་དང་། སྟོན་ཀར་གཉུག་མར་གནས་པ་དང་ཕྱོགས་འདུས་པ་སོགས་ཉིས་བརྒྱ་བརྒལ་བར་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཡོངས་རྫོགས་ཀྱི་ལུང་སོགས་ཆོས་འཁོར་བར་མེད་དུ་བསྐོར། ཆུ་བྱ་ཟླ་བ་དང་པོའི་ནང་དུ་གཞུང་ས་མཆོག་ནས་སྡིངས་པོ་ཆེའི་དགོན་མ་ལག་དང་བཅས་པ་འཛིན་སྐྱོང་གི་ལུང་སྩལ་བ་ལྟར། དེའི་གྲྭ་སློབ་རྣམས་ཀྱིས་སྤྱན་དྲངས་ཏེ་ཞབས་ཏོག་ཕུལ་དུ་བྱུང་བ་བསྒྲུབས། ཁྲུམས་ཟླའི་འགོར་སྣ་དཀར་རྩེའི་ཞབས་དྲུང་གཤེགས་པའི་སྐྱབས་གནས་སུ་སྤྱན་དྲངས་ཏེ་སྒྲིབ་སྦྱོངས་ཀྱི་ཆོ་གས་རྗེས་སུ་བཟུང་། དེ་ནས་ཕེབས་ཞོར་གླིང་དང་སྨོན་མདའི་ལ་བརྒྱུད་གུ་རུ་ལྷ་ཁང་དུའང་སྤྱན་དྲངས་ཏེ་བཀུར་སྟི་ཆེན་པོས་མཆོད་ཅིང་། སོ་སོའི་ཐུགས་ཀྱི་བཞེད་པ་སྐོང་བའི་ཆོས་སྦྱིན་ཡང་སྩལ་ནས་ཕྱིར་ལམ་ཡང་ཡུལ་སོ་སོར་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་བཞིན་པས་གདན་སར་ཕེབས། དབྱུག་ཟླའི་ཚེས་བཅུ་གཅིག་ནས་བཟུང་གྲྭ་ཚང་དུ། མདོ་སྒྱུ་ཡང་དག་གི་ཆོག་གྲྭ་བཞི་པོ་ཚུགས་པ་དེ་ཉིད་ཕྱི་ལོ་ནས་ས་གའི་དུས་ཆེན་ཐོག་སྤོ་བར་མཛད་ཅིང་། ཕྱིས་མཉམ་སྦྱོར་རིགས་བསྡུས། དོང་སྤྲུགས་པདྨ་བརྒྱ་ལྡན། ཚེ་དཔག་མེད་ལུང་ལུགས། ཆ་གསུམ་དཔལ་སྡོམ་པ་རྣམས་བསྣན་ནས་དཀྱིལ་ཆེན་དྲུག་དང་དཀྱིལ་ཆུང་གཉིས་ཏེ་དཀྱིལ་འཁོར་ཁག་བརྒྱད་ཀྱི་སྒྲུབ་མཆོད་ཀྱི་ཕྱག་སྲོལ་དང་འབྲེལ་བར་ངོ་མཚར་བའི་ལྟད་མོ་ལན་ལྔ་མཛད་པ་ནི། ཚེས་བཞིའི་ས་ཆོག་གི་དུས་ཁྲག་འཐུང་རྩ་འཆམས། བཅོ་ལྔའི་དུས་ཆེན་ལ་མཆོད་གར། བཅུ་དྲུག་ལ་སྒྱུ་འཕྲུལ་ཁྲོ་བོའི་གདབ་ལས་ཀྱི་བྲུབ་འཆམས། བཅུ་བདུན་ལ་ལས་བཞིའི་སྦྱིན་སྲེག་གི་ཚོམ་བུ་སྤྱན་འདྲེན་དང་། བཅོ་བརྒྱད་ལ་རྡུལ་ཚོན་ཆུ་བོར་གཤེགས་པ་དང་སྦྲེལ་ཏེ་གོས་སྐུ་ཞལ་འབྱེད་ཀྱི་སེར་སྦྲེངས་རྣམས་ཀྱི་ཕྱག་བཞེས་བསྟར་ཆགས་པའི་སྲོལ་ཚུགས། ཟླ་མཇུག་གོང་མའི་ལུང་བཞིན་ཁྲ་འབྲུག་ཏུ་མནན་པ་ཞག་བཅུ་དགུའི་བར་དུ་བསྒྲུབས་ཏེ་ལས་ལ་སྦྱར་ནས་ཕྱིར་ཕེབས། མགོ་ཟླའི་ཉེར་བཞིའི་ནུབ་འོད་གསལ་གྱི་གཟིགས་སྣང་ལ། དཀོར་སྲུང་ཞིང་སྐྱོང་མ་མོས་འགལ་བྱེད་ཆམས་ལ་ཕབས་པའི་མཚན་མ་ཡ་མཚར་བའང་གཟིགས། ཤིང་ཕོ་ཁྱི་ལོ་ནས་བཟུང་དབོ་ཟླའི་ནང་དུ་ལོ་བཞིན་གོང་མ་ཐམས་ཅད་མཁྱེན་པ་རྒྱལ་མཆོག་ལྔ་པ་ཆེན་པོའི་ལོ་དུས་ཀྱི་སྐུ་མཆོད་ལ་དམིགས་ཏེ། དཔལ་ལྡན་མིའི་དབང་པོ་ཉིད་གཏོང་བ་ལ་ལྷག་པར་གོམས་པའི་ཐུགས་མངའ་བས་རིས་མེད་པའི་དགེ་འདུན་ཐམས་ཅད་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁག་དུ་སྤྱན་དྲངས་ནས་རྙེད་པ་དང་བཀུར་སྟིའི་སྟོན་མོའི་ཕྱག་འགྱེད་བཅས་ཕུལ་དུ་བྱུང་བ་དང་། ངོ་མཚར་བའི་ལྟད་མོ་སོགས་ཀྱི་དུས་སྟོན་ཚོགས་མཆོད་ཆེན་མོར་གྲགས་པ་འཛུགས་པར་མཛད་པ་དང་རྗེས་འབྲེལ་དུ། གྲྭ་ཚང་ལ་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་དང་འབྲེལ་བར་ཚོགས་བརྒྱ། དོང་སྤྲུགས་ཀྱི་བསྐངས་བཤགས་མཁའ་འགྲོའི་མེ་མཆོད་རྣམས་ཇི་སྲིད་བར་ཚུགས་པའི་གྲལ་དབུར་ཞབས་བསྐྱོད་པར་ཕོག་ཡོན་གྱི་རྙེད་པ་བཟང་ཞིང་བསྟར་ཆགས་པའི་རྒྱུན་དང་། ལྷ་ལྡན་ཚོགས་མཆོད་ཀྱི་འགྱེད་སྐལ་ཡང་སྩལ་ཅིང་། ཁྱད་པར་འདི་ལོ་དངུལ་སྲང་བཞི་བརྒྱ་དང་བདུན་ཅུའི་རིན་ཐང་ཅན་གྱི་བསྔོ་རྟེན་ཕུལ་དུ་ཕྱིན་པར་སྩལ་བར། བསྔོ་བའི་སྟོང་ཐུན་གྱི་གསུང་བཤད་སྔོན་དུ་འགྲོ་བས་དགོངས་བཞེད་ལེགས་ཚོགས་སུ་འགྲུབ་པའི་མཆོད་བསྔོ་རྒྱས་པར་མཛད། ཤིང་ཕག་ཁྲུམས་ཟླའི་མཇུག་ཏུ་མཆོད་སྡོང་ཆེན་མོའི་རབ་གནས་ལ་གོང་མའི་ལུང་བཞིན་སྒྲགས་ལ་བརྒྱུད་ཐེགས་པ་ཉེར་བཞི་ལ་ཕོ་བྲང་ཆེན་མོར་ཕེབས་ཏེ། ཕོ་བྲང་གསར་པའི་གཟིམས་ཆུང་དགའ་འཁྱིལ་དུ་ཕྱགས་ཕེབས་ནས། དེ་འཕྲལ་སྐུ་རྐྱང་གིས་གོང་ཞབས་མཇལ་བའི་ཚུལ་དང་ཉེར་ལྔའི་སྔ་དྲོ་ཡས་ཕྱིན་ལྷན་རྒྱས་སུ་འབུལ་བའི་ཟོལ་གྱིས་སྡེ་སྲིད་སྐུ་ཞབས་སུ་ཚེ་དབང་འབུལ་བར་མཛད་ཅིང་། དེ་ཉིན་དཔོན་སློབ་ཐམས་ཅད་ཀྱིས་ཤོད་ཀྱི་མཇལ་ཕྱག་ཀྱང་ཞུ་བ་གནང་། དེ་ནུབ་ནས་དཔོན་སློབ་བཅུས་བདུན་ཕྲག་གཅིག་གིས་བར་གཡང་ཁང་དུ་སྐུ་མཚམས་བཅད་ནས་ལྗགས་བསྙེན་ཞལ་གསོ་དང་། དེ་གྲོལ་ནས་ཡས་ཕྱིན་ཐུན་མོང་དུ་འབུལ་བའི་ཚུལ་གྱིས་སྡེ་སྲིད་རིན་པོ་ཆེར་གུར་དྲག་གི་དབང་སྩལ་ཅིང་ཚེས་བཞི་ལ་ཆོག་རོགས་ཞབས་ཕྱིར་གྲྭ་ཚང་འདུས་ཚོགས་རྣམས་ཀྱང་རྩེར་འབྱོར་བ་དང་། དེ་འཕྲལ་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཞེངས་པའི་གཞིར་ས་ཆོག་དང་འབྲེལ་བར་ཕྱི་ནང་གི་མཚམས་གཅོད་དང་། མ་ཊཾ་བསྒྲལ་བའི་ཁོག་པ་བྲོས་སྦྱངས་པར་ཆག་ཆག་དང་ཐིག་བཏབ་རྗེས་ལྷ་བུམ་སྟ་གོན། ཚེས་ལྔ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་ནངས་པར་རྒྱན་བཀོད་རྣམས་གྲུབ་པར་མཛད་ཅིང་། དེ་ནས་བཟུང་ཚེས་བཅུ་གཅིག་གི་བར་དུ་སྒྲུབ་མཆོད་དང་། བཅུ་གཉིས་ཀྱི་ཐོ་རེངས་སྐུ་ཚེའི་སྒྲུབ་པ་མཛད་དེ། ཞོགས་པ་གཟིམས་ཆུང་ཁམས་གསུམ་དུ་ཡས་ཕྱིན་ལྷན་རྒྱས་ལ་འབུལ་ཚུལ་གྱིས་ཟང་ཟིང་གི་འབུལ་བ་རྒྱས་པ་དང་བཅས་ཞབས་བརྟན་གྱི་གསུང་ཆོགདེ་ནུབ་དང་། སྒྲུབ་མཆོད་ཀྱི་དངོས་གྲུབ་བླང་བའི་བར་ཏེ། དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིས་ཁོག་ཕུབ་པའི་ཚོགས་སྒྲུབ་ཀྱི་ཆོ་ག་མཐར་ཕྱིན་པར་མཛད་ནས། བཅུ་གསུམ་ལ་རབ་གནས་ཀྱི་སྟ་གོན་དང་། བཅུ་བཞི་ལ་དངོས་གཞིའི་ཆོ་ག་མཛད་པའི་མངའ་དབུལ་གསུམ་པའི་དུས་རྗེ་ཉིད་འཁོར་ལོ་སྒྱུར་བའི་ཆ་བྱད་དུ་བཞུགས་ཏེ་རྒྱས་པའི་སྲེག་བླུགས་དང་རྗེས་འབྲེལ་ཙཱ་རུ་བསྒྲུབས་ནས་འབུལ་བ་དང་། མེ་ཏོག་འཐོར་དུས་སྣམ་སྦྱར་ཅན་གྱི་སེར་སྦྲེངས་ཚར་དུ་དངར་ཞིང་། ཡོན་བདག་བསྒོ་བའི་དུས་དཔལ་ལྡན་མིའི་དབང་པོ་ཉིད་ཁྲི་ལ་སྤྱན་དྲངས་ཏེ་ཟང་ཟིང་གི་དངོས་པོའི་སྐྱེས་ཅུང་ཟད་བསྟབས་རྗེས་ཚིག་དོན་བཟང་པོའི་སྟོང་ཐུན་གྱི་བཤད་འབུལ་སྔོན་དུ་འགྲོ་བས་ཡོན་གྱི་བདག་པོར་མངའ་གསོལ་ཞིང་བཀྲ་ཤིས་པའི་རྫས་ཕུལ་བས་དགེ་ཞིང་ཤིས་པར་མཛད་ནས། དགའ་སྟོན་གྱི་ཁྱད་པར་རྒྱུན་གྱི་ཞབས་ཏོག་བཟང་ཞིང་བསྟར་ཆགས་པ་དང་། དེ་ཉིན་གྲོལ་སྟོན་གྱི་བསྙེན་བཀུར་ཕུལ་དུ་བྱུང་བའི་ཐོགརབ་ཡོན་ཡང་དངུལ་ཐོག་ཏུ་ཕབ་ན། རྗེ་ཉིད་ལ་དངུལ་སྲང་བརྒྱད་བརྒྱ་དང་བརྒྱད་ཅུ་རྩ་བཞི། ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེར་དངུལ་སྲང་ཞེ་ལྔ། ཚོགས་པ་བྱིང་ལ་དངུལ་སྲང་བཅུ་གསུམ་དང་ཞོ་དྲུག་རེ། ལས་སྣེ་རྣམས་ལ་གོ་རིམ་བཞིན་དངུལ་སྲང་སོ་གཉིས་ནས་སྲང་དགུ་ཞོ་དོའི་བར་གྱི་རིན་ཐང་ཅན་གྱི་སྣེ་གཞག་དང་བཅས་པ་སྟེ། རྙེད་པ་དང་བཀུར་སྟིའི་དུས་སྟོན་བློའི་ར་བ་ལས་འདས་པའི་བཟང་ཞིང་རྒྱ་ཆེ་བ་ཕུལ་དུ་བྱུང་བ་སྩོལ་བ་དང་ལྷན་ཅིགཤེས་བྱའི་དཀྱིལ་འཁོར་ཀུན་ལ་གཟིགས་པ་རྣམ་པར་ཡངས་པའི་དཔལ་ལྡན་མི་དབང་མཆོག་གི་གསུང་ནས། གནས་བྱའི་རྟེན་དང་། དེ་ལ་རབ་གནས་བྱེད་པ་པོའི་གང་ཟག་གི་ཆེ་བ། ཇི་ལྟར་བྱ་བའི་ཆོ་གའི་རྣམ་གཞག་སོགས་ལས་བརྩམས་པའི་ལྗགས་བཤད་ཀྱི་མཐའ་འཕགས་ཆེན་རྣམས་ཀྱིས་བསྔོས་ན་ཇི་ལྟར་སྨོན་པ་བཞིན་འགྲུབ་པའི་ཕྱིར། འདིས་མཚོན་པའི་དགེ་ཚོགས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་སྒྱུར་གནང་དགོས་པའི་བཀའ་ལུང་གིས་གླེང་བསླང་བ་ལྟར། རྗེ་ཉིད་ནས་དོན་བཟང་ལ་ཚིག་སྙན་ཞིང་འཇེབས་པའི་བསྔོ་བའི་སྟོང་ཐུན་སྔོན་དུ་འགྲོ་བས་ཐུགས་ཀྱི་བཞེད་དོན་ཇི་བཞིན་འགྲུབ་པའི་མཆོད་བསྔོ་འབུལ་བར་མཛད་ཅིང་། ཁྱད་པར་སྔོན་ཆད་གཞན་དུ་མ་གྲགས་པའི་སྲིད་ཞིའི་གཙུག་རྒྱན་གོང་མ་རྒྱལ་བའི་དབང་པོ་ཉིད་གང་གི་ཕྲིན་ལས་པ་དང་བཅས་པ་མདོ་དང་གཏེར་ལུང་རྣམས་ནས་ལུང་བསྟན་ཚུལ་བསྒྲིགས་པའི་གཏམ་ས་བཅད་འབྲུ་བསྣོན་དང་བཅས་པ་རྒྱས་པར་གནང་བས་དཔྱོད་ལྡན་རྣམས་ཀྱི་ཡིད་འཕྲོག་པར་གྱུར། དེ་ནས་ཀྱང་ཤིས་པ་བརྗོད་ཅིང་དཀྱིལ་འཁོར་བསྡུ་བ་དང་། ཁ་སྐོང་གི་ཞི་བའི་སྲེག་བླུགས་འབུལ་བའི་བར་དེ་ནུབ་ཚར་རྗེས་ནངས་པར་རྡུལ་ཚོན་ཆུ་བོར་གཤེགས་པ་རྣམས་མཛད། དེ་དུས་ཟླ་བ་བརྒྱད་པའི་མཇུག་ཏུ་ཁ་བ་ཆེན་པོ་བབས་པ་སོགས་ནམ་གཞུག་བསྡུས་ཀྱང་། སྒྲུབ་མཆོད་ཚུགས་པ་ནས་ནམ་ཟླ་ལྷུག་པར་དྲོས་ཤིང་ཚེས་བརྒྱད་ཀྱི་སྒང་འབྲུག་སྒྲ་ཆེན་པོ་དང་བཅས་ཏེ་འཇམ་ཆར་གཤིན་པ་བབས་པ་དང་། ཉིན་མོ་ནམ་མཁའ་དྭངས་པ་ལ་འཇའ་སྤྲིན་མིག་མང་རིས་དང་ཀུ་ཤའི་ཆུན་པོ་ལྟ་བུའི་དྲྭ་བས་བྲེས་ཤིང་ཁྱད་པར་རབ་གནས་ཀྱི་ཉིན་སྔ་རྟིང་གཉིས་ཀར་ནམ་མཁའ་རྡུལ་བྲལ་བཻ་ཌཱུཪྱ་ལྟར་དྭངས་པ་ལས་ཉི་མའི་དཀྱིལ་འཁོར་འོད་རབ་ཏུ་གསལ་བ་དང་རླུང་རྣམས་ཞི་བའི་ངང་ཚུལ་འཛིན་ཅིང་བགེགས་སྐྲོད་ཀྱི་དུས་སུ་འཇིགས་ཟིལ་ཚད་མེད་པ། ཡེ་ཤེས་པ་སྤྱན་འདྲེན་དང་མེ་ཏོག་འཐོར་བའི་ཚེ་ཡེ་ཤེས་ཕེབས་པའི་གཟི་བྱིན་འབར་བ་སོགས་ཀུན་གྱི་མཐུན་སྣང་དུ་བསྟན་ཅིང་དེ་དུས་དག་པའི་གཟིགས་སྣང་ལ། སྟ་གོན་གྱི་བགེགས་སྐྲོད་གནང་ཁར་ཐུགས་འཇིགས་པའི་ལྷོངས་དང་། བགེགས་སྐྲོད་ལ་ཕེབས་སྐབས་ཐུགས་ལ་དཔའ་གདེངས་རྩོལ་མེད་དུ་ཤར་ཞིང་། འཁྲུངས་རབས་ལྷ་ཁང་གི་སྒོ་ནུབ་མའི་གདོང་ཙམ་ནས་བགེགས་རྣམས་ཨ་ཙ་ར་དང་བནྡྷེ་ཧྲུལ་པོའི་རྣམ་པས་བྲེད་ཉམས་ཀྱིས་འབྲོས་པའི་རྣམ་པ་གསལ་བ་དང་། དངོས་གཞིའི་ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ་ཡེ་ཤེས་པ་གྲངས་མེད་པ་མཚོ་ལ་ཁ་ཆར་བབས་པ་ལྟར་མཆོད་སྡོང་ཆེན་པོ་ལ་ཐིམ་པའི་ཐུགས་ཉམས་ཤིན་ཏུ་གསལ་བར་ཤར། སྟ་གོན་གྱི་ནུབ་འོད་གསལ་གྱི་གཟིགས་སྣང་ལ། སྐྱབས་མཆོག་གོང་མ་རྒྱལ་བའི་དབང་པོ་ཉིད་སྐུའི་གཟི་བྱིན་མཚུངས་པ་མེད་པས་མཆོད་སྡོང་ཆེན་པོའི་བང་རིམ་བཞི་པའི་སྟེང་ན་ཕར་ཞབས་སྐོར་དུ་ཕེབས་ནས་རྟེན་རྣམས་ཀྱི་རྟེན་བཤད་དང་བྱིན་རླབས་གནང་བའི་རྣམ་འགྱུར་ཤིན་ཏུ་གསལ་བ་ད་ལྟ་ཐུགས་དྲན་གྱི་ཡུལ་དུ་གསལ་བའི་ཚེའང་བདེ་བའི་ཉམས་རྩོལ་མེད་དུ་འཆར་བ་ཞིག་བྱུང་གསུངས། དེ་དག་གི་ཚེ་གོང་མའི་ཞབས་རིམ་པ་ལས་ཚན་རྣམས་དང་། སྐུ་ཞབས་གྲྭ་ཚང་སྤྱི་སོ་རྣམས་སོ་སོས་འབུལ་བ་མང་འགྱེད་སྣེ་གཞག་དང་བཅས་པའང་རྒྱས་པར་བསྟབས། དེ་ནས་གྲྭ་ཚང་ཚུར་བཏེགས་རྗེས་ཆེ་བཙན་ཁང་དུ་བཞུགས་ས་སྤོ་བར་མཛད་དེ། རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་དང་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་སོགས་ཕེབས་པ་དང་མཇལ་འཛོམ་མཛད། གཞན་ཡང་དེ་དུས་སྔ་ཕྱིར་མཆོག་དམན་མང་པོ་ལ་དབང་རྗེས་གནང་སོགས་ཆོས་སྦྱིན་ཡང་ཅི་རིགས་པར་སྩལ་ཅིང་། བྱད་འགྲོལ་གྱི་བུམ་སྒྲུབ་བདུན་ཕྲག་གཅིག་གནང་བའི་ཞག་གསུམ་པའི་ནུབ་བྱད་ཁ་ཕྱིར་བཟློག་པའི་མནལ་ལམ་ཤིན་ཏུ་གསལ་བ་དང་། དེའི་སང་ནུབ་ཆིབས་ལ་བརྟེན་ནས་ནུབ་ཕྱོགས་སུ་ཐེགས་པ་ལས་བྲག་རི་དོ་ཆད་ལོགས་ཤིང་ནགས་བན་བུན་ཡོད་པ་ཞིག་གི་རྩེར་ལྕགས་རི་སྟག་སོ་རིས་ཀྱིས་བསྐོར་བའི་ཁང་བརྩེགས་ལྔ་ཐོག་རྒྱ་ཕིབས་གསེར་འཕྲུས་བརྒྱན་པའི་ལྷ་ཁང་ཨོ་རྒྱན་ཆེན་པོའི་གནས་ཁྱད་པར་ཅན་ཞིག་ཡིན་རྒྱུ་བའི་ནུབ་ཀྱི་མདུན་ན་རྡོ་གཅལ་སྐྱ་ལྷེབ་བེ་བ་ཧ་ཅང་མི་ཆེ་བའི་ནུབ་ངོས་སུ། དམ་ཅན་གྱི་མཁར་ཡིན་ཁུལ་གྱི་མཁར་ཕྲ་རིང་རྩེ་མོར་དར་ལྕོག་དང་རྒྱལ་མཚན་མང་པོ་ཟང་ཟིང་དུ་ཡོད་པའི་ནང་དུ་སྐས་ཤིག་འཛེགས་ཏེ་ཕེབས་པ་ན། ཁང་པ་ཀ་བཞི་རྒྱ་མཐོངས་ཅན་སྤྱན་གཟིགས་སྣ་ཚོགས་ཀྱིས་བག་གྲོ་ཐིབས་སེ་བའི་ནུབ་ཕྱོགས་ཀྱི་དབུས་སུ་ཨོ་རྒྱན་ཆེན་པོའི་སྐུས་གཙོ་བྱས་པའི་རྟེན་མཆོད་དང་། ལྷོ་ནས་བྱང་དུ་ཕྱོགས་པར་སྟག་ལྤགས་མང་དུ་བཏིང་བའི་ཁར་གདན་ཁྲི་རྒྱ་ཆེ་བའི་སྟེང་དུ་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་མི་གཟུགས་ཀྱི་རྣམ་པ་ཅན་རྒྱ་དང་སྨ་ར་ཞོ་ལེ་བ་གོས་དམར་སེར་འབྲུག་རིས་ཀྱི་ལྷོག་པ་བརྩེགས་མ་གྱོན་པ། དར་དམར་གྱིས་ཐོད་བཅིངས་པའི་སྐྲ་མཚམས་སྦྲུལ་གཟུགས་ཀྱིས་བསྡམས་པའི་སྦྲུལ་མགོ་གདེངས་ཀའི་རྣམ་པ་ཡོད་པ། གདོང་ལ་ཁྲག་གི་ཐིག་ལེ་སྣ་ཚོགས་བྱུག་པ། ལག་གཡས་པུས་སྟེང་ས་གནོན་དང་གཡོན་གོས་ཚོན་ཁྲའི་རྒྱབ་ཤ་ཅན་གྱི་དེབ་ཆེན་པོ་བཟུང་ནས་མང་པོར་ལུང་བསྟན་འཆད་ཅིང་འདུག་པར་ལྷའི་དཔའ་གདེངས་ཀྱི་སྙེམས་པས་བརྟག་པ་མཛད་པ་ན། དེས་ཀྱང་མངོན་ཤེས་ཀྱིས་རྟོགས་པ་ལྟ་བུས། ང་ཨོ་རྒྱན་པདྨའི་བཀའ་ཉན། དམ་ཚིག་འཛིན་པའི་ཕོ་ཉ། རྡོ་རྗེ་ལེགས་པ། རྡོ་རྗེ་ཁྱུང་གཤོགརྡོ་རྗེ་ཐིག་ལེ་རྩལ་སོགས་ཐེ་ཚོམ་སེལ་བའི་སྒྲུབ་བྱེད་མང་པོ་བཀོད་པས་ཐུགས་ཡིད་ཆེས་ཏེ། དྲི་བ་མཛད་པ་ན། དེས་དེབ་ཐོག་ནས་ཀློག་པ་ལྟ་བུས་ཡུལ་གཞན་དང་གཞན་དུ་འཐབ་རྩོད་དང་། ཁྱད་པར་བོད་འདིའི་དུས་ཀྱི་འགྱུར་བའི་དུས་ངེས་སོགས་སྤྱི་སྒོས་ཀྱི་ལུང་བསྟན་མང་དུ་ཕུལ་བ་ཕྱིས་ཐོག་ཏུ་ཁེལ་བ་དང་། ཡང་ཟླ་བ་བཅུ་པའི་ཚེས་གཅིག་ནས་སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གནང་སྐབས་འོད་གསལ་གྱི་གཟིགས་སྣང་ལ། མ་གཅིག་དཔལ་ལྷ་བུད་མེད་གོས་རྒྱན་གཟབ་འཕྱོར་གྱི་རྣམ་པ་ཅན་གྱིས་གུས་པས་བཏུད་དེ། དངུལ་གྱི་ཡོལ་གོ་བཟའ་བ་སྣ་ཚོགས་ཀྱིས་གཏམས་པ་དང་། མདའ་དར་ཚོན་སྣ་ལྔ་བཏགས་པ་ཞིག་ཕུལ་བའི་དར་གྱི་ཁ་དོག་གི་བརྡས་འབྱུང་འགྱུར་གྱི་ལུང་སྟོན་པ་སོགས་མནལ་ལྟས་མཚར་བ་མང་པོ་བྱུང་། དེ་ནས་ཡས་ཕྱིན་ལྷན་རྒྱས་སུ་འབུལ་བའི་ཚུལ་གྱིས་རྩེར་མི་དབང་ཆེན་པོར་བྱད་འགྲོལ་དང་། ཚེ་དབང་། དྲེགས་འདུལ་གྱི་དབང་། གཟའི་གཏོར་དབང་སོགས་དབང་རྗེས་གནང་དང་བྱབ་ཁྲུས་སོགས་སྐུ་རིམ་ཡང་མང་དུ་མཛད། ཆུ་བཟང་དུ་རབ་གནས་དང་གཞིས་ཀའི་ཞལ་ངོ་ཕན་ཚུན་རྣམས་ཀྱིས་སོ་སོའི་གནས་སུ་སྤྱན་དྲངས་ཏེ་བཀུར་སྟི་ཆེན་པོས་མཆོད་ཅིང་། དབང་རྗེས་གནང་སོགས་ཀྱི་ཆོས་སྦྱིན་ཡང་རྒྱ་ཆེར་སྩལ། མགོ་ཟླའི་ཚེས་བཞི་པ་སངས་དང་ཆུ་སྨད་འཛོམ་པ་དངོས་གྲུབ་ཀྱི་སྦྱོར་བའི་དུས་དགེ་བར་བཀྲ་ཤིས་ཆོས་སྡེ་བ་རྣམས་ཀྱིས་རབ་གནས་ཀྱི་ཆོ་ག་མཛད་པའི་མཐའ་རྒྱས་ཀྱི་ཡོན་བདག་བསྐོ་བཞག་སྐབས། སྡེ་སྲིད་རིན་པོ་ཆེ་ཁྲིར་ཕེབས་གཤིས་བསྔོ་བ་གནང་བར་ཕེབས་དགོས་པའི་བཀའ་ལུང་ལྟར་ཆོས་སྡེ་བའི་གྲལ་དབུར་ཐེགས་ཏེ། མངའ་གསོལ་གྱི་བཀྲ་ཤིས་རྫས་བརྒྱད་འབུལ་བ་སོགས་གྲུབ་རྗེས་དགའ་སྟོན་དང་འབྲེལ་བར་རྗེ་ཉིད་ལ་གཏེར་ཆེན་ཏི་ཤྲཱི་ཆོས་ཀྱི་རྒྱལ་པོར་མངའ་དབང་བསྐུར་བའི་ལུང་དང་། ཕྱག་རྟགས་ཀྱི་ཐམ་ཁ་ཤུབས་བཅས། བཟང་གོས་དཀར་པོ་ཡུག་རིང་གྲང་གསེར་གྱིས་འབྲུག་རིས་བྲིས་པའི་གཞི་ལ་བྲིས་པའི་འཇའ་ས་རྣམས་དང་། ཡས་ཕྱིན་སོ་སོ་ནས་གནང་སྦྱིན་བཟང་ཞིང་ཕུལ་དུ་བྱུང་བ་སྩལ་བར། ཚིག་དོན་གསལ་དག་འབྲེལ་ཆགས་པའི་སྟོང་ཐུན་སྔོན་དུ་འགྲོ་བའི་མཆོད་བསྔོ་འབུལ་བར་མཛད་པས་དཔྱོད་ལྡན་ཐམས་ཅད་མཉེས་པར་གྱུར་ཅིང་། ཚེས་དགུའི་ཉིན་ཕོ་བྲང་ཆེན་མོ་ནས་ཆིབས་བཏེགས་ཏེ་གདན་སར་ཕེབས། རྒྱལ་ཟླའི་ཚེས་བརྒྱད་ཀྱི་ནུབ། སྤྱིར་མནལ་ལྟས་མཚར་བ་མང་པོ་དང་ཁྱད་པར་གྱང་འཁྲིས་ཤིག་ན་འབྲི་གུང་ཆོས་ཀྱི་གྲགས་པ་ཡིན་དགོངས་པ་ཞིག་བཞུགས་འདུག་པ་ལ་དག་སྣང་འཁྲུངས་པ་ན། དེ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུར་འགྱུར་སོང་བའི་མོད་ལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དབང་ཡོངས་རྫོགས་འབུལ་བར་མཛད་པ་སོགས་བྱུང་། དེ་ནས་མེ་ཕོ་བྱི་བའི་ལོ་དབྱར་སྟོད་གྲྭ་ཚང་དུ་ཚེས་བཅུའི་ཕྱག་བཞེས་སྤྲོས་བཅས་ཅན་འཛུགས་པར་བཞེད་ནས་འཆམས་དབྱངས་སློབ་དཔོན་ལ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་གོང་དུ་ཞུས་ཏེ་ཕེབས་པ་ལྟར་གྲྭ་པ་རགས་བསྡུས་ལ་འཆམས་དབྱངས་ཀྱི་སློབ་གྲྭ་ཚུགས། དེ་ཡང་སྔ་སོར་མཆོད་སྡོང་ཆེན་མོའི་རབ་གནས་ལ་ཕེབས་དུས་འཆམས་དབྱངས་ཀྱི་སློབ་དཔོན་ཞུ་བའི་ཆར་དོད་པ་ན། སྐུ་ཞབས་གྲྭ་གཙང་གི་གྲྭ་པ་འགའ་རེས་བློ་གྲོས་རྒྱ་མཚོ་རང་ཞུས་ན་འགབ་ཚུལ་གསུང་བ་ལྟར། ཉིད་ཀྱི་ཞམ་རིང་པ་རྣམས་ཀྱང་དེ་ཁ་ལེགས་པའི་ཞུ་བ་འབུལ་ནའང་། རྗེ་ཉིད་རང་གི་དགོངས་པས་བློ་བཟང་བཀྲ་ཤིས་སྐབས་བབས་ཀྱིས་ཞུ་བར་མཛད་པ་བཞིན། འདིར་འཆམས་དབྱངས་སློབ་དུས་བློ་གྲོས་རྒྱ་མཚོ་འདས་ཚར་སོང་བས་བཀའ་ལས། ད་རེས་གཞན་གྱི་ཟེར་དབང་དུ་མ་བཏང་བས་ངེད་རང་གི་ཞེ་འདོད་མ་བསླུས་པ་ཡིན་གསུང་ཞིང་། ཞབས་ཕྱི་སྒྲིམ་པོའི་བློ་ཅན་རྣམས་ཀྱང་ཐུགས་མཁྱེན་ལ་ཡིད་ཆེས་པར་བྱེད། སློབ་དཔོན་ཐུགས་བསྐྱེད་བཟང་ཞིང་སློབ་མཁས་པ་དང་། སློབ་གྲྭ་བ་རྣམས་ཀྱང་ཞེ་བཞུན་པའི་སྟོབས་ཀྱིས་སློབ་སྦྱངས་རྣམས་ཚེགས་མེད་པར་གྲུབ་སྟེ། གསང་འདུས་ལས་བྱང་དང་འབྲེལ་བའི་ཚེས་བཅུའི་མཆོད་པ་ཚུགས་པའི་གྲལ་དབུར་ཞབས་པད་བསྐྱོད་ཅིང་། གུང་ཚིགས་གྲོལ་ནས་གཙུག་ལག་ཁང་གི་མདུན་ངོས་ལག་མཐིལ་ལྟར་སྙོམས་པའི་རྡོ་གཅལ་དུ་གར་འཆམས་ཀྱི་ཟློས་གར་ཡིད་འཕྲོག་པའི་ཕྱག་བཞེས་མཛད་པར་ཞོད་ཆེ་བའི་མུ་ཡིན་ཡང་། དེ་ཉིན་རངས་པོ་ནམ་མཁའ་བཻ་ཌཱུཪྱ་ལྟར་དྭངས་པས་ཐམས་ཅད་ངོ་མཚར་བར་གྱུར། དེ་ནས་ཁྲུམས་ཟླའི་ནང་དུ་ཡུམ་རིན་པོ་ཆེ་ཉིད་རང་གི་སྐུ་ཡི་ཉེར་སྤྱད་ལས་འོག་མིན་ཡང་རྩེའི་འཕྱུར་བུའི་དབུས་སུ་བདེ་གཤེགས་ཀུན་འདུས་ཀྱི་བློས་བསླངས་བཞེངས་པ་གྲུབ་སྟེ། དེ་དང་ཕྱོགས་མཚུངས་གསེར་དངུལ་གྱི་བཀའ་འགྱུར་དང་། སྐུ་འབུམ་སེང་ཁྲིའི་བྱམས་ཆེན་བཅས་པར་རབ་གནས་སྟབས་ཅིག་ཏུ་མཛད་པར་ས་ཡུལ་གྱི་ཁྱད་པར་ལས། བདེ་གཤེགས་ཀུན་འདུས། བཀའ་བརྒྱད། བླ་མ་ཞི་བ་སྟེ་དཀྱིལ་འཁོར་ཁག་གསུམ་ལ་བརྟེན་ནས། ཉེར་བཞི་ལ་རབ་གནས་སྟ་གོན་དང་། ཉེར་ལྔ་ལ་དངོས་གཞིའི་ཆོ་ག་མཛད་པའི་མངའ་དབུལ་དང་འབྲེལ་བར་བླ་བྲང་བདེ་ཡངས་སུ་རྗེ་ཉིད་འཁོར་ལོ་སྒྱུར་བའི་ཆས་སུ་བཞུགས་ཏེ་ཕྱག་ཕྱིའི་ཆོག་རོགས་པ་དང་བཅས་བདེ་གཤེགས་ཀུན་འདུས་ཀྱི་སྲེག་བླུགས་ཀྱི་ཆོ་ག་མཛད་པའི་ཕྱི་རོལ་དུ་ལྷའི་བྱི་བྱད་དུ་ཞུགས་པའི་གར་པས་བསྐོར་ཏེ་གླུ་གར་གྱིས་མཆོད་ཅིང་། མེ་ཏོག་འཐོར་དུས་ཆོག་ཁག་གསུམ་པོ་སྦྲེལ་བའི་སྣམ་སྦྱར་ཅན་གྱི་སེར་སྦྲེངས་ཚར་དུ་དངར་བ། དེ་ནུབ་བླ་མ་ཞི་བའི་ཆོ་ག་གྲྭ་པ་རྣམས་ཀྱིས་ཁ་སྐོང་གི་ཞི་བའི་སྲེག་བླུགས་འབུལ་བ་རྣམས་དང་། དེ་ནས་ཉི་མ་གསུམ་པ་ལ་བབས་པ་ན་གསང་འདུས་བླ་མའི་ལས་བྱང་དང་འབྲེལ་བའི་གར་འཆམས་སོགས་ཚེས་བཅུའི་མཆོད་པ་སྔ་མ་ཇི་ལྟ་བ་བཞིན་མཛད་ཅིང་། དེ་དག་གི་ཚེ་བསྙེན་བཀུར་དང་མཆོད་རྫས་རྣམས་ཀྱང་ཚོགས་གསོག་ལ་དམིགས་ཏེ་ཡུམ་ཉིད་རང་གི་སྐུའི་ཉེར་སྤྱད་ཁོ་ནས་བསྒྲུབ་པའི་ལོངས་སྤྱོད་ཕུལ་དུ་བྱུང་བས་མཆོད་པར་མཛད་དེ། གཞུང་ས་མཆོག་གི་སྐུ་རིམ་དུ་ངོས་ཀྱི་ཞབས་བསྐྱོད་དགོས་པ་རྣམས་སྔར་བསམ་ཡས་དང་ཁྲ་འབྲུག་གཉིས་ཅི་རིགས་པ་ལས། འདི་ལོ་ནས་བརྩམས་ཏེ་ཤིང་ཕོ་སྤྲེའུའི་ལོའི་བར་དུ་ལོ་བསྟར་གྱི་ཧོར་ཟླ་བཅུ་པའི་ནང་ལ་ཁྲ་འབྲུག་ཏུ་ངོས་ཕེབས་ཀྱིས་མནན་པ། ཡང་གསང་གི་ཟོར་འཕེན། ཁྲོ་བོ་རོལ་པ་སོགས་སྐུ་རིམ་སྒྲིག་བཅད་མའི་ཐོག་རེས་དམིགས་བསལ་གྱི་འཕར་ཆག་བཅས་པ་མཛད་ཅིང་། དེ་དག་དང་བསྟུན་ཏེ་གྲྭ་གྲངས་བརྒྱ་ལོངས་ཀྱིས་ལྷ་མིན་གཡུལ་བཟློག་གི་མདོས་རྣམས་སྒྲིག་ཆུག་གི་སྲོལ་རྣམས་ཚུགས་ཤིང་། གཞན་ཡང་གྲྭ་གྲངས་མང་ཉུང་དང་དུས་སྔ་ཕྱི་ཅི་རིགས་པར་ཁྲོ་འཆར་མནན་སྲེག་སོགས་མི་ཡི་དབང་པོ་ཉིད་གཏོང་བ་ལ་གོམས་ཤིང་བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་དགོངས་པ་མཁའ་ལྟར་ཡངས་པས་བླ་ནས་ཕོགས་ཡོན་གྱི་ཟང་ཟིང་ལྷུག་པར་སྩལ་ཏེ། བསྟན་པ་རིན་པོ་ཆེ་སྙེད་པ་དང་བཀུར་སྟིར་བཅས་པས་ཆེས་ཆེར་གསལ་བར་མཛད་དོ། །དེ་དག་གི་ཚེ་སྣེ་གདོང་རྫོང་དཔོན་དང་གྲྭ་པ་ཡས་མན། ནང་པ་སོགས་ཡུལ་དེའི་སྐྱ་སེར་ཆེ་ཕྲ་ཐམས་ཅད་དང་། རྒྱབ་ཆོས་ཀྱི་དགེ་འདུན་རྣམས་ཀྱིས་ཀྱང་བསྟི་སྟང་ཆེན་པོས་མཆོད་ཅིང་། རེ་བ་སྐོང་བའི་ཆོས་སྦྱིན་ཡང་ཅི་དགར་སྩལ། མེ་གླང་ཟླ་བ་གཉིས་པའི་མཇུག་ཏུ་སྒམ་པོ་སྤྲུལ་སྐུ་རིན་པོ་ཆེ་དགོན་པར་ཕེབས་པ་ལ་བཀུར་སྟི་ཆེན་པོས་མཆོད་པར་མཛད་ཅིང་། དགོངས་བཞེད་བཞིན་གཏེར་གསར་ཚེ་གུར་གྱི་དབང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་། ཉང་གི་དྲག་པོའི་བྱིན་རླབས་ལུ་གུ་རྒྱུད་སོགས་སྩལ་ནས་ཕྱིར་ཕེབས། དེ་ནས་གོང་ཞབས་སྐུ་ཕྲེང་དྲུག་པ་མཚོ་སྣ་ནས་སྣ་དཀར་རྩེར་ཕེབས་པར་གོང་མའི་ལུང་དང་ཞབས་བསུ་མཇལ་ཕྱག་ཞུ་བའི་དགོངས་པ་བཅས་ཁྲུམས་ཟླའི་བཅུ་དགུ་ལ་ཆིབས་བཏེགས་ཏེ། མི་ལའི་ལ་བརྒྱུད་ཉེར་བཞི་ལ་ཕོ་བྲང་སྣ་དཀར་རྩེར་ཕེབས། དེའི་སང་ཉིན་ཉེར་ལྔ་ལ་རྡོ་རྗེ་བྲག་རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ་དང་ལྷན་ཅིག་ཐོག་མའི་མཇལ་ཕྱག་ཞུ་བར་མཛད་དུས་ཤིན་ཏུ་དགྱེས་པ་ཆེན་པོས་སྔོན་གནས་གསལ་བ་ལས་བརྩམ་པའི་བཀའ་ལུང་ལྷུག་པར་སྩལ་ཅིང་དེ་ཉིན་གོང་དུ་གཏེར་གསར་བླ་མ་དྲག་པོའི་དབང་ཆེ་བ་དང་། ཉེར་དྲུག་ནས་བརྩམས་ཏེ་རིམ་པར་རྒྱ་ཅན་རྡོ་རྗེ་གྲོ་ལོད་དང་། རྟ་མགྲིན་གསང་སྒྲུབ་ཀྱི་དབང་། ལོཀྟྲིའི་རིག་གཏད་དམག་ཟོར་མའི་རྗེས་གནང་། དྭངས་མ་བཅུད་འདྲེན་གྱི་ཚེ་དབང་། དམིགས་བརྩེ་མའི་བླ་མའི་རྣལ་འབྱོར། བརྡའ་དོན་ལམ་ཟབ། འཁོན་སྦྱོངས། ལོཀྟྲིའི་དམིགས་སྐོར་ལ་སོགས་པ་རྣམས་དང་། ཉེར་བདུན་གྱི་ཉིན་ཕུལ་དུ་བྱུང་བའི་འབུལ་བ་དང་བཅས་ཏེ་ཞབས་བརྟན་གྱི་ཆོ་ག་དང་རྗེས་འབྲེལ་དུ་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་ཡང་འབུལ་བར་མཛད་ཅིང་། ཚུར་ཡང་བརྟན་བཞུགས་ཀྱི་ཚིགས་བཅད་བཀའ་རྩོམ་ཕྱག་རིས་མ་ཤིན་ཏུ་དྭངས་བའི་ཚུལ་གྱིས་སྩལ། དེ་དུས་ཡབ་བླ་མ་བཀྲ་ཤིས་བསྟན་འཛིན་ཆབ་འབམ་གྱིས་བསྙུན་གཞི་བབས་ལྕི་བས་འཚོ་ཐབས་མི་འདུག་ཀྱང་། ཐུགས་ངང་སྲིང་ཕྱིར་དགོངས་བཞེད་ལྟར་དབང་དང་བྱད་གདོན་འགྲོལ་བ་སོགས་མཛད་ཅིང་། གནམ་གང་ལ་གཤེགས་པར་འཕོ་བའི་མཚམས་སྦྱོར་དང་བྱང་བཞུའི་ཆོ་གས་རྗེས་སུ་བཟུང་། དེ་ནུབ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་དང་ལྷན་ཅིག་གོང་ནས་གནང་སྦྱིན་གྱ་ནོམ་པ་དང་བཅས་ཐོན་ཕྱག་བཙལ་ཞིང་། ནངས་པར་ཡང་སྐུ་ཞབས་སུ་གནང་སྟེ་མཉེས་པ་ཆེན་པོས་བརྩེ་བའི་བསླབ་སྟོན་ཡུན་རིང་པོའི་བར་གནང་ནས། ཕེབས་གདོང་ཁ་བཏགས་ཁྱད་མཚར་དང་། གན་གོས་དམར་པོ་ཡུག་བཅས་སྩལ། དེ་ནས་ཕྱིར་ཕེབས་ཀྱི་ལམ་དུ་སྟག་ལུང་རྫོང་དཔོན། གླིང་གི་དཔོན་སྔོན། དགའ་ལྡན་རི་ཁྲོད། དར་གླིང་ཚོགས་ཀྱི་ཀུན་ར་རྣམས་སུ་སྤྱན་དྲངས་ཏེ་རིམ་གྱིས་འགྲོ་དོན་སྐྱོང་བཞིན་པར་གདན་སར་ཕེབས་ནས། དེ་འཕྲལ་བསྟན་སྲིད་སྤྱིའི་དུས་རིམ་ལ་ཁྲ་འབྲུག་ཏུ་ཞབས་བསྐྱོད་རྗེས། སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ལ་གོང་མའི་ལུང་བཞིན་ཆིབས་བཏེགས་ཏེ། རྡོ་རྗེ་བྲག་གི་གྲུ་བརྒྱུད་ཕོ་བྲང་ཆེན་མོའི་འདབས་འབྲེལ་ཆེ་བཙན་ཁང་དུ་ཕེབས། ཉེར་ལྔའི་ཉིན་དགེ་འདུན་རྣམས་ཀྱི་སེར་སྦྲེངས་དང་སྐྱེ་བོའི་ཚོགས་ཀྱིས་རྩེད་སྣའི་རྣམ་འགྱུར་ཇི་སྙེད་པའི་བསུ་བའི་བཀོད་པ་ངོ་མཚར་བ་སོགས་མི་རྟའི་འདུ་བ་ལམ་མི་ཤོག་པ་ལྟ་བུའི་ཁྲོམ་ཆེན་པོས་མདུན་བསུས་ཏེ་ཡས་ཕྱིན་ལྷན་རྒྱས་སུ་ཕོ་བྲང་ཆེན་པོར་ཕེབས་ནས། ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་གོང་མའི་ཆོས་ཀྱི་ཁྲི་ལ་མངའ་དབང་བསྒྱུར་བའི་དགྱེས་སྟོན་གྱི་ཐོག་རྣམ་པར་རྒྱལ་བའི་གྲྭ་གཙང་ཆེན་མོས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ཞལ་འདོན་དུ་མཛད་པ་ལ། རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུས་རྒྱལ་སྲིད་སྣ་བདུན་དང་། རྗེ་འདི་ཉིད་ཀྱིས་བཀྲ་ཤིས་རྫས་རྟགས་ཀྱི་རྫས་རྣམས་ཚིག་དོན་བཟང་པོའི་སྟོང་ཐུན་དང་བཅས་གོང་ཞབས་ཀྱི་ཕྱག་ཏུ་འབུལ་བར་མཛད་ཅིང་། དཔལ་ལྡན་མི་ཡི་དབང་པོ་ཉིད་ཀྱིས་ཀྱང་ལུང་རིགས་དང་འབྲེལ་བའི་འབེལ་མཆིད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བར་མཛད་པ་སོགས་ཆོས་དང་ཟང་ཟིང་ཕུན་སུམ་ཚོགས་པའི་དགའ་སྟོན་རྒྱ་ཆེན་པོ་ལ་སྤྱོད་པར་མཛད་དོ། །དེ་ནས་མགོ་ཟླ་ཤར་བ་ནས་རིམ་པར་གོང་ཞབས་ཡས་ཕྱིན་ལྷན་རྒྱས་སུ། རཏྣ་གླིང་པའི་དྲག་དམར་གྱི་དབང་ལུང་དང་། དགོངས་འདུས་ཀྱི་བཟླས་བརྗོད་ནུས་པ་སྟོབས་འབྱིན་གྱི་ལུང་དམིགས་སྐོར་དང་བཅས་པ། སྐུ་གསུམ་རིགས་འདུས་ཀྱི་ཚེ་དབང་། འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དབང་ལུང་། འཇམ་དཔལ་གཤིན་རྗེ་གཤེད་དྲེགས་འཇོམས་ཀྱི་དབང་། ཉང་གཏེར་གུར་དྲག་ལུ་གུ་རྒྱུད་ཀྱི་དབང་། ཐང་ལྷའི་སྲོག་གཏད་རྣམས་འབུལ་བར་མཛད་ཅིང་། ཚེས་དགུའི་ཉིན་རྗེ་ཉིད་གྲྭ་གཙང་འདུས་ཡས་པར་བཅས་པས་ཡང་སྙིང་ཀུན་འདུས་ཀྱི་ཚེ་ཆོག་དང་འབྲེལ་བར་གོང་ཞབས་ཡས་ཕྱིན་ལྷན་རྒྱས་སུ་ཞབས་བརྟན་གྱི་ཆོ་ག་འབུལ་བ་ཕུལ་དུ་ཕྱིན་པ་དང་བཅས་པ་བསྒྲུབས། དེ་དག་གི་སྔ་ཕྱི་ཅི་རིགས་པར་ལྕང་གསེབ་ཏུ་གོང་གི་དབོན་མོ་གཤེགས་པ་ལ་འཕོ་བའི་མཚམས་སྦྱོར་དང་སྒྲིབ་སྦྱོང་མཛད་ཅིང་། གོ་མཛོད་རྡོ་རྗེ་གླིང་དུ་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་བཞུགས་པའི་སར་མཇལ་དུ་ཕེབས་པ་ན་བཞུགས་གདན་གྱི་བཀུར་ཟོས་དང་གནང་སྦྱིན་ཡང་རྒྱ་ཆེར་སྩལ། གཞན་ཡང་འབྲི་གུང་། རི་བོ་ཆེ་པ། སྒམ་འབྲུགཏྲེ་བོ། ཐུགས་སྲས་སྤྲུལ་པའི་སྐུ་སོགས་བླ་ཆེན་མང་པོ་ལ་སོ་སོའི་དགོངས་བཞེད་བཞིན་གཏེར་གསར་གཙོ་བོར་གྱུར་པའི་དབང་ལུང་ཟབ་ཁྲིད་མང་པོ་དང་། གོང་མའི་ཞམ་རིང་ནང་མ། གྲྭ་གཙང་གི་གྲྭ་པ། རྒྱལ་ཡུམ་རྗེ་དབོན་བཅས་པ། གཞིས་ཀའི་ཞལ་ངོ་ཕན་ཚུན་སོགས་ལྷ་ས་སྐོར་གྱི་དད་ཅན་མང་པོ། སྟག་རྩེ་ལྷ་བྱ་གླིང་པ་སོགས་སྡེ་དཔོན། རྩེ་ཤོད་ཀྱི་དྲུང་འཁོར་དང་། སེར་འབྲས་ཀྱི་གྲྭ་པ་སོགས་དོན་གཉེར་ཅན་མང་པོར་དབང་བྱིན་རླབས་རྗེས་གནང་བཀའ་ལུང་སེམས་བསྐྱེད་སོགས་ཆོས་སྦྱིན་གང་ལ་གང་འཚམས་སུ་སྩལ་ཅིང་། གོང་ཞབས་ཡས་ཕྱིན་ནས་ཟླ་ཤས་ཕོ་བྲང་དུ་བཞུགས་དགོས་པའི་བཀའ་ལུང་ཕེབས་ཀྱང་འོད་གསལ་གྱི་གཟིགས་སྣང་ལ་མྱུར་དུ་ཕྱིར་ཕེབས་ན་ལེགས་པའི་མཚན་མ་བྱུང་བ་བཅས་སྐུ་ཅུང་ཟད་མ་བདེ་བ་ལ་སྙད་ནས་དགོངས་པ་ཞུ་བར་མཛད་པས་ཁྲོལ་ཏེ། རྒྱལ་ཟླའི་ཚེས་བཅུ་དགུ་ལ་རྩེ་ཤོད་གཉིས་ཀ་ནས་གནང་སྦྱིན་དཔངས་བསྟོད་པ་དང་། ཕེབས་གདོང་གོང་གི་སྐུ་ཞབས་ནས་ཤིན་ཏུ་བརྩེ་བའི་བཀའ་ལུང་དང་ཁ་བཏགས་ཁྱད་མཚར་ཕྱག་ལས་བསྟར་ནས་གནང་ཞིང་། ཆིབས་བཏེགས་པའི་ཕེབས་ཞོར་ལྕགས་པོ་རིའི་གནས་རྟེན་ལ་རབ་གནས་དང་གྲྭ་གཙང་ལ་ཞང་བློན་གྱི་རྗེས་གནང་སྩལ་ཏེ། བྱེ་ལ་བརྒྱུད་གདན་སར་ཕེབས། དེ་ནས་ས་ཕོ་སྟག་ལོ་སྣྲོན་ཟླའི་ཉེར་ལྔའི་ཉིན་ས་སྐྱ་བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་དཔོན་སློབ་བརྒྱ་སྐོར་བཅས་དགོན་པར་ཕེབས་པ་ལ་ཆིབས་བསུ་དང་སེར་སྦྲེངས་སོགས་ཀྱི་བཀུར་སྟིས་སྤྱན་དྲངས་ཏེ། དེ་ནུབ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྟ་གོན་དང་། ནངས་པར་དབང་དངོས་གཞི་མཆོག་དབང་དང་བཅས་པ། གར་དབང་ཚེ་དཔག་མེད་ཀྱི་ཚེ་དབང་ལྷ་ཆེན་གྱི་སྲོག་གཏད། ཆོས་སྐོར་ཚང་མའི་པོད་ལུང་། བླ་མ་གསང་འདུས་ཀྱི་དབང་དང་ལས་བྱང་གི་ལུང་བྱབ་ཁྲུས་བཅས་འབུལ་བར་མཛད་ཅིང་། ཚུར་ཡང་ཚེ་དབང་ཆག་ལུགས་དང་གུར་གྱི་རྗེས་གནང་གསན། བསྙེན་བཀུར་དང་འབུལ་ནོད་ཕུལ་དུ་ཕྱིན་པས་མཆོད་ནས་ཉེར་དགུ་ལ་ཕྱིར་ཐེགས། ས་ཡོས་དབོ་ཟླའི་ཉེར་དགུ་ལ་ཏེ་གྲོར་ཆབ་ཚན་ལ་ཕེབས་བཞེད་ཀྱིས་ཆིབས་བཏེགས་ཏེ། སྒྲགས་ལ་བརྒྱུད་ལམ་ཞོར་ཕོ་བྲང་ཆེན་པོར་ཚེས་གཉིས་ལ་ཕེབས་ནས། དེ་ཉིན་ཡས་ཕྱིན་ལྷན་རྒྱས་སུ་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་དང་། ལོཀྟྲིའི་རིག་གཏད་འབུལ་བར་མཛད་ཅིང་། རྩེར་ཞག་བཅུ་གཅིག་གི་བར་བཞུགས་ནས་རིམ་པར་གོང་ཞབས་སུ་ཐུགས་སྒྲུབ་ཀྱི་དབང་གསུམ་དང་། གཟའ་དབང་། གཟའ་པོད་ཀྱི་ལུང་། ཕུར་པའི་དབང་། དམག་ཟོར་མའི་རྗེས་གནང་ཐུན་མོང་མ་ཡིན་པ། ཚེ་བདག་གི་དབང་། ཡང་བཟློག་རྣོན་པོ་ནང་གཅོད། བླ་མ་གསང་འདུས། རྟ་མགྲིན་གསང་འདུས། དྲག་པོ་དབུ་དགུ་པ་རྣམས་ཀྱི་དབང་། ཉང་གཏེར་ལུ་གུ་རྒྱུད་དང་། རིག་བྱེད་མའི་བྱིན་རླབས། ཐུགས་ཐིག་གི་རྩ་དབང་། བདེ་འདུས་རྣལ་འབྱོར་རྒྱུན་དབང་། འཁོར་བ་དབྱིངས་སྒྲོལ་དང་གནུབས་ལུགས་གཤེད་དམར་གྱི་དབང་། ནཱ་ག་རཀྴ་དང་ཁྱུང་ཁྲའི་རྗེས་གནང་། མ་ནིང་། ཞིང་སྐྱོང་། རྡོར་ལེགས། རྒྱལ་པོ་རྣམས་ཀྱི་སྲོག་གཏད། བེ་བུམ་སྐོར་པུསྟི་གཉིས་དང་ཞལ་འདོན་སྐོར་གྱི་ལུང་། ཡས་ཕྱིན་ཐུན་མོང་དུ་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་། རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་། འཇམ་དཀར། སྤྱན་རས་གཟིགས། སྒྲོལ་མ་དཀར་ལྗང་གཉིས། ཆགས་ལུགས་ཚེ་དཔག་མེད་དཀར་པོ། ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་རྣམས་འབུལ་བར་མཛད་ཅིང་། སྐུ་ཞབས་གྲྭ་གཙང་ཚོགས་ཆེན་ལ་འཇོམས་བྱེད་ཀྱི་དབང་། དྭངས་མ་བཅུད་འདྲེན་གྱི་ཚེ་དབང་། དམག་ཟོར་མའི་རྗེས་གནང་རྣམས་དང་། གྲྭ་པ་སྒེར་ཁག་འགའ་རེར་མཁའ་སྤྱོད་མའི་བྱིན་རླབས་སོགས། རྒྱལ་ཡུམ་དབོན་རིན་པོ་ཆེ་བཅས་པར་ཚེ་དབང་རྣམས་སྩལ། བཅུ་གསུམ་གྱི་སྔ་དྲོ་གོང་ཞབས་སུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་རྩ་འབུལ་བར་མཛད་ཅིང་། ཤིན་ཏུ་ཐུགས་ལ་གཅགས་པའི་བསླབ་སྟོན་ཡུན་རིང་པོའི་བར་གནང་ནས། ཕུལ་དུ་བྱུང་བའི་གནང་སྦྱིན་ཡང་སྩལ་ཏེ་ཆིབས་བཏེགས། རིམ་པར་ཆུ་བྱང་བརྒྱུད་ཀྱི་སྟག་རྩེར་ཀླུ་ཁང་དུ་ཆིབས་བཤོལ་གྱི་བསྙེན་བཀུར་དང་། ང་རུར་ཡང་སྤྱན་དྲངས་ཏེ་མཆོད་ནས་ཐེལ་གྱི་གནས་རྟེན་རྣམས་ཞིབ་མཇལ་གནང་བར་ངོ་མཚར་བའི་བྱིན་རླབས་ཀྱི་མཚན་མའང་གཟིགས། བཅུ་དགུར་ཏི་སྒྲོའི་ཆབ་ཚན་ཁར་ཕེབས། དེའི་སང་ནུབ་གོང་མའི་བཀའ་ཡིན་ཁུལ་གྱིས་དགེ་སློང་འཇམ་དབྱངས་གྲགས་པས་ཤར་ཕྱོགས་ཀྱི་བསྟན་འགྲོའི་ཕན་བདེར་དགོངས་པ་གཏད་ནས་ཕེབས་དགོས་ཚུལ་གྱི་ལུང་བསྒྱུར་དུ་སྩལ་བ་སོགས་ཀྱི་མཚན་ལམ་དང་། ཉེར་གཅིག་གི་ཐོ་རེངས་ཀྱི་ཆར་ཡང་མནལ་ལམ་ངོ་མཚར་བ་མང་དུ་བྱུང་སྣང་སྟེ། ཞམ་རིང་པ་དག་ལ་གསང་རྣམ་ལས་བཤད་པའི་རྟེན་འབྲེལ་གྱི་དུས་ལ་བབས་པ་ནི་མིན་ལས་ཆེ་ཞེས་གསུང་། དེར་ཞག་གསུམ་གྱི་བར་ཆབ་ཀྱི་འཕྲོད་བཞེས་མཛད་ནས། ཉེར་གཉིས་ཀྱི་ཉིན་འབྲོང་ངུར་སུམ་མདོར་ཕེབས་ཏེ། ཚོགས་བརྒྱ་དང་རབ་གནས་ཀྱི་ཆོ་གགནས་རྟེན་རྣམས་ལ་མཆོད་འབུལ་ས་ཕན་འཛུགས་པ་སོགས་མཛད། ནངས་པར་ཆིབས་བསྐྱོད་ནས་སྤྲོ་ལུང་དུ་བསུ་བའི་བཀོད་པས་སྤྱན་དྲངས་ཏེ། འདུ་ཁང་གི་ཁྲི་ཐོག་ནས་འདུས་པར་ཚོགས་ཆོས་ཀྱང་སྩལ། སང་ཉིན་ལ་དུན་དུ་སྒམ་པོ་སྤྲུལ་པའི་སྐུ་དང་མཇལ་འཛོམ་མཛད་ཅིང་། འབྲི་གུང་ནས་ཆིབས་བསུའི་བསྟི་སྟང་དང་བཅས་པས་ཞྭ་ལྷ་ཁང་དུ་སྤྱན་དྲངས་ནས་ཕུལ་དུ་བྱུང་བའི་བསྙེན་བཀུར་གྱིས་མཆོད་ཅིང་། དེ་ནུབ་གཟའ་ཁང་དུ་བསྐང་གསོ་དང་ཕྲིན་བཅོལ་གནང་། ནངས་པར་འབྲི་གུང་སྤྲུལ་པའི་སྐུར་གཏེར་གསར་ཚེ་དབང་དང་། བྱད་འགྲོལ། སྒམ་པོ་སྤྲུལ་པའི་སྐུར་ཚེ་རྟའི་དབང་འབུལ་བར་མཛད་ཅིང་། འབྲི་གུང་ནས་ཆོ་ག་དང་འབྲེལ་བའི་ཞབས་བརྟན་དང་ཕེབས་རྫོངས་ཀྱི་འབུལ་ནོད་བསྙེན་བཀུར་རྒྱས་པར་བསྟབས་ནས། ཉེར་དགུའི་ཉིན་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་དང་ལྷན་དུ་བྱ་ཡུལ་མང་ར་མཇལ་དུ་ཐེགས། དེ་ནས་ཀྱང་ཡིབ་ཕྱི་དང་། ཀ་ཚལ། རྒྱ་མ་ཁྲི་གོང་རྣམས་སུ་རིམ་གྱིས་ཆིབས་བསྐྱོད་ཅིང་། ཕེབས་ལམ་དེ་རྣམས་སུའང་མི་ཁྲོམ་མི་ཤོག་པ་ལྟ་བུའི་དད་ཅན་རྣམས་ཀྱི་རེ་བ་སྐོང་བཞིན་དུ་རྒྱ་མའི་ལ་བརྒྱུད། བསམ་ཡས་ཀྱི་གནས་རྟེན་རྣམས་ཀྱང་ཞིབ་མཇལ་གྱིས་མཆོད་འབུལ་དང་སྨོན་ལམ་མཛད་ནས་གདན་སར་ཕེབས། དབྱུག་ཟླའི་ཉི་ཤུའི་ནུབ་བསམ་ཡས་དཀོར་མཛོད་གླིང་དུ་གནོད་སྦྱིན་ཙིཏྟ་དམར་པོ་ཆ་ལུགས་མི་ལ་ཞུགས་པའི་བཙན་ཆས་ཇི་ལྟ་བ་ལ་འབག་དམར་པོ་གྱོན་པ་ཞིག་གིས་སྒོ་ནང་དུ་ཞབས་བསུ་དར་དཀར་གྱི་ཕྱག་རྟེན་དང་བཅས་ཕུལ་ནས་བཏུད་པ་ལ། ཕར་ཡང་སྙན་དར་ཞིག་དཔུང་པ་གཡོན་པར་བཏགས་རྗེས། མཚན་གྲངས་ཤིག་བཏང་སོང་བར། ཆོས་སྐྱོང་ལྷོར་གཟིགས་སྟན་མེད་པ་དང་། རྗེ་ཉིད་རང་བྱང་གཟིགས། སྟག་སྟན་ཞིག་ལ་བཞུགས་པ་ན། དེས་མཆོག་གི་སྤྲུལ་སྐུ་དང་ས་སྐྱ་དགེ་བཤེས་མེད་ཀྱི་བར་དེ་ལ་གཟུགས་མེད་ཀྱང་ཤིན་ཏུ་དཀའ་ཚེགས་ཆེ་བ་བྱུང་ཞེས་ཡུས་ཀྱི་རྣམ་པ་བྱས་པ་ལ། གཞུང་གི་ཆབ་སྲིད་མངའ་ཐང་སྤེལ་བའི་ཕྲིན་ལས་གསོལ་བ་ན། དེ་བཞིན་བྱེད་དེ། གཟུགས་མེད་ཀྱང་དཀའ་ལས་ཆེ་ཙམ་འདུག་ཅེས་སོགས་ཟེར་ཞིང་། རྗེ་ཉིད་རང་གི་ཐུགས་ཀྱི་བཞེད་དོན་གལ་ཆེ་བ་ཞིག་ཡོད་པ་འདི་ཁྱོད་ཀྱིས་གེགས་མེད་དུ་འགྲུབ་པ་བྱེད་དགོས་གསུངས་པས། དེ་འགྲུབ་པར་བྱེད་གཟུགས་མེད་ཡིད་ལ་དྲན་པར་གྱིས་ལ། གལ་གེགས་ཆེ་སྐབས་གཏོར་མ་རེ་བཤམས་ནས་གཉེར་གཏད་ཀྱིས་འགྲུབ་བོ་ཟེར་བ་སོགས་སྤྱི་སྒོས་ཀྱི་ལུང་བསྟན་དང་ཕྲིན་ལས་སྒྲུབ་པའི་གཡར་དམ་ཁས་བླང་པའི་མནལ་ལམ་བྱུང་། ཡང་རྒྱལ་ཟླའི་བཅུ་དགུའི་ནུབ་ཞབས་དྲུང་ཐུགས་སྲས་རིན་པོ་ཆེ་གཤེགས་པའི་བསྔོ་རྟེན་ཡིན་ཟེར་བའི་སྒམ་ཆུང་ཞིག་ཁ་དབྱེ་བར་མཛད་པའི་ནང་ན། ཕྱག་དྲིལ་ཤུབས་ཙིང་གི་རི་མོ་བྱས་པ་ཞིག་འདུག་པ་དེ་རྗེ་ཉིད་རང་དང་། དྲིལ་བུ་གཞན་ཞིག་འདུག་པ་དེ་གདུང་བརྒྱུད་རིན་པོ་ཆེ་དང་མཁན་པོ་སུ་རིགས་ལ་ཡིན་ཟེར་བའི་མོད་ལ་མནལ་སད། དེ་འཕྲལ་ལྷོ་བྲག་ཏུ་བརྟན་བཞུགས་འབུལ་མི་ཆེད་དུ་གནང་བའི་ཚེ། འབུལ་ཚན་གྲས་ནས་དར་ཡུག་དམར་སེར་གཉིས་ལུས་འདུག་པ་རྟེན་འབྲེལ་གྱི་ལ་ཉེ་ངན་གསུངས་ཤིང་། ཕྱིས་རྣམ་སྤྲུལ་རིན་པོ་ཆེ་དང་གསུང་བགྲོས་བྱུང་བར། འདིར་མནལ་ལྟས་བྱུང་བའི་ཉིན་དེར་ཕ་གིར་ཞལ་ཆེམས་གནང་བ་དང་དུས་འགྲིག་འདུག་ཅེས་གསུངས། ཡང་གནམ་གང་གི་ཐོ་རེངས་ལོ་གསར་གྱི་གྲྭ་པའི་ཇ་ཞུ་ཕལ་ཆེར་རྫོགས་པའི་དགེ་བསྐོས་ཀྱི་ཇ་ཞུའི་རྗེས་སུ་མནལ་ཐུམ་པ་ཞིག་བྱུང་བའི་གཟིགས་སྣང་དུ། ད་ལྟའི་གཟིམས་ཆུང་གི་གཟིམས་སྒྲོམ་ནང་འདི་ཁར་བཞུགས་འདུག་པ་ལ། སྒོ་ཤག་གིས་ཕྱེ་བའི་ནང་ནས་བུད་མེད་ཁ་དོག་སྔོ་བ་ཨ་ཙ་ར་འདྲ་བ་རས་ཁྲའི་གོས་དང་རིན་པོའི་རྒྱན་འཕྱོར་བ་ལྔ་ཐལ་གྱིས་འོང་ནས། ངེད་རྣམས་ཞིང་སྐྱོང་གི་ཌཱཀྐི་ནཱི་ཡིན། ད་ལྟ་རྔ་ཡབ་གླིང་པ་ཐམས་ཅད་རྒྱ་འདྲེ་ཤོར་སོང་བས་མ་ཕེབས་པའི་ཐབས་མེད་ཟེར། གཟིམས་སྒྲོམ་དུ་ལག་བཏང་སྟེ་ཕྱག་ནས་འཐེན་ཞིང་ད་ལྟ་རང་ཕེབས་ཞེས་ཨུ་ཚུགས་ཞུ་འདུག་པ་ལ། གཟིམས་གཞུག་ན་དེ་དུས་ཀྱི་དགེ་བསྐོས་བྱེད་མི་དགེ་སློང་ངག་དབང་ཀུན་དགའ་ཡིན་རྒྱུ་བའི་བཙུན་པ་ཞིག་འདུག་པ་དེས། གཟིམས་སྒྲོམ་ནང་དུ་མར་མནན་ནས། རེ་ཞིག་ཐེགས་ན་གཏན་ནས་མི་འོང་ཟེར། དེར་རྗེ་རང་གིས། ད་ལྟ་ཚེ་ཚད་ལ་དགའ་མོ་ཡོད། རེ་ཞིག་མི་འགྲོ། ཡོང་རན་པ་དང་ཁྱེད་རང་རྣམས་བསུ་བ་ལ་ཡོང་མི་དགོས། ཤར་མར་སླེབ་འོང་གསུངས་སོ། །དེར་བཙུན་པ་དེས་བུད་མེད་ལྔ་པོ་དེ་ཨུ་ཚུགས་ཀྱིས་བརྫངས་ནས་ཕྱིར་ལོག་སོང་བ་དང་། ཡང་ཨ་ཙ་ར་ལྔ་ཤར་གྱིས་འོང་ནས། ད་ལམ་རང་ཕེབས་དགོས་ཟེར་བ་ལ། ཐུགས་ཀྱི་དགོངས་པར། ད་ནི་ལོ་ཡང་ལྔ་བཅུ་ང་ལྔ་ཙམ་སླེབས་སོང་བས་ཕྱིན་ཀྱང་ཡོང་བ་འདྲ་སྙམ་དུ་དགོངས་ཤིང་། ཞལ་ནས་རེ་ཞིག་ང་མི་འགྲོ་བོད་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེ་བ་ཞིག་མི་འདུགདེའི་ནང་ནས་ཀྱང་རྙིང་བསྟན་ཉག་ཕྲ་བར་འདུག་པས་ཨོ་རྒྱན་ཆེན་པོའི་དྲིན་གསོར་ཕྲིན་ལས་སྤེལ་ཕྱིར་རེ་ཞིག་སྡོད་དགོས་འདུག་གནང་སོང་། དེ་སྐད་དུ་ཞལ་ནས་ཨོ་རྒྱན་ཆེན་པོའི་མཚན་བརྗོད་པར་མཛད་པ་ཙམ་གྱིས་ཐུགས་དད་པའི་གདུང་ཤུགས་དྲག་པོས་མྱོས་ཏེ། ཨོ་རྒྱན་གྱི་མཚན་བརྗོད་བཞིན་ཏུ་སྤྱན་ཆབ་འཁྲུག་པ་དང་བཅས་ཐུགས་བརྒྱལ་བ་ལྟ་བུའི་མུར་མནལ་སད། དེ་དུས་སྤྱན་ཆབ་མངོན་སུམ་དུའང་ཟག་འདུག་གསུང་། དེ་ལྟར་སྤྱན་ལྟས་འཚུབ་པ་ལ་བསུན་བཟློག་དང་། འཆི་བསླུ་སོགས་གནད་དུ་འགྲོ་བའི་རྟེན་འབྲེལ་གྱི་ཆོ་ག་མང་པོ་བསྒྲུབས་ཤིང་། གྲྭ་པ་སྤྱི་སྒེར་ཐམས་ཅད་དང་མཆོག་དམན་གྱི་དད་ཅན་མང་པོས་ཀྱང་ཞབས་བརྟན་གྱི་རིམ་པ་ཕུལ། ཁྱད་པར་གོང་ཞབས་ཡས་ཕྱིན་ནས་བརྟན་བཞུགས་གསོལ་འདེབས་ཚིགས་བཅད་མ་དང་འབྲེལ་བར། སྟན་དཀར་རྡོ་རྗེའི་རེ་ཁཱ་ཅན་དང་། འབུལ་ནོད་ཕུལ་དུ་ཕྱིན་པ། འདུས་པར་མང་འགྱེད་བཅས་རྒྱས་པར་སྩལ། ཉེར་གཉིས་ཀྱི་ནུབ་ལྷོ་ནང་ཡིན་ཁུལ་ཞིག་ཏུ་ཞབས་དྲུང་ཐུགས་སྲས་རིན་པོ་ཆེ་སྐུ་བསྙུན་ནས་འདུག་པའི་སར་ཕེབས། དེར་མཐའ་ཤིང་ནགས་ཀྱིས་བསྐོར་བའི་ནགས་ཆུང་ཞིག་ན་ཞལ་ལྷོ་ནུབ་ལ་ཕྱོགས་ནས་བཞུགས་འདུག་པའི་མུར་སྤྱན་ཟིམ་མེར་གཤེགས་སོང་བར། ངེད་རང་གིས་སྤྲུལ་པའི་སྐུ་མྱུར་དུ་ཕེབས་དགོས་སོ་ཞེས་ཞུས་པས། ཡང་སྐུ་སོས་པ་ལྟ་བུས། ད་ལམ་རིམ་གྲོའི་དུས་རྟེན་འབྲེལ་ལ་ཉེ་ལེགས་པ་ཞིག་མ་བྱུང་བས། ད་ཅི་འདྲ་འགབ་སོགས་སྣ་ཚོགས་གསུངས་པའི་མཐར། ད་ཆ་རྗེ་ཉིད་ལ་འདི་ཕྱི་ཐམས་ཅད་བློས་ལྗིད་འགེལ་བ་ཡིན་གཤིས། རྗེས་མྱུར་མཇལ་གྱི་སྨོན་ལམ་ཞུ་བས་སྐྱབས་འཇུག་ཐུགས་རྗེས་གཟིགས་དགོས་ཞེས་གསུངས་བྱུང་བའི་མོད་ལ་མནལ་སད། དེ་འཕྲལ་ལྷོ་བྲག་ཏུ་གནས་ཚུལ་འབུལ་མི་ཆེད་དུ་གནང་ཞིང་། དེ་ནས་མི་རིང་བར་ལྕགས་འབྲུག་དབོ་ཟླའི་ཚེས་བརྒྱད་ལ་ཐུགས་སྲས་སྤྲུལ་པའི་སྐུ་ཞི་བར་གཤེགས་པ་རེ་ཞིག་གསང་ཁོག་ནས་སྤྱན་འདྲེན་འབྱོར་བ་ལྟར་ཆིབས་བསྐྱོད་དེ། རིམ་པར་ཚེས་ཉི་ཤུ་ལ་ལྷ་ལུང་དུ་ཕེབས། དེའི་ནངས་པར་གསང་རྒྱ་བཀྲོལ་ཏེ། རྗེ་ཉིད་ཀྱི་ཐུགས་དམ་གསལ་འདེབས་དང་། གདུང་བཞུ་བའི་ཕྱག་ལེན། ལྷོ་ནང་དུའང་ཞབས་བསྐྱོད་ནས་དངུལ་གདུང་ལ་རབ་གནས་སོགས་མཛད་པར་ཞབས་ཏོག་འབུལ་ནོད་ཕུལ་དུ་བྱུང་བ་སྤྱི་སྒོས་ཐམས་ཅད་ནས་བསྒྲུབས་ཤིང་ནག་ཟླའི་འགོར་ཆིབས་བཏེགས་ཏེ་ཕྱིར་ལམ་གླིང་དུ་ནང་སོ་དཔལ་འབྱོར་འདས་པའི་སྐྱབས་གནས་སུ་སྤྱན་དྲངས་པ་ལྟར་ཐེགས་ནས་རིམ་པར་གདན་སར་ཕེབས་ཏེ། ཚེས་བཅུ་བདུན་གྱི་སྔ་དྲོའི་ཆར་གསང་སྔགས་ཕོ་བྲང་གི་རྩིག་རྨང་འདིང་བར་མཛད་ཅིང་། གྲོ་བཞིན་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་དུས་ཚེས་བཟང་པོ་ནས་སྐར་འཛིན་གྱི་གྲྭ་ཚང་གི་དབྱར་དགུན་གྱི་ཆོས་ཐོག་གཉིས་ཀྱི་དུས། བློ་གསལ་དྲུག་ཅུ་སྐོར་ལ་དཔལ་གསང་བ་སྙིང་པོའི་རྒྱུད་བཤད་ཀྱི་སྲོལ་ཚུགས་པར་མཛད། ཟླ་བ་དགུ་པའི་ཚེས་བཅུ་དགུའི་ནུབ། རྗེ་བཙུན་ཏཱ་ར་ནཱ་ཐ་ཡིན་ཟེར་བའི་བླ་མ་སྐུ་ན་གཞོན་ཞིང་མཚར་བ་གཅིག་བཞུགས་འདུག་པར་སངས་རྒྱས་མཉམ་སྦྱོར་གྱི་དོགས་གནས་འགའ་རེ་ཞུ་བར་མཛད་པ་ལ། འདི་དང་འདིའོ་ཞེས་ལན་ལྷུག་པར་སྩལ་བར་མཛད་པ་ན་ཐུགས་ཀྱི་དོགས་པ་སངས་བའི་མནལ་ལམ་ངོ་མཚར་བ་བྱུང་། དེ་ནས་སྒམ་པོ་སྤྲུལ་པའི་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་གྲལ་དབུར་སྤྱན་དྲངས་པ་ལྟར། རྒྱལ་ཟླའི་བཅུ་གཅིག་ལ་ཆིབས་བཏེག་ནས་རིམ་པར་འགྲོ་དོན་མཛད་བཞིན་པས་རུའི་ཀོ་ལྕགས་བརྒྱུད། བཅོ་བརྒྱད་ཀྱི་སྔ་དྲོ་གདར་རིའི་རྩེར་འཇའ་འོད་ངོ་མཚར་བ་མངོན་དུ་སྣང་ཞིང་། ཆིབས་བསུ་དང་། ཐབ་བསུའི་བསྟི་སྟང་ཆེན་པོའི་བསུ་བ་དང་བཅས་ཏེ། དེའུའི་མདུན་གྱི་ཁྲི་ཐོག་ནས་ཁྲོམ་འདུས་པ་ལ་བྱིན་རླབས་མཛད་དེ། སྒོམ་སྡེའི་གཟིམས་ཆུང་ཞལ་ནག་ཏུ་ཕྱགས་ཕེབས། ནངས་པར་སྐུ་གདུང་རིན་པོ་ཆེ་ཡི་དྲུང་དུ་ཐུགས་དམ་གསལ་འདེབས་དང་། ཉེར་གཉིས་ལ་ཞབས་ཕྱི་རྣམས་དང་བཅས་ཏེ་གསུང་ཆོགཉེར་བདུན་ལ་སྐུ་གདུང་ཞུགས་འབུལ་གྱི་ཕྱག་ལེན། གནམ་གང་ལ་སེར་འཚོགས་ཀྱི་གྲལ་དབུར་བདེ་ཡངས་ཀྱི་ཆོས་ཁྲིར་སྤྱན་དྲངས་ཏེ། འབུལ་ནོད་ཕུལ་དུ་བྱུང་བ་བསྒྲུབས་པར་ཚིག་དོན་བཟང་པོའི་སྟོང་ཐུན་སྔོན་དུ་འགྲོ་བས་མཆོད་བསྔོ་འབུལ་བ་རྣམས་མཛད་ཅིང་། དེ་དུས་ཉེར་ལྔའི་ནུབ་སྒམ་པོའི་ཁྱམས་སྟེང་ནས་གཟིགས་པས་ཁྱི་ནག་པོ་འཇིགས་སུ་རུང་པ་ཞིག་གིས་མི་མང་པོ་འདེད་ཀྱིན་འདུག་པས། ཅུང་ཟད་ཐུགས་ལ་ཡ་ང་བར་འཁྲུངས་ནའང་ཁྱི་དེས་རྗེ་ཉིད་རང་ལ་ཤིན་ཏུ་དགའ་བའི་ཉམས་བྱེད་པའི་མནལ་ལྟས་དང་། དེའི་སང་ཉིན་བཟང་ལུང་དུ་ཕེབས་པར་བྱ་རོག་སྣུམ་བག་ཅན་ཞིག་ཆིབས་པའི་གཡས་གཡོན་དུ་ལྡིང་ཞིང་སྐུ་དྲུང་དུ་འབབས་ནས་དགའ་བའི་སྐད་བསྒྱུར་བ་དང་། གུས་པའི་རྣམ་འགྱུར་བྱེད་པ་ཞིག་བྱུང་བ་ནི་ཏྲཀྴད་མཉེས་པའི་རྣམ་པ་གསལ་བར་གོ་གསུངས། ཡང་ལྕགས་སྦྲུལ་ཟླ་བ་དང་པོའི་ཚེས་གཅིག་གི་ནུབ་སྒམ་པོ་ལ་རྒྱར་བལྟ་བ་ཡིན་པ་འདྲ་དགོངས་པའི་སྤྱན་ལྟས་མཚར་ཞིང་འཚུབ་པའང་གཟིགས། ནངས་པར་ཕེབས་ཞོར་ལ་མཆོད་ཁང་རྙིང་པ་མཇལ་བར་མཛད་ཅིང་། ཀླུང་མཁར་རྫོང་དུའང་སྤྱན་དྲངས་ནས་མཆོད། ཞབས་དྲུང་རྣམས་ཀྱིས་ཚུགས་ཁའི་བར་ཞབས་སྐྱེལ་ཞུས་ཏེ་རིམ་པར་རྣམ་རྒྱལ་ཀླུ་ཁང་དང་། རྩེ་ལེ་དགོན་རྣམས་སུ་བཀུར་སྟི་ཆེན་པོས་སྤྱན་དྲངས་ནས་མཆོད་ཅིང་། ལྷ་ཁང་དང་ཡར་སྟོད་བརྒྱུད་འགྲོ་དོན་སྐྱོང་བཞིན་པས་གདན་སར་ཕེབས། ནག་ཟླའི་འགོར་སྐུ་ཞང་འདུམ་པོ་བའི་གཞིས་སུ་གྲྭ་གཙང་གི་ཚོགས་དབུར་སྤྱན་དྲངས་ཏེ་བྲིས་ཐང་མང་པོར་རབ་གནས་དང་། ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་བསྒྲུབས། ཕྱིར་ལམ་སྡིངས་པོ་ཆེར་སྤྱན་དྲངས་ནས་སྤྱི་སྒེར་སོ་སོས་མཆོད། ཟླ་བ་ལྔ་པའི་མཇུག་ཏུ་བྱུས་རིམ་གྱི་བརྟན་གསོལ་གནང་བར། ཉེར་དྲུག་གི་ཉིན་བརྟན་མ་མཆོད་ཅིང་ཕྲིན་ལས་གཉེར་གཏད་ཀྱི་སྐབས་ཤིག་ཐུགས་ཡིད་བྱེད་ཀྱི་ཡུལ་དུ། བརྟན་མ་བཅུ་གཉིས་བུད་མེད་གཟུགས་རིང་ཆས་བཟང་གི་རྣམ་པ་ཅན་འཁོར་དཔག་ཏུ་མེད་པ་དང་བཅས་པས་མདུང་དར་ཁྲ་ཆེམ་ཆེམ་བོད་ཀྱི་མངའ་འབངས་ལ་བསྐོར་བ་ལྟ་བུར་ལམ་ལམ་གཟིགས་པ་ལས། ད་རེས་དམག་གིས་སྐྱོན་མི་ཡོང་བ་འདུག་པས་དར་ལྕོག་རྣམས་བསྡུས་ཞེས་བསྡུས་པ་འདྲ་ཞིག་གི་གསལ་སྣང་ཤིན་ཏུ་ཆེ་བ་བྱུང་བས། དེ་སྐབས་དམག་གི་སྒྲ་ཆེ་ཡང་གཟིགས་སྣང་ཐོག་ཏུ་ཁེལ་བའི་ཡ་མཚན་པ་བྱུང་། ཡང་ཟླ་བ་བཅུ་པའི་ནང་དུ་ནུབ་ཅིག་རྫོང་ལྟ་བུའི་རི་རྩེ་ན་ཁང་པ་རོང་རོང་མང་པོ་ཡོད་པའི་རྡོ་ཐེམ་རྟ་ལམ་ལྟ་བུ་ཞིག་གི་འཁྲིས་ན། རྫའི་མཆོད་རྟེན་ཐོག་ཚད་ཙམ་ཞིག་འདུག་པར། མི་ཞིག་གིས་འདི་ལ་དཀར་ཆག་ཅིག་རྩོམ་པ་ཞུ་ཟེར། དེ་གའི་མུར་མཆོད་རྟེན་དེའི་བུམ་པར་མཐིང་བྱུག་པ་ལྟར་སྔོ་ལམ་ལམ་ཞིག་འདུག་པའི་ངོས་ལ་རྡོ་དཀར་གྱིས། བཀྲ་ཤིས་དགེ་བའི་ས་གཞི་གཙང་མ་རུ། །བཀྲ་ཤིས་ཀུན་གྱི་རེ་བ་སྐོང་བའི་ཕྱིར། །བཀྲ་ཤིས་སྒོ་མང་ཆོས་སྐུའི་སྣང་བརྙན་ནི། །བཀྲ་ཤིས་ཀུན་གྱི་སྙིང་པོར་བརྟན་པར་ཤོག །ཅེས་བྲིས་པའི་མནལ་ལམ་ཤིན་ཏུ་གསལ་ཞིང་། གཞན་འགའ་རེ་བྲིས་སོང་ཡང་ད་ལྟ་དྲན་ཡུལ་དུ་མི་འདུག་གསུངས། ཡང་ཟླ་བ་བཅུ་གཅིག་པའི་ཉེར་བཞིའི་ནུབ་འོད་གསལ་གྱི་སྣང་བར། བསམ་གཏན་རྩེའི་བདག་མོ་དབུ་མཛད་མ་དེ་ཡིན་སྙམ་པ་ཞིག་གིས། ཡེ་ཤེས་གཙོ་མོ་ནི་སྒྲུབ་གནས་མཁར་ཆུ་ལ་ཆས་འགྲོ། །ཨ་ཀྱང་མ་གཅིག་ནི་དག་པའི་རང་སྣང་ལ་ཆས་འགྲོ། །འཛམ་གླིང་གི་སྒྲོན་མེ་གཅིག་པུ་ཁྱོད། །བསྟན་པ་དང་སེམས་ཅན་གྱི་དོན་ཆེད་དུ། །འགྱུར་མེད་ཀྱི་ཁྲི་ལ་བརྟན་པར་བཞུགས། །ཞེས་ཟེར་བའི་མོད་ལ་མནལ་སད། མནལ་ལྟས་འདི་ནི་དེ་ནས་མི་རིང་བར་ཆུ་རྟ་ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ལ་ཡུམ་སྐུ་གཤེགས་པ་དེ་ལ་བལྟ་བ་འདྲ་སྟེ། དེའི་སྤྲུལ་གཞི་ཤེལ་དཀར་རྡོ་རྗེ་མཚོའི་སྒྲུབ་གནས་མཁར་ཆུ་ཡིན་པའི་ཕྱིར་རོ། །དེ་ཡང་ཡུམ་རིན་པོ་ཆེ་འདི་ཟླ་བ་དང་པོའི་མཇུག་ཏུ་སྔར་གྱི་ཡི་གེ་རྣམས་དབྱེ་བ་ཕྱེ་སྟེ། མི་དགོས་པ་རྣམས་བསྲེགས་པ་དང་། དེ་སྐབས་འགོལ་བཞུགས་ཀྱིས་ངོ་གསར་གྱི་འགྲིམ་འགྲུལ་མི་མཛད་ཀྱང་། རྣམ་སྤྲུལ་རིན་པོ་ཆེ་གསན་སྦྱང་ལ་ཕེབས་པ་རྒྱང་ཙམ་བཞུགས་གཤིས། སླར་མཇལ་བ་གནང་ན་ཡོང་འདྲ་ཞེས་ཞབས་ཕྱི་རྣམས་ཀྱིས་ཞུའང་། སླར་མཇལ་མི་མཇལ་མི་ཤེས་པས་འཕྲལ་དུ་མཇལ་བ་བློ་ཁ་རྫོགས་པ་འདུག་གསུངས་ནས་བཀྲ་ཤིས་རབ་བརྟན་དུ་སྤྱན་འདྲེན་གནང་སྟེ་མཇལ། ཁྱད་པར་དབོ་ཟླ་ཉིས་བརྩེགས་ཀྱི་སྔ་མའི་ཚེས་བཅོ་ལྔའི་སྔ་དྲོ། ཆིབས་ར་དང་སྣེ་གདོང་དུ་ཨ་བར་རྣམས་ལ་ཕྱག་བྲིས་མཛད་དགོས་པ་རྣམས་ཀྱང་ད་རེས་རང་ཐོན་པ་གྱིས་གསུངས་ནས་བརྫངས་ཤིང་། འདི་ཁར་ཡང་གཞན་ལ་གནང་དགོས་ཐམས་ཅད་ཚར་བར་མཛད་ནས། དགུང་ལོ་དོན་དགུ་པའི་ཐོག་ཆུ་རྟ་དབོ་ཟླའི་ཉའི་སྔ་དྲོ་ཞལ་ཆེམས་ཀྱང་གནང་། དེ་རྟིང་གསོལ་གུང་གི་དུས་ཞབས་ཕྱི་ལ་བོས་ཏེ། དེ་རིང་འདིར་ཐུགས་སྲས་རིན་པོ་ཆེའི་སྲས་མོ་དེ་སྐུ་རྒྱན་འཕྱོར་པོ་བཅས་བྱོན་བྱུང་གསུངས། དེ་ནས་ཉི་མ་གུང་ཕྱེད་ཡོལ་ལ་བསྙུང་བ་མེད་པར་སྐུ་གཤེགས། དེའི་ཚེ་རྗེ་ཉིད་ཀྱིས་འཕོ་བའི་མཚམས་སྦྱོར་སྩལ་ཅིང་། ནམ་མཁའ་དྭངས་བ་ལ་འཇའ་འོད་འཕྲོ་བ་སོགས་གཤེགས་རྟགས་ཀྱང་མཚར་བ་བྱུང་། དེ་ནུབ་ནས་བརྩམས་ཏེ་གདུང་ཆོག་དང་གཞིས་བྱེས་ཀུན་ཏུ་སྐུ་འདད་ཀྱི་མཆོད་སྦྱིན་ཕུལ་དུ་བྱུང་བ་སྒྲུབ་པར་མཛད་ཅིང་། དངོས་གཞིའི་གྲལ་དབུར་གསུང་སྤྲུལ་རིན་པོ་ཆེ་གསོལ། སྐུ་གདུང་གཡང་ཆས་ཀྱིས་ལོ་གཉིས་ལྷག་ཙམ་བཞུགས་སུ་གསོལ་ཏེ་ཕྱིས་གདུང་བཞུ་བའི་ཕྱག་ལེན་ཡང་རྗེ་ཉིད་ཀྱིས་མཛད་དོ། །ཟླ་བ་བཅུ་པའི་མཇུག་ཏུ་ཁྲ་འབྲུག་ཏུ་བསྟན་སྲིད་སྤྱི་རིམ་ལ་ཕེབས་པའི་ས་ནས་ཟངས་རིར་རྒྱལ་ཡུམ་རིན་པོ་ཆེས་སྤྱན་དྲངས་ཏེ། ཞབས་ཏོག་ཕུལ་དུ་བྱུང་བ་བསྒྲུབས་ཤིང་དབང་བྱིན་རླབས་ཀྱང་མང་དུ་སྩལ། ཆུ་ལུག་དབོ་ཟླའི་སྒྲུབ་མཆོད་དང་སྦྲེལ་ཏེ་དཀྱིལ་འཁོར་དེའི་སྟེང་ནས་གསང་སྔགས་ཕོ་བྲང་གི་རྟེན་བརྟེན་པ་རྣམས་ལ་ནག་ཟླའི་ཚེས་གསུམ་གྱི་ཉིན་རྗེ་ཡབ་སྲས་ཐམས་ཅད་ཚོགས་དབུར་ཞབས་པད་བསྐྱོད་ནས་རབ་གནས་ཀྱི་ཆོ་ག་སྨིན་རྒྱས་སུ་མཛད་པར། རབ་སྟོན་འབུལ་འགྱེད་སོགས་ཕུལ་དུ་བྱུང་བ་དང་། མི་སེར་ནང་བཟན། ཕྱོགས་འདུས་ཀྱི་ཆོས་ཞུ་བ་སོགས་ལའང་སྟོན་མོ་དང་འགྱེད་རྒྱས་པར་སྩལ། ཟླ་བ་བཞི་པའི་འགོར་རྒྱལ་ཡུམ་གྱིས་ཟངས་རིར་བསྟི་སྟང་ཆེན་པོས་སྤྱན་དྲངས་ཏེ། ཨོ་རྒྱན་གླིང་གྲྭ་གཙང་ལ་ཚེས་བཅུ་མཆོད་པའི་གར་འཆམས་ཀྱི་ཕྱག་ལེན་རྒྱས་པ་ཚུགས་པའི་ཉིན་སྔ་རྟིང་གི་གྲལ་དབུར་ཞབས་བསྐྱོད་ཅིང་དངོས་གྲུབ་ལེན་པ་དང་རྗེས་འབྲེལ་དུ་གཏོར་དབང་ཡང་སྩལ། རྒྱལ་ཡུམ་དཔོན་བློན་གྲྭ་གཙང་བཅས་པས་ཞབས་བརྟན་ཡང་རྒྱས་པར་ཕུལ་ཞིང་། བསྙེན་བཀུར་དང་འབུལ་ནོད་ཕུལ་དུ་བྱུང་བས་མཆོད་ནས་ཕྱིར་ལམ་ཡང་འགྲོ་དོན་སྐྱོང་བཞིན་པར་གདན་སར་ཕེབས། ཟླ་བ་ལྔ་པའི་ཚེས་བཅུ་དྲུག་གི་ནུབ་མོ་མནལ་ལམ་དུ། ཟངས་རི་དཔོན་ཚང་ལྷུན་གྲུབ་ལ་སྨན་སྦྱོར་རྒྱུ་ཞིག་གཏད་ཁུལ་ལ་དཔོན་ཚང་གིས་སྨན་སྦྱོར་བྱས་པ་ཐུན་བཞི་ལྔ་ཙམ་དང་། སྦྱར་ལྷག་གི་ལི་ཤི་དང་ཁ་ཆེ་སོགས་ཁ་ཤས་གཏད་བྱུང་བས། བློ་རྒྱུ་གཙང་པོ་ཡིན་འདུག་དགོངས་པ་གནང་། དེ་དང་མཉམ་དུ། རྟ་མགོ་གཅིགར་མགོ་གཅིགརི་བོང་གི་མགོ་གཅིགབྱི་བའི་མགོ་གཅིགཅེ་སྤྱང་གི་མགོ་ཡིན་ཟེར་བ་གཅིག་བཅས་མགོ་ལྔ་པོ་ཕྱིའི་ཤ་ལྤགས་ཀྱང་ཕུད། ནང་གི་ཀླད་པའང་བཏོན་པ་ལ། སོ་མ་ལྟ་བུའི་དྲི་ཆེ་བ་ཞིག་གཏད་བྱུང་། སྐད་ཆར་གཟིམས་ཞུ་བའི་མགོ་རྨས་དེ་རང་སོས་པ་འདུག་ཀྱང་སྟོད་ཀྱི་རྨ་དེའི་རོ་དེ་སླར་མི་ལྡང་ལས་ཆེ་ཟེར། ཡང་དེ་རང་རེ་ཞིག་དགའ་རབ་ཡོང་ཤས་ཆེའང་དེའི་ཕབས་ཀྱིས་ཐམས་ཅད་སྡུག་བསྔལ་ལ་སྦྱོར་བ་འདྲ་ཟེར་བྱུང་བ་ལྟར། མནལ་ལྟས་དེའི་དོན་མི་རིང་བར་གཏན་ལ་ཕེབས་པར་གྱུར། ཡང་ཟླ་བ་བརྒྱད་པའི་ཉེར་དགུའི་ནུབ་གོང་ཞབས་གོང་མ་དང་མཇལ་ཏེ། སྟོབས་ཆེན་མཆོད་རྟེན་གྱི་དྲི་བ་མང་པོ་ཞུ་བར་མཛད་པ་ལས་འདི་དང་འདིའོ་ཞེས་བསླབ་སྟོན་ཕྲ་རྒྱས་སུ་སྩལ་བས་དོགས་གནས་ཐམས་ཅད་སེལ་བར་གྱུར་གསུང་། ཤིང་སྤྲེལ་ནག་ཟླའི་ནང་དུ་རྟ་ར་མདོ་མགྲོན་གཉེར་གཤེགས་པའི་སྐྱབས་གནས་སུ་ཆིབས་བསྐྱོད་པའི་ཡར་ལམ་ཆོས་སྡེར་སྤྱན་དྲངས་ཏེ་མཆོད་ཅིང་གུར་གར་ཡང་གཟིགས། རྟ་ར་མདོར་བྱང་བཞུའི་ཆོ་གས་རྗེས་སུ་བཟུང་ཞིང་བསྙེན་བཀུར་འབུལ་ནོད་རྒྱ་ཆེར་བསྟབ། ཕྱིར་ལམ་བདེ་ཆེན་ཆོས་འཁོར། འོར་སྦུགལྷུན་གྲུབ་རབ་བརྟན། ཆོས་སྡེ་རྣམས་སུ་རིམ་བཞིན་ཞབས་གཅགས་ཏེ་གདན་སར་ཕེབས། དེ་ནས་ཟླ་བ་དྲུག་པའི་ནང་དུ་སྡེ་སྲིད་རིན་པོ་ཆེ་ཁྲི་གསར་འོལ་ཁའི་ཆབ་ཚན་དུ་ཕེབས་ཞོར་ལྷོ་ཁ་བརྒྱུད་རིམ་གྱིས་ཆིབས་བསྐྱོད་པར་ཐབ་བསུ་དང་ངོས་ཕེབས་ཀྱི་ཆིབས་བསུ། སེར་སྦྲེངས། བྲོ་གཞས་ཀྱི་རྩེད་སྣ་སོགས་ཀྱིས་ཞབས་བསུས་ཏེ། ཉེར་གཅིག་གི་ཉིན་དགོན་པར་ཕེབས་པ་ལ་རྒྱུན་དང་འཕར་མའི་སྟོན་མོ་བསྙེན་བཀུར་སོགས་འབུལ་བ་རྒྱ་ཆེར་བསྟབས་ཤིང་། སྐུ་རྐྱང་ལ་དགོངས་བཞེད་ལྟར། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་། སྒྲ་མི་སྙན་པའི་ཚེ་དབང་། དུར་ཁྲོད་མ་མོ་དང་རྡོར་ལེགས་ཀྱི་སྲོག་གཏད། དེ་དག་གི་ཕྲིན་ལས་སྐོར་གྱི་ལུང་རྣམས་དང་། གནས་རྟེན་ཐམས་ཅད་ཞིབ་གཟིགས་ཀྱི་ཕྱགས་ཕྱིར་ཡང་ཐེགས་ཤིང་། ཕྱིར་ཕེབས་ཀྱི་དུས་ཀྱང་སྔར་ལྟར་ཆིབས་སྐྱེལ་ལ་ངོས་ཕེབས་སོགས་བསྟི་སྟང་ཆེན་པོ་འབུལ་བར་མཛད། ཟླ་བ་བདུན་པའི་ནང་ལ་དར་གླིང་དགོན་དུ་སྤྱན་དྲངས་ཏེ་བསྙེན་བཀུར་འབུལ་ནོད་ཕུལ་དུ་བྱུང་བ་བསྒྲུབས་ཤིང་། གྲྭ་སློབ་ཡོན་བདག་སོགས་མཆོག་དམན་མང་པོར་སྤྱི་དབང་སྒོས་དབང་སོགས་སོ་སོའི་རེ་བ་སྐོང་བའི་ཆོས་སྦྱིན་རྒྱ་ཆེར་མཛད་དེ་ཕྱིར་ཕེབས། ཟླ་བ་དགུ་པའི་ཚེས་བརྒྱད་ཀྱི་ནུབ་གཟིགས་སྣང་ལ། རི་ནགས་ཚལ་ཡོད་པ་ཞིག་གི་འདབས་ན། ལྕགས་རི་གྲུ་བཞི་པ་ཐོག་སོ་གཅིག་ཙམ་པ་ནང་དམའ་བའི་ཉིས་རིམ་གྱི་སྟེང་ན་མཆོད་ཀོང་གང་ཙམ་པ་འབྲས་བུས་གང་བ་རིམ་པར་བསྒྲིགས་པའི་སྟེང་ན་ཞབས་གོམ་སྤོས་ཏེ་ཕེབས་པ་དང་། གྲུ་བཞིའི་ནང་དེ་ཆུས་གང་བར་ལྷུང་དོགས་གནང་བཞིན་དུ། དེའི་ཤར་ལྷོ་ནས་སྟེང་དུ་འཛེགས་ཏེ་ཐེགས་པ་ན་ཁང་པ་ཀ་བ་བཞི་པའི་ཁྱོན་ཙམ་པ་ཞིག་གི་ནུབ་ནས་ཤར་དུ་བལྟ་བ་ལ་རྟེན་ཁྲི་བང་རིམ་བཞི་པའི་སྟེང་ངོས་ཀྱི་ཞལ་བར་རི་མོ་ཤིན་ཏུ་ལེགས་པ་མང་པོ་དང་། དེའི་མདུན་དུ་ཤིང་ཁྲི་ལྔ་ཚར་གྱི་སྟེང་ན་བླ་སྐུ་བྱོན་མཚར་བ་ལྔ་གྲལ་བསྒྲིགས་པའི་ལྷོའི་མཐའ་མ་དེ་བྲག་ཐོག་པ་དང་། དེའི་བྱང་མ་དེ་ཐེག་ཆེན་ཆོས་རྗེ་ཡིན་ཁུལ། དེའི་བྱང་མ་དེའི་ཁྲི་རྒྱབ་ལ་རྡོ་རྗེ་འཆང་ཏིལླི་ནཱ་རོ་མར་མི་བཅས་ཆུང་ངུ་རེ་སྣང་བས་གཙོ་བོ་དེ་དྭགས་པོ་ལྷ་རྗེ་ཡིན་སྙམ་པ་མཛད། དེའི་བྱང་མ་གཉིས་སུ་ཡིན་མ་མཁྱེན། དེའི་མུར་ལྷོ་མའི་བྲག་ཐོག་པ་ཡིན་རྒྱུ་བ་དེས་སྐུ་ཡ་ཡོ་དང་ཞལ་འཛུམ་ཤིན་ཏུ་མཚར་བས་བུང་བའི་སྐད་ལྟར་སྙན་པའི་གདངས་ཀྱིས། པདྨས་བརྒྱན་པའི་ཞིང་ཁམས་ན། །བཞུགས་པའི་བདེ་གཤེགས་རྣམ་སྣང་དེ། །ང་དང་ཁྱོད་དང་གཉིས་མེད་དེ། །དྲག་པོ་འདས་ནས་བརྩིས་པ་ལས། །འཁྲུལ་པའི་སྣང་བ་ལོག་པའི་མདངས། །མེ་ལོང་གསལ་བར་གཟུགས་བཞིན་འཆར། །ཞེས་གསུང་པའི་མནལ་ལམ་མཚར་ཆེ་བའང་བྱུང་། དེ་དག་གི་སྐབས་སུ་དྲེས་སྤྲུལ་སྐུ་དང་། སྟག་ལུང་འདོད་འཇོ་སྤྲུལ་སྐུ། ཀཿཐོག་རྒྱལ་སྲས་པ་སོགས་ཕྱོགས་འདུས་བཤེས་གཉེན་མང་པོར་ཆོས་སྦྱིན་མཐའ་ཡས་པའང་བར་མེད་དུ་སྩལ། སྟོན་མཇུག་ནས་གོང་ཞབས་རིན་པོ་ཆེ་དང་། སྡེ་སྲིད་ཁྲི་གསར་བཅས་ཡས་ཕྱིན་ལྷན་རྒྱས་སུ་ལྷོ་མོན་གྱི་བར་དུ་ཞབས་བཅགས་ནས། ལྷོ་ཁ་ཡར་རྒྱབ་ཁུལ་དུ་རིམ་གྱིས་ཞབས་པད་བསྐྱོད་པ་ལས། མགོ་ཟླའི་ཚེས་དགུར་དགོན་པར་ཕེབས་པ་ལ། བུད་ཀོག་ལྕང་གསེབ་ཏུ་གསོལ་ཐབ་ཕེབས་བསུའི་སར་གཟིམས་གུར་ཁྲི་སྟན་གྱི་བཀོད་པས་མཛེས་པ་དང་། ཆིབས་བསུ་རྒྱས་པ་དགོན་ཀླུངས་ཐམས་ཅད་ཀྱིས་བསང་རོལ་དར་འཕྱར་རང་དགོན་མ་བུ་ཐམས་ཅད་བསྡུས་པའི་སེར་སྦྲེངས་སྐྱེ་བོའི་ཚོགས་ཀྱིས་རྩེད་སྣའི་རིགས་རྣམ་འགྱུར་གྱི་གཟིགས་མོ་སོགས་བསུ་བའི་བཀོད་པ་ཚར་དུ་དངར་བས་ཞབས་བསུས་ཏེ་ཕེབས། དེ་དུས་ཆིབས་བསུར་ངོས་ཕེབས་གནང་རྩིས་ལ། ཕེབས་ལམ་ནས་བཀའ་ཤོག་ཕྱག་བྲིས་མ་ཕེབས་པར། གཏེར་སྟོན་རིན་པོ་ཆེ་སྐུ་ན་མཐོ་བར་མ་ཟད། གོང་མ་ལྔ་པ་ཆེན་པོས་བླ་མར་བཀུར་ཞིང་ངེད་རང་གིའང་རྩ་བའི་བླ་མར་ཡིན་པ་བཅས་བསུ་བར་ཕེབས་པ་སྐབས་སུ་མ་ཆེས་པས། ཆིབས་བསུར་ངོས་ཕེབས་མི་འགབ་ཐག་ཆོད་ཀྱི་བཀའ་ལུང་དང་། དེ་ནས་ཐབ་བསུས་ས་ནས་ཆིབས་དཔོན་བརྒྱུད་བསླབ་སྟོན་སྒྱུར་མི་རྟ་ཤད་ཀྱིས་གནང་བར་ཡང་། གཏེར་སྟོན་རིན་པོ་ཆེ་རྒྱལ་སྒོའི་ཕྱི་རོལ་དུ་བསུ་བར་ངོས་ཕེབས་གཏན་མི་འགབ་ཅིང་། ཕྱག་དབང་ཡང་གཟིམས་ཆུང་དུ་ཕེབས་གྲུབ་ནས་ཞུ་བ་གནང་བ་དང་། ཕེབས་སྟོན་གྱི་བཞུགས་གྲལ་ལ་ད་ལྟ་ངོས་ཕེབས་གནང་རྩིས་མེད་ཡོད་འདུག་པ་རྟེན་འབྲེལ་ལ་མི་གཏུབ་འདུག་པས་གདན་གཉེར་བ་རྣམས་ཀྱིས་བཞུགས་སྟན་ཡང་རྒྱག་ཏུ་ཆུག་ཅིག་པའི་བསླབ་སྟོན་ཕེབས་པའི་དགོངས་གཞི་ལྟར། བླ་བྲང་བདེ་ཡངས་སུ་ངོས་ཕེབས་ཀྱི་ཞབས་བསུ་དང་། དབང་ཁང་དུ་ཐོག་མའི་མཇལ་ཕྱག་ཞུ་བ་གནང་དུས་ཀྱང་། བཞུགས་ཁྲིར་མ་ཕེབས་པར་། ཁྲིར་གདོང་དུ་དབུ་ཞྭ་བསིལ་ནས་ཕྱག་ཐལ་སྦྱར་གྱིས་བཞེངས་ཏེ་བཞུགས་པའི་བཀུར་གཟོ་དཔེ་ཟླ་དང་བྲལ་བའི་བཀའ་དྲིན་སྩལ། དེ་ནས་ཚོམས་ཆེན་དུ་ཕེབས་སྟོན་གྱི་བཞུགས་གྲལ་ལ་ཕེབས་པ་གྲོལ་རྗེས། རྩེད་སྣའི་གཟིགས་འབུལ་རྣམས་བཞེས། ནངས་པར་ཚེས་བཅུའི་སྔ་དྲོ་ཡས་ཕྱིན་ལྷན་རྒྱས་སུ་གཏེར་གསར་གུ་དྲག་དང་། ཉང་གཏེར་ཁྲོས་ནག་གི་དབང་ལུང་འབུལ་བ་གནང་ཞིང་། འདི་ཉིན་ཚོམས་ཆེན་དུ་བཞུགས་གྲལ་ལ་སྤྱན་དྲངས་ཏེ། བསྙེན་བཀུར་གྱི་སྟོན་མོ་སྤྱི་སྒོས་ཀྱི་འབུལ་བ་སོགས་ཡོད་དགུ་རྩལ་སྤྲུགས་ལྟ་བུར་ཕུལ་དུ་ཕྱིན་པ་སྒྲུབ་པར་མཛད་ཅིང་དེ་དུས་གོང་གིས་བསླབ་སྟོན་ལ། གཏེར་སྟོན་རིན་པོ་ཆེ་སྟན་ལས་བཞེངས་པ་མི་འགབ་པས་འབུལ་བ་རྣམས་ཕྱག་མཛོད་ཀྱིས་ཕུལ་བས་ཆོག་ཅེས་བསྒྱུར་བ་ལྟར་འབུལ་བ་རྣམས་གཅུང་རྗེ་དབོན་ཀུན་དགའ་ཚུལ་ཁྲིམས་ཀྱིས་འབུལ་བར་མཛད། བཞུགས་གྲལ་གྲོལ་བསྟུན་གསང་སྔགས་ཕོ་བྲང་དང་། གཙུག་ལག་ཁང་གི་གནས་གཟིགས་ཐོག་ལི་མ་ལྷ་ཁང་ནས་གྲྭ་གཙང་གི་གར་འཆམས་དང་རྗེས་འབྲེལ་དར་གླིང་པའི་འཆམས་ཕུད་ཀྱི་གཟིགས་འབུལ་བཅས་པར་གཟིགས་། བཅུ་གཅིག་གི་ཉིན་རྩེ་ཤོད་ལྷན་རྒྱས་སུ་ཕྱག་རྡོར་གཏུམ་པོའི་གདོན་འགྲོལ། མ་ཏི་ལུགས་ཀྱི་འཇམ་དཀར་དང་། འཇམ་དཔལ་ནཱ་ག་རཀྴའི་རྗེས་གནང་རྣམས་འབུལ་བར་མཛད་རྗེས་བླ་བྲང་སྐོར་གྱི་གནས་གཟིགས་རྣམས་གནང་། འདི་ནུབ་གོང་ཞབས་རིན་པོ་ཆེ་སྐུ་རྐྱང་གཟིམས་ཆུང་སྦུག་ཏུ་ཚུར་ཞབས་བསྐྱོད་དེ་ནམ་གུང་ཡོལ་ངེས་ཀྱི་བར་དུ་ཤིན་ཏུ་ཐུགས་ལ་གཅགས་པའི་གསུང་གླེང་ལྷུག་པར་སྩལ། བཅུ་གཉིས་ཀྱི་ཉིན་ཡས་ཕྱིན་དུ་སྐུ་རྟེན། ན་བཟའ། ཆིབས་ཆེན་སོགས་ཀྱི་འབུལ་བ་དང་། དཀར་སྤྲོའི་གསོལ་སྟོན་བསྟབས་རྗེས་ཞབས་སྐྱེལ་དུའང་ངོས་ཕེབས་མ་གནང་ཞེས་བསླབ་སྟོན་བྱུང་རུང་། མཆོད་རྟེན་བར་ཕེབས་ཏེ། གནས་གཟིགས་གནང་རྗེས་མདུན་གྱི་བཞུགས་ཁྲིའི་པད་གདན་སྟེང་ནས་ཕྱག་དབང་སྩལ་ཅིང་། དེ་དུས་ཀྱང་སྐུ་ལ་བཅལ་བའི་སྟན་ལ་བཞུགས་སུ་གསོལ་ཞིང་ཕྱག་འབུལ་གནང་དུས་བཞེངས་ནས་དབུ་ཞྭ་བསིལ་བ། ཆིབས་བསྒྱུར་གནང་གདོང་ཡང་ཕྱག་ལ་བཅང་སྟེ་སྐུའི་འཕྲོད་བཞེས་ཀྱི་བསླབ་སྟོན་སོགས་དགྱེས་བཞིན་པའི་བཀའ་ལུང་ལྷུག་པར་སྩལ་ནས་ཆིབས་བཏེགརྒྱལ་ཟླའི་ནང་ལ་ཁྲ་འབྲུག་ཏུ་བསྟན་སྲིད་སྤྱི་རིམ་ལ་ཕེབས་དུས། ཚེས་གསུམ་གྱི་ནུབ་སྐུ་ཞང་ཆིབས་དཔོན་ལ་སྤྱན་ལྟས་འཚུབ་ཅིང་རིམ་གྲོས་བཟློག་པའི་མཚན་མ་གཟིགས་པ་ལྟར། ནངས་པར་སྐུ་རིམ་འཕྲལ་སྒྲུབ་བགྱིད་དུ་སྩལ། དེ་དུས་ཚེས་ལྔ་ལ་གོང་ཞབས་མཚལ་དུ་ཕེབས་པའི་ཆིབས་བསྒྱུར་གདོང་ཆིབས་དཔོན་ལ་ཆིབས་ཀྱིས་འཁྲ་བས་མཁུར་ཚོས་རྨས་ཀྱང་རིམ་གྲོས་རྒྱབ་འཆོར་བས་སྐྱོན་ཆེ་བ་མ་བྱུང་ཚུལ་གྱི་ཞུ་ཡིག་ཚེས་བརྒྱད་ལ་འབྱོར་བས་མནལ་ལྟས་ལ་ཡིད་ཆེས་པར་གྱུར། ཡང་འདུམ་པོ་ནས་གསུང་བརྟག་བསྐྱར་མར་ཞུས་པ། ད་དུང་འཚུབ་སངས་པོ་རང་མི་འདུག་པས། ཡིད་ཤེས་ཀྱི་འཆར་སྒོར་འདུམ་པོའམ་ཕུན་རབ་གང་རིགས་སུ་དོགས་ཆ་ཆེ་ཞེས་ཕེབས་པ་ལྟར། རྣམ་གླིང་དུ་ཕུན་རབ་ཀྱི་བུ་རྒན་པ་འདས་པ་དང་། སྨོན་འགྲུབ་པ་རིན་ཆེན་བཀྲ་ཤིས་གཞིས་རྩེ་ནས་དགོངས་པ་འཕྲལ་ཁྲོལ་རེས་རྗེའི་དྲུང་དུ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཞུ་བར་ཤིན་ཏུ་དུང་བའི་མུར། སྔ་སོར་གསུང་བརྟག་ཞུས་པར་ཚེ་ཉམས་པའི་རྟགས་གསལ་བས་འཆི་བསླུ་དང་སྲོག་བསླུ་གང་འགྲུབ་དང་། མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཀྱང་རེ་ཞིག་ཡུལ་དུས་ཀྱི་བསྐལ་བས་ངེད་རང་གི་སློབ་མ་བློ་ལྡན་ལྷུན་གྲུབ་ལ་གསན་ན་འཐད་པའི་བསླབ་སྟོན་རྩལ་བ་ལྟར་ཁྲིད་གསན་པ་གྲུབ་རྗེས་འཆམས་ཚད་ཀྱིས་བསྙུན་ནས། ཤིང་བྱ་ཟླ་བ་དང་པོའི་ཚེས་བཅུ་དྲུག་གི་ཉིན་འདི་གར་སྐུ་རིམ་གྱི་མང་འགྱེད་བསྔོ་རྟེན་བཅས་འབྱོར་བར། ཞམ་རིང་པ་རྣམས་ཀྱིས་སྐུ་རིམ་གྱི་ཁྱད་དོ་ནུབ་རང་མང་སྔ་སྦྱར་ན་ཞུས་པར། རྨི་ལམ་གྱི་མཚན་མ་ལ་ལྟས་ན་དོ་ནུབ་ད་ཆ་དེ་ཙམ་གྱི་ཁྱད་པར་མི་འདུག་པས་སང་ཉིན་བྱས་པས་ཆོག་གསུང་བ་དང་། སྐུ་རིམ་ཡང་ཞེན་པ་ལྡོག་ཕྱིར་ཤེར་སྙིང་རང་ཕན་ཡོན་ཆེ་ཞེས་སྩལ་བ་ལྟར། དེའི་སང་ཉིན་གཞིས་རྩེ་ནས་བང་ཕྱིན་སླེབས་པར། ཚེས་བཅུ་ལ་གཤེགས་གྲུབ་འདུག་པས་ཐུགས་མཁྱེན་ལ་ཐམས་ཅད་མོས་པར་གྱུར། དེ་དུས་མཆོད་ཡོན་ཐུགས་ནང་མ་གཤིན་པའི་ནང་ཞིག་ལ་བརྟེན་རྒྱལ་ཞབས་བྱང་དུ་ཕེབས་དགོས་པ་བྱུང་བར། རྒྱ་ཅན་དང་རྗེ་ཉིད་རང་གི་མནལ་ལམ་སྐོར་སོགས་ཀྱི་དོགས་གནས། རཏྣ་གླིང་པའི་སྤྱི་ལུང་། གཙང་དུས་ཀྱི་ཟླ་སྲི་སོགས་གང་ལ་བརྟགས་ཀྱང་ཡ་ང་བ་ཐུགས་ཀྱིས་མ་བཟོད་ནས། ཡས་ཕྱིན་གཉིས་ཀར་ཞུ་ཡིག་གི་ངོས་ནས་རྒྱུ་མཚན་རིམ་འབུལ་གནང་ཡང་ཁྲིགས་ཐོག་ཏུ་ཁེལ་བའི་བཀའ་གསལ་གྱི་ལན་མ་གནང་བ་དང་། སྤྱན་ལྟས་སོགས་མཚན་མ་རྣམས་འཚུབ་ཅིང་། སྣྲོན་ཟླའི་ཚེས་བཅུ་མཆོད་པའི་དུས་ནམ་མཁའ་འཇམ་པའི་མུར་མཚན་བརྒྱད་སྒོས་བསྟོད་ཀྱི་མཇུག་ཏུ་ཆར་གློ་བུར་དུ་བབས་པས་སྡུད་དགོས་པ་དང་། གོང་མའི་ལུང་བཞིན་བྱུས་རིམ་གྱི་བསྟན་གསོལ་ཞིག་གནང་སྐབས་ཀྱང་ཆོ་ག་ཚུགས་པ་དང་རང་བཞིན་གྱིས་ཐུགས་ཉོགས་ཏེ་མནལ་ཁུགས་པས་གནད་དུ་མི་འགྲོ་བ་སོགས་པྲ་རྟགས་མི་ལེགས་པའི་མཚན་མ་དང་། ཁྱད་པར་སྔར་ཤིང་ཕོ་ཁྱི་ལོ་མགོ་ཟླའི་ཚེས་དགུའི་ནུབ་འོད་གསལ་གྱི་གཟིགས་སྣང་ལ། ཧ་ཅང་མི་རིང་དུས་ཀྱི་ངེས་པ་ནི། །རྣམ་པ་གཉིས་ཀྱི་དམིགས་དང་ལྡན་པ་ལ། །མཐའ་འཁོབ་སྐད་རིགས་མི་གཅིག་དཔའ་བོ་ཡི། །བརྗོད་པ་ཚིག་གིས་དབུས་སུ་རྒྱས་འདེབས་བྱེད། །དེ་དོན་འགྱུར་བ་དུང་སྐྱོང་ལྷ་མོ་ཡི། །སྙན་འཇེབས་ཞི་བས་སྦྱངས་ཀྱང་མི་འདག་གིས། །འཇོམས་བྱེད་མཐུ་སྟོབས་ཐོག་གིས་མཐར་བྱེད་ཀྱང་། །རྒྱུ་རྐྱེན་རྟེན་འབྲེལ་གཞན་དུ་འགྱུར་བས་དཀའ། །ཞེས་པའི་རྣམ་པ་གཉིས་ཀྱི་དམིགས་ཞེས་པ་ནི་གཉིས་སྐྱེས་ཏེ་བྱའི་མངོན་བརྗོད་ཡིན་པས་བྱ་ལོ་འདིར་འགྲིག་པ་ལྟར། བསྟན་འཛིན་ཇིང་གིར་རྒྱལ་པོའི་དམག་གིས་ནག་ཆུ་ཁ་སོགས་བཅོམ་ནས་རིམ་གྱིས་ལྷགས་པ་ན། མྱོང་འགྱུར་གྱི་ལས་ལ་ལྡོག་ཏུ་མ་མཆིས་པ་བཞིན། བོད་དམག་རྣམས་བཏེག་པར་ཁ་ཉེས་ཅུང་ཟད་ཙམ་ལས་མ་བྱུང་ཡང་ལྷ་འདྲེའི་གདོང་རྔུར་ལྟ་བུའི་སྐྲག་ཆོམ་གྱིས་བག་འཁུམ་པ་དང་། ཐུགས་བསྐྱེད་བཟང་བའི་སྤྱི་མིའི་མདུན་ཁྲིགས་མཛད་པ་པོའང་ཡུལ་དུས་ཀྱིས་དཀའ་ཞིང་གཡོན་ཅན་དག་བར་དུ་ཞུགས་པའི་འཕྲུལ་ལས། སྡེ་སྲིད་རིན་པོ་ཆེ་གངས་དཀར་དུ་ཕེབས་པའང་དཔུང་ཤུགས་ཀྱིས་སྤྱན་དྲངས་ཏེ། སྟོད་ལུང་སྣང་རྩེར་བཀྲོངས་ནས། རེ་ཞིག་རྒྱལ་ཞབས་རིན་པོ་ཆེ་དམག་སྡེའི་དཔུང་དང་བཅས་པའང་བྱང་དུ་ཕེབས། ཁྲུམས་ཟླའི་ཟླ་སྒང་ལ་གོང་གི་ལུང་བཞིན་སྡེ་སྲིད་ཀྱི་སྐུའི་བསགས་སྦྱང་དུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་བྱང་བཞུའི་ཆོ་ག་དང་། གྲྭ་ཚང་འདུས་ཚོགས་སུ་མང་འགྱེད་བསྔོ་རྟེན་བཅས་གྱ་ནོམ་པ་སྩལ་བར་སྨོན་ལམ་གྱི་ཞལ་འདོན། དེ་རྟིང་མཆོད་པ་སྟོང་མཆོད་དང་བསྙེན་བཀུར་གྱི་ཡོ་བྱད་ཕུན་སུམ་ཚོགས་པ་བླ་ནས་གནང་བ་བཞིན་འདུས་ཚོགས་ཀྱིས་རྡོར་སེམས་སྒྲུབ་མཆོད་དང་འབྲེལ་བར་ཡིག་བརྒྱ་བསོགས་པ་རྣམས་སྨིན་རྒྱས་སུ་མཛད། དེ་ནས་ཟླ་བ་བཅུ་པའི་ཚེས་གསུམ་གྱི་ཉིན་གོང་ཞབས་ནས་མགྲོན་གཉེར་ཟུར་ཁང་པ་མི་སྣར་མངགས་ཏེ། བླ་ན་མེད་པའི་བྱང་ཆུབ་ཡེ་ཤེས་ཀྱི། །ཞེས་སོགས་ཀྱི་བརྟན་བཞུགས་གསོལ་འདེབས་ཚིགས་བཅད་མ་དང་སྟན་དཀར་འབུལ་བ་འདུས་པར་སྟོན་མོ་ལག་འགྱེད་ཕུལ་དུ་བྱུང་བ་དང་བཅས་ཏེ་ཞབས་པད་རིང་འཚོའི་རྟེན་འབྲེལ་སྒྲིག་པའི་བཀའ་དྲིན་སྩལ། ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ལའང་གོང་མའི་ལུང་བཞིན་སྡེ་སྲིད་བདེ་བར་གཤེགས་པའི་སྐུའི་སྒྲིབ་སྦྱོང་གི་བྱང་བཞུ་བསྐྱར་མ་མཛད། དེ་དག་གི་ཚེ་སྤྱིར་དུས་འཁྲུག་གིས་རྒྱལ་ཁྲིམས་སྔ་མའི་ལུང་བག་ལ་ཞ་ཞིང་ཕྱི་མའི་བཀའ་ཁྲིམས་ཀྱང་གཏན་ལ་མ་ཕེབས་པས་ཕྱོགས་ཀུན་ཏུ་རྐུན་ཇག་དང་། སོག་འགྲུལ་གྱི་ཨལ་ཕྱི། སློང་མོར་བརྟགས་པའི་བཙན་པོའི་འཕྲོག་བཅོམ་སོགས་ཀྱིས་ཡུལ་ཁམས་ཐམས་ཅད་འཁྲུགས་ཏེ་རྣལ་དུ་མི་ཕེབས་པར་མ་ཟད། ཁྱད་པར་རྒྱལ་བ་གོང་མ་ཐམས་ཅད་གཟིགས་པ་ལྔ་པ་ཆེན་པོས་པདྨའི་གཏེར་ལུང་རྣམས་དང་རྒྱ་ཅན་གྱི་ལུང་བསྟན་བཞིན་བོད་ཁམས་བསྟན་འགྲོའི་བདེ་ཐབས་སུ་དགོངས་ཏེ། ལྷ་ས་བསམ་ཡས་ཁྲ་འབྲུག་ལ་སོགས་པའི་གནས་ཆེན་གྱི་ས་གནད་རྣམས་སུ་ལས་བཞི་དང་རྗེས་སུ་འབྲེལ་བའི་སྐུ་རིམ་གང་ལ་ཤིས་པའི་དུས་དང་བསྟུན་ནས་འཛུགས་པའི་སྲོལ་བཟང་པོ་གཏོད་པར་མཛད་པ་ལས། དྲག་པོ་མངོན་སྤྱོད་དང་རྗེས་སུ་འབྲེལ་བའི་ལས་མནན་སྲེག་འཕང་བའི་བསྙེན་སྒྲུབ་ལག་ལེན་གྱི་སྲོལ་སྔ་འགྱུར་ལ་བཀའ་བབས་པ་ལྟར་རྙིང་མ་པ་རྣམས་ལ་བགྱིད་དུ་སྩལ་བའི་ལུང་གིས་བཅད་པ་བཞིན། ཁྲ་འབྲུག་ཏུ་ལོ་རེ་བཞིན་བསྟན་སྲིད་སྤྱི་རིམ་དང་། སྒོས་མཚོ་སྔོན་དཔོན་ཁག་གི་སྐུ་རིམ་སོགས་ཀྱི་མནན་པའི་ལས་སྦྱོར་མཛད་པ་ལས། རྒྱལ་ཟླའི་ནང་དུ་བཀའ་བཅུ་རིན་པོ་ཆེ་མི་སྣར་མངགས་ཏེ་མཆོད་ཡོན་ཐུགས་ནང་མ་གཤིན་པ་ཚུན་ཆད་མནན་པའི་སྲི་གནོན་ལེ་ཚན་གཉིས་ཡོད་པ་བཏོན་ཅིང་། དེ་ཕྱིན་ཆད་ནས་མནན་པའི་ལས་སྦྱོར་གྱི་ལག་ལེན་བྱེད་མི་ཆོག་པའི་འགག་སྡོམ་བཞེས་པས་ཉེས་སྐྱོན་སངས་ཁུལ་ལ་དེ་རྟིང་ཆོས་ཀྱི་རྒྱལ་པོ་ཉིད་བསྟན་པ་རིས་མེད་པར་སྐྱོང་བའི་དགོངས་པ་མཁའ་ལྟར་ཡངས་པར་གྱུར་ཀྱང་མཐའ་འདྲེས་རྒྱུད་བསྐུལ་བའི་སྐྱ་སེར་མང་པོའི་ཅལ་སྒྲོག་གི་ཐུགས་དོགས་ལ་བརྟེན། སླར་ཡང་བཀའ་བཅུ་བློ་བཟང་ཕུན་ཚོགས་མི་སྣར་མངགས་ཏེ་སྔགས་པ་དང་ཡུལ་གྱི་གཙོ་བོ་རྒྱུས་ཅན་ཐམས་ཅད་བསྡུས་པས་གནས་གཞིའི་ཁོར་ཡུག་གི་ས་ཁྱོན་མཆོད་རྟེན་གྱི་འོག་སོགས་མནན་དུ་རུང་བའི་ས་ཐམས་ཅད་ཐེར་མེད་དུ་རློག་ནས་མནན་པ་ཡོད་དོ་ཅོག་འདོན་དགོས་བྱུང་བས། གནས་སྐབས་སུ་སྔགས་པ་རྣམས་ལ་ཞེར་ནོངས་པ་མེད་ཀྱང་མཐའ་གང་དུ་འགྱུར་རྟོགས་དཀའ་བའི་འཇིགས་སྐྲག་གིས་མནར་ཞིང་རིག་སྔགས་ཀྱི་བྱད་འགྲོལ་ཆོ་ག་ལ་མ་ལྟོོས་པར་གྱ་ཚོམ་དུ་བཏོན་པས་ལྷ་སྲུང་ཁྲོས་འཁྲུགས་ཀྱིས་མི་འདོད་པ་སྐྱེད་པ་སོགས་དང་། མཐར་གྱི་ས་གནད་རྣམས་ཀྱི་མེ་བཙའ་ཉམས་པ་ལས་རྒྱལ་ཁམས་སྤྱིར་བདེ་སྐྱིད་ལ་སྒང་གཤོང་འབྱུང་བའི་བརྟག་དཔྱད་ཀྱིས་ཐུགས་ཀྱི་ཟུག་རྔུར་གྱུར་ཀྱང་། རྐྱེན་ངན་ལ་ཇི་མི་སྙམ་ཞིང་སྐྱོ་བ་མེད་པར་དང་དུ་བཞེས་པའི་བཟོད་པ་མངའ་བར་མ་ཟད། སླར་བྱམས་པ་དང་ཐུགས་རྗེ་ཆེན་པོའི་གྲོགས་སུ་འགྱུར་བས་ཡལ་འདབ་རླུང་གིས་བསྐྱོད་པའི་ལྗོན་ཤིང་ཆེན་པོའི་རྩ་བ་ལྟ་བུར་ཐུགས་གཞན་དུ་གཡོ་བ་མེད་པར་བཞུགས་སོ། །དེ་ནས་མེ་ཁྱིའི་སོས་གོང་མ་རྒྱལ་པོའི་གསེར་ཡིག་པ་འདམ་དུ་ལྷགས་ཏེ། རྒྱལ་ཞབས་རིན་པོ་ཆེར་བོད་ཁམས་སྐྱོང་བའི་ལུང་དང་འཇའ་ས་ཐམ་ཀ་བཅས་སྩལ་ནས། མི་རིང་པར་རྒྱ་སོག་གི་མི་སྣ་དང་ལྷན་ཅིག་ལྷ་ལྡན་དུ་ཕེབས་ཏེ། སྣྲོན་ཟླའི་འགོར་གོང་ཞབས་ཕོ་བྲང་རྩེ་ནས་རྫོང་རྒྱབ་ཏུ་གདན་དྲངས་པ་ལ་རྒྱ་ནག་ཏུ་ཕེབས་དགོས་པའི་ལུང་བསྒྲགས་པར། དགེ་འདུན་རྣམས་ཀྱིས་ཕེབས་ལམ་ནས་འབྲས་སྤུངས་སུ་སྤྱན་དྲངས་ཏེ་བསྲུངས་ཀྱང་། རྒྱལ་ཞབས་རིན་པོ་ཆེ་དཔུང་ཤུགས་ཀྱིས་བྱང་ལམ་བརྒྱུད་རིམ་གྱིས་སྤྱན་དྲངས་པ་ལས་མཚོ་ཁར་སྐུ་གཤེགས། མགོ་ཟླའི་ཚེས་གཅིག་ལ་ཕོ་བྲང་ཆེན་པོར་ཐེགས་ཏེ། སྐུ་རིམ་ཁང་དུ་ཕྱགས་ཕེབས་པ་ལ་བཟན་ཤིང་ལག་གཡོག་སོགས་བླ་ནས་སྔར་རྒྱུན་བཟང་པོ་ལྟར་གནང་། ཚེས་ལྔའི་ཉིན། རྒྱལ་ཞབས་རིན་པོ་ཆེ་ཕོ་བྲང་ཆེན་པོའི་ཁྲིར་ཐོག་མར་ཞབས་བསྐྱོད་པ་ལ། ཞལ་གསོའི་འབུལ་བ་ཕུལ་དུ་བྱུང་བ་བསྟབས་པའི་ཐོག་མའི་སྐུ་རྟེན་དང་ཁ་བཏགས་ངོས་ཀྱིས་འབུལ་བར་མཛད་པ་རྒྱལ་ཞབས་ཀྱིས་ཕྱག་གིས་བཞེས་རྗེས། དེ་ཕྱིན་ཕྱག་མཛོད་ཀྱིས་ཕུལ་ཆོག་པའི་ལུང་བསྒྱུར་བ་ལྟར། རྗེ་ཉིད་སྟན་ལ་བཞུགས་ནས་འབུལ་ཚན་བྱིང་གཅུང་རྗེ་དབོན་གྱིས་འབུལ་བར་མཛད། ཚེས་བརྒྱད་ཀྱི་ཉིན་ལྷ་སར་དཔལ་གསོལ་ཐོག་ཐོན་ཕྱག་ཞུར་ཕེབས་པར་ཤིན་ཏུ་མཉེས་པའི་བསླབ་སྟོན་དང་། སྐུ་ཞབས་རྒྱ་ཕེབས་ཀྱི་ཆིབས་ཆེན་རྒྱ་རི་ངང་པས་གཙོས་གནང་སྦྱིན་ཡང་དགྱེས་པར་སྩལ། མཁན་པོ་རྣམ་གཉིས་སོགས་མཆོག་དམན་མང་པོའི་རེ་བ་བསྐངས་ཏེ། ཕྱིར་ལམ་རྡོ་རྗེ་བྲག་ཏུ་བསྟི་སྟང་ཆེན་པོས་སྤྱན་དྲངས་པ་ལྟར་ཐེགས་ནས་རིམ་པར་གདན་སར་ཕེབས། སླར་ཡང་མེ་ཕག་ནག་ཟླའི་ནང་དུ་བསྟན་འཛིན་བརྩོན་མཛད་རྒྱལ་པོའི་ལུང་གིས་བོད་ཁམས་ཐམས་ཅད་ལ་དབང་བསྒྱུར་བའི་ཁྲིམས་ཡིག་དང་ལྷན་ཅིག་རྒྱལ་བ་རྒྱ་ཕེབས་ཉིད་གོང་མ་ལྔ་པ་ཆེན་པོའི་ཡང་སྲིད་མིན་པའི་ལུང་ཡོངས་སུ་བསྒྲགས་ནས། མཆོག་སྤྲུལ་སྐུ་ཕྲེང་དྲུག་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ངོས་འཛིན་མཛད་དེ། གོང་མའི་ཆོས་ཀྱི་ཁྲི་ཆེན་པོ་ལ་མངའ་དབང་བསྒྱུར་བའི་ཞལ་དཀར་ལེགས་ཚོགས་འབུལ་བ་དང་བསྟུན་མཇལ་ཕྱག་ཞུ་བར་ཕེབས་བཞེད་ཀྱིས་ལུམ་པའི་གྲུ་བརྒྱུད་ཆིབས་བསྐྱོད་པ་ལས་ནག་ཟླའི་ཚེས་གཉིས་ལ་ཕོ་བྲང་ཆེན་པོའི་འདབས་ཞོལ་སྐུ་རིམ་ཁང་དུ་ཕྱགས་ཕེབས། ཚེས་བདུན་ལ་རྩེ་ཤོད་ལྷན་རྒྱས་སུ་མཇལ་ཕྱག་དང་། པཎ་ཆེན་མཆོག་གི་སྤྲུལ་པའི་སྐུའི་མཇལ་ཁའང་ཞུ་བར་མཛད། ཚེས་དགུ་ལ་གོང་དཀར་རྫོང་འོག་གི་ཁྲི་འབུལ་དང་བཞུགས་གྲལ་ལ་ཕེབས། དེ་དག་གི་ཚེ་རྒྱུན་གྱི་ལག་གཡོགམེ་ཤིང་གི་རྒྱུགས། མཇལ་ཕྱག་དང་བཞུགས་གྲལ་གྱི་དུས་བཞུགས་གདན་གྱི་བཀུར་སྟི་སོགས་རྣམས་སྔར་རྒྱུན་བཟང་པོ་ལྟར་བཀའ་དྲིན་དུ་སྩལ། བཅོ་བརྒྱད་ལ་གོང་ཞབས་ཀྱི་ཐུགས་རྫོགས་བཞེས་པའི་ལེགས་འབུལ་ཞུ་བར་ལྷ་སར་ཐེགས། ཉེར་གསུམ་ལ་རྫོང་རྒྱབ་ཏུ་མཆོག་དམན་མཐའ་དག་འདུས་པའི་བཞུགས་གྲལ་གྱི་ཐོག་རྒྱལ་ཞབས་རིན་པོ་ཆེ་ནས་གྲུབ་མཐའ་རིས་མེད་དུ་སྐྱོང་བའི་ལུང་བཟང་པོ་བསྒྲགས་པ་ལ། ལུགས་གཉིས་དང་རྗེས་སུ་འབྲེལ་བའི་བཀའ་དྲིན་ཆེ་ཚུལ་གྱི་སྙན་འབུལ་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་གསོལ་བས་རྒྱལ་ཞབས་རིན་པོ་ཆེའང་ཐུགས་ཤིན་ཏུ་མཉེས་པའི་ཚུལ་དང་། གྲལ་དུ་འཁོད་པའི་དཔྱོད་ལྡན་ཐམས་ཅད་ཀྱང་ཡི་རངས་བར་གྱུར། ཉེར་བཞིའི་ཉིན་སྐུ་ཞབས་རྩེ་ཤོད་དང་། མཆོག་སྤྲུལ་རིན་པོ་ཆེས་གནང་སྦྱིན་རྒྱ་ཆེར་སྩལ་ཅིང་། དེ་དུས་ཞོལ་དུ་སྟན་འཇག་རིང་སྐུ་ཞབས་གྲྭ་གཙང་། ཕྱོགས་འདུས་ཀྱི་བླ་མ་སློབ་དཔོན། དཔོན་ཆེན། དཔོན་སྐྱ། དྲུང་ནང་། དེ་སྐོར་གྱི་ཡུལ་པའི་དད་ཅན་མང་པོར་ཆོས་སྦྱིན་སོགས་ཀྱིས་སོ་སོའི་རེ་བ་སྐོང་བར་མཛད་ནས། ཡང་དགོན། གསང་སྔགས་མཁར། ལ་མོ། དགའ་ལྡན་གྱི་གནས་གཟིགས་རྣམས་སུ་རིམ་པར་ཞབས་བསྐྱོད་དེ་ཕྱིར་ལམ་ཡང་དལ་འགྲོས་ཀྱིས་འགྲོ་དོན་མཛད་བཞིན་པར་སྒྲགས་ལ་བརྒྱུད། ས་གའི་ཚེས་དྲུག་ལ་དགོན་པར་ཕེབས། ཉེར་དྲུག་ལ་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་དཔོན་སློབ་བརྒྱ་སྐོར་ཕེབས་པ་ལ་ཆིབས་བསུ་སེར་སྦྲེངས་སོགས་བསྟི་སྟང་ཆེན་པོས་སྤྱན་དྲངས་ཏེ་བདག་ཆེན་རིན་པོ་ཆེར་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་བརྒྱ་རྩ་སོགས་འབུལ་བར་མཛད་ཅིང་། ཚུར་ཡང་འཆི་མེད་དཔལ་སྟེར་གྱི་ཚེ་དབང་དང་། འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གསན། བསྙེན་བཀུར་འབུལ་ནོད་རྒྱས་པས་མཆོད་དེ་ཕྱིར་ཐེགས། དབྱུག་ཟླའི་ནང་དུ་གོང་ཞབས་རྒྱལ་ནས་རིམ་གྱིས་ཁྲ་འབྲུག་ཏུ་ཕེབས་པ་མཇལ་དུ་ཐེགས་པར། ཚེས་བཅུ་གཅིག་གི་ཉིན་བཞུགས་གདན་སོགས་བཀུར་བཟོས་ཆེན་པོས་རྗེས་སུ་བཟུང་སྟེ་མཇལ་ཁ་ལྷོད་ཆགས་པ་བྱུང་། དེར་ཕ་བོང་ཁ་ཞལ་སྔ་ནས་སོགས་མཆོག་དམན་མང་པོ་མཇལ་དུ་བྱུང་བར་ཡང་མཉེས་གཤིན་པའི་གསུང་གླེང་ཆོས་འབྲེལ་གྱི་བྱིན་རླབས་སོགས་གང་ལ་གང་འཚམས་ཀྱིས་འགྲོ་དོན་མཛད་ནས་གདན་སར་ཕྱིར་ཕེབས་ཏེ། ལ་སྟོད་རྒྱལ་པོའི་སྐུ་ཚ་རང་རིག་སྤྲུལ་པའི་སྐུ་སོགས་མངའ་རིས་ཧོར་མོན་ཁམས་ཀོང་གཙང་སོགས་ནས་རིམ་པར་འདུས་པའི་དད་ཅན་མང་པོར་ཆོས་འཁོར་བར་མེད་དུ་བསྐོར། ས་བྱི་ཟླ་བ་དགུ་པའི་མཇུག་ནས་བརྩམས་ཏེ་གླང་ལོ་ཕལ་ཆེར་ཐུགས་དམ་གྱི་བཅད་རྒྱ་ལ་བཞུགས། ས་གླང་ཟླ་བ་བཅུ་གཅིག་པའི་འགོར་རྒྱ་ནག་གོང་མའི་མི་སྣ་བླ་མ་ཀུན་དགའ་ཆོས་བཟང་དང་། ལི་དར་སྦྱར་གོ་ཆེ། རྒྱལ་ཞབས་ཀྱིས་དུ་རལ་དབོན་པོ་བཅས་མངགས་ཏེ། ཡས་ཕྱིན་སྔ་མའི་དུས་སྐུ་རིམ་སྒྲུབ་པའི་མནན་སྐོར་ལ་དགོངས་པ་དྭངས་པའི་ལུང་བཟང་པོ་བསྒྱུར་དུ་སྩལ་ཞིང་། རྒྱལ་ཟླའི་མཇུག་ཏུ་ལོ་མཇུག་དུས་རིམ་ལ་ཞབས་བསྐྱོད་པ་ཙམ་ལས་ལྕགས་སྟག་གི་ལོ་ནང་དུའང་ཕལ་ཆེར་ཕྱི་མཚམས་ཀྱི་བཅད་རྒྱའི་མུ་ནས་སྐལ་ལྡན་འགར་ཆོས་སྦྱིན་ཅི་རིགས་པར་མཛད། མགོ་ཟླའི་ཚེས་གསུམ་ལ་ལྷ་ལྡན་ཕྱོགས་སུ་ཆིབས་བཏེག་སྟེ། ལུམ་པའི་གྲུ་བརྒྱུད། ཚེས་བདུན་ལ་སྐུ་ཞབས་གྲྭ་གཙང་གིས་དབུས་པའི་ཆིབས་བསུ་བཅས་ཕོ་བྲང་ཆེན་པོའི་ཉེ་འདབས་འདོད་འཇོ་དཔལ་འཁྱིལ་དུ་ཕྱག་ཕེབས་པར། གོང་ནས་བཟན་ཤིང་ལག་གཡོག་སོགས་སྔར་རྒྱུན་བཞིན་དང་། སྐུ་ཞབས་གྲྭ་གཙང་ནས་གཞི་བ་གདན་འདིང་གི་དགོས་བྱད་གང་ལ་ཅི་དགོས་ཐམས་ཅད་ལྷུག་པར་འབུལ་བའི་ཞབས་ཏོག་བསྒྲུབས། ཚེས་བཅུ་གཉིས་ཀྱི་ཉིན་རྩེའི་གཟིམས་ཆུང་ཉི་འོད་འཁྱིལ་པར་གྲྭ་ཚང་ཆེན་མོས་ཚེ་ཆོག་དང་འབྲེལ་བར་རྩེ་ཤོད་ལྷན་རྒྱས་སུ་འབུལ་བ་ཕྱག་འགྱེད་ཕུལ་དུ་ཕྱིན་པའི་སྒོ་ནས་ཞབས་བརྟན་འབུལ་བར་མཛད་ཅིང་། གསོལ་སྟོན་གྲོལ་ནས་ཡས་ཕྱིན་གྱི་སྒེར་མཇལ་རྣམས་ཞུ་བ་གནང་བར། ཐོག་མར་མགྲོན་ཁང་དུ་བཞུགས་གདན་དང་མགྲོན་གཉེར་གྱིས་ཞབས་བསུ། གསོལ་ཐབ་ནས་ཇ་རྒྱུགསྤྱི་སྒོས་ཀྱི་མཇལ་ཁའི་དུས་བཞུགས་གདན་དང་། བཀའ་འདྲི་སོགས་ཤིན་ཏུ་མཉེས་པའི་བཀུར་བཟོས་ཆེན་པོ་སྩལ། དེ་ཞོར་གསེར་གདུང་ཆེན་མོ་སོགས་མཇལ་བར་མཛད་ནས་གྲྭ་ཁང་དུ་སྤྱན་དྲངས་ཏེ་གོས་ཐང་སོགས་རྟེན་གསར་བཞེངས་རྣམས་ལ་ཕྱག་ནས་འཐོར་ཞིང་། སྤྱི་སྒེར་ཚང་མས་ཤིན་ཏུ་དྭངས་བའི་དད་གུས་ཆེན་པོས་མཆོད། ཚེས་བཅོ་ལྔའི་ཉིན་རྒྱལ་ཞབས་མཆོག་ནས་གནང་སྦྱིན་གྱ་ནོམ་སྩལ་ཅིང་། གོང་གི་ཡུམ་དང་། རྒྱལ་སྲས་སྐུ་མཆེད་རྣམས་སོ་སོར་མཇལ་ཕྱག་གནང་བར་ཚུར་ཡང་མཇལ་ལེན་རྒྱས་པར་བསྟབས། དེར་སྟན་འཇགས་རིང་གྲྭ་ཚང་གི་གྲྭ་པ་སོ་སོ་དང་སྡེ་ཚན། ཡུལ་པའི་ཚེས་བཅུ་བ་དང་བསྙེན་གནས་པ་སོགས་དད་ཅན་མང་པོར་དབང་བྱིན་རླབས་ཀྱི་འདོད་ཆོས་ཅི་དགར་སྩལ་ནས་ཉི་ཤུའི་ཉིན་ཆིབས་བཏེག་པར། ར་མ་སྒང་དུ་སྐུ་ཞབས་གྲྭ་གཙང་ཆེན་མོའི་སྡེ་པ་ངོས་ཕེབས་ཀྱིས་གུར་གཡབ་བཞུགས་སྟན་གྱི་བཀོད་པས་མཛེས་པར་ཐབ་སྐྱེལ་ཞུས་ནས། དེ་ནུབ་གསང་མདར་བཞུགས་ཏེ། སང་ཉིན་གཅགས་མལ་ཐོག་གསང་ཕུ་ནས་སྒྲོལ་མ་གཙོ་རྒྱལ་མ་སྤྱན་དྲངས་ཏེ། སྙན་དར་མཆོད་འབུལ་དང་གསོལ་འདེབས་རྒྱས་པར་མཛད་ནས། རིམ་པར་ཆོས་སྦྱིན་སོགས་འགྲོ་དོན་སྐྱོང་བཞིན་པས་འཕྲང་གོང་། འཕྲང་བཙན་རྣམས་སུ་ཞག་བཞུགས་ཀྱིས། རྡོ་རྗེ་བྲག་ཏུ་ཆིབས་བསུ་དང་ཐབ་བསུ་སོགས་ཀྱིས་ཞབས་བསུས་ཏེ་སྤྱན་དྲངས་ཤིང་། རིག་འཛིན་སྤྲུལ་པའི་སྐུ་དང་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ཀྱི་གསུང་མོལ་ཁོ་ནས་དུས་འདས། ཉེར་ལྔའི་ཉིན་རྡོ་རྗེ་བྲག་ཏུ་འབུལ་བ་ཕྱག་འགྱེད་སྙན་དར་སྣེ་གཞག་བཅས་རྒྱས་པས་ཞབས་པད་བརྟན་པའི་གསོལ་འདེབས་དང་སྲིད་པའི་གཏེར་ཁྱིམ་གྱི་ལུང་འབུལ་བར་མཛད་ཅིང་། ཚུར་ཡང་རྫོགས་ཆེན་ཀ་དག་གི་ཤར་ཁྲིད་གསན་ནས་འགར་ཚར་ཞག་བཞུགས་ཀྱིས་གདན་སར་ཕེབས། གསང་སྔགས་ཕོ་བྲང་གི་བྲེ་འཇོག་གི་བར་རྣམས་སུ་ཕུག་རོན་ཁྱུ་ཚོགས་ཀྱིས་གནོད་པ་ཆེ་བར་ལྕགས་ཡོས་ས་གའི་ཚེས་དགུའི་ཉིན་གླིང་སྐོར་ཞབས་འཆག་ཏུ་ཕེབས་སྐབས་གནས་སྲུང་ལ་བཀའ་བསྒོ་གཉེར་གཏད་དང་བཅས་ཕྱག་ནས་འཐོར་བས་སྔར་ཚེར་མ་སོགས་ཀྱིས་བསྲུངས་ཀྱང་མི་ཐུབ་པ་ལ། དེ་ནས་བརྩམས་ཏེ་བསྲུང་མི་དགོས་པ་འདི་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར། དེ་ནས་དབྱར་ངོ་འདིར་འབྲས་ལྗོངས་རྒྱལ་པོ་ལ་སོགས་པའི་ཕྱོགས་འདུས་ཀྱི་སྐལ་ལྡན་མང་པོ་ལ་ཆོས་སྦྱིན་བར་མེད་དུ་སྩལ་ཅིང་། ཆུ་འབྲུག་ས་གའི་མཇུག་ཏུ་འཕྱོངས་རྒྱས་རྒྱ་སྨན་དུ་ལྷ་སྡེ་མི་སྡེ་རྣམས་ཀྱིས་སྤྱན་དྲངས་པ་ལྟར་ཆིབས་བསྐྱོད་དེ། ན་ར་ཀླུ་ཁང་དུ་ཁྲོམ་དབང་དང་། དོན་གཉེར་ཅན་འགའ་ལ་ཚེ་དབང་དང་། སྤྱན་རས་གཟིགས་དང་སྒྲོལ་མའི་རྗེས་གནང་། སྤྱན་ཡས་སུ་སྤྱན་དྲངས་ཏེ་འདུས་ཚོགས་ལ་ཞང་བློན་གྱི་རྗེས་གནང་གིས་མཚོན་ཆོས་འབྲེལ་བསྔོ་སྨོན་བྱིན་བརླབས་སོགས་གང་ལ་གང་འཚམས་ཀྱིས་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས་ཕྱིར་ཕེབས། དགུན་དེ་རྣམ་སྲས་གླིང་གི་རྒྱལ་བུ་དང་། ལེགས་གླིང་དུ་སྡེ་པ་རྡོ་རྗེ་བཀྲ་ཤིས་གཉིས་གཤེགས་པའི་སྐྱབས་མགོན་དུ་ཕེབས། འདུམ་པོར་ཡུམ་བསྙུན་པའི་རྐྱེན་སེལ་དུ་སྤྱན་དྲངས་པ་ལྟར་ཐེགས་རྟིང་། ཆུ་སྦྲུལ་ཤར་ནས་ད་ལྟའི་བར་ཐག་ཉེ་རིང་ལ་མ་ལྟོས་པའི་ཡུལ་གཞན་དུ་གདན་འདྲེན་མི་ངོ་ཇི་ལྟར་ཆེ་ཡང་ཕེབས་བསྐྱོད་མ་མཛད་པར་གདན་ས་རང་དུ་གདུལ་བྱ་སྐལ་ལྡན་མཐའ་ཡས་པ་ལ་ཆོས་སྦྱིན་ཅི་དགར་སྩོལ་བཞིན་དུ་བཞུགས་ཏེ། དེ་ལྟར་ན་སྐུའི་མཛད་སྤྱོད་ངོ་མཚར་རྨད་དུ་བྱུང་བའི་ཏིང་ངེ་འཛིན་གྱི་བྱེ་བྲག་དང་རྣམ་པར་ཐར་པའི་ཆོ་འཕྲུལ་མཐའ་ཡས་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་ཉེ་བར་འཚོ་བའི་བསམ་པ་ཡོངས་སུ་གང་བར་མཛད་པའི་འཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པའི་ཚུལ་ལས་མདོ་ཙམ་བརྗོད་པའོ། །


previousབུམ་དབང་གི་རྟོགས་པའི་ཉམས་མྱོང་ཐུགས་རྒྱུད་ལ་འཕེལ་བས་གཙོ་བོར་སྐུའི་འགྲོ་དོན་མཛད་ཚུལ།next