Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

2 occurrences of ཧ་ཅང་བྱེད་པ་
[Clear Hits]


  
collapse section
  
  
  
 
ཟབ་གཏེར་གྱི་བཀའ་བབས་ཤིང་སྒྲུབ་པ་ཐུགས་ཉམས་སུ་ཇི་ལྟར་བཞེས་ཚུལ།
  
  
  
  
  
  
expand section
  


2 occurrences of ཧ་ཅང་བྱེད་པ་
[Clear Hits]

 
previousཟབ་གཏེར་གྱི་བཀའ་བབས་ཤིང་སྒྲུབ་པ་ཐུགས་ཉམས་སུ་ཇི་ལྟར་བཞེས་ཚུལ། next

ཟབ་གཏེར་གྱི་བཀའ་བབས་ཤིང་སྒྲུབ་པ་ཐུགས་ཉམས་སུ་ཇི་ལྟར་བཞེས་ཚུལ།


MLP003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་ལས་འཕྲོ་བཟང་པོས་ཟབ་གཏེར་གྱི་བཀའ་བབས་ཤིང་སྒྲུབ་པ་ཐུགས་ཉམས་སུ་ཇི་ལྟར་བཞེས་ཚུལ་ནི། ཆུང་ངུ་ནས་ངེས་པར་འབྱུང་བའི་ཐུགས་ཤུགས་དྲག་པོ་དང་། རིས་མེད་པའི་འགྲོ་བ་ཐམས་ཅད་སྐྱོབ་པར་བཞེད་པའི་སྙིང་རྗེ་ཆེན་པོ་ཚད་མེད་པ་


MLP003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཞིང་། བླ་མ་དམ་པ་དང་ལྷག་པའི་ལྷ་རྣམ་དབྱེར་མི་ཕྱེད་པའི་མོས་གུས་བཟོད་མེད་དུ་སློང་པས་བསྐུལ་ཏེ། གསན་བསམ་མཛད་པའི་བར་མཚམས་རྣམས་སུའང་ཡབ་རྗེ་གསང་བདག་ཆེན་པོའི་ཞབས་ཕྱིར་ལྷན་ཅིག་ཏུ་འམ། རེས་སྐུ་རྐྱང་གིས་དབང་ཁྲིད་ཞུ་བ་དང་ཟབ་དོན་གྱི་ཕྲ་གཅོད་པར་མཛད་པའི་སྐབས་མ་གཏོགས་ཕལ་ཆེར་བཅད་རྒྱ་མཛད་པ་དང་། ཡབ་རྗེ་སྐུ་གཤེགས་རྟིང་ནས་གཟིམས་སྤྱིལ་འོད་གསལ་རྩེ་དང་། གཟིམས་ཆུང་བསམ་གཏན་སྦུག་རྣམས་སུ་ཟླ་བ་སྦྲེལ་མ་དང་ཟླ་རེ་ཙམ་གྱིས་མཐའ་བརྟེན་པའི་སྐུ་མཚམས་བཅད་ནས། གསོལ་ཟས་བཞེས་པའི་དུས་མ་གཏོགས་ཐུན་མཚམས་ཀྱི་ངེས་པའང་མེད་པར་ཆིག་སྒྲིལ་གྱི་ཡི་དམ་གྱི་ལྷའི་ལྗགས་བསྙེན་དང་གནས་ལུགས་སྐྱོང་བ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། དེ་དག་གི་དུས་སུ་རྟགས་དང་གཟིགས་སྣང་གི་མཚན་མ་ངོ་མཚར་བ་དུ་མ་ཞིག་འཁྱོམ་ཚོ་ལྟ་བུར་ཐོར་རེ་གསུངས་པ་འདྲ་བྱུང་འདུག་ནའང་དོན་གཉེར་གྱིས་དྲན་པའི་གཟུངས་སུ་འཛིན་པའི་ཟིན་ཐོར་འཁོད་པ་སོགས་མ་བྱུང་བར་སྣང་ལ། དགུང་ལོ་བཅུ་བདུན་པ་ཆུ་སྟག་ཧོར་ཟླ་དགུ་པའི་ཚེས་བཅུའི་ནུབ་མོ་དར་གླིང་གཟིམས་ཆུང་བསམ་གཏན་སྦུག་ཏུ་བཞུགས་པའི་ཚེ་མནལ་ལམ་དུ། བསམ་ཡས་མཆིམས་ཕུ་ཡིན་རྒྱུ་བའི་ལྷ་ཁང་ཡིད་དུ་འོང་བ་ཞིག་གི་ནང་དུ། རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་མང་པོ་གྲལ་རིམ་གྱིས་འཁོད་ནས་ཚོགས་མཆོད་མཛད་པའི་མཐའ་སྐོར་ན་བུད་མེད་རྒྱན་བཟང་མཛེས་སྡུག་ཅན་མང་པོ་གླུ་གར་རྩེ་བས་བསྐོར་ཏེ་འདུག་པའི་གྲལ་གྱི་གཤམ་དེར་རྗེ་ཉིད་རང་གཟིགས་མོའི་ཐུགས་སྣང་གིས་བཞུགས་འདུག་པ་ལ། གྲལ་དབུ་དེ་ན་གཏེར་སྟོན་རྡོ་རྗེ་གླིང་པ་ཡིན་སྙམ་པའི་རྣལ་འབྱོར་པ་རལ་པའི་ཐོར་ཚུག་ཅན་གཟི་མདངས་དང་ལྡན་པ་ཞིག་གི་སྐུ་མདུན་ན། སེང་ལྡེང་འདྲ་བའི་ཤིང་གི་བུམ་པ་དམར་སྨུག་ཁ་གཡེལ་ཤིང་། མཆུ་རིང་བ་བཅུད་ཀྱིས་གཏམས་པ་ཞིག་འདུག་པ་ལས། རྣལ་འབྱོར་པ་དེས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་གསེར་གྱི་ཆོས་འབྱུང་བསྣོལ་མ་ཧ་རི་ནི་སའི་ཡི་གེ་དང་བཅས་པ་བྲིས་པ་ཞིག་དར་དམར་གྱིས་འཕྱི་ཞིང་ལྕིབས་ཀྱིས་བླང་པའི་ནང་དུ། བུད་མེད་མཛེས་མ་ཞིག་གིས་སྔར་གྱི་བུམ་པ་ལས་འབྲས་ཆང་ཡིན་འདྲ་སྙམ་


MLP003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་དོག་དཀར་ཞིང་འོད་ཟེར་སོར་སྒྲ་དང་བཅས་ཏེ་འཕྲོ་བས་བཀང་བ་དང་། བུད་མེད་གཞན་ཞིག་གིས་བསེ་ཕོར་ཆེན་པོ་བཟའ་བའི་བྱེ་བྲག་སྣ་ཚོགས་པས་གང་བ་ཞིག་ཀྱང་དྲངས་སོང་བར་རྣལ་འབྱོར་པ་རྣམས་ཀྱིས་གྲལ་རིམ་བཞིན་བཟའ་བ་ནས་ཁམ་རེ་རེ་དང་། ཀ་པཱ་ལའི་བཏུང་བ་ནས་ཧུབ་རེ་གསོལ་ཀྱང་ཉུང་དུ་མ་སོང་བར་སྔར་བཞིན་གནས་པ་དེ་རྗེ་རང་ལ་ཕུལ་བྱུང་བ་ནས་ཅུང་ཟད་རོལ་པས་བདེ་སྟོང་གི་ཡེ་ཤེས་བཟོད་མེད་དུ་འབར་ཞིང་། མཐར་རས་དཀར་གྱི་སྣོད་དུ་བདག་གིར་བཟུང་ངོ་སྙམ་དུ་དགོངས་པ་ན། སྔར་གྱི་རྣལ་འབྱོར་པ་དེས་ཤོག་དྲིལ་ཆུང་ངུ་ཁ་དོག་དམར་སེར་ཞིག་བཤེས་གཉེན་གྲྭ་པའི་ཞྭ་གཟུངས་ཡིན་ཞེས་གཏད་པ་ལྗགས་ཀློག་མཛད་པར་བརྩམ་པ་ན། འགོར་ཨེ་མ་ཧོ་ཞེས་གསུམ་བསྟུད་དུ་སྣང་བ་ཙམ་ལས་གཞན་རྣམས་རྒྱ་ཡིག་ཏུ་འདུག་པས་མ་འཁྲོལ་རུང་མོས་གུས་སྤྱན་ཆབ་འཁྲིགས་པ་ལྟ་བུས་ཕྱག་ཏུ་བཟུང་པ་ན་རྣལ་འབྱོར་པ་དེ་ཀུན་ཀྱང་ཅོ་དིར་གྱིས་གྱེས། རྗེ་རང་ཡང་ཁང་པ་དེའི་ཕྱི་རོལ་གྱི་རྡོ་གཅལ་སྐྱ་ལིང་ངེ་བ་ཞིག་གི་སྟེང་དུ་ཕེབས་པ་དང་མནལ་སད་ཅིང་། སད་ནས་ཀྱང་ཟག་མེད་ཀྱི་དགའ་བདེས་ལུས་སེམས་ཁྱབ་པའི་ཉམས་བཟང་པོ་ལ་ཡུན་རིང་གནས་པར་གྱུར། དེ་དུས་མནལ་ལམ་གྱི་མཚན་མ་དེ་བཟང་བ་ཞིག་ཡིན་འདྲ་སྙམ་པ་ལས་ཐུགས་ཀྱིས་དཔྱོད་པར་མ་ནུས་ནའང་། ཕྱིས་འདི་ལྟར་དགོངས་པ་སྟེ། རྨི་ལམ་དེ་ཡི་བརྡ་ལས་ནི། །དོན་འདི་སྟོན་པ་ཡིན་ནམ་སྙམ། །གནས་ནི་ས་དེར་དངོས་གྲུབ་ཀྱི། །མཚན་མ་ཅུང་ཟད་ཐོབ་པའི་བརྡ། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་ནི། །གོང་མས་བྱིན་གྱིས་བརླབས་པའི་བརྡ། །ཚོགས་དཔོན་རྣལ་འབྱོར་ཆེན་པོ་ནི། །ཡེ་ཤེས་རིགས་རྒྱུན་དབྱེར་མེད་བརྡ། །བཟའ་བཏུང་སྣོད་བཅུད་ཁྱད་པར་ནི། །གསང་ཆེན་སྐལ་བར་ལྡན་པའི་བརྡ། །ཤོག་དྲིལ་ལག་ཏུ་གཏད་པ་ནི། །ཟབ་མོའི་གཏེར་ལ་སྤྱོད་པའི་བརྡ། །ཞྭ་གཟུངས་ཐ་སྙད་འདོགས་པ་ནི། །ཆེ་དགུས་བཏུད་ཅིང་བཀུར་བའི་བརྡ། །ངོ་མཚར་ཡི་གེ་ཀློག་པ་ནི། །རྩ་བའི་རྟེན་འབྲེལ་འགྲིག་པའི་བརྡ། །གཤམ་ཡིག་ཁྲོལ་བར་མ་གྱུར་པ། །གཞན་དབང་རྟེན་འབྲེལ་འཆོལ་བའི་བརྡ། །ཅོ་དིར་སྒྲ་ཡིས་གྱེས་པ་ནི། །འགྲོ་ཕན་འར་འུར་འབྱུང་བའི་བརྡ། །ཞེས་


MLP003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་རོ། །དེ་ནས་བརྩམས་ཏེ་ཞག་རེ་གཉིས་ཙམ་མཚན་མོ་མནལ་གྱི་ངོས་བཟུང་མེད་པར་ལྷ་དང་བླ་མས་བྱིན་གྱིས་རློབ་ཅིང་ལུང་སྟོན་པ་སོགས་འོད་གསལ་དག་པའི་སྣང་བ་སྣ་ཚོགས་ལ་འབྱམས་ཤིང་། སད་དུས་ཀྱི་སྣང་བ་ཀུན་ཀྱང་ཡ་མཚན་པས་བཞད་ཅིང་རྩེ་བར་འདོད་པ་སོགས་གཏད་མེད་ཀྱི་རིག་པ་ཟང་ཐལ་ཤུགས་འབྱུང་མ་འགགས་པའི་རོལ་པར་འཆར་བས་དུས་འདའ་བར་གྱུར། ཧོར་ཟླ་བཅུ་པའི་ནང་དུ་ཆག་བྱང་ཆུབ་གླིང་གི་དགོན་པར་ཐེགས་པ་ལས། ཉི་ཤུ་གཉིས་ཀྱི་ནུབ་མཚན་ལམ་དུ། ལོ་ཆེན་བཻ་རོ་ཙ་ན་ཡིན་སྙམ་པའི་དགེ་སློང་དབང་པོ་དུལ་བ་མཛེས་འཛུམ་ཆོས་གོས་ཅན་ཞིག་གིས་སློབ་དཔོན་ཆེན་པོ་པདྨའི་སྐུ་བརྙན་རྒྱ་གར་པཎ་ཆེན་གྱི་ཆ་ལུགས་ཅན་ཆུ་ཤེལ་ལས་གྲུབ་པ་ལྟ་བུ་ཞིག་བསྟན་ནས། འདི་གུ་རུའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འདུས་པ་ཡིན་གསུངས་གཟིགས་པས་འོད་ཉི་མའི་ཟེར་ལྟར་བལྟ་བར་མི་བཟོད་པ་ཚ་ལམ་ལམ་བྱེད་པ་ཞིག་འདུགདེ་ལ་དད་པ་ཆེན་པོས་གསོལ་འདེབས་མཛད་པ་ན། འདི་བྱིན་རླབས་ཀྱི་སྒོ་དབྱེ་བ་ཡིན། བྱིན་རླབས་དངོས་ནི་བྲག་དམར་གྱི་གནས་སུ་མཐོང་བར་འགྱུར་རོ། །ཞེས་གསུང་པ་ཞིག་རྨིས། མནལ་སད་པ་ན་གང་ཤར་གྱི་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་རང་གདངས་སུ་མ་འགགས་པར་འཆར་བའི་ཉམས་བཟང་པོ་བཟོད་མེད་དུ་འབར། དེའི་སང་ཉེར་གསུམ་གྱི་ཉིན་བྱང་གླིང་གཟིམས་ཁང་གོང་གི་རྒྱབ་དེར་ཞབས་ཕྱི་དགེ་སློང་འབྱོར་ལྡན་དང་བཅས་སྐུ་ཁམས་བསེང་དུ་ཐེགས་པ་ན། འཕྲེད་ལམ་གྱི་གཡས་ཕྱོགས་བྲག་གི་བྱ་སྐྱིབས་ཆུང་ངུ་ཞིག་ཡོད་པ་དེར་སཱཙྪ་ཕུང་པོ་ཞིག་གི་ཁྲོད་ན། ཆོས་ཤོག་ཧྲལ་ཧྲུལ་འགའ་རེ་འདུག་པ་ཕྱག་དལ་དུ་གཡེང་བའི་ཁྲོད་ནས་སྨྱུག་དོང་སྦོམ་ཕྲ་མཛུབ་མོ་ཙམ་པ་སོར་བཞི་པ་ལ་དྲིལ་མ་ཞིག་རྙེད་པ་གནང་བ། ཕྱག་ཤན་གྱིས་གཤགས་པ་ན་དྲི་བཟང་པོའི་ངད་སྤོས་དྲི་ཕལ་གྱིས་མཚོན་དུ་མེད་པ་དང་། དེ་ནང་ཤོག་དྲིལ་དམར་སེར་སྐེད་པ་སྐྲས་དམ་པར་བཅིངས་པ་ཞིག་འདུག་པ་ན། ཞབས་ཕྱིའི་དགེ་སློང་ན་རེ། ཅི་ཡིན་པ་འདུག་དྲི་ཞིམ་པ་ལ་ཨང་ཟེར། ཐུགས་ལ་གཏེར་གྱི་ཆ་ཤས་ཤིག་ཡིན་


MLP003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྙམ་དུ་དགོངས་ནའང་། སྲུང་བ་རྙིང་པ་བོར་བ་ཞིག་ཡིན་པ་འདྲ་ཞེས་གསུངས་ནས། གཟིམས་ཁང་དུ་ཕེབས་ཏེ། ཡང་ཐོག་གི་འགོལ་ས་དེར་ཞལ་དབྱེ་བར་མཛད་པས་ཤོག་དྲིལ་དེ་སྐྲ་རིང་པོ་ཁྲུ་རེ་ཙམ་ཡོད་པ་ཉག་མ་བཅུ་ཙམ་གྱིས་དཀྲིས་པའི་ནང་ན། གུ་རུའི་དབུ་སྐྲ་རིང་ཐུང་སོར་གསུམ་པ་ཙམ་བམ་པོར་བྱས་པ་ལ་དཀྲིས་པའི་ཤོག་དྲིལ་དམར་སེར་དཀྱུས་མཐོ་གང་ཙམ་པ་ལ་ཡི་གེ་གཟབ་མ་གཤུར་ཕྲ་མོར་བྲིས་པའི་ཚིག་ལ། ཚེ་དབང་རིག་འཛིན་པདྨའི་སྐུ་ལ་འདུད༔ བདག་འདྲ་ལོ་ཙཱ་བཻ་རོ་ཙ་ན་ཡིས༔ ཟབ་གཏེར་སྦས་ཚེ་ཆོས་བདག་སྐྱེས་བུ་ལ༔ སྙིང་གཏམ་ཁ་བྱང་འདི་ཉིད་ཡི་གེར་གདམས༔ ཞེས་སོགས་ཟབ་གཏེར་གྱི་ཁ་བྱང་དུ་སྣང་བས་ཤིན་ཏུ་དགྱེས་ཆེས་པའི་ཐུགས་ཉམས་མི་ནོན་པ་ཙམ་བྱུང་ནའང་། རེ་ཞིག་གསང་དགོས་པའི་བཀའ་རྒྱ་སྣང་བས་ཤོག་དྲིལ་དེ་གའུའི་ནང་དུ་སྦས་ཏེ་གསང་དམ་པར་མཛད། དེ་ནས་མི་རིང་པར་དབུས་སུ་ཕེབས་ཏེ། ཡུམ་ཉིད་རང་བཞིན་གྱི་རྣལ་འབྱོར་མ་བྱིན་རླབས་ཀྱི་ཚན་ཁ་གཡོ་ནུས་པ་ཡིན་པས་ཤོག་དྲིལ་རྣམས་གཟིགས་འབུལ་དང་ལྷན་ཅིག་ལོ་རྒྱུས་རྣམས་ཞིབ་མོར་ཞུ་བར་མཛད་པས། ཡུམ་ཡང་གཞན་དང་མི་འདྲ་བའི་གཏེར་རྫས་ཀྱི་ཐུགས་ཉམས་མངའ་བའི་སྟོབས་ཀྱིས་བཀའ་ལས། ཟབ་གཏེར་གྱི་ཁ་བྱང་ཡིན་པ་ལ་འཁྲུལ་པ་མི་འདུག་པས་ངོ་མཚར་ཆེ། འོན་ཀྱང་རེ་ཞིག་གསང་རྒྱ་མུ་མཐུད་ཀྱི་སྒོ་ནས་གསོལ་འདེབས་དང་རིམ་གྲོ་ལ་འབད་དགོས། སླར་ལུང་བསྟན་གྱི་རྟགས་འདྲ་བྱུང་ན། རྟེན་འབྲེལ་གང་འགྲིག་གི་ཐབས་རྩོལ་བྱེད་དགོས་པ་ཡིན་གསུང་། དགུན་དེ་གཟིམས་ཆུང་བསམ་གཏན་སྦུག་ཏུ་བདག་ཀྱང་ཞབས་ཕྱིར་དཀྲིས་ཏེ་ཟླ་བ་གསུམ་ལ་ཉེ་བར་སྐུ་མཚམས་མཛད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། བསྐང་བཤགས་དང་གསོལ་འདེབས་སོགས་སྐུ་རིམ་ཡང་ཅི་འགྲུབ་མཛད། དེ་ནས་ཆུ་ཡོས་ཟླ་བ་གཉིས་པ་ནས་བཟུང་ཡབ་རྗེའི་ཕྱི་རྟེན་བཞེངས་པའི་བཟོ་གྲྭ་འཛུགས་པ་ཉེ་བར་བཅས་བླ་བྲང་དུ་སོ་མི་སོད་པར་དགོངས་ཏེ། དར་གླིང་བསམ་གཏན་རྩེའི་མཚམས་སྤྱིལ་དབེན་པ་ཞིག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཀློང་ཡངས་འོད་གསལ་ཞབས་ཕྱིར་བཟུང་སྟེ་གསང་འདུས་བླ་མའི་བསྙེན་སྒྲུབ་ཀྱི་


MLP003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་རྒྱ་དམ་པོར་བཞུགས། དེ་དུས་ཉིན་མཚན་གྱི་སྣང་བ་ཐམས་ཅད་དག་པའི་སྣང་བ་འབའ་ཞིག་ཏུ་ཤས་ཆེར་འབར་བ་དང་ཁྱད་པར་ཟླ་བ་གསུམ་པའི་ཉི་ཤུ་གཉིས་ཀྱི་ཉིན་སློབ་དཔོན་ཆེན་པོ་པདྨ་མཁའ་འགྲོའི་འཁོར་དང་བཅས་པ་ཡུད་ཙམ་ཞིག་གཟིགས། དེ་ནས་ཇེ་ཞིག་ན། མཚམས་ཁང་གི་གནམ་སྒོའི་སྟེང་དེར་ཡབ་རྗེ་གསང་བདག་ཆེན་པོ་སྐུ་ཡི་བྱི་བྱད་དང་ཆ་ལུགས་ཐམས་ཅད་སྔར་བཞིན་ལས་གཟི་མདངས་ལྷག་པར་རྒྱས་པ་ཕྱག་གཡས་ན་སྔར་གྱི་ཐོད་ཕྲེང་དེ་ཁ་བསྣམས་པ། འཁོར་ཧཱུྃ་མཛད། སངས་རྒྱས་གསང་བ། མི་ཏྲ་ཛོ་གི་ནམ་སྙིང་། རྨ་གཉགས་སོགས་རྒྱ་བོད་ཀྱི་མཁས་གྲུབ་དེ་རྣམས་ཡིན་སྙམ་པའི་ཛོ་གི་རབ་བྱུང་སྔགས་འཆང་བུད་མེད་མང་པོས་བསྐོར་ནས་ཁྲོང་གིས་ཕེབས་པ་གཟིགས་པ་དང་། ཐུགས་ལ་མོས་གུས་བཟོད་མེད་འབར་བའི་རྐྱེན་དེས་ཡབ་རྗེ་ཉིད་ཨོ་རྒྱན་ཆེན་པོའི་སྐུར་གྱུར་ཅིང་། གནས་ཁང་ཉིད་ཀྱང་ཡངས་ཤིང་གོ་སྐབས་དང་བྲལ་བའི་གཞལ་མེད་ཁང་འོད་ཀྱི་སྣང་བས་ཀུན་ཏུ་ཁྱབ་པར་སོང་བ་དང་། སྐད་ཅིག་དེ་ལ་ཨོ་རྒྱན་ཆེན་པོས་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་སྔགས་རྒྱ་བརྡ་ཐབས་དུ་མས་བྱིན་གྱིས་བརླབས། དེའི་ཚེ་མཁའ་འགྲོའི་ཚོགས་ཀྱིས་ཅང་ཏེའུའི་སྒྲས་མཚོན་པར་ནམ་མཁའ་གང་བའི་གར་བྱེད་པ་སོགས་ཀྱི་གསལ་སྣང་ལ་དར་ཅིག་གནས་པའི་མཐར་ཆུ་ནང་གི་གཟུགས་བརྙན་རླབས་ཀྱིས་དཀྲུགས་པ་ལྟར་ཡལ་བའི་མོད་ལ། ཟག་མེད་བདེ་བའི་ཉམས་ཧད་དེ་བའི་ངང་ནས། སྔར་གྱི་མོས་པ་ཡང་བཅོས་མའི་རྟོག་པ་ཙམ་དུ་དགོངས་པ་ན། སྙེམ་འཁྲིག་མེད་པའི་དད་པ་ཉིད་རང་རིག་སྤྲོས་བྲལ་གྱི་ངོ་བོར་གྲོལ། དེའི་རྩལ་སྣང་འགགས་མེད་དད་པའི་རོལ་པར་འཆར་བའི་ངེས་པ་བརྟན་པོ་ལ་གནས་པ་བྱུང་། ཡང་ཟླ་བ་བཞི་པའི་ཉེར་ལྔའི་ནུབ་མནལ་ལམ་དུ་རྗེ་ཉིད་རང་གི་སྐུ་ཡི་སྲིང་མོ་ཡིན་སྙམ་པའི་བུད་མེད་གཞོན་ནུ་ཞིག་གིས་མར་མེ་གསལ་ཞིང་དྭངས་པ་ཞིག་བཏེགས་ནས། སྔར་བྲག་དམར་གྱི་གནས་སུ་དངོས་གྲུབ་ཀྱི་ཕ་ཕོག་ཐོབ་པར་བསྟན་པའི་དུས་ནི་ཟླ་བ་ཕྱི་མའི་ཚེས་བཅུ་ལ་ཡིན་ནོ། །ཐེ་ཚོམ་དང་ཡིད་གཉིས་མེད་པར་སོངས་ཤིགགུ་རུ་ཆེན་པོ་ལ་གསོལ་བ་ཐོབ། གཏེར་བདག་མཁའ་འགྲོ་ལ་ཚོགས་གཏོར་ཕུལ།


MLP003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱས་ན་འདོད་དོན་འགྲུབ་པར་འགྱུར་རོ། །ཞེས་འབྱུང་བ་ལྟར། ནང་པར་དེའི་ལོ་རྒྱུས་རྣམས་ཡུམ་ལ་གསོལ་བས་དོ་གལ་དང་ནན་ཏན་མ་བྱས་ན་མི་རུང་། རེ་ཞིག་གསང་རྒྱ་གང་ཆེ་བྱེད་པ་གཟབ་གསུངས་ནས། སྐུ་ཆས་དང་ཆ་རྐྱེན་རྣམས་ཡུམ་ཉིད་ཀྱིས་མངོན་ཆུང་གིས་བསྒྲིགས་པར་མཛད་དེ། གནས་དེ་ཉིད་དུ་སྐུ་མཚམས་དམ་པོ་ལ་བཞུགས་པའི་རྫུ་མཛད་ནས་ཟླ་བ་ལྔ་པའི་ཚེས་ལྔའི་ནུབ་སྲོད་ཕྱི་ཡོལ་ཙམ་ལ་བྱང་ཆུབ་དབང་རྒྱལ་ཕྱག་ཕྱིར་ཁྲིད་དེ་ཞབས་ཐང་གིས་ཐེགས་པ་ལས། དགོན་པའི་ལྕགས་རིའི་ཤར་སྒོའི་ཕྱིར་ཐོན་པ་དང་མཉམ་དུ་འོད་ཀྱི་སྣང་བ་ཉི་མ་ལྟར་གསལ་བས་ཕྱག་རིས་ཚུན་ཆད་བཀྲ་སལ་ལེ་གཟིགས་པས་ལེགས་པའི་མཚན་མར་དགོངས་ཏེ་རིམ་པར་ཉི་མྱུར་ཙམ་ལ་ཡང་ཁའི་ཚུགས་ཁར་ཕེབས། དེར་འགྲུལ་པ་ཁ་ཤས་ལྷོ་ཁར་ཀོ་བས་བསྒྲལ་བའི་མཉན་པ་རྒན་པོ་ཞིག་འདུག་པར། བྱང་ཁར་སྒྲོལ་བར་བསྐུལ་བ་ན་སྒྲོལ་བ་ལྟ་ཅི་སྨོས། ཚིག་རྩུབ་མོས་སྤྱོ་བར་བྱེད་པས་ཐུགས་ཀྱིས་རེ་ཐག་བཅད་དེ་ཐེགས་པ་ལས། དེ་ནུབ་གྲྭ་ཕྱི་ཚོང་འདུས་སུ་ཞག་མལ་མཛད་པར་གནས་མོ་དཔོན་སར་གྲགས་པ་ཞིག་འདུག་པ་དེས་ཞབས་ཏོག་ལེགས་པར་བསྒྲུབས། དགེ་སྟེང་བླ་མ་ཁུ་དབོན་ཡང་དེར་གནས་མགྲོན་ལ་མཉམ་དུ་བྱུང་། སང་ཉིན་གྲྭ་ཕྱི་སྨོན་གྲུབ་པའི་གཡོག་རིགས་བསམ་ཡས་བསྐོར་དུ་འགྲོ་མི་རྣམས་ཀྱི་ཕྱི་བཞིན་ཐེགས་ཏེ། གཙང་ཆུའི་རྒྱབ་ཆུ་ཆུང་བ་རྣམས་ལས་བརྒལ་ཞིང་ཆེ་བ་རྣམས་ཀོ་གྲུས་བསྒྲལ། འགའ་ཞིག་ཏུ་བསྐོར་མི་དབང་ཆེ་བ་དག་ཀོ་གྲུའི་ནང་དུ་བསྡད་བཞིན་པར་རྗེ་ཉིད་ལ་སོགས་པས་དྲུད་དེ་ཐེགས་པ་ལས། ཀོ་བ་གཙང་གི་ཆུ་གཞུང་དུ་སླེབས་པའི་ཚེ་རླུང་དྲག་པོས་གཡོ་ཞིང་འབུབ་པར་ཉེ་བ་ན། ཐམས་ཅད་འཇིགས་ཤིང་སྐྲག་པས་རང་རང་གི་སྐྱབས་སུ་རེ་བའི་བླ་མ་དག་གི་མཚན་ནས་འབོད་ཅིང་། གཅིག་གིས་གཅིག་ལ་ཟུར་ཟ་བ་ལྟར་བྱེད་པ་ན། རྗེ་འདིས་དགོངས་པ་ལ། འཇིགས་པས་ཉེན་ནས་ཉི་ཚེའི་བློས་སྐྱབས་སུ་སྦྲོན་པ་ལའང་འདི་ལྟ་བུའི་ཆགས་སྡང་གིས་འཆིང་བ་འོང་བ་སྙམ། སྙིང་རྗེ་ཤུགས་དྲག་པོ་འཁྲུངས་པའི་མཐུས་སྐད་ཅིག་ལ་རླུང་ཞི་སྟེ་ཕ་རོལ་ཏུ་བདེ་བར་ཐོན་ནས། དེ་ནུབ་བསམ་ཡས་ཀྱི་གནས་རྟེན་


MLP003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཅན་རྣམས་ཀྱང་མཇལ་བར་མཛད་པས་སྔོན་རབས་ཀྱི་བག་ཆགས་མང་པོ་ཞིག་སད། སང་ཉིན་རིམ་པར་ཐེགས་པ་ལས་རྒྱུན་དུ་ཆིབས་ལ་བརྟེན་པས་ཞབས་འགྲོས་ལ་མ་གོམས་པའི་དབང་གིས་ཞབས་བསྙུང་སྟེ་བཅག་མལ་གྱིས་བཞུགས་དགོས་པར་ཉེ་བ་ན། གཞུང་གི་ཆིབས་ཆེན་རྣམས་རྒོད་དཀར་གྱི་ལ་བརྒྱུད་ནས་འགྲོ་བ་དང་ཐུག་སྟེ་སྐྱེལ་མ་སྦྲན་པས། ཆིབས་དཔོན་དེས་སྤྲོ་བ་དང་བཅས་པས་མདུན་བསུས་ཏེ། ཆིབས་དཀར་པོ་བཟང་བ་སྒ་དང་བྲལ་བ་ཞིག་ལ་བསྐྱོན་ནས་སྔ་འགོའི་ཟམ་སྟེགས་བར་བསྐྱལ་བས་སྐུ་ངལ་གསོས། དེ་ནས་གཡའ་མ་ལུང་གི་དབེན་གནས་རིའི་རྩ་བར་ཕེབས་པ་ན། ཆར་རླུང་མི་བཟད་པའི་ཐུགས་ཆོམ་གྱིས་རི་བོའང་གཡོ་བ་སྙམ་བྱེད་པའི་འཚུབ་ལྷོངས་ཤིན་ཏུ་ཆེའང་ཐུགས་ཞུམས་པར་མ་གྱུར། དེ་ནུབ་གཟིམས་ཕུག་གི་བླ་གཡེ་ཆུང་ངུ་དེར་བཞུགས་པར། གནས་འཛིན་གྱི་བཙུན་མ་རྒན་མོ་ལྦ་བ་ཅན་ཞིག་གིས་བཟའ་བཏུང་གིས་མཆོད། དེའི་ནུབ་མོ་མནལ་རང་མཚན་པའི་སྣང་བ་མེད་པར་འོད་གསལ་གྱི་ངང་ལ་གནས་པ་བྱུང་། དེ་ནས་ཚེས་བརྒྱད་དང་དགུ་གཉིས་ལ་གསོལ་འདེབས་བསང་མཆོད་གཏོར་འབུལ་སོགས་མཛད་ནས་གཏེར་གནས་ཀྱི་ས་མིག་གཟིགས་པས་ཚེ་ཆུ་བྲག་གི་ལྷོ་ངོས་ཀྱི་སྟེང་དེ་ན་བྲག་དོ་ཆད་ཅིག་འདུག་པ་དེ་ཉིད་ཡིན་པར་ཐུགས་ངེས་འདྲོངས་ཀྱང་། གཏེར་སྒོའི་མཚན་མ་གཡུང་དྲུང་གི་རི་མོ་ཡོད་པར་གསུངས་པ་མ་རྙེད་པས་ཐུགས་ཞུམས་ཏེ། ད་རང་མི་ཐོབ་པ་ཡིན་ནམ་སྙམ་དུ་དགོངས་ཤིང་། དེའི་ཚུལ་ཞབས་ཕྱིར་གསུངས་པས། དེ་ཡང་སེམས་མྱ་ངན་གྱིས་གདུངས་ཤིང་། རེ་ཞིག་ཐུགས་ངང་བསྲིངས་ནས་གསོལ་འདེབས་སོགས་གནང་ན་དྲག་པ་ཨེ་ཡིན་ཟེར། དེ་ནས་ཚེས་བཅུའི་ཉི་ཤར་ཙམ་ནས་ཐུགས་དགའ་ཡ་ལེ་བའི་སྣང་བ་འགག་མེད་དུ་འཆར་བ་མི་ནོན་པ་ལྟ་བུའི་ངང་ནས། སྔར་གྱི་བྲག་དོ་ཆད་དེའི་ཤར་ཕྱོགས་སུ་རྗེ་ཉིད་ཀྱིས་གཏོར་མ་བསྔོ་བ་དང་། ཞབས་ཕྱིས་བསང་དུད་སྦྱོར་ཤིང་ཡོད་པའི་མུར། སྐུ་རྒྱབ་བརྟེན་པའི་བྲག་དེ་གས་པ་ལྟ་བུའི་ཏོག་སྒྲ་ཆེན་པོ་ཞིག་བྱུང་བ་ལ་གཟིགས་པ་ན། རྡོ་དྲེག་གི་སྤབས་ཆག་པ་ཞིག་སྣང་བ་རྡོས་བྲད་པའི་འོག་ནས་གཡུང་དྲུང་གི་རི་མོ་དམར་ཧྲིག་གེ་ཡོད་པ་གཟིགས་ཏེ།


MLP003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷོར་མཐོ་གང་གཞལ་བའི་ཐང་མཚམས་ཀྱིས་ས་ཅུང་ཟད་བྲུས་པས་གཡམ་སྔོན་གས་མཚམས་ལ་རྩིས་ཞལ་ཞལ་དུ་སྦྱར་བ་ཞིག་གཟིགས། ལྕགས་གཟོང་གིས་བསྡིགས་པས་ཁྲོལ་དེ་ཞིག་པའི་ནང་ནས་བྱེ་སོལ་ནག་ཉིལ་གྱིས་བྱུང་བ་ཕྱིར་འདོན་པར་མཛད་པས། སྲོག་ཆགས་སྦོམ་ཕྲ་མཛུབ་མོ་ཙམ་རིང་ཐུང་སོར་བརྒྱད་ཙམ་གྱི་ཚོད་འབུ་འདྲ་བ་ཁྲ་ཤིག་གེ་བ་ཞིག་བྱུང་བར་ཅུང་ཟད་ཐུགས་འཇིགས་པས་ཤིང་བུས་ཕ་ཚད་དུ་བསྐྱལ་བར་མཛད་ནས་བྲུས་པས་བྲག་གི་ནང་ནུབ་ཀྱི་མཐར་ཐུག་པ་ཙམ་སྦུབས་ཡངས་པར་གྱུར་ཀྱང་གཏེར་རྫས་མི་སྣང་། སླར་ཡང་ཞིབ་ཏུ་གཟིགས་པས་སྦུབས་ནང་གི་བྱང་ངོས་སུ་ཕྱག་གིས་མྱུལ་ཚེ་རྡོ་གཞན་ལས་ངོས་འཇམ་པ་ཞིག་འདུག་པས། དེ་ལ་གཟིགས་པས་གཡམ་སྔོན་མཐའ་རྩིས་སྦྱར་བ་ཞིག་འདུག་པ་བཀོག་པའི་ནང་ནས་ག་པུར་གྱི་དྲི་བསུང་ཆིལ་གྱིས་འཐུལ་བ་དང་མཉམ་དུ་བྱེ་ནག་དང་སོལ་བ་ནག་ཉིལ་གྱིས་ཐོན་བྱུང་བར་ཕྱག་གིས་བསྙབས་པས་ལ་བསེའི་གཏེར་སྒྲོམ་དམར་སྨུག་ཆག་གང་པ་གཅིག་དང་། ལ་བསེའི་གའུ་གྲུ་བཞི་པ་མཁྱིད་གང་བ་ཞིག་ཐོན་བྱུང་བ་དང་། ཞབས་ཕྱི་ནི་ཨ་ལི་ཞེས་འཁྲབ་ཅིང་རྒོད། རྗེ་ཉིད་ཀྱང་ཐུགས་རིག་གི་ཉམས་རྩལ་མི་ནོན་པ་ལྟར་འབར་ཞིང་། དེ་ཉིད་དུ་བྱིན་རླབས་ཞུ་བ་དང་སྨོན་ལམ་འདེབས་པར་མཛད་ནས། རིན་པོ་ཆེ་འབྲུ་སྨན་སོགས་ཀྱི་དཀོར་ཆ་དང་བྱེ་སོལ་རྣམས་ནང་དུ་བཅུག་ཏེ་རྡོ་ཆོལ་རྣམས་བསྒྲིག་ལ་གཏེར་སྒོ་བཀག་ནས་འདམ་པས་ཞལ་ཞལ་དང་ཕྱིར་ས་སྐམ་གྱིས་གཏོར་ཏེ་མི་མངོན་པར་མཛད་ཅིང་གཏང་རག་གི་མཆོད་གཏོར་ཕུལ། གཏེར་རྫས་དར་རས་ཀྱིས་དྲིལ་ནས་དྲྭ་ཕད་དུ་འཇུག་པར་མཛད་ནས། སླར་གཟིམས་ཕུག་གི་བླ་གཡེར་དགྱེས་ཡ་ལེར་ཕེབས་པས་གནས་འཛིན་གྱི་སྒྲུབ་པ་མོ་དེ་ན་རེ། དཔོན་སློབ་གཉིས་གཞན་ལས་དགྱེས་ཉམས་ཆེ་ཞིང་ན་བཟའ་རྣམས་ཀྱང་རྡུལ་གྱིས་གོས་འདུག་པ་ཅི་ཡིན་ནམ་ཞུ་བ། བསང་ཤིང་བཀོག་པའི་རྡུལ་གྱིས་གོས་པ་ཡིན་ཞེས་གསུངས། འོ་ན། དེ་རིང་ངེད་ཚོ་ཚེས་བཅུའི་མཆོད་པ་བྱེད་པས་མཉམ་དུ་ཨེ་མཛད་ཟེར། དེ་བཞིན་རུང་གསུངས་ནས་བྱང་གཏེར་ཐུགས་སྒྲུབ་ཀྱི་ལས་བྱང་དེ་ཕྱག་དཔེའི་ཐོག་ནས་བཙུན་མ་སེར་ཉོག་འགའ་རེ་དང་


MLP003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་ཆོ་ག་གནང་ནས། མཐར་དངོས་གྲུབ་ལེན་པ་དང་འབྲེལ་བར་དེར་འཁོད་རྣམས་ལ་གཏོར་དབང་ཡང་སྩལ། དེར་ཐུགས་ཉམས་མི་ནོན་པ་ལྟ་བུས་སྤྱོད་པ་ཤུགས་འབྱུང་དུ་ཐལ་བས་སྔར་གྱི་གསང་རྒྱ་དཀྲོལ་བ་ལྟ་བུར་སོང་བས་དེར་འཁོད་ཐམས་ཅད་ཀྱིས་ཕྱག་བཙལ། བྱིན་རླབས་ཞུས་སྐྱབས་སུ་མཆིའོ་ཟེར། འོན་ཀྱང་གཏེར་ཡིན་པ་ནི་སུས་ཀྱང་རིག་པ་མ་བྱུང་། དེ་ནུབ་མནལ་ཡང་ཆེར་མེད་པར་ཐུགས་དགྱེས་ཡ་ལེ་བའི་ངང་ནས་སྲབ་གཉིད་ཅུང་ཟད་ཅིག་ལ་མནལ་ལམ་མཚར་ཆེ་བ་ཞིག་བྱུང་ཡང་ཐོར་མ་འཁོད་པས་ད་ལྟ་མི་དྲན་གསུང་། དེ་ནས་ནང་པར་སྔ་བར་བཞེངས་ནས་སྒྲུབ་པ་མོས་ཇ་ཐུག་སོགས་ཀྱི་སྐྱེས་སྟོབ་པ་བཞེས་ཤིང་། གནས་འཛིན་པ་རྣམས་ཀྱིས་ཐང་མཚམས་བར་ཞབས་སྐྱེལ་ཞུས་ཏེ། དེ་ནུབ་ཟུར་མཁར་དུ་ཕེབས། སྔར་ཉིན་གསོལ་ཆས་གང་ཡོད་ལ་ཚོགས་མཆོད་མཛད་ནས། དེ་ནུབ་གསོལ་ཆས་མེད་པས་གནས་ཚང་གིས་སྒྲོལ་འདོན་མཛད་དུ་བཅུག་སྟེ་བག་ཐུག་གཅིག་དང་། ནང་པར་ཡང་བཞེས་འཇམ་ཞུས་པ་བཞེས་ནས་ཚུགས་བཏོན་ཏེ་དེ་ནུབ་གྲྭའི་དགེ་གསལ་དུ་བཞུགས། སང་དེ་ཐག་ཉེ་གཤིས་ཐེགས་སྟབས་མ་བདེ་ནས། གཡུ་གོང་བྲག་གི་སྐར་སྤུང་གི་འཁྱོག་དེར་ཉི་མ་ཕྱེད་ཡོལ་བར་བཞུགས་ནས་ར་མའི་ལ་བརྒྱུད་དགོན་པར་ཚེས་བཅུ་གཉིས་ཀྱི་སྲོད་ཡོལ་ལ་ཕེབས་པ་རེ་ཞིག་བྱང་ཆུབ་དབང་རྒྱལ་གྱི་སྤྱིལ་བུར་གབ་སྟེ་བཞུགས་ནས་བླ་བྲང་དུ་བརྡ་སྦྱོར་མཛད་པས། ཕྱི་ནང་གི་མི་འགྲུལ་ཆོད་པ་དང་ཡུམ་ཉིད་སྤྱན་འདྲེན་དུ་བྱོན་བྱུང་བ་ལྟར་བླ་བྲང་དུ་ཕེབས་ནས། སང་ཉིན་དེ་སྐུ་མཚམས་ཀྱི་ཁོངས་སུ་ཡོད་རྒྱུ་བས་ཡུམ་ཕེབས་ཏེ། དེའི་སྤྱན་སྔར་གཏེར་སྒྲོམ་ཧྲིལ་མོ་དེ་ཞལ་དབྱེ་བར་མཛད་པའི་ནང་ནས་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཤོག་དྲིལ་དང་ཚེའི་རིལ་བུ་ཧྲཱིཿརྒྱ་ཅན་རྣམས་བྱུང་བ་དེ་མ་ཐག་རིལ་བུ་གཅིག་ཡུམ་ལ་གནང་བ་བཞེས་པས་བདེ་སྟོང་གི་ཉམས་འབར་ཞིང་སྐུ་ལུས་འཕར་གཡོ་བྱེད་པ་བྱུང་། ཕྱིས་སུ་ཡུམ་གྱི་ཞལ་ནས། དེ་དུས་ཚེ་རིལ་མྱོང་བའི་སྐལ་བ་བཟང་པོ་བྱུང་བ་དེས་ཡིན་པ་འདྲ། མིང་སྲིང་ལྔའི་བདག་རང་རྒན་ཤོས་ཡིན་ཡང་། གཞན་བཞི་ཀ་འདས་སོང་། ངེད་རང་ལོ་བདུན་ཅུ་རྩ་གྲངས་འཚོ་བ་འདི་


MLP003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གསུངས། དེ་ཉིན་ཤོག་སེར་ཡང་བོད་ཡིག་ཏུ་སྣང་བས་ཐོར་ཀློག་ཙམ་མཛད་ནས་སྐུ་མཚམས་བཅད་རྒྱའི་མུས་དེ་ཉིད་དུ་ཚེ་ཡི་སྒྲུབ་པ་བདུན་ཕྲག་གཅིག་མཛད། དེ་རྟིང་བཅད་རྒྱ་བཀྲོལ་ནས་ཀྱང་གསང་དམ་པས་སུས་ཀྱང་རིག་པ་མ་བྱུང་ངོ་། །དེ་ནས་ཡབ་རྗེ་གསང་བདག་ཆེན་པོའི་ཕྱི་རྟེན་རྣམས་གྲུབ་པས་བཟོ་བོ་རྣམས་ལ་ཡོན་རྫོངས་བསྟབས་ནས་ཐུགས་སྲས་སྤྲུལ་པའི་སྐུ་སྤྱན་དྲངས་ཏེ་རབ་གནས་དགའ་སྟོན་ཆེན་པོ་མཛད་རྗེས་ཁོང་དཔོན་སློབ་རྣམས་དང་མཉམ་དུ་ལྷོ་བྲག་ཏུ་ཕེབས། དེར་གསུང་སྤྲུལ་རིན་པོ་ཆེ་ལ་ཆོས་མང་པོ་ཞིག་གསན་ཞིང་། ལྷོ་ནང་བཀྲ་ཤིས་ཆོས་གླིང་དུ་ཕྱག་ཕྱིའང་མ་བསྟེན་པར་ཟླ་བ་གཉིས་སྐུ་མཚམས་དམ་པར་མཛད། དེ་ནས་སྤྱན་འདྲེན་པ་འབྱོར་བ་ལྟར་དབུས་སུ་ཕེབས་ཏེ། དར་གླིང་དུ་ཟླ་བ་གཅིག་བར་སྐུ་མཚམས་མཛད་ནས། ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། དགུང་ལོ་བཅུ་དགུ་པ་ཤིང་འབྲུག་ཧོར་ཟླ་དྲུག་པའི་འགོར་བསམ་ཡས་མཆིམས་ཕུར་ཐེགས་ཏེ། ཡུམ་དང་ལྷན་ཅིག་གནས་གཟིགས་མཛད་པའི་ཚེ་བྲག་དམར་ཀེའུ་ཚང་དུ་མཁའ་ལས་འཇའ་ཚོན་སྣ་ལྔ་རྣམས་ཐོག་བབས་སུ་བབས་ནས་དེ་སྐོར་དུ་འཇའ་འཁྱིལ་ཆེན་པོ་བྱུང་། ཚེས་བཅུའི་ཉིན་ཡུམ་ཉིད་གཞིས་སུ་ཕྱིར་ཐེགས། དེ་ཉིན་ནས་བཟུང་ཤིང་སྦྲུལ་བཤོལ་དང་བཅས་པའི་ཟླ་བ་དྲུག་པའི་ཚེས་བཅུའི་བར་ལོ་མཚམས་ཀྱི་བཅད་རྒྱ་དམ་པར་མཛད་དེ། ཐོག་མར་གུ་རུ་ཞི་བའི་ལྗགས་བསྙེན་མཛད་པའི་སྐབས་ཉེར་ལྔའི་དུས་ཆེན་ཞིག་གི་ཐོ་རེངས་ཀྱི་ཐུན་ཚུགས་པ་ན་སྒྲུབ་ཁང་གི་ནང་གཞན་རྣམས་མུན་པ་དང་བཅས་པ་ཉིད་ལས། སྒྲུབ་རྫས་ཀྱི་སྟེང་གི་ཐད་དེར་འོད་ཀྱི་གུར་ཁྱིམ་དམར་སེར་སྒོ་ང་ལྟ་བུ་གསལ་ཞིང་དྭངས་པའི་ནང་དུ། གུ་རུའི་སྐུ་ཉིད་ཤིན་ཏུ་གསལ་བ་ལ་རྗེ་ཉིད་རང་གི་ཐུགས་དང་རོ་གཅིག་ཏུ་གྱུར་པ་ལྟ་བུར་ཡུལ་མེད་རང་གསལ་དུ་སྣང་བའི་ངེས་ཤེས་བརྟན་པོ་འཆར་བ་དང་། ཡང་དེ་དུས་དཔལ་ཆེན་ཕུར་པའི་ལྷ་ཚོགས་བསྙེན་སྒྲུབ་ཟླ་བ་དྲུག་གི་བར་གནང་བའི་ཚེ། གཟིམས་སྤྱིལ་གྱི་རྩིག་སེང་མདའ་སྙུག་ཤོང་ཙམ་ཞིག་ཡོད་པ་དེར་དུད་པ་འདྲ་བ་ཞིག་སྔོ་ཕྱུར་གྱིས་བྱུང་བ་དེ་སྤྱན་ལ་མདུང་ཚུགས་སུ་ཟུགས་པའི་སྣེ་ཁབ་མིག་ལྟ་བུར་ཕྲ་ཞིང་ཇེ་ཆེར་སོང་བའི་


MLP003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་སྦུ་གུ་ཕྱི་མཐའ་ཚད་མེད་པ་རག་དུང་གི་དབྱིབས་ལྟ་བུའི་ནང་ན་རྒྱ་བོད་ཀྱི་གནས་ཡུལ་སྐྱེ་བོའི་བྱ་བྱེད་སོགས་ཐམས་ཅད་མེ་ལོང་གི་གཟུགས་བཞིན་གསལ་བ་དང་། ཁྱད་པར་བོད་ཡུལ་ཙམ་དང་དབུས་གཞུང་ཉེ་འཁོར་གྱི་གནས་ལུགས་ཐམས་ཅད་མངོན་སུམ་བཞིན་དུ་གཟིགས། ཇེ་ཞིག་ན་ཆུ་ནང་གི་གཟུགས་བརྙན་རླབས་ཀྱིས་དཀྲུགས་པ་བཞིན་འགྲིབ་ནས་སླར་ཡང་ཞིང་ཁམས་འཇའ་འོད་ཀྱིས་བྲེས་པའི་ཐིག་ལེ་མུ་ཁྱུད་ཀྱི་རྭ་བའི་ནང་མཐིང་ཞུན་ལྟར་དྭངས་པའི་ཀློང་དུ་རྡོ་རྗེ་སེམས་དཔའ་དཀར་གསལ་དྲི་མ་མེད་པའི་སྐུ་ཅན་མཚན་དཔེ་གསལ་རྫོགས་སུ་བཞུགས་པའི་གཡས་གཡོན་དུ་ལྷ་མོ་མཛེས་སྡུག་དཀར་དམར་གཉིས་དར་དང་རིན་པོ་ཆེས་བརྒྱན་པ། པི་ཝང་དང་གླིང་བུས་བསྒྱུར་བའི་རོལ་མོའི་གདངས་ལས་ཚིག་འདི་སྐད་ཅེས་འབྱུང་སྟེ། ཨ་ཧོ། འོག་མིན་གྱི་གནས་ན་ཟག་མེད་ཀྱི་བདུད་རྩི། །དགའ་ལྡན་གྱི་ལྷ་ལ་འཆི་མེད་ཀྱི་བདུད་རྩི། །འཛམ་གླིང་གི་མི་ལ་མྱོས་བྱེད་ཀྱི་བདུད་རྩི། །རོ་ཡི་ཁྱད་པར་ཡང་ཐ་དད་མང་པོ། །ནུས་པའི་ངོ་བོ་ལ་ཁྱད་པར་མི་འདུག །དེ་འཐུང་གི་ཌཱཀྐི་མི་བསྐྱོད་རྡོ་རྗེ། །སྙིང་སྟོབས་ཀྱི་གོ་ཆ་གསལ་བར་གདའ་ན། །ཤེས་རབ་ཀྱི་རལ་གྲི་རྣོ་ངར་འཛོམ་དགོས། །སྔོན་འདས་ཀྱི་ཚུལ་ལ་ཨ་ཧོ་ཨ་ཧོ། །ཕྱིན་ཆད་ཀྱི་ས་ལ་སེམས་ཀྱི་ས་བོན། །ཡུལ་དུ་གདབ་པ་ནི་ཡ་མཚན་ཡིན་ནོ། །ཞེས་སྒྲོགཡང་དེ་ཉིད་སྔར་བཞིན་ཡལ་མཐར་ཨ་ཡིག་དཀར་གསལ་འོད་ཟེར་འཕྲོ་བ་འཇིག་རྟེན་གང་བ་ཙམ་ཞིག་གཟིགས། དེ་ཧྲིལ་གྱིས་འགྲིལ་ནས་འོད་ཀྱི་རྩ་བ་ཕྲ་ས་དེར་འདུས་པའི་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཞིག་ཏུ་སོང་བ་སྤྱན་ལ་ཐིམ་པ་འདྲ་བ་ཞིག་བྱུང་། འཆར་སྒོའི་ཡུན་ལ་དཔག་ན་ཉི་ཕྱེད་ཙམ་སོང་སྙམ་པ་བྱུང་ཡང་ཉི་ཚད་ཆེར་མ་འཕོས་པ་འདུག་གསུང་། ཡང་སྐབས་ཤིག་ནམ་མཁར་དཔལ་ཆེན་པོ་ཧེ་རུ་ཀ་འཁོར་བཅས་ཤིན་ཏུ་གསལ་བ་སྒྲ་འོད་ཀྱི་སྣང་བ་དང་བཅས་གཟིགས་པ་དེ་ཉིད་ལ་ཐུགས་གཡོ་མེད་དུ་གནས་པ་དར་ཅིག་གི་བར་དུ་བྱུང་། སླར་ཡང་ཡུལ་གྲོང་ནགས་ཀླུང་མེ་ཏོག་གི་ཚལ་ཡིད་འོང་རབ་ཏུ་རྒྱས་པའི་དབུས་སུ། ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་ཛོ་ཀི་རྣལ་འབྱོར་སྤྱོད་པའི་ཆས་ཅན་གཟི་བརྗིད་ཉི་མ་ལྟར་འབར་བའི་


MLP003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་རིག་འཛིན་མཁའ་འགྲོའི་ཚོགས་དང་ཁྱད་པར་ཡེ་ཤེས་མཚོ་རྒྱལ་མཛེས་སྡུག་མོན་མོའི་ཆས་ཅན་གཡོན་དུ་འཁོད་པའི་རྣམ་པ་གསལ་བ་ལ་གུས་པས་བཏུད་པའི་ཚེ། བྱིན་གྱིས་བརླབས་པའི་བརྡ་ཐབས་དང་། མཚོ་རྒྱལ་གྱིས་གླེགས་བམ་ཆུང་ངུ་ཞིག་ཕུར་པའི་ཟབ་ཆོས་ཡིན་ཞེས་ཕྱག་ཏུ་གཏད་དེ། ང་ནི་རྣལ་འབྱོར་བདུད་འདུལ་དྲག་མོ་རྩལ། །བུ་ཁྱོད་རྟག་ཏུ་བྱིན་གྱིས་བརླབས་པ་ཡིན། །ཞེས་གསུང་། གླེགས་བམ་དེ་ཕྱག་ཏུ་བཞེས་པ་ཞལ་ཕྱེ་ནས་ལྗགས་ཀློག་གནང་བར་རྩོམ་པ་ན། རླུང་དྲག་པོས་དཔེ་རྣམས་ཕྱོགས་བཅུར་ཁྱེར་བའི་སྒྲ་གདངས་ཀཱི་ལ་ཡར་སྒྲོག་པའི་ངང་ནས། རྗེ་ཉིད་རང་ཡང་བྱང་ཤར་མཚམས་ཀྱི་མཁའ་ལ་བྱ་འཕུར་བ་ལྟར་ཐོགས་མེད་དུ་གཤེགས་པའི་ལམ་རྣམས་དུར་ཁྲོད་རབ་ཏུ་འཇིགས་པ་ཤ་རུས་ཀྱི་གཅོང་རོང་ཁྲག་རྒྱུན་གྱི་ཞམ་ཆུ་འབེབས་ཤིང་ནགས་ཚལ་མང་པོ་འདས་པའི་མཐར། མེ་ཏོག་སྣ་ཚོགས་རྒྱས་པའི་ཚལ་དུ་ཨསྨ་གརྦྷའི་འགྲམ་སྟེགས་ཡིད་དུ་འོང་བའི་དབུས་སུ་ཡན་ལག་བརྒྱད་དང་ལྡན་པའི་ལྷ་ཡི་ཆུ་བོས་ཡོངས་སུ་གང་བའི་རྫིང་བུ་གཟིགས་པ་ན། ལྕང་ལོ་ཅན་གྱི་བདུད་རྩི་ནི་འདི་ཡིན་ནོ། །ཞེས་པའི་སྒྲ་གྲགས་པ་གསན་པས། དེ་ལས་གསོལ་བར་བཞེད་ནས་ཕྱག་གིས་བཅུས་པའི་ཚེ་ཧཱུྃ་ཡིག་མཐིང་ཞུན་སྙིམས་པ་ཁེངས་པ་ཞལ་དུ་བཞེས་པ་ན། རྒྱལ་ལོ་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ། །འགྲོ་དོན་བསྟན་པ་མཐའ་རུ་རྒྱས་པར་འགྱུར། །ཞེས་པའི་སྒྲ་གདངས་ནམ་མཁའ་གང་བ་ཙམ་གསན་པའི་རྐྱེན་གྱིས་མནལ་སད་ཅིང་སད་ནས་ཀྱང་ཟག་མེད་བདེ་བའི་ཉམས་ཀྱིས་ལུས་སེམས་ཁྱབ་པའི་ངང་ལ་རྩོལ་མེད་རིང་དུ་གནས་པ་བྱུང་། ཡང་ནུབ་གཅིག་མནལ་ལམ་དུ། བུད་མེད་མང་པོས་སྔུན་བསུས་ཏེ་ཁང་བཟང་བཀོད་པ་ལེགས་པ་ཡིད་དུ་འོང་བའི་ནང་དུ་ཐེགས་པས། དེར་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པར་ཡབ་རྗེ་གསང་བདག་ཆེན་པོ་བཞུགས་འདུག་པ་མཇལ་ཏེ་གུས་པས་ཕྱག་མཛད་པ་ན། སྙིང་ཐིག་གི་འདས་རྗེས་རྫོགས་པར་གསུངས་ཤིང་། སྔར་གྱི་བུད་མེད་རྣམས་ཀྱིས་ཀ་པཱ་ལ་ཤ་ཆང་ཟས་སྣས་བཀང་བ་ཕྱག་ཏུ་ཕུལ་བའི་མཐར། ཕྱི་མཐའི་གནས་དུས་ཀྱི་འགྱུར་ལྡོག་སོགས་མང་པོ་ཞིག་ལུང་དུ་བསྟན། ཡང་སྐབས་ཤིག་


MLP003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མནལ་དུ་སོང་བ་ནི་མེད། མངོན་སུམ་ལྟ་བུ་ལ་མཚན་འཛིན་གྱི་དྲན་རྟོག་རགས་པ་དེའང་མེད་པའི་འོད་གསལ་གྱི་རྩལ་སྣང་ལ་བཞུགས་པའི་ཁྱོན་དེ་ཀ་རིན་པོ་ཆེའི་ཁང་བཟང་ཕྱི་ནང་མི་སྒྲིབ་པ་ངོ་མཚར་ཆེ་བ་ཞིག་ཏུ་སོང་བ་ན། བུད་མེད་གཞོན་མཛེས་ཆས་གོས་དང་རྣམ་འགྱུར་སྣ་ཚོགས་པས་བསྐོར་བའི་དབུས་སུ། མཁའ་འགྲོ་མཚོ་རྒྱལ་གཞོན་མཛེས་དམར་མདངས་ཆགས་པ་རུས་པ་དང་མེ་ཏོག་གི་ཕྲེང་བའི་རྒྱན་ཅན་གཟི་མདངས་མཚུངས་པ་མེད་པ་ཞིག་བཞུགས་འདུག་པ་དེས་ཆང་ཐོད་ཕོར་གང་སྩལ་བ་བཞེས་པས་ལུས་སེམས་ལ་བདེ་བ་བཟོད་མེད་དུ་འབར་བ་སྙམ་བྱེད། ཡང་ཅུང་ཟད་མནལ་བ་ན། མཚོ་རྒྱལ་གྱིས་རུས་པའི་སྨྱུ་གུ་དང་ཤེལ་གྱི་གླེགས་བུ་ཞིག་ཕྱག་ཏུ་གཏད་དེ། གཏེར་ཤོག་གི་བམ་པོ་མང་པོ་ལས་ཁ་ཅིག་གུད་དུ་ཕྱེ་ནས་འདི་རྣམས་བྲིས་གསུངས། སྣག་ཚ་མེད་སྙམ་པ་ན། དེ་ཉིད་ཀྱི་ཞལ་ནས་མཚལ་ཁྲག་ཕྱུང་སྟེ་སྩལ་བས་འདྲི་བར་བརྩམ་པ་ན། ཆོས་ཚན་མང་པོ་ཡུད་ཙམ་ཞིག་ལ་བྲིས་ཚར་བ་སྙམ་མཛད་པ་དང་མནལ་སད། སད་ནས་ཀྱང་ཐུགས་ཉམས་དགྱེས་ཡ་ལེ་བར་འདུག་པས། ཤོག་སེར་འབེབས་པར་གནང་བ་བྱིན་པར་དགོངས་ཏེ། སང་ཉིན་དེ་ཚེ་སྒྲུབ་སྐོར་གྱི་ཤོག་སེར་འབེབས་པར་མཛད་པའི་དུས་ནམ་མཁའ་འཇའ་འོད་ཀྱིས་ཁེངས་པ་སོགས་ངོ་མཚར་བའི་རྟགས་མངོན་དུ་གཟིགས། དེའི་ཚེ་དཔལ་རི་སྤྲུལ་པའི་སྐུས་མོས་འདུན་དྲག་པོས་གསོལ་བ་བཏབ་པ་ལྟར། ཤོག་སེར་འབེབས་པའི་ལུང་བསྟན་དང་སྤྲུལ་པའི་སྐུས་སྙན་འབུལ་ཡང་སྟེས་འགྲིག་པས་དུས་ལ་བབས་པར་དགོངས་ནས་ཚེ་དབང་དང་ཚེ་སྒྲུབ་སྐོར་གྱི་ལུང་སྩལ་ཏེ། ལུང་བསྟན་ལྟར་ཆོས་བདག་གི་ཐོག་མའི་རྟེན་འབྲེལ་སྣེ་ཟིན་ཙམ་ཞིག་འགྲིག་ནའང་། ཕྱིས་གཞན་རྐྱེན་བར་ཆད་ཀྱི་དབང་དུ་ཐལ་བ་ཞིག་བྱུང་བར་སྣང་། སྐུ་མཚམས་དེའི་ཁོངས་སུ་གཏེར་སྒྲོམ་གྲུ་བཞི་པ་དེ་ཞལ་དབྱེ་བར་མཛད་པ་ལས་རིག་འཛིན་ཐུགས་ཐིག་གི་ཆོས་སྐོར་དང་། དམ་རྫས་ལེ་ཚན་གསུམ་གུ་རུའི་སྐུ་ཚབ་ཆེ་ཆུང་རྣམས་བྱོན་པ་ལས་ཆོས་སྐོར་ཕལ་ཆེ་བ་རྣམས་བུ་དཔེར་འབེབས་པར་མཛད་ཅིང་། ལྷ་སོ་སོའི་བསྙེན་སྒྲུབ་ཀྱང་གནང་སྟེ་དངོས་གྲུབ་ཀྱི་མཚན་མ་བཟང་པོ་གཟིགས་པས་ལེགས་ཚོགས་ཀྱི་རྟེན་


MLP003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་འགྲིག་ནས་ཤིང་སྦྲུལ་ཟླ་བ་དྲུག་པའི་ཚེས་བཅུའི་སྔ་དྲོ་ནང་མཚམས་བཀྲོལ་ཏེ། ཞག་ཤས་ངལ་གསོར་བཞུགས་སྐབས། དབུ་མཛད་ལྷུན་གྲུབ་རྣམ་རོལ་གྱིས་མོས་དུངས་ཆེན་པོས་གསོལ་བ་བཏབ་པ་ལྟར། ཚེའི་དབང་དང་རྩ་བའི་སྒྲུབ་སྐོར་ཙམ་གྱི་ལུང་བསྩལ། དེ་ནས་གཡའ་མ་ལུང་དུ་ཕེབས་ཏེ། སྐུ་ཚེའི་སྒྲུབ་པ་བདུན་ཕྲག་གཅིག་གནང་བས། བུམ་པའི་ཚེ་ཆུ་ཆུ་ནང་དུ་རྡོ་སྲེག་བཅུག་པ་ལྟར་ཁོལ་བའི་རླངས་པའི་ཁྲོད་ནས་ཧྲཱིཿཡིག་དམར་པོའི་རྣམ་པ་མང་པོ་གྱེན་དུ་འཕྱུར་བའི་གསལ་སྣང་ཤིན་ཏུ་ཆེ་བ་ཞིག་གཟིགས། ཟླ་བ་དྲུག་པའི་མཇུག་ལ་དར་གླིང་དུ་ཕྱིར་ཕེབས་ནས་ནང་འཁོར་རྣམས་ལ་གཏེར་རྫས་ཀྱི་བྱིན་རླབས་གནང་། དེ་ནས་ཟླ་བ་བདུན་པའི་ཉེར་ལྔའི་ནུབ་དར་གླིང་དབང་ཁང་དུ་གཅུང་རྒྱལ་བའི་སྲས་པོ། ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ། སྐུ་ཞང་དོན་འགྲུབ་ཚེ་བརྟན་བཅས་ཉུང་འདུས་ལ་རིག་འཛིན་ཐུགས་ཐིག་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་དང་ལུང་རྣམས་མཐའ་རྒྱས་སུ་སྩལ་སྐབས་ཁོ་བོས་ཀྱང་སྐལ་བཟང་གི་བཀའ་དྲིན་ཐོབ། དེའི་ཚེ་སྙན་པའི་སྒྲ་ལྡིར་ཞིང་ལྷས་མེ་ཏོག་གི་ཆར་ཕབ། བུམ་ནང་དུ་མེ་ཏོག་ལྷུང་བ་མྱུ་གུ་སྡོང་པོ་སྙེ་མའི་བར་དུ་སྨིན་པ་སོགས་ངོ་མཚར་བའི་མཚན་མ་བཟང་པོ་མངོན་དུ་སྣང་བར་མཛད། དེ་རྗེས་གཟིམས་ཆུང་བསམ་གཏན་སྦུག་ཏུ་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཆེད་དུ་རྩ་གསུམ་བསྐང་བཤགས་སོགས་ཟླ་བ་གཅིག་གི་བར་དུ་སྐུ་མཚམས་དམ་པོས་བསྒྲུབས་པའི་མཐར་སྲེག་བླུགས་ཀྱི་མཆོད་པ་འབུལ་བར་མཛད་པ་ན། མེ་པདྨ་ལྟ་བུར་འབར་བ་ལས་སྙན་པའི་སྒྲ་ཏིང་ཤག་གི་སྒྲ་ལྟར་གྲགས་པའི་དགེ་མཚན་ཡང་གཟིགས། དགུན་དེ་བསམ་གཏན་སྦུག་ཏུ་ཟླ་ཤས་ཀྱི་བར་དུ་སྐུ་མཚམས་དམ་པར་བཅད་ནས་རྟ་མགྲིན་གྱི་ལྗགས་བསྙེན་མཛད་པ་ན། སྐབས་ཤིག་ནམ་མཁའི་སྤྲིན་གསེབ་ནས་སྤྱན་རས་གཟིགས་དབང་མཛེས་འཛུམ་འོད་ཟེར་འཕྲོ་བ་བྱོན་ནས་ཉིད་ཀྱི་སྐུ་ལ་ཐིམ་པ་དང་། ལྷ་འདྲེ་མི་སོགས་རྣམ་འགྱུར་མ་ངེས་པའི་འགྲོ་བ་མང་པོས་བཏུད་པ་སོགས་ཀྱི་སྣང་ཉམས་དང་ཤེས་ཉམས་ཟད་མི་ཤེས་པ་དང་། གང་ཤར་གྱི་སྣང་བ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་ལྟར་སྣང་ཙམ་ནས་རང་བཞིན་སྤྲོས་བྲལ་


MLP003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབྱིངས་སུ་གྲོལ་བའི་སྣང་སྟོང་ཞེན་བྲལ་གྱི་གནས་ལུགས་རྗེན་པར་གཟིགས་པའི་རྟོགས་པ་ཁྱད་པར་ཅན་འཁྲུངས། སྐུ་མཚམས་གྲོལ་རྗེས་ལྷ་ལྡན་ཕྱོགས་སུ་ཆིབས་བསྐྱོད་དེ། རྒྱལ་ཟླའི་གནམ་གང་གི་ནུབ་མནལ་ལམ་དུ་བུད་མེད་གཟུགས་བཟང་སྐྲ་རིང་པོར་འཕྱང་བ་གསེར་གཡུས་བརྒྱན་པ་གཅིག་གིས་མདའ་དར་དཀར་པོ་ཞིག་ཕྱག་ཏུ་གཏད་ནས་གུས་ཕྱག་འབུལ་བའང་བྱུང་། དེ་ནས་མེ་རྟ་ཟླ་བ་དང་པོའི་ཚེས་གཉིས་ཀྱི་ཉིན་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་ལྷ་མིའི་སྟོན་པ་རྒྱལ་མཆོག་ལྔ་པ་ཆེན་པོ་མཇལ་དུ་ཐེགས་པ་ན། ཆེ་དགུ་མང་དུ་འཚོགས་པའི་བཞུགས་གྲལ་གྱི་དབུས་སུ་ཉིད་ཀྱིས་ཟབ་གཏེར་ཞིག་བཞེས་ཡོད་འདུག་པར་ཡོང་ལུགས་ཅི་འདྲ་བྱུང་ཞེས་བཀའ་འདྲི་ཕེབས་པར། ངེས་པ་འདྲོང་པའི་སྙན་འབུལ་ཞུ་འོས་ཤིག་མེད་ཀྱང་། སླར་བསླབ་སྟོན་ཞུ་དགོས་པར་འདུག་ཅེས་ཞུ་བར་མཛད་པས། བཞུགས་གྲལ་དེ་གྱེས་པ་དང་སང་སྔ་བར་གཏེར་རྫས་སོགས་བསྣམས་ནས་བྱོན་ཅིག་ཅེས་མགྲོན་གཉེར་གྱིས་བསྒྱུར་བྱུང་བ་བཞིན། སང་སྔ་ཆར་རྩེར་ཕེབས་པ་ན། དེ་མ་ཐག་སྐུ་ཞབས་སུ་གནང་བའི་དྲུང་ན་ཞབས་ཕྱི་སུ་ཡང་མེད་པའི་ཤིན་ཏུ་འགོལ་བར་ཁ་བྱང་བྱུང་ཚུལ་ནས་བཟུང་སྔ་ཕྱིའི་རྒྱུ་མཚན་རྣམས་བཀའ་འདྲི་ཞིབ་པར་སྩལ་ཕེབས་ལ། ཡིན་ལུགས་ཀྱི་ལན་དྲང་པོར་གསོལ་བར་མཛད་པས། གཏེར་རྫས་རྣམས་ལ་ཡང་ཞིབ་པར་གཟིགས་ཤིང་། གསོལ་ཇ་གཉིས་ཀྱི་བར་གནས་ཚུལ་གཞན་དག་ཀྱང་ལྷུག་པར་སྩལ་བའི་མཐར། རེ་ཞིག་གཏེར་རྫས་རྣམས་འདིར་འཇོག་པར་མཛད་ནས་ཁྱེད་རང་དཔོན་སློབ་རྣམས་ལྷ་སར་བཞུགས་ཤིག་ཅེས་གསོལ་ཆས་ཀྱི་ཕོག་བཟང་པོའང་གནང་། དེ་ནས་ཚེས་ལྔའི་ཉིན་སྤྱན་འདྲེན་པ་མངགས་པ་ལྟར་རྩེར་ཐེགས་པ་ལས། གོང་ཞབས་ཉིད་སྐུ་མཚམས་བཅད་རྒྱ་གནང་བའི་རྒྱ་གུར་ཞིག་ཏུ་བཞུགས་སྟན་སྟབས་བདེ་དམའ་བར་མཛད་པའི་ཤིན་ཏུ་ཉེ་བར། དྲེའུ་རྔོག་གི་བཞུགས་སྟན་བཟང་པོ་ལ་བཞུགས་སུ་བཅུག་ནས། མདང་སོང་བརྟག་པ་བགྱིད་པའི་རྟགས་དང་རྟེན་འབྲེལ་ཐམས་ཅད་ཀྱང་བཟང་། ཁྱད་པར་ཤོག་སེར་རྣམས་ཉང་རིན་པོ་ཆེའི་གཏེར་ཤོག་དང་དབྱེ་བ་མེད་པ་སོགས་གཏེར་རྫས་ཐམས་ཅད་ཀྱང་ངོ་མཚར་དང་ལྡན་པ་ཁོ་ནར་འདུག་


MLP003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། སྔ་སོར་ངེད་རང་གི་དག་སྣང་ནོར་བུའི་རྒྱ་ཅན་དུ། ཨོ་རྒྱན་ཐུགས་སྲས་སྦས་ཚུལ་མ་ངེས་པ། །བྱུང་དང་རྟེན་འབྲེལ་འགྲིག་ན་བོད་འདི་བདེ། །ལོ་གསུམ་ཚུན་ལ་བརྟག་དཔྱད་ཞིབ་ཏུ་ཆོད། །ཅེས་འདུག་པ་འདི་ལྕགས་བྱི་དེ་ནས་བརྩིས་པའི་སྟག་ལོ་བསམ་ཡས་སུ་མཇལ་བས་ལོ་ངོ་གསུམ་དང་། དེའི་ཕྱི་ལོ་ཡོས་ལོར་གཏེར་ཁ་བཞེས་པས་ལོ་རིལ་པོ་གསུམ་གྱི་དུས་འགྲིག་པ་སོགས་ངེས་ཤེས་འདྲོངས་པ་བྱུང་བ་བཅས། ད་རེས་ཐོག་མའི་རྟེན་འབྲེལ་མ་ལོགས་པ་ཞིག་གལ་ཆེ་བར་འདུག་པས། དེའི་དགོངས་པ་གཏོད་དགོས་ཞེས་དར་དཀར་རིང་པོ་ཞིག་སྩལ་ནས་གཏེར་རྫས་རྣམས་དབུ་ཐོག་ཏུ་བཞེས་པ་ལ་རྗེ་ཉིད་ཀྱི་ཕྱག་གིས་བཟུང་སྟེ་བརྒྱུད་པའི་བཤར་འདེབས་དང་། བཀའ་གཏད་ཀྱི་སྨོན་ལམ་འབུལ་བར་མཛད་ཅིང་དེ་དུས་གོང་ཞབས་ཉིད་ཆོས་རྒྱལ་ཁྲི་སྲོང་གི་རྣམ་པར་གཟིགས་པའི་རྐྱེན་གྱིས་ཆོས་རྒྱལ་དང་བཻ་རོའི་ལས་འབྲེལ་སོགས་སྔ་ཕྱིའི་འཁྲུངས་རབས་འགའ་ཞིག་ཐོགས་མེད་དུ་ཐུགས་ལ་སལ་ལེར་ཤར་བ་བྱུང་། དེ་རྗེས་བཀའ་ལས། ད་རེས་རྟེན་འབྲེལ་གྱི་སྣ་ཟིན་དེ་ཙམ་ཞུས་ཏེ། དབང་ལུང་རྣམས་རིན་པོ་ཆེ་སྨན་ལུང་པ་བརྒྱུད་ནས་ཞུ་དགོས་འདུག་ཅིང་། ཕྱིས་ཆོས་བཀའ་རྣམས་ངོས་ཀྱིས་ཞུ་བའི་རྟེན་འབྲེལ་བསྒྲིག་དགོས་འདུག་པ་ཐུགས་འདུན་གཏོད་དགོས་ཚུལ་དང་། གཞན་ཡང་འཕྲལ་ཡུན་གྱི་བསླབ་སྟོན་ཞིབ་རྒྱས་དགྱེས་བཞིན་དུ་སྩལ། དེ་ནས་ལྷ་སར་མི་དབང་ཆེན་པོར་མཇལ་ཕྱག་དང་། ཐུགས་སྲས་སྤྲུལ་པའི་སྐུ་ལྷ་སར་ཕེབས་འདུག་པའང་མཇལ་དུ་ཐེགས་པས། ཉིད་ཀྱིས་གཏེར་བཞེས་པ་ད་རེས་ཚུན་མ་ཚོར། རང་ལུགས་ཀྱི་བསྟན་པ་ལ་ཤ་ཐོག་མར་བརྩེགས་ཀྱི་ཕན་པ་ཆེན་པོར་གྱུར་ཅིང་། སླར་ཆོས་བཀའ་རྣམས་ཞུ་བའི་རྟེན་འབྲེལ་བྱེད་གསུང་། བཞེས་ཅན་བཅུད་ཀྱིས་གང་བ་ཞིག་འབུལ་བར་མཛད། ཕྱིས་ལྷོ་བྲག་གུ་རུ་ལྷ་ཁང་དུ་སྤྱན་དྲངས་ཏེ་རིག་འཛིན་ཐུགས་ཐིག་གི་དབང་ལུང་རྣམས་གསན་ཞིང་། ཉམས་བཞེས་མཛད་པས་རྟེན་འབྲེལ་ལེགས་ཚོགས་སུ་འགྲིགགནས་ཚང་དུ་བླ་སྨན་འབྲང་རྒྱས་པ་དང་། གཞི་ཤར་ལགས་ཨ་གུར་སོགས་ཉུང་འདུས་ལ་གཏེར་གསར་གྱི་དབང་ལུང་རགས་རིམ་གནང་བ་ལའང་ཅུང་ཟད་འཚུབ་པ་ཙམ་བྱུང་ཞིང་།


MLP003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་དགུ་ལ་ཆིབས་བཏེག་སྟེ། རིམ་པར་ཆུ་བོ་རི་ཟེ་བོར་སྨན་ལུང་རིན་པོ་ཆེར་གཏེར་གསར་གྱི་དབང་ལུང་རྣམས་གང་མྱུར་འབུལ་བར་མཛད་པར་ཡང་ཤངས་ཁྲག་ཆད་མེད་དུ་ཟག་པ་སོགས་འཚུབ་ངོ་གསལ་བ་ཙམ་བྱུང་བས་མྱུར་ཁྱད་ཀྱིས་རང་གནས་སུ་ཕྱིར་ཕེབས་མཚམས་ནས། གྲིབ་ཚད་ལྟ་བུའི་བསྙུན་བབས་གཞི་ཆེ་བ་ལ་རེས་འགའ་ཤངས་ཁྲག་ཞག་རེ་ཙམ་སྦྲེལ་མར་འཛག་པ་སོགས་ཟླ་བ་གསུམ་དུ་ཉེ་བར་གཟིམས་མལ་དུ་ལྷུངས་པའི་ཤིན་ཏུ་བསྙུན་བབས་ལྕི་བས། སྨན་པ་རྣམས་ཀྱིས་ཀྱང་ཞལ་མི་བཞུགས་པར་ཐག་བཅད། འོན་ཀྱང་སྐུའི་རིམ་གྲོར་གཏེར་གསར་གྱི་སྲུང་མ་རྣམས་ལ་བསྐང་བཤགས་དང་བསུན་བཟློག་སོགས་བསྒྲུབས། ཁྱད་པར་ཟླ་བ་གསུམ་པའི་ཉེར་དགུའི་ཉིན། གཅུང་རྒྱལ་སྲས་རིན་པོ་ཆེ་དཔལ་རི་ནས་ཕེབས་ཏེ། དེ་འཕྲལ་གཅུང་དང་གྲུབ་ཆེན་དམ་པ་གཉིས་ཀྱིས་མཁའ་འགྲོ་གྲིབ་སེལ་ཞིག་འབུལ་བར་མཛད་ཅིང་། གཙོ་བོར་རྗེ་ཉིད་རང་གི་གསང་སྒོ་འཆོལ་བའི་ཉེས་པ་ལ་བཤགས་པ་ལན་མང་དུ་མཛད་པའི་མཐུས། ཉེར་དགུའི་སྲོད་ཀྱི་ཆ་ལ་མནལ་ལམ་དུ། བཞུགས་སའི་ནུབ་ངོས་ཀྱི་སྐྱ་ལོགས་དེ་ལ་ཐང་སྐུ་ཞིག་བཀྲམ་འདུག་པའི་ཡུལ་བཀོད་ལ་མཆོད་རྟེན་ཞིག་འདུག་པའི་དྲུང་ན། རྡོ་རྗེ་ཕག་མོ་ཉིད་བདག་འཛིན་གྱི་ཞེན་ངོར་བུད་མེད་མི་སྡུག་པའི་རྣམ་པར་བསྟན་ནས་ཁྲོ་ཚུལ་དང་མྱ་ངན་གྱི་རྣམ་པ་བྱེད་པ་དང་། ཡང་དེ་འཕྲལ་འཛིན་མེད་རིག་རྩལ་གྱིས་རྣལ་འབྱོར་མ་ལྷའི་བུ་མོའི་རྣམ་པ་འཇོ་སྒེག་བདེ་བའི་ཉམས་ཅན་མདའ་དར་ཐོགས་ནས་བརྡ་ཚིག་གིས་གླུས་ན་བའི་རང་བཞིན་སྒྱུ་མར་ངོ་སྤྲད། ཡང་ནང་གི་མུན་པ་ཆེན་པོའི་གདངས་སྤྲིན་གསེབ་ནས་མི་སེང་གེའི་གདོང་ཅན་འབྲུག་ལ་བཞོན་པ་ཞིག་མདུན་གྱི་ནམ་མཁར་གློག་འགྱུ་བ་བཞིན་དུ་བདུད་ལས་རྒྱལ་བའི་གད་རྒྱངས་འབྲུག་སྒྲ་ལྟར་སྒྲོག་བཞིན་པར་སོང་བ་དང་མནལ་སད། ཡང་དེ་འཕྲལ་ཅུང་ཟད་མནལ་བ་ན། གཟུང་འཛིན་གཅོད་པའི་རང་རིག་གི་རྩལ་ཐུགས་ཀ་ནས་གྲི་གུག་རྣོ་དབལ་ཅན་ཞིག་འཐོན་ཏེ་ཇེ་མཐོར་སོང་བ་ནམ་མཁའ་དང་ཁྲིག་གེ་འདྲེས་པའི་མོད་ལ། དེ་ཉིད་སྣང་བ་ཀུན་དང་རོ་གཅིག་ཏུ་འདྲེས་ནས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འབར་བར་གྱུར་ལ།


MLP003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངོ་བོ་རང་རིག་འགྱུར་མེད་ཀྱི་མཐའ་སོན་པ་དང་མནལ་སད་ཅིང་། སད་ནས་ཀྱང་སྐུ་ལུས་ལ་བདེ་ཉམས་རྒྱས་པས། ཟླ་བ་སྒྲ་གཅན་ལས་གྲོལ་བ་བཞིན་བསྙུན་གཞི་ལས་སྐད་ཅིག་གིས་གྲོལ་བས་ཐམས་ཅད་ཡ་མཚན་པར་གྱུར། དེ་ལྟར་རྗེ་རྒྱལ་བའི་དབང་པོར་ཟབ་ཆོས་འབུལ་བ་མཛད་པ་འདི་ལ། ཕྱིས་སུའང་བཀའ་ལས་ཕོ་ཉའི་བརྒྱུད་སྐོར་མེད་ན་རྟེན་འབྲེལ་གྱི་གཞི་ཆེ་བ་ཞིག་འགྲིག་ཏུ་ཡོད་ཀྱང་། དེ་ལས་ཆ་ཙམ་དམན་པར་གྱུར་མོད་འོན་ཀྱང་རྟེན་འབྲེལ་གྱི་རྩ་བ་ལེགས་པར་འགྲིག་པ་ཡིན་གསུངས། འདི་སྐབས་གོང་མའི་ལུང་བཞིན་སྐུ་རྟེན་དཀར་ཆས་སུ་བསྒྱུར་བའང་མཛད། དེ་ནས་མི་རིང་བར་ལུང་བསྟན་སོགས་ཆོས་སྐོར་འགའ་ཞིག་གི་གཏེར་ཤོག་ཀྱང་འབེབས་པར་མཛད་ཅིང་། མེ་རྟ་ལོ་ཟླ་བ་བཞི་པའི་ཚེས་གཅིག་ནས་བཟུང་དར་གླིང་དབང་ཁང་དུ་རིག་འཛིན་ཐུགས་ཐིག་གི་སྒྲུབ་པ་སྨན་སྒྲུབ་ཀྱི་ལས་སྦྱོར་དང་འབྲེལ་བ་ཞིག་གནང་བའི་ཚེས་བཅུའི་སྔ་དྲོ་གྲོལ་བའི་ཉིན་སྐལ་ལྡན་འགའ་ལ་དབང་བསྐུར་མཛད་པ་ན། གཏེར་ལུང་ལས། སྐྱེས་བུ་འདི་ཉིད་ཉེར་གཅིག་ལོན་པའི་ལོར༔ རིགས་ལྡན་ཡེ་ཤེས་ཌཱཀྐི་ཞིག་དང་འཕྲད༔ ཅེས་སོགས་གསུངས་པ་ལྟར་གསང་བ་ཡེ་ཤེས་ཀྱི་ཌཱཀྐི་མ། རྣམ་པ་ནུས་འབྱིན་ས་ལེའི་སྤྲུལ་པ་པདྨ་ཅན་གྱི་རིགས་སུ་བྱོན་པ་སྔ་མ་དེ་ཉིད་ཀྱང་། དེ་ཉིན་དེར་བྱུང་བའི་སྨིན་ཕྲག་ཏུ་དགའ་འཁྱིལ་དམར་སེར་འཁོར་བ་དང་མཁུར་ཚོས་གཡོན་པར་ཨ་ཡིག་དམར་པོ་འབར་བ་ཞིག་ཡུད་ཀྱིས་གཟིགས་པས་སྣང་བ་གཏད་མེད་དུ་བདེ་ཆམ་མེ་བ་ཤར། དེའི་ནུབ་མནལ་ལམ་དུ། བྲག་དམར་གཡའ་མ་ལུང་གི་གནས་དེ་ཉིད་ཇི་ལྟ་བ་ལ་ཁང་བཟང་བཀོད་པ་ཚར་དུ་དངར་བའི་ནང་ན་རྗེ་ཉིད་རང་བཞུགས་པའི་ལྷོ་ཕྱོགས་ཀྱི་ནམ་མཁར་འཇའ་སྤྲིན་ལས་མེ་ཏོག་གི་ཆར་ཟིམ་འབེབས་ཤིང་། རོལ་མོའི་འུར་དིང་སྣ་ཚོགས་དང་བཅས་པའི་ཁྲོད་ནས་བུད་མེད་གཞོན་ནུ་མང་པོ་ཐོགས་མེད་དུ་ཉིད་ཀྱི་དྲུང་དུ་འོངས་ནས། སླར་ཡང་ནུབ་ཕྱོགས་ཀྱི་མཁའ་ལ་ཡེར་གྱིས་འགྲོ་བ་ལས། གཅིག་གིས་རིན་པོ་ཆེའི་སོར་གདུབ་འོད་འབར་བ་ཞིག་གཏད་ནས་དེ་ཡང་ནམ་མཁར་སོང་བ་སྙམ་བྱེད། དེའི་མོད་ལ་ཉིད་རང་ནོར་བུའི་བྲག་སྟེང་དུ་གནས་པའི་མཆན་


MLP003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་གཡོན་དུ་གོས་བཟང་པོའི་རྒྱལ་མཚན་རིན་པོ་ཆེའི་ཏོག་གིས་སྤྲས་པ་ཞིག་བསྣམས་པའི་རྩེར་འཇའ་སྤྲིན་འཁྲིགས་པའི་ཀློང་ན་ཨོ་རྒྱན་ཆེན་པོ་ཡབ་ཡུམ་བཞུགས་པའི་གཡས་སུ་བི་མ་ལ་མི་ཏྲ་དང་གཡོན་དུ་ལོ་ཆེན་བཻ་རོ་ཙ་ན་བཞུགས་པས། བདུད་རྩིས་གཏམས་པའི་བུམ་པ་སྩལ་ཅིང་བྱིན་གྱིས་བརླབས་པའི་སྣང་བ་རྨིས། མནལ་སད་ནས་ཀྱང་སྤྱན་ཆབ་འཁྲུགས་པའི་མོས་གུས་བདེ་ཆེན་གྱི་ཉམས་སུ་འབྱམས་ཀླས་པར་གྱུར། ལྟས་དེ་ལས་ལུང་བསྟན་དང་པོའི་དོན་ལ་སོམ་ཉི་མེད་ཀྱང་། རྟེན་འབྲེལ་ཕྱི་མའི་དོན་མངོན་དུ་གྱུར་པ་ཡིན་གསུང་། ༈ དེ་ནས་ཡར་ཀླུང་ཤེལ་བྲག་གི་ཟབ་གཏེར་ཇི་ལྟར་བཞེས་ཚུལ་ནི། དགུང་ལོ་ཉི་ཤུ་རྩ་གཉིས་པ་མེ་ལུག་ཤར་མཚམས་དར་གླིང་གཟིམས་ཆུང་བསམ་གཏན་སྦུག་ཏུ་ཟླ་བ་གསུམ་གྱི་བར་དུ་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོར་མཛད་ནས་བཞུགས་པའི་ཚེ། ནག་པ་ཟླ་བའི་ཚེས་བཅུའི་ཐོ་རེངས་ཀྱི་མནལ་ལམ་དུ། ཞིང་སྐྱོང་གི་ཌཱཀྐི་མ་རྣམ་པ་བུད་མེད་གཞོན་ནུ་མཛེས་འཛུམ་ཤ་ཉམས་རྒྱས་པ་དར་ཁྲའི་གོས་ཀྱིས་ཀླུབས་ཤིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞིག་སྐུ་མདུན་དུ་ཁྲོང་གིས་འོངས་ནས། བདེ་བ་ཆེན་པོའི་བརྡ་དང་རྣམ་འགྱུར་སྣ་ཚོགས་སུ་སྟོན་པ་ལས་དེ་དང་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ཉམས་བཟོད་མེད་དུ་འབར་བའི་རང་བཞིན་སྤྲོས་བྲལ་གྱི་ཀློང་དུ་གྲོལ། བུད་མེད་དེ་ན་རེ། བདེ་བ་ཆེན་པོའི་ཡེ་ཤེས་ནི་འདི་ཁོ་ན་ལས་གཞན་དུ་མེད་པས་རྟེན་འབྲེལ་གྱི་སྒོ་ཐམས་ཅད་འགྲིགའབྲེལ་ཚད་དོན་ལྡན་དུ་ནུས་པའི་མཐུ་ཐོབ་པ་ཡིན་ནོ། །ཞེས་དང་། རིན་པོ་ཆེའི་སོར་གདུབ་ཕུད་དེ་སྐུ་མདུན་ན་ཞལ་དཀར་ཡོད་པ་དེའི་ནང་དུ་བཞག་ནས། འདི་དངོས་གྲུབ་ཀྱི་རྟགས་སུ་བཟུང་ནས་མ་འགྱུར་བ་གལ་ཆེའོ། །ཞེས་བརྗོད་ནས་ཕྱི་རོལ་དུ་ཐོན་སོང་བ་དང་མནལ་སད་ཅིང་། ནམ་མ་ལངས་པས་སྤྱན་གྱིས་མ་གཟིགས་ནའང་ཞལ་དཀར་ནང་དུ་ཕྱག་གིས་མྱུལ་བས་ཤོག་དྲིལ་འདྲ་བ་ཞིག་འདུགཅི་ཡིན་ནམ་དགོངས་ཏེ། དེ་ཁར་འཇོག་པར་མཛད་ནས། ནམ་ལངས་མ་ཐག་དཀར་ཁུང་གི་ཐད་དུ་བསྣམས་ཏེ་གཟིགས་པ་ན། ཤོག་དྲིལ་དམར་སྐྱ་ཡི་གེ་གཟབ་ཆུང་ཤིན་ཏུ་ཕྲ་བ་སྤུས་བྲིས་པ་འདྲ་བ་ཞིག་ལ། ཨེ་མ་འགྲོ་འདུལ་པདྨ་རྒྱལ་པོ་


MLP003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ང་༔ ད་ནི་སྲིན་པོ་འདུལ་དུ་འགྲོ༔ ཞེས་སོགས་ཟབ་གཏེར་གྱི་ཁ་བྱང་དུ་འདུག་པས་མོས་གུས་སྤྱན་ཆབ་འཁྲིགས་པ་ཙམ་དུ་འཁྲུངས་ཤིང་། མནལ་ལམ་གྱི་བདེ་བའི་ཉམས་སྣང་དེ་ཞག་ཤས་འཚོ་བའང་བྱུང་གསུང་། དེ་ནས་ཁྲུམས་ཟླའི་ཚེས་གསུམ་གྱི་ནུབ་མོའི་མནལ་ལམ་ལ། རྡོ་རྗེ་ལེགས་པ་སྐྱེས་པ་གཞོན་ནུ་མཛེས་འཛུམ་ཆས་གོས་དཀར་པོ་ཅན་གྱི་རྣམ་པར་དྲུང་དུ་འོང་ནས། ཕྱག་འབུལ་ཏེ། ཁ་བྱང་དུ། འདོན་དུས་མེ་མོ་ལུག་གི་ལོ༔ གཏེར་སྲུང་སྐུལ་བྱང་བྱུང་བ་ན༔ ཞེས་པའི་དུས་ནི་ད་ལོ་ལགས་མོད། སྐུལ་བ་པོ་བདག་མངགས་པ་ལགས་པས་ཚེས་ལྔ་དང་དྲུག་ལས་མ་འགྱང་བར་འབྱོན་དགོས། གཅིག་པུར་འབྱོན་མ་བཟོད་ན་དམ་ཚིག་དག་པའི་འཁོར་གཉིས་གསུམ་ཚུན་ལ་བཀག་པ་མེད་ཟེར་ནས་འོད་དཀར་པོ་སྣམ་བུ་བརྐྱང་པ་འདྲ་བ་ཞིག་གི་ལམ་ལས་ཤར་ཕྱོགས་སུ་ཡེར་གྱིས་བུད་དེ་སོང་། ནང་པར་ཡུམ་ལ་གནས་ཚུལ་རྣམས་གསོལ་ནས་སྐུ་ཆས་རྣམས་གྲབས་སུ་ཚུད་པར་མཛད་དེ། གཟིམས་ཆུང་བསམ་གཏན་སྦུག་རང་དུ་སྐུ་མཚམས་ཀྱི་མུར་བཞུགས་པའི་རྫུ་མཛད་ནས། རྗེ་ཉིད་དང་ཉེ་གནས་ཕྲིན་ལས་མཐར་ཕྱིན་གཉིས་ཀྱིས་ཨཾ་རགཔུས་འཁྱུད། པགས་གདན། རྐང་གླིང་། དྲྭ་ཕད་སོགས་རྣལ་འབྱོར་པའི་ཆས་སུ་ཞུགས། གཉེར་པ་བསྟན་རྒྱས་རང་ཆས་ཀྱིས་སྔ་འགྲོས་ཕྱི་སྣུར་གྱིས་ཞག་ས་འགྲིག་པའི་དབང་དུ་མཛད་ནས་ཟླ་བ་བརྒྱད་པའི་ཚེས་ལྔའི་ཐོ་རེངས་བླ་བྲང་གི་ནུབ་ཀྱི་གསང་སྒོ་ནས་དོག་བདེ་བདེ་འདྲ་བ་མཛད་དེ་ཕྱགས་བཏེགདེ་ནུབ་གྲྭ་ཕྱི་ཚོང་འདུས་སུ་བྱེ་རྫིང་ཚོགས་པའི་ཀུན་རར་ཐེགས་པ་ན། དེར་ཇོ་གདན་པ་རྣམས་རྔ་རོལ་གྱི་འུར་དིང་དང་བཅས་ཚོགས་མཆོད་ཀྱི་སྟོན་མོ་བྱེད་པའི་འདུ་ཁང་གི་སྒོ་དྲུང་དེར་བཞུགས་པ་ལས་ལ་ལ་ཆ་ལུགས་སོགས་ལ་ཡ་ཆ་བས་ལྟད་མོ་བལྟ་ཞིང་དགོད། ཁ་ཅིག་སློང་མོ་བར་དོགས་ནས་བཟའ་བཏུང་གི་ལྷག་རོལ་འདྲ་ཞུས། འགའ་ཞིག་གིས་ཆོས་ལུགས་དང་ཉམས་ལེན་སོགས་ཀྱི་དྲི་བ་ཞུས་པར་གསང་རྒྱ་མི་འཆོལ་བའི་ལན་ཅི་རིགས་འདེབས་པར་མཛད་པས། ཕ་ཡི། ཕ་ཡི། ཁམ་ཆེ་བ་ལ་ཨ། རྣལ་འབྱོར་པ་ཁྱད་འཕགས་རང་ཡིན་འདུག་ཟེར། དག་སྣང་གི་ཚིག་དང་རང་རང་གི་ཚོགས་སྐལ་དག་ཀྱང་


MLP003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། དེ་ནུབ་ཤག་ཆུང་ཞིག་གི་འཁོར་གཡབས་སུ་གནས་མལ་གཡར་བ་ན། བན་གཞོན་ཞིག་གིས་ཇ་ཆང་དང་ཐུག་པ་སོགས་ཅི་འདོད་དུ་ཞུས་ཏེ་གུས་པས་ཞབས་ཏོག་ལེགས་པར་བསྒྲུབས་པ་ནི་ཕྱིས་ཆོས་མཛད་ནོར་སྐྱོང་དུ་གྲགས་པ་དེ་ཡིན་པར་འདུག་གསུངས་། ནང་པར་སྔ་བར་བཞེངས་ཏེ་ཐེགས་ཀྱང་བྱེ་ཐང་ལ་ཚ་གདུང་ཆེས་པས་གཙང་ཆབ་ལ་སྐུ་ཁྲུས་ཀྱི་རྩེད་མོས་ཐུགས་གཡེང་པས་དེ་ནུབ་གཙང་ཆུང་གླིང་ཁར་མུན་པ་ཆལ་ཆིལ་ལ་ཕེབས་པ་ལས་མ་བྱུང་། དེར་གཡུལ་ཁང་ཞིག་ཏུ་ཞག་ས་གནང་བ་ལས། ནང་པར་བྱིས་པ་མང་པོས་འདི་ན་ཨ་ཙ་ར་འདུག་གོ། ལྟད་མོ་བལྟ་བ་ལ་ཤོག་ཟེར་སྦྲན་པས་བྱིས་པ་མང་དུ་ཚོགས་ནས་དགོད་ཅིང་མཚར་བར་བྱེད། དེ་ནས་རིམ་པར་བྱར་གྱི་ལུང་པའི་ནང་དུ་ཐེགས་པ་ན། གྲོང་ཐ་མ་དེར་བུད་མེད་རྒན་མོ་མྱ་ངན་གྱི་འོ་དོད་འབོད་པ་ཞིག་བྱུང་ནས་ངའི་བུ་གཅིག་ཡོད་པ་རིམས་དྲག་པོས་ཤི། ཁྱེད་རྣམས་རྣལ་འབྱོར་པ་བཟང་བཟང་འདྲ་བ་ཞིག་འདུག་པས། ཕྱེ་འདི་ལ་གཏོར་རྫས་མཛོད་ལ་ངའི་བུ་གཅིག་པུ་ངན་སོང་དུ་མི་འགྲོ་བ་ཁྱེད་མཁྱེན་ནོ། །ཞེས་གསོལ་བ་འདེབས་པ་ལ་ཞལ་གྱིས་བཞེས་པ་ལྟར། གཤིན་པོ་དེ་མཐོ་རིས་ཀྱི་རྟེན་བཟང་ཐོབ་པ་ནི་ད་ལྟ་ཞབས་ཕྱིའི་ཁྲིད་གཉེར་བ་ཞུ་མི་འདི་ཡིན་པར་གསུང་ཞེས་ཞབས་ཕྱི་ནང་མ་དག་གི་ངག་ལས་ཐོས། དེ་ནས་མུན་པ་སྲོས་ཙམ་ལ་བྱར་ཕུའི་ལ་རྩེར་ཕེབས། ལྟ་བའི་ངར་བསྐྱེད་ནས་ལྷ་འདྲེ་དབང་སྡུད་ཀྱི་ཏིང་ངེ་འཛིན་དང་ལྡན་པས་རྐང་གླིང་ཞིག་འབུད་པར་མཛད་པ་ན། སྐད་ཅིག་དེ་ཁར་འབྲུག་གི་སྒྲ་དང་གློག་འོད་འཁྱུག་ཅིང་སེར་བ་དྲག་པོ་འབབས་པའི་ཆོ་འཕྲུལ་ཆེ་ཡང་། ཡ་ང་དང་ཁུ་འཕྲིག་མེད་པའི་དཔའ་གདེང་དང་བཅས་ཏེ་ཐལ་གྱིས་ཐེགས་པས་ལམ་ཡིད་ལ་མེད་པའི་ངང་དུ་དགོན་ཁྲོད་དུ་བདེ་བར་ཕེབས། དེར་མ་ཇོ་ཞིག་ལ་གནས་མལ་གཡར་བར་མཛད་ཀྱང་མ་ཕུལ་ཏེ། དེ་ནུབ་བླ་བྲང་གི་སྒོ་ཁང་སྤྲང་ཚང་དེ་རང་དུ་གཟིམས་པས། བླ་མ་དེ་དམན་པ་ལ་བྱམས་སེམས་ཆེ་ཆེ་འདྲ་བ་ཞིག་སྣང་བས། སྤྲང་པོ་ཞིག་འདུག་སྙམ་ཚོད་མའི་ཕམ་ཕབས་ཁོག་མ་མེ་ཆ་དང་བཅས་པ་སྐྱེལ་དུ་བཏང་བྱུང་བ་བཞེས་ཏེ་གཟིམ་པས། མནལ་ཐུམ་ཞིག་བྱུང་བ་སད་པ་ན། སྐུ་ལུས་ཐམས་


MLP003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྔུལ་ཞིང་འཇིགས་སྐྲག་གི་སྣང་བ་བཟོད་དུ་མེད་པ་སྐུ་དབུགས་ཕྱི་ནང་དུ་རྒྱུ་བའང་དོག་པར་འཆར་བ་ཞིག་བྱུང་བ་ལས། ཇི་ཞིག་ན་འཇིགས་སྐྲག་རང་བཞིན་མེད་པར་གྲོལ་བའི་སྣང་བ་བདེ་བར་འཆར་བ་ཞིག་རྩོལ་མེད་དུ་ཐུགས་ལ་འཁྲུངས་པའི་ངང་ལ། ཅུང་ཟད་མནལ་དུ་སོང་བ་ན། གནས་རི་དེའི་བྲག་མགུལ་ཕན་ཚུན་དུ་མེ་ཏོག་གི་ཕྲེང་བ་འདྲ་བའི་ཐ་གུས་བྲེས་པའི་སྟེང་ན། བུད་མེད་མཛེས་སྡུག་མང་པོ་གླུ་ལེན་གར་བསྒྱུར་དང་བཅས་ཐོགས་མེད་དུ་འགྲོ་བ་ལས་ཉིད་ཀྱི་ཞལ་དབུགས་འབྱིན་འཇུག་གི་དལ་བྲེལ་ལས། དེ་དག་འཕར་གཡོར་འཆར་བའི་སྣང་བ་ཁོ་ནས་ནམ་ལངས་ཀྱི་བར་དུ་འདའ་བ་བྱུང་། ནང་པར་བླ་མའི་ཉེ་གནས་དེ་ཆུ་ལེན་པ་དང་མཉམ་དུ་མདང་གི་ཚོད་མའི་སྣོད་སྤྱད་ལེན་དུ་བྱུང་བས་སྐུའི་ཆ་ལུགས་སོགས་ལ་ཞིབ་མོར་བལྟ་ཞིང་། ཁྱེད་རྣམས་གནས་སྐོར་བ་དཀྱུས་མར་མི་འདུགསུ་འདྲ་ཞིག་ཡིན་ཞེས་རྟོག་པ་ཞུགས་པའི་དྲི་བ་ཞིབ་ཏུ་ཞུས་པ་ན། ངེད་རྣམས་ལྷོ་བྲག་ནས་བླ་མ་གསུང་སྤྲུལ་གྱི་སློབ་རིགས་ཤིག་ཡིན། ཞེས་ཟོལ་གྱིས་ལྡོག་ཀྱང་། དར་ཞིག་ན་རོགས་ཤིག་ཁྲིད་ནས་ཞིབ་ཏུ་རྟོག་ཅིང་དྲི་བ་མང་དུ་ཞུས་མཐར་ནང་དུ་སོང་བ་ལས་ཇེ་ཞིག་ན་སྒོ་ཁང་དེའི་སྒོ་གླེགས་དེ་ནང་ནས་ཕྱེ་སྟེ། བླ་མ་འཁོར་བཅས་དར་གྱི་ཕྱག་རྟེན་དང་བཅས་ཞབས་བསུར་འོང་ནས་ཕྱག་བཙལ་ཅིང་། མདང་ངོ་མ་ཤེས་པས་བཀུར་སྟི་གང་ཡང་མ་འབྱོར། ཐུགས་མ་ཁྲེལ་བ་མཛད་ནས་བླ་བྲང་དུ་ཕེབས་དགོས་ཞེས་ཞུ་བར་རྫུ་བག་གིས་ལྡོག་པར་མཛད་ཀྱང་། ཉེ་གནས་སྔར་མཇལ་མྱོང་གི་མི་ངོ་རྣོ་བ་ཞིག་གིས་ངོ་ཤེས་ཏེ་ལྡོག་ཐབས་མ་བྱུང་བས་སྟེང་དུ་ཕེབས་པ་ན། ཁྲི་གདན་བཀོད་པ་མཐོ་བར་བཞུགས་སུ་གསོལ་ནས་བསྙེན་བཀུར་ཕུན་སུམ་ཚོགས་པར་སྟོབ་སྟེ། ད་རེས་འདིར་ཕེབས་པ་བཀའ་དྲིན་ཆེ། སྐུ་དོན་ཅི་འདྲ་ཡིན་སོགས་ཞུ་བའི་ལན་དུ། རྐྱེན་སེལ་གྱི་ཚོགས་མཆོད་དང་གནས་མཇལ་ཞིག་རང་ཡིན་ཡང་གཡེང་བ་ཆུང་ཆེད་གསང་ཐབས་ཀྱིས་ཡོང་བ་ཡིན། ཞེས་གསུངས་པར། འོ་ན་སྐལ་བ་བཟང་ཕྱིར་ཚོགས་ཀྱི་ཆ་རྐྱེན་འདི་ནས་ཕུལ་ཆོག་པ་དགོས་ཞེས་ཚེས་བརྒྱད་ཀྱི་ཉི་ཕྱེད་ཙམ་ལ། ཁོང་དཔོན་སློབ་ཀྱིས་ཚོགས་ཀྱི་ཡོ་བྱད་དང་བཅས་ཏེ། གསང་ཕུག་ཏུ་ཚོགས་


MLP003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཀྱི་གསུང་ཆོག་ཤུར་ཙམ་ཞིག་མཛད་ཅིང་། རི་ཁྲོད་རྩེའི་སྒོམ་ཆེན་ཁ་ཤས་ཀྱང་དེར་འདུས་ནས་མི་ཚོགས་ཆེ་བར་བྱུང་ཞིང་། ཉི་མའང་ཕྱེད་ཡོལ་ཏུ་སོང་བས་ཐུགས་ཁོལ་ཆེ་རུང་གནང་ཐབས་ཟད་པ་ལྟ་བུར་གྱུར་ཀྱང་ཐུགས་རིག་ཧུར་ཕྱུང་སྟེ། ཁྱེད་རང་དཔོན་སློབ་རེ་ཞིག་འདིར་བཞུགས་ཤིགངེད་རྣམས་ཁམས་བསེང་བ་ཙམ་ལ་ཤར་ཕྱོགས་ཀྱི་བྲག་ལོགས་འདིར་འགྲོ་བ་ཡིན་གསུངས་ཏེ་སྐུ་ཆས་རྣམས་དེར་འཇོག་པར་མཛད་ནས་ཐེགས་པ་ལས། ཁོང་རྣམས་ན་རེ། དེ་རིང་ནམ་མཁའ་དྭངས་ཤིང་འཇའ་འོད་ཀྱི་གུར་རིམ་ཡང་འདི་དང་འདི་འདྲ་བ་འདུག་ཟེར་གཅིག་གིས་གཅིག་ལ་སྟོན་ཞིང་མོས་དུང་ཆེན་པོས། ངེད་རྣམས་ཤར་གྱི་མཐའ་རྩ་འདིར་གསོལ་འདེབས་དང་ཕེབས་སྒུགས་ཞུ་བ་ཡིན་པས་དངོས་གྲུབ་ཀྱི་སྐལ་བ་ཐུགས་རྗེས་འཛིན་དགོས་ཞེས་ཞུ་བར། དངོས་གྲུབ་འབུལ་བའི་ཏིག་ཏིག་མེད། རེ་ཞིག་བཞུགས་པས་ཆོགཅེས་གསུངས་ཏེ་ཐེགས་པ་ལས། ཁ་བྱང་ལྟར་གཏེར་གནས་ཀྱི་ས་མིག་བྲག་ལོགས་དེ་རྒྱལ་མཚན་གྱི་དབྱིབས་སུ་སྣང་བ་ལས། མེ་ལོང་འདྲ་བའི་བྲག་ངོས་ཟེར་བ་དེ་ཀུ་མཱ་རའི་གཟིམས་ཕུག་ཏུ་གྲགས་པའི་སྐྱིབས་དེའི་སྟེང་ངོས་བྱང་ཤར་དུ་བལྟ་བའི་ལོགས་དེར་འདུག་པ་ལས། བྲག་ཟུར་གྱི་ལམ་འཕྲེད་ཞབས་བརྟེན་ཐུབ་ཙམ་དེ་ནས་གཟིགས་པ་ན། ཐུར་དུ་ཐོག་སོ་བརྒྱས་ཀྱང་མི་ཚད་པའི་གཅོང་རོང་ཉམས་ང་བ་དང་། གྱེན་དུའང་ཐོག་སོ་བཞི་ལྔ་ཙམ་ཞིག་གི་ས་ན་འོད་འཁྱིལ་འཁྱིལ་འདུག་པ་ལ་གཟིགས་པ་ན་གཡུང་དྲུང་གི་མཚན་མའང་གཟིགས་པས་གཏེར་གྱི་ས་མིག་ཡིན་པར་ཐུགས་ངེས་འདྲོངས་ཀྱང་། དེར་ཐེགས་པ་ལྟ་ཅི་སྤྱན་གྱིས་གཟིགས་པར་ཡང་མི་བཟོད་པའི་འཇིགས་སྐྲག་གི་སྣང་བ་བཟོད་དུ་མེད་པ་ཐུགས་ལ་ཤར་བའི་མཐར་རྟོག་མེད་དུ་ཆམ་གྱིས་སོང་བའི་སྐད་ཅིག་ལ་བྲག་སྟེང་དེར་ཕེབས་འདུག་པ་ན། ཕུག་པ་གུར་ཕུབ་པ་ལྟ་བུའི་ནང་ངོས་རྣམས་བརྡར་ཤེལ་ལྟར་དྭངས་པ་ལ་གཟུགས་བརྙན་གྱི་ཚོན་རིས་སྣ་ཚོགས་བཀྲ་བ་ཞིག་གི་ནང་ན། བུད་མེད་གཞོན་ནུ་མཛེས་སྡུག་ཅན་ཞིག་དང་། སྐྱེས་པ་བཞིན་བཟང་ཆས་གོས་དཀར་པོ་གྱོན་པ་ཞིག་འདུག་པའི་མདུན་ན་ཟངས་ཀྱི་གའུ་གྲུ་བཞི་པ་མཁྱིད་གང་ཙམ་ནང་ཤོག་དྲིལ་གྱི་གཏེམས་


MLP003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བཙེར་གང་བ་ཞིག་འདུག་པ་ལས། བུད་མེད་དེས་ཤོག་དྲིལ་གཉིས་དང་སྐྱེས་པ་དེས་བསེའི་གའུ་གྲུ་གསུམ་པ་ཞིག་ཕྱག་ཏུ་ཕུལ་བྱུང་བ་བཞེས་ནས། ཕྱིར་ལྟས་གཟིགས་པ་ན། སྔར་གྱི་གཡང་དེའི་ཁར་ཕེབས་པས་གཡང་ཟ་ཆད་དེ་བའི་འཇིགས་སྐྲག་གི་སྣང་བ་ཐུགས་ལ་ལྷང་གིས་ཤར་བའི་སྐད་ཅིག་ལ་རྟོག་མེད་དུ་ཐིམ་ནས། དེ་ལས་སད་པ་ན་མཐིལ་གྱི་འཕྲེད་ལམ་གྱི་ཁ་དེར་ཕེབས་འདུགཡར་གཟིགས་པས་སྔར་གྱི་གཏེར་ཁུང་དུ་འཇུག་རྒྱུའི་དཀོར་ཆའི་སྣོད་ཀྱི་དར་དམར་དེ་བྲག་ངོས་ཀྱི་མཐོ་ས་དེར་དམར་ལྷབ་ཀྱི་སྡད་འདུགཞབས་ཕྱི་གཉིས་དང་བཅས་འབེབས་ཨེ་ཐུབ་གཟིགས་ཀྱང་ཐབས་དང་བྲལ་བས་དེ་ཁར་འཇོག་པར་མཛད་ནས། ཞབས་རིང་པ་གཉིས་ལ་གཏེར་རྫས་ཀྱི་བྱིན་རླབས་མཛད་དེ། ཤོག་དྲིལ་གཉིས་པོ་དར་གྱིས་དྲིལ་ནས་རྗེ་ཉིད་རང་གི་མགུལ་ལ་འདོགས་པར་མཛད། སྒྲོམ་བུ་དེ་ཕྲིན་ལས་མཐར་ཕྱིན་གྱི་སྐེད་ལ་མི་མངོན་པར་བསྡམས་ནས་ཕྱིར་ཕེབས་པ་ན་ཉི་མ་ནུབ་ཏུ་ཉེ་བ་ཙམ་དུ་གྱུར། བླ་མ་དང་སྒོམ་ཆེན་པ་རྣམས་རྗེ་ཉིད་དང་དཔོན་སློབ་ཀྱི་ཕྱོགས་སུ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ནས་སྡད་འདུགདེར་ཕེབས་པ་ན་ད་རེས་སྐལ་པ་ཤིན་ཏུ་བཟང་། བྱིན་རླབས་ཀྱི་སྐུ་སྐྱེས་གནང་དགོས་ཞེས་མཆི་མ་འཁྲིགས་བཞིན་དུ་ཞུ་བར། བཀའ་ལས་བྱིན་རླབས་བྱེད་པའི་དམིགས་མེད་ངེས་ཡིན། འོན་ཀྱང་ཁྱེད་རྣམས་ཨུ་ཚུགས་མཛད་ན། ང་རང་ལ་བྱིན་རླབས་ཞུ་བ་ལས་ཐབས་མེད་པ་འདྲ་ཞེས་གསུངས་པས། གྲུབ་ཆེན་དབང་འབྱོར་ན་རེ། བཀའ་དྲིན་ཆེ་དེ་ལ་མ་འདུས་པ་ཅི་ཡོད། ཅེས་ཐམས་ཅད་ཀྱིས་ཞབས་དབང་ཞུས་ཤིང་མོས་གུས་གདུང་ཤུགས་དྲག་པོས་སྨོན་ལམ་འདེབས་པར་བྱེད་དོ། །དེ་ནུབ་བླ་བྲང་དུ་བཞུགས་པར་བླ་མས་བསྙེན་བཀུར་གཟབ་པར་སྟོབ་ཅིང་དད་རྟེན་ཡང་སྩལ་ནས། ནངས་པར་ཡར་ཀླུང་བརྒྱུད་ཀྱི་ཚེ་ཆུ་འབུམ་པ་དང་། ཁྲ་འབྲུག་མཇལ་དུ་ཕེབས་པ་ལས། ཁྲ་འབྲུག་གི་ཁྱམས་ཕྱི་མ་དེར་ཡོ་འབོག་སྡོང་པོ་ཤིན་ཏུ་ཆེ་བ་ཞིག་འདུག་པ་དེའི་རྩ་བར་སྐུ་ངལ་གསོས་ནས་ཡར་གཟིགས་པ་ན། དེའི་རྩེ་མོ་དཔངས་དང་རྒྱ་ཁྱོན་ཚད་མེད་པའི་ལོ་འདབ་ཐམས་ཅད་ཀྱི་སྟེང་ན་སངས་རྒྱས་བྱང་སེམས་ཀྱི་སྐུ་ཕྲ་མོ་གྲངས་མེད་ཚད་མེད་བཞུགས་པ་ལས་


MLP003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་ཟིམ་ལྟ་བུའི་བྱིན་རླབས་ཀྱི་རྒྱུན་སྐུའི་སྟེང་དུ་བབས་པའི་དག་སྣང་ཡུད་ཙམ་ཞིག་གཟིགས་པའི་མོད་ལ་མི་སྣང་བར་གྱུར་ཅིང་། སྐུའི་ཉེ་ལོགས་ན་ཕྲིན་ལས་མཐར་ཕྱིན་འདུག་པར་མཐོང་ཚུལ་ཅི་འདྲ་བྱུང་ངམ་དགོངས་ཏེ། ཤིང་འདི་ཅིར་འདུག་གསུངས་པས། ཁོ་ན་རེ། རྩེ་མོ་འདི་ནི་སྦྱར་པར་འདུགརྩ་བ་ནི་ཡོ་འབོག་ཏུ་འདུག་ཅེས་ཟེར། དེ་ནས་ནང་གི་ལྷ་ཁང་རྣམས་མཇལ་བར་མཛད་པས་སྔར་ཕེབས་མྱོང་བ་ལྟ་བུའི་ཐུགས་ལ་བག་ཆགས་ཡལ་ཡུལ་དང་། ཁྱད་པར་དུ་རྟེན་གཙོ་དེ་ཉིད་རྡོས་བཅས་ཀྱི་རྣམ་པ་མེད་པར་སྐུ་དངོས་སུ་བཞུགས་པ་ལྟ་བུའི་གསལ་སྣང་ཡུད་ཙམ་ཞིག་ཤར་ཞིང་། དེ་ནས་བཀྲ་ཤིས་ཆོས་སྡེར་ཐེགས་ནས་གནས་མཇལ་རྣམས་གནང་བ་ལས། ཁོང་རྣམས་བསྐང་གསོ་གཏོང་བའི་སྲིད་ཞིའི་དཔལ་འབྱོར་མའི་ཚིགས་བརྗོད་པ་དང་། རྗེ་ཉིད་མགོན་ཁང་གི་སྒོ་ནང་དུ་ཞབས་བཞག་པ་དུས་འགྲིག་ཅིང་། སྐུའི་ཆ་ལུགས་སོགས་ལས་ཐེ་ཚོམ་གྱི་རྟོག་པ་ཞུགས་པའི་དྲི་བ་དང་དག་སྣང་གིས་མོས་པ་ལྟར་བྱེད། དེ་ནུབ་བྲང་ཁང་ཞིག་ཏུ་གནས་མལ་མཛད་པར། དེར་འགའ་ཞིག་གིས་ཆོས་འབྲེལ་ཞུ་བ་ལ། གུ་རུའི་རྣལ་འབྱོར་ཞིག་སྩལ་ནས། རྗེ་ཉིད་དཔོན་སློབ་གཉིས་ཕྱི་རོལ་ཏུ་གཟིམས། གཉེར་པ་ནང་དེར་འདུག་ནས་ཁོང་རྣམས་དང་སྐད་ཆ་སྣ་ཚོགས་བྱས་པའི་འཕྲོས་ཟུར་གྱིས་ཤེས་སམ། གང་ལྟར་ཡང་ནངས་པར་སྔ་ཆར་རྗེ་བཀའ་འགྱུར་བའི་ཉེ་གནས་བྱམས་པ་ཟེར་བ་བགྲེས་པོ་དེ་ཇ་ཏི་རི་གང་བསྣམས་ནས་བྱུང་སྟེ་ཕྱག་ཕུལ་ནས་མདང་ངོ་མ་ཤེས་པས་ཞབས་ཏོག་གང་ཡང་མ་འབྱོར་ཞིང་། སྔར་ནས་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་ཡིན་པ་བཞིན་དབོན་རིན་པོ་ཆེའང་ཆོས་འབྲེལ་ཞིག་གསན་བཞེད་ཡིན་པས་བླ་བྲང་དུ་ཅི་ནས་ཀྱང་ཕེབས་དགོས་ཞུ་བར། དབོན་རིན་པོ་ཆེ་ཉིད་ཆོས་བདག་གི་གྲས་སུའང་སྣང་བས་རྟེན་འབྲེལ་འགྲིག་ཁ་ཡང་ཡིན་པ་སྲིད་དགོངས་ཏེ། ཞལ་གྱིས་བཞེས་ནས་ཕྱིའི་རྡོ་གཅལ་དེར་ཕེབས་པ་ན་གྲྭ་པ་ཐམས་ཅད་འུར་ལངས་པ་ལྟ་བུས་འདུས་ནས་བྱིན་རླབས་ཞུས་བྱུང་བས་སྐུའི་ཆ་ལུགས་ཀྱིས་ཐུགས་ངོ་འཚེར་པོ་བྱུང་གསུངས། དེ་ནུབ་བླ་བྲང་དུ་བཞུགས་ནས་དབོན་རིན་པོ་ཆེ་དང་། མཁྱེན་དྲུང་ནང་འཁོར་གཅིག་གཉིས་བཅས་


MLP003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཚེ་དབང་དང་ཐུགས་ཐིག་གི་ཆོས་ཚན་ཁ་ཤས་ཀྱི་ལུང་མཛད་དེ་རྟེན་འབྲེལ་གྱི་སྣེ་ཟིན་ཙམ་འགྲིག་ཀྱང་། ཕྱིས་ཉམས་བཞེས་མཛད་རྒྱུ་འགྱངས་པས་བར་ཆད་ཀྱི་དབང་དུ་གྱུར་པ་ཞིག་བྱུང་། དེ་ནས་རིམ་པར་འཕྱོངས་རྒྱས་ཞོལ་དང་། རྒྱས་མན་བོན་ཚན་དུ་ཞག་མལ་རེ་མཛད་པས། བོན་ཚན་ཏུ་གནས་མོའི་རྒྱན་བོར་བ་ཁྱེད་བྱ་བྲལ་བ་ལ་བྱུང་བ་ཡིན་ནམ་ཆས་རྣམས་གཡེང་དགོས་འདུག་ཟེར་བར། གཏེར་རྫས་རྣམས་སྟོན་དགོས་བྱུང་དོགས་ཅི་དྲག་གམ་དགོངས་ནས་ཚིག་གིས་ཤད་སྦྱངས་མཛད་པའི་མུར་གཞན་ནས་རྙེད་པས་ཐུགས་གཡེང་མ་དགོས། ནངས་པར་སྔ་བར་ཕུག་གུ་ལ་བརྒྱུད་མཁར་སྣ་རི་ཟུར་དུ་མུན་མཚམས་བར་གབ་ནས་བཞུགས་ཏེ། དགོན་པར་ཚེས་བཅུ་གཉིས་ཀྱི་སྲོད་ཡོལ་ལ་ཕེབས། དེའི་སང་ཉིན་སྐུ་མཚམས་འགྲོལ་བའི་རྫུ་མཛད་ནས། གཅུང་རྒྱལ་བའི་སྲས་པོ་སོགས་ནང་འཁོར་ཉུང་འདུས་ལ་གཏེར་རྫས་ཀྱི་བྱིན་རླབས་གནང་ཞིང་། དེ་ནས་ཟླ་བ་དེ་ཡི་ཚེས་ཉི་ཤུ་སྐོར་ནས་བརྩམས་ཏེ། ཟླ་བ་གཉིས་ཀྱི་བར་གཟིམས་ཆུང་བསམ་གཏན་སྦུག་ཏུ་འཇམ་དཔལ་ཁྲོ་བོའི་བསྙེན་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས། དེ་སྐབས་སྤྱིར་དངོས་ཉམས་མནལ་ལམ་གྱི་སྣང་བར་རྟགས་མཚན་བཟང་པོ་ཤས་ཆེ་བ་དང་། ཁྱད་པར་ཟླ་བ་དགུ་པའི་ཉེར་གསུམ་གྱི་ཉིན་མོའི་ཐུན་གྱི་སྣང་བ་ལ་ཅུང་ཟད་མནལ་སྲབ་མོའི་མནལ་ལམ་གྱི་སྣང་བས་སྣེ་ཁྲིད་པ་ལས། དངོས་གཞི་མནལ་གྱི་སྣང་བ་ལས་འདས་པའི་དངོས་སྣང་གི་གསལ་ཆར། ནུབ་ཕྱོགས་ཀྱི་ནམ་མཁར་ཐོགས་མེད་དུ་གཤེགས་པས་རྒྱ་མཚོ་ཆེན་པོ་མཐའ་མི་མངོན་པའི་དབུས་ན། ཡུལ་ལྗོངས་རི་བྲག་ནེའུ་སིང་ནགས་ཚལ་སྐྱེད་མོས་ཚལ་གྲོང་དང་གྲོང་ཁྱེར་གསས་མཁར་སོགས་སྣ་ཚོགས་པས་ཟམ་མ་ཆད་པར་བསྐོར་བའི་དབུས་སུ། རི་དེའུ་དམར་ཟང་ངེ་བ། རིའི་སྒང་རྣམས་མཆོང་དམར་འདྲ་བའི་བྲག་ངོས་དང་། སུལ་རྣམས་ནགས་ཚལ་དང་འབབ་ཆུ་ལྷུང་ལྷུང་འབབས་པ། བྱ་དང་རི་དྭགས་སྣ་ཚོགས་པ་རྩེ་བ་དང་། འགའ་ཞིག་ཏུ་མི་རོ་སྣ་ཚོགས་ཐར་ཐོར་དང་གཅན་གཟན་དང་མི་མ་ཡིན་པའི་གཟུགས་རྣམ་འགྱུར་སྣ་ཚོགས་པ་དག་ཀྱང་ལས་ཀྱི་བྱེ་བྲག་དུ་མ་ལ་འཇུག་པ། རི་དེའི་རྩེ་ན་པདྨ་འོད་ཀྱི་གཞལ་


MLP003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་ཆེན་པོ་བཀོད་པ་ངོ་མཚར་བས་འཕགས་པའི་ནང་དུ་རིག་པ་འཛིན་པའི་འཁོར་ཚོགས་མཐའ་ཡས་པའི་དབུས་ན། རྗེ་བཙུན་འཇམ་དཔལ་དབྱངས་ཕྱག་བཞི་པའི་རྣམ་པ་ཅན་སྐུ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བ་ཞིག་མཇལ། ཨོ་རྒྱན་ཆེན་པོ་དེ་གང་ན་བཞུགས་སམ་དགོངས་པ་ལ། འཇམ་དཔལ་གྱི་ཞལ་ནས་པདྨ་བཛྲ་ནི་ང་ཡིན་ནོ། །ཞེས་གསུངས་པས། ཐུགས་རྩེ་གཅིག་པའི་མོས་གུས་དྲག་པོས་གསོལ་འདེབས་མཛད་པ་ལས། ནམ་མཁའ་ཐམས་ཅད་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་དུ་བཀྲ་ལམ་གྱིས་སོང་། མཁའ་འགྲོ་མཚོ་རྒྱལ་དང་། ལོ་ཆེན་བཻ་རོ་ཙ་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས། དཀྱིལ་འཁོར་གྱི་སྣང་བ་འོད་ཀྱི་ཐིག་ལེར་འདུས་པ་གཙོ་བོའི་སྐུར་བསྡུས། དེ་ཉིད་ཨོ་རྒྱན་ཆེན་པོ་རྣལ་འབྱོར་གྱི་ཆ་བྱད་གཟི་བྱིན་ཉི་མ་འབུམ་ལྟར་འབར་བར་གྱུར་པས། བཻ་རོ་དང་མཚོ་རྒྱལ་གཉིས་ཀྱིས་གདམས་པ་འདི་ཉིད་ཀྱི་དོན་རྣམས་དྲི་བ་དྲི་ལན་གྱི་སྒོ་ནས་མན་ངག་གི་ཟབ་དོན་ཐུགས་ལ་འགོད་པར་མཛད་མཐར་གསལ་སྣང་དེ་མེ་ལོང་ལ་ཧས་བཏབ་པ་ལྟར་ཡལ་བ་ལས། སད་ནས་ཀྱང་བདེ་སྟོང་གི་ཉམས་གསལ་ཞིང་འཐུག་པ་ལ་ཞག་བཅུ་སྐོར་ཙམ་གྱི་བར་གནས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་ལ་འཁྲུངས། དེ་ནས་བརྩམས་ཏེ་བསྐྱེད་རིམ་ལྷ་ཡི་གསལ་སྣང་གིས་ཐ་མལ་གྱི་སྣང་བ་འགོག་པ་ལ་བོགས་ཕྱིན་པར་གྱུར། དགུང་ལོ་ཉེར་གསུམ་བཞེས་པ་ས་སྤྲེལ་ཟླ་བ་བཞི་པའི་ནང་དུ་གོང་མའི་ལུང་བཞིན་ལྷ་ས་དཀྱིལ་འཁོར་སྟེང་དུ་ཚེ་སྒྲུབ་ཀྱི་སྐུ་རིམ་ཟླ་ཕྱེད་བར་སྒྲུབ་པར་མཛད་པ་གྲོལ་རྗེས། ཟླ་བ་ལྔ་པའི་ཚེས་བདུན་བརྒྱད་ནས་བཟུང་ཨེ་པ་དྲུང་ཡིག་དགེ་བཤེས་འཇམ་དབྱངས་བྱ་བའི་ཡིག་མཁན་དང་གསོལ་ཆས་སོགས་མཐུན་རྐྱེན་གང་དགོས་སྩལ་ནས། གཏེར་ཤོག་རྣམས་འབེབས་པར་མཛོད་ཅེས་བཀའ་ལུང་ཕེབས་པ་ལྟར། གཞིས་ཀ་ཤར་གྱི་ཡང་ཐོག་ཏུ་ཤོག་སེར་རྣམས་འབེབས་པར་མཛད་པ་ན། ངོ་མཚར་བའི་རྟགས་མཚན་བཟང་པོའང་ཤར། ཕོ་བྲང་ཞོལ་ཏུ་རྡོ་རྗེ་རྡོ་བྲག་རིག་འཛིན་སྤྲུལ་པའི་སྐུས་སྤྱན་དྲངས་པ་ལྟར་ཐེགས་ནས་རིག་འཛིན་ཐུགས་ཐིག་གི་དབང་ལུང་རྣམས་འབུལ་བར་མཛད་པ་ནས་བཟུང་ཐུགས་


MLP003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཅིག་འདྲེས་ལེགས་ཚོགས་ཀྱི་རྟེན་འབྲེལ་འགྲིགཟླ་བ་དེའི་ཉེར་གཅིག་གི་ཉིན་ཕོ་བྲང་རྩེ་ནས་དབོན་པོ་གཡུང་དྲུང་བྱ་བ་ཞིག་ཆིབས་དང་བཅས་སྤྱན་འདྲེན་དུ་འབྱོར་བ་ལྟར། དེ་འཕྲལ་ཕོ་བྲང་གི་ལྟག་སྒོ་བརྒྱུད་དེ་ཕེབས་པ་ན། མཆོད་ཁང་རྩེའི་གཟིམས་ཆུང་ནུབ་ཏུ་གྲགས་པ་དེར་ཀུན་མཁྱེན་རྒྱལ་མཆོག་ལྔ་པ་ཆེན་པོ་བཞུགས་པའི་སྤྱན་སྔར་ཕེབས་པ་དང་། བཀའ་ལས་ཤེལ་བྲག་གི་ཟབ་གཏེར་གེགས་མེད་དུ་བཞེས་ཐུབ་པ་དང་ཤོག་སེར་འབེབས་པ་སོགས་གྲུབ་པ་ཤིན་ཏུ་ལེགས། ཆོས་བཀའ་རིམ་བརྒྱུད་ཀྱི་ཞུ་བ་འདི་ཡང་བརྒྱུད་པ་འཕར་བས་བྱིན་རླབས་ཀྱི་ཚན་ཁ་ཆུང་དུ་འགྲོ་བའི་སྐྱོན་དང་། རྟེན་འབྲེལ་གྱི་སྒོ་ཡང་གནོད་པར་གོ་བས། ད་རེས་ངོས་ཀྱིས་ཞུ་འདུན་ཡིན་པས། དེ་རིང་གཟའ་ཚེས་ཀྱང་བཟང་བར་ཡོད་པས་ཆོས་ཐུན་གྱི་དབུ་ཚུགས་པ་ཙམ་དགོས་ཞེས། བཀྲ་ཤིས་པའི་དར་དཀར་སྲིད་དུ་རིང་བ་དང་། སའི་སྙིང་པོ། བཟང་གོས་དབང་གི་མདངས་ལྡན་རྣམས་སྩལ་ནས་མཎྜལ་གནང་བ་ལྟར། ཁ་བྱང་ནས་བཟུང་སྟེ་ཆོས་ཚན་གསུམ་ཙམ་ཞིག་གི་ལུང་འབུལ་བ་གནང་རྗེས་ཐུགས་སུ་གཅགས་པའི་བཀའ་མཆིད་ཀྱང་ལྷུག་པར་སྩལ་གསུང་། ཟླ་བ་དྲུག་པའི་ཚེས་ལྔའི་ཉིན། གཤིན་རྗེ་གཤེད་ཀྱི་དབང་བཀའ་འབུལ་བར་མཛད་ཅིང་། དེ་ཉིན་ཕོ་བྲང་རྩེར་མེ་ཏོག་གི་ཆར་བཟུང་དུ་གཏུབ་པ་བབས་པའི་རྟགས་ངོ་མཚར་བ་དང་། དེའི་ནུབ་མོ་མནལ་ལམ་དུ་རྔ་ཡབ་དཔལ་རི་པདྨ་འོད་ཡིན་དགོངས་པའི་ཁང་བཟང་བཀོད་ལེགས་ཡིད་དུ་འོང་བ་ཞིག་ན། ཨོ་རྒྱན་ཆེན་པོ་རྒྱ་གར་པཎ་ཆེན་གྱི་ཆ་བྱད་ཅན་གྱི་འཁོར་དུ་ལོ་ཆེན་བཻ་རོ་དང་ཆོས་རྒྱལ་ཡབ་སྲས་རྣམས་གྲལ་རིམ་དུ་བསྟར་བའི་མཐའ་རིག་འཛིན་མཁའ་འགྲོ་མང་པོས་བསྐོར་ནས་བཞུགས་པའི་དབུས་དེར་འཇམ་དཔལ་ཁྲོ་བོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་དབང་བསྐུར་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཐུགས་རྒྱུད་ལ་ཉམས་སུ་མྱོང་བའི་ངོ་སྤྲོད་པར་མཛད་པའི་མཐར། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་བཀུག་པས། འཆི་བདག་གཤིན་རྗེའི་རྒྱལ་པོ་གཟུགས་མི་སྡུག་ཅིང་ཞུད་པའི་ཕྱི་བཞིན་དུ་རྣམ་འགྱུར་སྣ་ཚོགས་པའི་གཟུགས་ཅན་གྲངས་ཆོད་རྒྱུ་མེད་པ་མཐའ་མེད་པའི་ཕ་རོལ་ནས་ཡོང་བཞིན་


MLP003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་ལ་བཀའ་བསྒོས་ཤིང་དམ་བསྒྲགས་ནས་ཕྲིན་ལས་ཀྱི་ཕོ་ཉར་དབང་བསྐུར་བ་ལས། དེས་ཀྱང་གུས་པས་ཁས་བླངས་པའི་མཐར། ཕྱི་ནས་འོང་བ་ཐམས་ཅད་སྔ་མ་ལ་རིམ་བཞིན་ཐིམ་པ་ལས་མཐར་དེ་ཡང་མི་གསལ་བར་གྱུར་པའི་སྐད་ཅིག་ལ་མནལ་སད་པར་གྱུར་ཅིང་། དགེ་མཚན་དེ་དག་ཀྱང་སྔོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དཀྱིལ་འཁོར་གཅིག་ཏུ་བསྡུས་པའི་སྨོན་ལམ་གྱི་རྟེན་འབྲེལ་དུས་སུ་སད་པའི་མཐུ་སྟེ། འགྱུར་མེད་ཆོས་འདིའི་རྩ་བའི་བདག་པོའོ༔ ཁྱད་པར་ཆོས་འདིའི་འགྲོ་དོན་སྒོ་འབྱེད་འགྱུར༔ ཞེས་པའི་ལུང་དོན་གཏན་ལ་ཕེབས་པར་གྱུར་ཅིང་དེའི་མཐུས་སྐུ་ཚེའི་འགལ་རྐྱེན་ཞི་ཞིང་མངའ་ཐང་དང་ཆབ་སྲིད་རྒྱས་པས་བོད་འབངས་བདེ་ཞིང་སྐྱིད་པའི་བཀའ་དྲིན་གྱིས་སྐྱོང་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་སོགས་རྟེན་འབྲེལ་ལེགས་ཚོགས་སུ་འགྲིག་པ་ཡིན་ནོ། །དེ་ལྟར་གོང་དུ་གཏེར་གསར་སྔ་ཕྱིའི་སྐོར་ཚང་མ་དང་། གཞན་ཡང་ཟླ་བ་གསུམ་དུ་ཉེ་བར་རྩེར་བཞུགས་ནས་ཆོས་བཀའ་མང་དུ་འབུལ་བར་མཛད་ཅིང་། རྙེད་པ་དང་བཀུར་སྟི་ཕུལ་དུ་བྱུང་བས་འཕྲལ་དང་ཡུན་དུ་མཆོད་པས་རྗེས་སུ་སྐྱོང་བར་མཛད་དོ། །དེ་ནས་ཆུ་ཤུར་བརྒྱུད་དར་གླིང་དུ་ཕྱིར་ཕེབས་ནས་གོང་མའི་ལུང་བཞིན་ཨེ་གཉལ་སོགས་སུ་ཆིབས་བསྐྱོད་པ་འཁོར་བ་གནང་རྗེས། ཟླ་ཤས་ཀྱི་བར་གཟིམས་ཆུང་བསམ་གཏན་སྦུག་ཏུ་སྐུ་མཚམས་དམ་པར་བཅད་དེ་བསྐྱེད་རྫོགས་ཀྱི་ཉམས་བཞེས་ལ་རྩེ་གཅིག་ཏུ་བཞུགས་པ་ལས། ས་བྱ་ཧོར་ཟླ་གཉིས་པའི་སྐབས་ཤིགཨོ་རྒྱན་ཆེན་པོ་ཡིད་བཟང་གཞོན་ནུའི་ཚུལ་ཅན་ལྷའི་བུ་མོ་མང་པོའི་འཁོར་དང་བཅས་པ་ནམ་མཁའ་ལ་ཡུད་ཀྱིས་སྣང་བ་གཟིགས་ཤིང་། དེའི་བྱིན་རླབས་ཀྱིས་མ་འོངས་འབྱུང་འགྱུར་གྱི་གནས་ལུགས་མང་པོ་ཞིག་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྒྲིབ་མེད་དུ་གསལ་ལེར་གཟིགས་པ་ཕྱིས་དེ་ཁོ་ན་བཞིན་མངོན་གྱུར་ཐོག་ཏུ་ཁེལ་བ་བྱུང་ངོ་། །སྐུ་མཚམས་དེ་གྲོལ་ནས་གཅུང་རྒྱལ་བའི་སྲས་པོ་སོགས་ཉུང་འདུས་ལ་གཤིན་རྗེ་གཤེད་ཀྱི་དབང་ལུང་རྣམས་སྩལ། འདི་ཉིད་སྐལ་ལྡན་ཆོས་ཀྱི་བདག་པོར་ལུང་གིས་ཟིན་པ་དང་། མཁས་བཙུན་བཟང་པོའི་ཡོན་ཏན་དང་ལྡན་ཞིང་། བསྟན་འགྲོའི་དོན་ལ་སྙིང་སྟོབས་ཕུལ་


MLP003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱུང་བ་མངའ་ཡང་། ཉམས་བཞེས་དུས་ལས་ཡོལ་བས་རྟེན་འབྲེལ་འཆུགས་ཏེ་དགུང་ལོ་ཉེར་བདུན་པ་ལ་སྐུ་ཚེའི་བར་ཆད་དུ་གྱུར་པ་ཞིག་བྱུང་ངོ་། ༈ དེ་ནས་ངམ་ཤོད་གནམ་ལྕགས་བྲག་གི་ཟབ་གཏེར་ཇི་ལྟར་བཞེས་ཚུལ་ནི། ཤིང་སྟག་ལོ་གཅུང་གི་གཤེགས་རྫོངས་རྣམས་གྲུབ་རྗེས་བན་པ་བསམ་འགྲུབ་དགོན་གྱི་དཔོན་སློབ་སྐུ་འབྲིང་གཤེགས་པའི་སྐུ་འདད་ཀྱི་གྲལ་དབུར་སྤྱན་དྲངས་པ་ལྟར་ལྷོ་བྲག་ཕྱོགས་སུ་ཕེབས་ཞོར་ལ། ཡུལ་ཕྱོགས་སོ་སོར་དད་ཅན་གྱི་བསོད་ནམས་ཞིང་དུ་ཞབས་བསྐྱོད་པ་ལས། མདོ་མཁར་ནས་མོན་གྱི་འགོ་རོང་གུང་ཐང་མཁར་དུ་ཕེབས་པའི་ཚེ། ཤར་ཕྱོགས་ཀྱི་ནམ་མཁའི་དབྱིངས་སུ་འོད་ཀྱི་ཐིག་ལེ་སྲན་མ་འཕོས་པ་ཙམ་ཁ་དོག་སྣ་ཚོགས་གྲངས་མེད་པ་འབྲེལ་བའི་ནང་དུ་སྐུ་དང་ཡིག་འབྲུ་སོགས་སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་ཤར་བ་གཅིག་ལ་གཅིག་ཐིམ་ནས་མཐིང་ཞུན་ལྟར་གསལ་ཞིང་འབར་བའི་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་ཏུ་གྱུར་ནས་སྨིན་ཕྲག་གི་ཐད་ཀྱི་ནམ་མཁའ་ལ་དེངས་པའི་མཐར་སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་དར་ཅིག་ལ་གནས་པར་གྱུར་ཅིང་། དེ་ནས་ཡར་ཕེབས་ཏེ། ཁེང་ལ་ལ་བྱས་མཚོ་སྣ་བརྒྱུད་དེ་ཟླ་བ་བཅུ་གཅིག་པའི་འགོར་དཀར་པོ་ཟངས་སུ་ཐེགས། དེར་ཚོགས་མཆོད་མཛད་པའི་ཚེ་མཚོ་སྟེང་ཡོངས་སུ་ཁྱབ་པའི་ཐིག་ལེ་མུ་ཁྱུད་ཁ་དོག་ལྔ་པས་བསྐོར་བའི་ནང་དུ་སྟོང་གཟུགས་ཀྱི་སྣང་བ་འབྱམས་ཀླས་པའི་གསལ་སྣང་རང་རིག་དང་རྣམ་དབྱེ་མེད་པར་ཤར་བའི་ནུབ་མོ་མནལ་ལམ་དུ། བུད་མེད་མོན་མོའི་ཆས་ཅན་མཛེས་སྡུག་མཚུངས་པ་མེད་པའི་རྣམ་པ་ཐུགས་ཡུལ་དུ་གསལ་བ་ཙམ་གྱིས་ཀྱང་བདེ་བའི་ཡེ་ཤེས་རྩོལ་མེད་དུ་འཆར་ནུས་པ་ཞིག་གིས། དར་གྱིས་དྲིལ་བའི་ཤོག་དྲིལ་ཞིག་ཁ་ཕྱེ་བ་ལས་འོད་ཟེར་ཕྲོམ་ཕྲོམ་འཆར་བ་སྙམ་བྱེད་པ་ཞིག་ཕྱག་ཏུ་ཕུལ་བྱུང་བ་རྨིས། ནང་པར་གཏེར་ཤོག་སྣ་ཚོགས་ཀྱི་དྲིལ་ཁ་ཞིག་ཡོད་པ་དེ་ཞལ་དབྱེ་བར་མཛད་པས། དེའི་ནང་ན་སྔར་མེད་པའི་ཤོག་དྲིལ་ཞིག་སྣང་བ་དེར་ལྗགས་ཀློག་གནང་བར། ཡི་གེ་སྡེ་ཚན་རིམ་པ་གཉིས་ཀྱི་དང་པོ་དེ་བསམ་ཡས་སྟེང་ཁང་གི་ཁ་བྱང་དང་། གཉིས་པ་དེ་གནམ་ལྕགས་བྲག་གི་ཁ་བྱང་དུ་སྣང་བ་ལས་


MLP003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་སུམ་ཅུ་པ་ཤིང་ཡོས་ཟླ་བ་དང་པོར་བསམ་ཡས་མཆིམས་ཕུར་ཕེབས་ཏེ། དེར་སྐུ་མཚམས་ཀྱི་བཅད་རྒྱ་གནང་ཞིང་། དེ་དང་འབྲེལ་ཆགས་པའི་སྦྲུལ་གྱི་ཟླ་བ་དེ་ལ་སྟེང་ཁང་ནས། དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་ཐབས་སོགས་ཀྱི་ཟབ་གཏེར་ཡོད་པ་སྤྱན་འདྲེན་པའི་དུས་ཡིན་ཡང་། སྤྱིར་རྟེན་འབྲེལ་གྱི་སྒྲིག་ཕྱོགས་འགའ་ཞིག་རྐྱེན་མ་འཛོམ་པ་དང་། སྒོས་སྐབས་དེར་གློ་བུར་བའི་རྐྱེན་གྱིས་ལྷ་སར་ཆིབས་བསྐྱོད་དགོས་པའི་བར་ཆད་ཀྱི་དབང་ལས་དུས་ཡོལ་ཏེ་ཕྱག་ཏུ་མ་སོན། དེ་རྗེས་དངོས་ཉམས་མནལ་ལྟས་ཅི་རིགས་པར་གཏེར་སྲུང་དང་མཁའ་འགྲོ་རྣམས་འཁང་བའི་ལྟས་དང་། ཕྱི་ནང་དུ་འཚུབ་འགྱུར་གྱི་རྣམ་པ་སྣ་ཚོགས་འཆར་བ་སོགས་བྱུང་བ་ལས། དེ་དག་ཞི་བྱེད་དུ་ཚོགས་བརྒྱ་སོགས་སྐུ་རིམ་ཇི་སྙེད་པ་དང་། ཁྱད་པར་མེ་འབྲུག་ཟླ་བ་བདུན་པའི་ཚེས་བརྒྱད་ནས་གྲྭ་ཕྱིར་སྐུ་མཚམས་ཀྱི་བཅད་རྒྱ་བདུན་ཕྲག་གསུམ་མཛད་རྗེས། བླ་མ་མཁའ་འགྲོའི་ལུང་བསྟན་ལྟར་ཟླ་བ་བརྒྱད་པའི་འགོར། ཙ་རི་ཏྲར་ཐེགས་ཏེ་གནས་ངོ་མཚར་ཅན་སོ་སོར་ཚོགས་མཆོད་མཛད་པས་ལྷ་དང་མཁའ་འགྲོ་འདུ་བའི་རྟགས་དང་མཚན་མ་ཁྱད་པར་ཅན་མང་པོ་མངོན་དུ་སྣང་བས་དབུགས་ཕྱུང་ཞིང་། ཁྱད་པར་ཕོ་བྲང་ཆེན་མོར་ཚོགས་མཆོད་གནང་སྐབས་འཇའ་འོད་འཁྱིལ་པའི་གུར་ཁྱིམ་རྣམ་པར་བྲེས་པ་ལས་མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་བའི་རྟགས་མངོན་སུམ་དུ་སྣང་བ་དང་། དེ་ནུབ་མནལ་ལམ་ལ། ཁང་བཟང་ཡིད་དུ་འོང་བ་ཞིག་གི་ནང་དུ་ཐེགས་པས། དེའི་ནང་ན་ཨ་ཙ་ར་རལ་པ་ཅན་ཞིག་དང་། པཎ་ཞྭ་ལུ་ཧང་བཞེས་པ་ཞིག་བུད་མེད་མང་པོའི་འཁོར་དང་བཅས་འདུག་པ་ལ་གུས་འདུད་དང་ལུང་བསྟན་ཞུ་བར་མཛད་པས་རལ་པ་ཅན་དེའི་ཞལ་ནས་སྔར་ལུང་ནས་བཤད་པའི་སྤང་བླང་རྣམས་ཇི་བཞིན་མ་བྱུང་བས་ཟབ་གཏེར་རྣམས་ཀྱང་རིམ་པར་འགྱངས་ཤིང་རྐྱེན་ངན་སྣ་ཚོགས་བྱུང་བ་དེ་ཡིན། ད་ལམ་ཚོགས་མཆོད་འདིས་རྟེན་འབྲེལ་ཉམས་པ་མང་པོ་གསོས་ཤིང་། ཕྱིས་ཀྱང་ལོ་བཅུ་ཚུན་གྱི་རྟེན་འབྲེལ་རྣམས་ལེགས་ཚོགས་སུ་འགྲིག་པ་ལ་ཕན། ཁྱད་པར་ཟླ་བ་བཅུ་གཅིག་པའི་ཉ་སྟོང་གང་རིགས་ལ་གནམ་ལྕགས་བྲག་ནས་སྔར་ཁ་བྱང་བྱུང་བའི་གཏེར་རྣམས་


MLP003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མར་མཆོད་གཏོར་ཕུལ་ནས་འཐོན་གསུང་། ཡང་པཎ་ཞྭ་ཅན་དེས། གཏེར་དེ་བཏོན་ན་བོད་སྤྱི་ལ་གནོད་པའི་འབྱུང་པོ་མང་པོའང་ཐུལ་བ་ཡོད། ཅེས་སོགས་ལུང་བསྟན་པ་ལྟར། ཁ་བྱང་དུ། སྟག་ཟླའི་ཉའམ་སྟོང་གི་ཚེ༔ ཟབ་གཏེར་འདོན་པའི་དུས་སུ་བསྟན༔ ཞེས་པའི་དུས་གནད་འཛོམ་པ་བཞིན། མེ་འབྲུག་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་ནས་གཙུག་ལག་ཁང་གི་ཡང་ཐོག་གཟིམས་ཆུང་ཀུན་བཟང་ཡང་རྩེའི་སྦུག་ཏུ་སྐུ་མཚམས་ལ་བཞུགས་པའི་རྫུ་མཛད་ནས། ཚེས་བཅུ་བཞིའི་སྲོད་ཡོལ་ཙམ་ལ་ཞབས་ཕྱིར་གཟིམས་དཔོན་བསྟན་འཛིན་དཔལ་བཟང་དང་། དགེ་སློང་ངག་དབང་ཀུན་དགའ། ཆིབས་འཆང་པ་ཨ་བཀྲ་དང་། ཀུན་དགའ་བཅས་དཔོན་གཡོག་ལྔ་དགོན་པ་ནས་གསང་ཐབས་ཀྱིས་ཆིབས་བསྐྱོད་པ་ལས། འབྲོང་ཞོལ་གྱི་མ་ཚད་མགོན་པོ་གདོང་གི་བྲག་ཞོལ་དེར་ཆིབས་གཞོལ་ཏེ་གཟིམས་པའི་མནལ་ལམ་དུ། སྐྱེས་པ་ཆས་བཟང་རྟ་དམར་བཞོན་པ་ཞིག་དང་། བུད་མེད་རྟ་དཀར་བཞོན་པ་ཞིག་གཡོག་འགའ་དང་བཅས་ཤར་ཕྱོགས་ནས་འོངས་ཏེ། རྟ་ལས་བབས་ནས་ཕྱག་བཙལ་ཅིང་བཟའ་བ་སྣ་ཚོགས་དང་བདུད་རྩི་བསྟབས་ནས། དེ་རིང་མི་འགྱུར་བའི་དུས་ཚེས་སྔ་མ་ཡིན་པས་གང་སྔ་འབྱོན་དགོས། གཏེར་སྲུང་རྣམས་མ་འཛོམ་ན་འཐོན་དཀའ་བས། ངས་ཀྱང་འབོད་གྲོགས་བྱེད། ཁྱེད་རང་ཡང་མཆོད་གཏོར་བཤམས་ནས་གསོལ་མཆོད་མཛོད་ཟེར་ཏེ་སྔོན་ལ་སོང་སྙམ་བྱེད་པའི་མུར་བྲག་གསེབ་དེ་ནས་ཧི་ཧི་ཞེས་པའི་སྒྲ་རིང་པོ་ཞིག་ལྷང་གིས་བྱུང་བའི་རྐྱེན་གྱིས་མནལ་སད་པ་དང་ནམ་ལངས་པ་དུས་མཉམ་དུ་བྱུང་ཞིང་། དེ་མ་ཐག་ཐེགས་པ་ལས་ཨོ་དཀར་བྲག་གི་དགོན་ཞོལ་གྱི་གྲོང་ཁྱིམ་དང་ཉེ་བར་གྲོ་མཛད་ནས། ཆིབས་དང་ཨ་དྲུང་གཉིས་མོན་མཁར་དུ་སློག་སྟེ་ཕེབས་སྒུག་ཞུ་བར་བྱས། དཔོན་སློབ་གསུམ་གྱིས་གནས་རིའི་ངོགས་ལ་དལ་གྱིས་འཛེགས་པར་མཛད་དེ། ཉིན་གུང་མ་ཟིན་ཙམ་ལ་གནས་ནང་དུ་ཕེབས་པ་ན། ནམ་མཁའ་དྭངས་པ་ལ་ཁོར་ཡུག་རྣམས་འཇའ་སྤྲིན་མཚར་བས་འཁྲིག་པ་སོགས་ངོ་མཚར་བའི་ལྟས་དང་། གནམ་སྒོ་ཅན་དུ་གྲགས་པའི་ཕུག་པ་དེར་ཕེབས་དུས་ས་གཡོས་ལྟ་བུས་རི་བོ་གཡོ་ཞིང་འགུལ་བ་དང་འཇིགས་ཟིལ་ཆེན་


MLP003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པོས་སྐྱི་བུང་སྙམ་བྱེད། དེར་མཆོད་གཏོར་བཤམས་ནས་གཏོར་འབུལ་ཚོགས་མཆོད་དང་གསོལ་འདེབས་མཛད་ནས། ས་མིག་འཚོལ་བར་མཛད་པས་རིའི་དབྱིབས་ལ་ཐུགས་ངེས་འདྲོངས་ཀྱང་། ཕུག་པ་གང་ཡིན་མ་མཁྱེན་པ་ན་རྡུལ་རླུང་སྤོས་ཀྱི་དུད་སྤྲིན་འཁྲིགས་པ་ལྟ་བུ་ཞིག་གློ་བུར་དུ་འཕྱུར་བའི་རེག་བྱ་ཚ་ཞིང་ཉི་མ་ལྟར་གསལ་བས་ཕུག་པ་དེ་ཁེངས་པའི་དབུས་ན། མེ་ལོང་ངོས་ལ་གཟུགས་བརྙན་ཤར་བ་ལྟ་བུའི་བུད་མེད་དམར་ངམས་རས་གོས་སྨུག་ཁྲག་གྱོན་པ་སྐྲ་ལན་བུ་གཅིག་ཏུ་བྱས་པ་ལ་མགྲོན་རྒྱན་བཏགས་པ། དཔྲལ་བར་མིག་ཁྲག་ལྟར་དམར་བ་ཧུར་གྱིས་བལྟ་བ་ཞིག་ན་རེ། ཕུག་པ་འདི་མིན་སྟེང་དུ་དེངས་ཟེར་སོང་བ་ན་དུད་སྤྲིན་ཡང་རླུང་གིས་བསྐྱོད་པ་ལྟར་དེ་དང་མཉམ་དུ་འཁྱིལ་གྱིས་བྲག་ལམ་དེའི་ངོས་ལས་སོང་བའི་རྗེས་སུ་ཐེགས་ཏེ་ཕུག་པ་གོང་མ་དེར་ཕེབས་ཤིང་། དེར་བུད་མེད་དེ་མི་སྣང་བར་ཡལ་ཡང་དུད་སྤྲིན་སྔར་ལས་གསལ་ཉམས་ཆུང་བ་ཙམ་གྱིས་འཁྱིལ་ལེར་སྣང་། ཕུག་པ་དེ་ཡང་ཁ་ལྷོ་ནུབ་ཏུ་བལྟ་བ་ཕྱི་སྒོ་གཅིག་ལ་ནང་རལ་གཉིས་སུ་ཡོད་པའི་མར་བལྟའི་གཡོན་ལོགས་ན། རྡོ་ཆོལ་དཀྱུས་མཛུབ་གང་པ་ཞེང་སོར་བཞི་ཙམ་པ་བར་རྣམས་རྡོ་ཆོལ་དང་འབྱར་རྩིས་འཇམ་པོར་བྱུགས་པ་ཞིག་སྣང་ཞིང་དེར་རྗེ་ཉིད་རང་གིས་གཏེར་བདག་རྣམས་ལ་གཏོར་མ་དང་གསེར་སྐྱེམས་འབུལ་བར་མཛད། ཞབས་ཕྱི་གཉིས་ཀྱིས་བསམ་པ་ལྷུན་གྲུབ་ཀྱི་ལས་ཅན་འགྲོ་བ་མའི་གསོལ་འདེབས་འདོན་བཞིན་བསྡད་པ་ལས། བྲག་སྒོ་ཐོ་བས་བསྡིགས་པར་མཛད་པས་མཚམས་རྣམས་འཁྱགས་པ་གས་པ་བཞིན་གྲུམ་པ་དང་། རྡོ་ཆོལ་དེ་གཟོང་གིས་བཀོག་པ་ན་བུག་པ་ཧར་བྱུང་དུ་དོད་པ་ལས་ག་པུར་གྱི་དྲི་ངད་འཐུལ་ཞིང་བྱེ་ནག་དང་སོལ་བ་ནག་ཉིལ་གྱིས་འཐོན་པའི་མོད་ལ། ཐུགས་རིག་ཟི་བུན་ནེ་བའི་ཉམས་སྣང་དུ། གཏེར་སྒོ་ཚད་དེ་ག་ལ་སྦུག་དེ་ཁྱོན་ཤིན་ཏུ་ཡངས་པའི་ནང་ནས། སྔར་གྱི་བུད་མེད་དེ་ཁྲང་གིས་འོངས་ཏེ། གཏེར་སྒྲོམ་ཆེ་ཆུང་གཉིས་པོ་དྲོད་ཚ་ལྷང་གིས་ཕྱག་ཏུ་འབུལ་བ་དང་ལྷན་ཅིག་བརྡ་ཐིམ་ཞེས་བརྗོད་ནས་ནང་དུ་ལོག་སོང་བ་དང་ཐུགས་ཉམས་དེ་སད་ཅིང་། འཇིགས་ཟིལ་གྱིས་སྐུ་ལུས་ལས་རྔུལ་འཛག་ཅིང་གསུང་མི་ཐོན་པ་ལྟར་སྣང་ཡང་།


MLP003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་རྫས་རྣམས་ཕྱག་ཏུ་ལོན་པས་ཐུགས་རིག་ཧུར་ཕྱུང་སྟེ་རང་གི་དབུ་གཙུག་ཏུ་བཞེས་ཤིང་ཞབས་ཕྱི་གཉིས་ལའང་བྱིན་རླབས་གནང་ནས། གཏེར་ཁུང་དུ་རིན་པོ་ཆེ་འབྲུ་སྨན་ཤིས་བརྗོད་སོགས་དར་གྱིས་བསྒྲིལ་བ་བཞུགས་པར་མཛད་ཅིང་། རྡོ་ཆོལ་བསྒྲིག་པའི་མཚམས་གྲུམ་པ་རྣམས་གཏོར་ཟན་གྱིས་སྦྱར་བ་ལ་ས་གཏོར་ཏེ་མི་མངོན་པར་མཛད་ནས། ཕུག་པའི་ཕྱིར་ཕེབས་དུས་ཉི་མ་དམར་ཐག་ཆོད་པ་ཙམ་དུ་གྱུར། དེ་ནུབ་ཕུག་པ་གནམ་སྒོ་ཅན་དུ་བཞུགས་པའི་མནལ་ལམ་དུ། ཆུ་བྲག་ལྗོན་ཤིང་མེ་ཏོག་སོགས་ཀྱིས་བཀྲ་བའི་ཡུལ་ལྗོངས་ཉམས་དགའ་བའི་དབུས་སུ་རིན་པོ་ཆེའི་ཁང་བཟང་བཀོད་ལེགས་ངོ་མཚར་ཅན་གྱི་ནང་དུ། རིན་པོ་ཆེའི་ཁྲི་སྟན་ཁྱད་པར་འཕགས་པའི་སྟེང་ན། མ་ཧཱ་གུ་རུ་ཉིད་པདྨ་རྒྱལ་པོའི་ཆ་ལུགས་ལྟ་བུ། གཡས་གཡོན་དུ་བུད་མེད་གཞོན་མཛེས་རེས་བརྟེན་པའི་མཐར་ལོ་པཎ་རྒྱལ་བློན་རིག་འཛིན་མཁའ་འགྲོའི་འཁོར་ཚོགས། ཁྲོམ་ཚོགས་པ་ལྟ་བུས་བསྐོར་བ་ལ། ཤིན་ཏུ་དད་པའི་འུར་ལངས་ཏེ་ཕྱག་དང་གསོལ་འདེབས་དྲག་པོ་གནང་བས་འཁོར་རྣམས་ཀྱང་དེ་ལྟར་མཛད་ཅིང་འདུགདེར་ཨོ་རྒྱན་ཆེན་པོ་ཉིད་སྙེས་སྟབས་ལས་ཁྲོང་གིས་བཞེངས་ནས་ཐུགས་ཀའི་ན་བཟའ་བསལ་བ་ལས་འོད་ཟླ་ཟེར་ལྟ་བུ་སྤྲོས་པ་གཡས་ངོས་སུ་འཁྱིལ་བའི་འོད་ཕུང་གསལ་ལ་དྭངས་པའི་གུར་ཁྱིམ་སྒོ་ང་ལྟ་བུའི་ནང་ན། རྡོར་སེམས་དང་བླ་མ་དྲག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན་བཀྲ་གསལ་ལེར་སྣང་བ། གུ་རུས་ཕྱག་གིས་བསྟན་ཅིང་དེ་ལས་ཁྲོ་ཚོགས་སྤྲོས་པས་བགེགས་བསྐྲད་དེ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མཚོ་ལ་ཁ་བ་ལྟར་བབས་པས་བདེ་ཆེན་གྱི་ཡེ་ཤེས་བཟོད་མེད་དུ་འབར་ཞིང་། དེ་ནས་བུམ་དབང་བསྐུར་ནས་བསྐྱེད་རིམ་གྱི་གདམས་པས་ཡུལ་སྣང་ཐམས་ཅད་སྣང་སྟོང་དག་པ་རབ་འབྱམས་ཀྱི་འཁོར་ལོར་སྦྱོངས་ཏེ། དཀྱིལ་འཁོར་གྱི་སྣང་ཆ་ཐུགས་ཀར་བསྡུས་ནས། སྐུ་གསལ་སྟོང་སྒྲིབ་ཐོགས་དང་བྲལ་བར་རྟེན་རྩའི་འཁོར་ལོར་བརྟེན་པ་ཐིག་ལེའི་ལྷ་ཚོགས་གསལ་འཚེར་འཕར་གཡོ་བྱེད་པ་ལྟར་གསལ་བ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་སྩལ་བས། རྩ་ཁམས་བདེ་བས་ཁྱབ་པའི་བདེ་


MLP003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་ཡེ་ཤེས་སྦར་ནས་གཏུམ་མོའི་ཟབ་ལམ་རྣམས་ལེགས་པར་གདམས། དེ་ནས་གཡོན་གྱི་བུད་མེད་དེ་ཕྱག་རྒྱར་གཏད་པ་ལ་སྙོམས་འཇུག་མཛད་པས་སྐུ་ལུས་ལྷ་སྐུར་དྭངས་པར་བྱང་སེམས་དགའ་བཞིའི་ཉམས་རྒྱས་པས་ལྷན་སྐྱེས་ཀྱི་ཡེ་ཤེས་འབར་བ་ལས། རང་རིག་ཀ་དག་དེ་ཁོ་ན་ཉིད་ཡེ་ཤེས་ལྷུན་གྲུབ་སྣང་བཞིར་རྫོགས་པའི་ངོ་སྤྲོད་གཅེར་མཐོང་མཛུབ་ཚུགས་སུ་གདམས་པའི་མཐར་བཀའ་སྲུང་རྣམས་བཀུག་ནས་ཕོ་ཉ་བཀའ་སྡོད་དུ་གཏད་པས་རང་ཉིད་ཆེ་བཙན་འགྲན་ཟླ་དང་བྲལ་བའི་དཔའ་གདེངས་ཆེན་པོ་བརྙེས་ཤིང་། གཞན་ཡང་གདམས་པའི་གནད་དང་། ལུང་བསྟན་གྱི་བླང་དོར་རྣམས་ཀྱང་ཅི་རིགས་སུ་གདམས་རྗེས། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་སྤྲོས་པས་བར་གཅོད་ཀྱི་གདོན་བགེགས་རྣམས་འདུལ་བའི་ཕྲིན་ལས་དང་། སླར་ཡང་འོད་ཟེར་དེ་དག་ལས་འདོད་ཡོན་ལྔའི་ལོངས་སྤྱོད་ཉི་ཟེར་གྱི་རྡུལ་ཕྲན་ལྟར་བུན་ལོང་ཟི་ཁོལ་ཁོལ་བྱེད་པའི་ངང་ལ་མནལ་སད་ཅིང་། སད་ནས་ཀྱང་སྤོས་རོལ་གྱི་སྣང་བ་རྣམས་ལམ་མེ་བར་སྣང་ཞིང་གཏད་མེད་བདེ་བའི་ངང་ལ་རེ་ཞིག་གནས་པའི་ཐུགས་ཉམས་བཟང་པོ་འཁྲུངས་པར་གྱུར་ཏོ། །དེ་ནས་ནངས་པར་མོན་མཁར་གྱི་ལ་བརྒྱུད་འབྲས་ཐང་གི་བར་ཞབས་འགྲོས་དང་། དེ་ནས་ཆིབས་ལ་བརྟེན་ཏེ་གདན་སར་སྲོད་ཡོལ་ཙམ་ལ་ཕེབས་ཤིང་། སང་ཉིན་དེ་ནང་འཁོར་རྣམས་ལ་བྱིན་རླབས་མཛད། དེ་འཕྲལ་གོང་མ་ཐམས་ཅད་མཁྱེན་པའི་སྤྱན་སྔར་གནས་ཚུལ་འབུལ་མི་ཆེད་དུ་མངགས་པར། ཤིན་ཏུ་དགྱེས་པའི་བཀའ་ཤོག་གསེར་དང་ཁ་ཐག་སྣ་ལྔའི་རྟེན་དང་བཅས་སྩལ་ཅིང་། མི་རིང་བར་གོང་ནས་སྤྱན་འདྲེན་གྱི་བཀའ་ཤོག་ཕེབས་པ་ལྟར་འབྲིའུ་སྣའི་གྲུ་བརྒྱུད་ཕོ་བྲང་ཆེན་པོར་ཐེགས་པ་ལས། གོང་མའི་ལུང་གིས་བསྐུལ་ཏེ་གཏེར་ཤོག་རྣམས་གནས་གསར་དྲུང་ཡིག་འཇམ་དབྱངས་བསྟན་འཛིན་གྱིས་ཡིག་མཁན་མཛད་ནས་བུ་དཔེར་འབེབས་པར་གནང་རྗེས། ཟླ་བ་བཅུ་གཉིས་པའི་ཚེས་དགེ་བར་རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་དང་མི་དབང་ཆོས་ཀྱི་རྒྱལ་པོ་ལྷན་རྒྱས་སུ། གཏེར་གསར་དྲག་དམར་གྱི་དབང་དང་། རྡོར་སེམས་ཀྱི་བྱིན་རླབས། གཏེར་ཤོག་རྣམས་ཀྱི་བཀའ་གཏད་བཅས་


MLP003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བར་མཛད་ཅིང་། ཉང་གི་ཕྱག་སྦུག་ཧོར་འཆོལ་ཁྱད་འཕགས་དང་། དངུལ་གྱི་མཎྜལ་ལ་གསེར་ཞོ་སོ་བདུན་གྱི་ཚོམ་བུ་བཀོད་པ། ཁྱད་གོས་ཕྱི་ནང་ཡུགན་བཟའ་ཆ་འགྲིག་སོགས་ཡོན་གྱི་དངོས་པོ་གྱ་ནོམ་པ་སྩལ་ཅིང་། ཤིན་ཏུ་མཉེས་པའི་བཀའ་ལུང་གིས་དབུགས་དབྱུང་བར་མཛད། དེའི་སང་ཉིན་ལུང་རྣམས་འབུལ་བར་མཛད་ནས། ཁྲིད་ཀྱི་དམིགས་རྐང་རྣམས་ཉིན་རེ་བཞིན་བཞེས་པ་སོགས་རྟེན་འབྲེལ་གྱི་སྒོ་རྣམས་བར་ཆད་མེད་པར་འགྲིག་པའི་དགེ་མཚན་མངོན་དུ་གྱུར་པ་ཡིན་ནོ། །དེ་ནས་མེ་སྦྲུལ་ཧོར་ཟླ་དང་པོའི་ཚེས་ལྔ་ནས་བརྩམས་ཏེ། ཕོ་བྲང་ཆེན་པོར་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོར་བཞུགས་ནས། ཚེ་དཔག་མེད་ཀྱི་བསྐྱེད་རྫོགས་ཀྱི་དོན་ཟབ་མོ་ཐུགས་ཉམས་སུ་བཞེས་པ་ན། དབོ་ཟླ་ཤར་མཚམས་ཀྱི་སྐབས་ཤིག་འོད་གསལ་གྱི་གཟིགས་སྣང་ལ། མཱ་ར་ཏི་ཀ་ཡིན་དགོངས་པའི་བྲག་ཕུག་ཤར་ལྷོར་ཕྱོགས་པ་ཞིག་ཏུ་ཕེབས་འདུག་པར། འདི་འཆི་མེད་གྲུབ་པའི་གནས་ཀྱི་སྙིང་པོ་ཡིན་པས་ཚེ་སྒྲུབ་ཅིག་མཛད་དགོས་དགོངས། ཚེ་རྫས་རྣམས་བཤམས་ཏེ། གཏེར་གསར་གྱི་ཚེ་ཆོག་ཅིག་གནང་གི་འདུག་པར་སྒོ་འགྲམ་དེར་ལྷའི་བུ་གཞོན་མཛེས་ཤེལ་བུམ་བདུད་རྩི་དཀར་སེར་གྱིས་གང་བ་ཐོགས་པ་ཞིག་འོངས་ཏེ། འདི་ལྷ་ཡི་བདུད་རྩི་ཡིན། ཁྱོད་རང་མང་ཙམ་དང་། རོགས་རྣམས་ལ་ཐིགས་པ་རེ་བྱིན། འཇུ་དཀའ་ཡང་འཇུ་རྟིང་ལྷ་ཡི་ཚེ་ཡང་འདི་ལས་བྱུང་བ་ཡིན། ཁྱད་པར་འདི་ལྷ་སུ་ཁ་དྷཱ་རའི་ལོངས་སྤྱོད་འཕྲོ་ཡིན་ཞེས་བྱིན་བྱུང་བར། འདི་སྙམ་དུ་དགོངས་ཏེ། མི་ཡུལ་དུ་ལྷ་ཡི་བདུད་རྩི་ཡོང་བ་དཀའ། མི་སྲིད་པ་དེ་བཏུངས་ཀྱང་ཕན་མེད། གནོད་དུ་མི་འགྱུར་བའི་ངེས་པའང་མེད་དམ་སྙམ་ཐེ་ཚོམ་མེ་བའི་ངང་ནས་ཁྱོར་བ་གང་བཟེད་ནས་བཞེས་པ་ན། འོ་མ་ཀ་ར་དང་སྦྱར་བའི་རོ་འདྲ་རུང་ལ། དེས་ཀྱང་མཚོན་དུ་མེད་པ་ཞིག་སྣང་ཞིང་། ཞལ་དུ་སླེབས་པ་ཙམ་གྱིས་སྐུ་ལུས་རགས་པའི་དངོས་འཛིན་ཐམས་ཅད་དྭངས་ཏེ་གསལ་སྟོང་འཛིན་མེད་དུ་སྣང་བའི་སྐུའི་ལྟོ་བ་ན། འཆི་མེད་ཀྱི་བདུད་རྩི་དེ་དངུལ་ཆུ་འཁྱིལ་བ་ལྟར་སྐྱ་ཧྲིལ་ལེར་འདུགདེའི་ཚེ་དགོངས་པ་ལ། གནས་འདི་ཁྱད་པར་འཕགས་པར་མ་ཟད། བདུད་རྩི་


MLP003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ནུས་པས་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པའང་སྲིད། དེ་གྲུབ་ན་ཆོ་འཕྲུལ་གྱི་བཀོད་པ་སྣ་ཚོགས་འདོད་དགུར་བསྒྱུར་ནུས་པ་ཞིག་དགོས་པས། ཇི་ལྟར་འོང་སད་པར་བྱའོ་སྙམ་དུ་འཕར་གཡོའི་ཐུགས་འདུན་གཏད་པས་གང་མོས་སུ་སྤྲུལ་བསྒྱུར་མཛད་པ་ལ་དཀའ་བ་མི་འདུག་པས་ངོ་མཚར་དུ་མཁྱེན་ཏེ། རོགས་རྣམས་ལའང་སྟེར་དགོས། ཚེ་སྒྲུབ་ཀྱི་བུམ་པ་འདིར་ཡང་བླུགས་དགོས་གསུངས་པས། སྔར་ཐེ་ཚོམ་སྐྱེས་པ་ལ་མི་དགའ་བའི་ཉམས་ཀྱིས་མི་སྟེར་བའི་ཚུལ་བྱེད། ནན་གྱིས་བསླངས་པས་བུམ་ནང་དུ་ཁྱོར་གང་ཙམ་དང་། རོགས་རྣམས་ལ་སྲན་རྡོག་ཙམ་རེ་བྱིན་སོང་བ་ལ་ལས་མིད། ལ་ལས་མི་འཇུ་ཞེས་སྐྱུགབུམ་ནང་དུ་གཟིགས་པས་བུམ་ཆུའི་དཀྱིལ་ན་དངུལ་ཆུ་བླུགས་པ་ལྟར་མ་འདྲེས་པར་ཧྲིལ་ལེར་འདུགདེར་དགོངས་པ་ལ། མི་ཡི་བདུད་རྩི་ཡེ་ཤེས་ཀྱི་བདུད་རྩིར་བསྒྲུབས་པ་ལས་ལྷ་ཡི་བདུད་རྩི་འདི་ངོ་མཚར་བར་སྣང་། ནུས་པའི་མཐར་ཐུག་བསྒྲུབས་པ་དེ་རང་ཆའམ་དགོངས་པ་ན། དེ་ཆུ་ནང་དུ་རྡོ་བསྲེགས་བཅུག་པ་ལྟར་སོར་གྱིས་ཁོལ་བའི་རླངས་པ་བུམ་ནང་ནས་ཐོལ་གྱིས་བྱུང་བའི་དཀྱིལ་ན། ཚེ་དཔག་མེད་ཀྱི་སྐུ་ཡུངས་འབྲུ་ཙམ་པ་ཞིག་གསལ་ཧྲིག་གེར་འདུགརླངས་པ་ཡལ་བ་ན་ལྷ་དེ་ཡང་ཡལ་སོང་། བུམ་ནང་དུ་གཟིགས་པས་བུམ་ཆུ་སྔར་ལས་གར་ཉམས་ཆེ་ཞིང་མདངས་ལི་ཁྲི་ལྟར་སྣང་། ལྷའི་བུ་དེ་ཕུག་པའི་གཡོན་ངོས་དེར་བུམ་པ་དེ་བཟུང་ནས་བསྡད་སོང་། དེར་ས་སྲིབ་ལྟ་བུའི་མུན་མཐོང་མར་མེའི་སྣང་བ་དང་ཅ་ཅོའི་སྒྲས་མཚོན་མཐར། ཌཱཀྐི་མ་མི་མོའི་རྣམ་པ་ཅན་རྣམས་ཀྱིས་ཁྱོགས་ལ་བཏེགས་ནས་ནུབ་ཕྱོགས་སུ་སྤྱན་དྲངས་ཏེ། མུན་པ་མི་ཟད་པའི་དུར་ཁྲོད་བྱ་བ་སྔོན་སློབ་དཔོན་པདྨ་འབྱུང་གནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་ད་ལྟ་ནག་པོ་སྤྱོད་པ་སོགས་སྤྱོད་པ་མཛད་པའི་གནས། ཐང་ཆེན་པོའི་དབུས་ན་བྲག་རི་དེའུ་ནགས་ཚལ་འཁྲིགས་པའི་དཀྱིལ་འཇིགས་རུང་དུར་ཁྲོད་ཀྱི་བཀོད་པ་མཐའ་ཡས་པའི་ལྟེ་བར་ཐང་ཤིང་འདྲ་བའི་ཤིང་སྡོང་ལྔ་དྲུག་ཙམ་པའི་འོག་ཏུ་འཇག་ཁྱིམ་ལྔ་དྲུག་ཙམ་ཕུབ་འདུག་པ་དེ་ཚོའི་ནང་དུ་སྤྱན་འདྲེན་གྱི་བུད་མེད་དེ་རྣམས་སོང་བ་དང་། རྗེ་ཉིད་རང་ཡང་འཇག་ཁྱིམ་གཅིག་ཏུ་ཐེགས་པ་ན། དེར་བུད་མེད་


MLP003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་ལྔ་ཙམ་ཚོགས་པའི་གུང་དེར་ས་ཁྲི་སྟག་འབོལ་བཏིང་བ་ཞིག་གི་ཁར་བཞུགས་སུ་གསོལ། སྔར་རང་དང་ལྷན་ཅིག་ཡོང་བའི་བུད་མེད་ངོ་ཤེས་པ་འདྲ་བ་དེ་དང་། གཞན་གཅིག་སྟེ་གཉིས་ཀྱང་གདན་དེར་མཉམ་དུ་བསྡད་སོང་། གཞན་ཁྲོམ་ཚོགས་ཀྱིས་རང་ཉིད་རྟ་མཆོག་ཧེ་རུ་ཀའི་གསལ་སྣང་གི་སྙེམས་པས་ཚོགས་མཆོད་མཛད་པ་ན། བུད་མེད་བོང་ཆུང་ངེ་བ་ཞིག་གིས་རྗེ་ཉིད་རང་ལ་ཤ་དམར་སོལ་ཁྲག་ཐིགས་པ། ཤིང་ཐོག་སེར་པོ་ལྔ་སོགས་བཟའ་བ་དང་ཆང་ཀ་པཱ་ལ་གང་རྣམས་སྟོབ་བྱུང་། དེ་བཞིན་ཏུ་ཚོགས་པ་ཀུན་ལ་དྲངས་ནས་ལོངས་སྤྱད་རྗེས། རང་དང་མཉམ་དུ་འཁོད་པའི་བུད་མེད་དེ་ན་རེ་འདི་ཚོ་ཕྱི་ཡི་དམ་རྫས་ཡིན། ད་ཁྱད་པར་ནང་གི་མཆོད་པ་ལ་འདིར་འདུས་ཐམས་ཅད་ལ་རོལ་དགོས། སྔར་བཻ་རོ་ཙ་ན་དང་ཞི་བ་སྙིང་པོ་སོགས་ཀྱིས་ཀྱང་འདིར་གྲུབ་པ་བརྙེེས་པ་ཡིན་ཟེར། གལ་ཏེ་ཐམས་ཅད་ལ་རོལ་མ་ནུས་ནའང་། ངེད་བདུན་ལ་རོལ་དགོས་ཟེར། དེར་གཞན་ཚོ་གྱེས། བདུན་བསྡད་འདུག་པར་རིམ་བཞིན་སྙོམས་པར་ཞུགས་པས་ཙཎྜ་ལཱི་འབར་བའི་མེས་ཟླ་བ་བདུད་རྩིར་དྭངས་པའི་དགའ་བཞིའི་ཡེ་ཤེས་རེ་རེ་ལས་རེ་རེ་གོང་དུ་འཕེལ་བས་ལྷན་སྐྱེས་བདེ་སྟོང་གི་ཡེ་ཤེས་ཐུགས་ཉམས་སུ་བསྟར། དེ་ཚེ་རང་གི་སྐུའི་རྩ་དང་ཐིག་ལེ་རླུང་གིས་བསྐྱོད་པའི་འགྲོ་འོང་རྣམས་ཀྱང་གསལ་བར་གཟིགས། ཡང་བུད་མེད་གཅིག་གིས་ཀ་པཱ་ལ་བྱང་སེམས་དཀར་དམར་གྱིས་གང་བ་ཐོགས་ཏེ། བོ་དྷི་ཙིཏྟ་ཛྙཱ་ན་ཨ་མྲྀ་ཏ་སུ་ཁ་སིདྡྷི་ཨ་ཧཾ། ཞེས་ཞལ་དུ་བླུད་པས་བདེ་དྲོད་འགྱུར་མེད་ཀྱི་ཡེ་ཤེས་མཆོག་ཏུ་འབར་ཏེ་འཕར་གཡོའི་ཉམས་ཆེན་པོ་འཁྲུངས། དེ་ཚོ་གྱེས་རྗེས་འཇག་ཁྱིམ་གཞན་ཞིག་ཏུ་ཐེགས་པ་ན། དེར་བུད་མེད་བཅུ་གསུམ་ཙམ་མལ་གདང་གིས་ཉལ་བའི་ཐ་མ་དེ་ལོ་ཉི་ཤུ་སྐོར་འགྲོ་བ་ཤ་མདོག་དམར་སངས་ཁྲོ་ཉམས་ཅན་ཞིག་འདུག་པ་གཅེར་བུར་ཧར་གྱིས་ལངས་ནས་གསང་བའི་ཆོས་འབྱུང་ནས་ཉི་མའི་དྭངས་མ་འཛག་བཞིན་པར་ཀུ་བའི་ཕོར་པར་ཆང་དམར་སིང་གིས་གང་བ་དབང་མེད་དུ་བླུད་བྱུང་བས་གཟི་བ་ལྟ་བུའི་ཧང་ཧང་པ་ཞིག་ལ། བུད་མེད་དེ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་སྟོན་གྱིན་འདུག་པར་འདི་རྗེ་བཙུན་མའོ་སྙམ་དུ་མོས་གུས་དྲག་པོ་


MLP003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་དེ་ཉིད་ཀྱི་མཁའ་གསང་ནས་བྱང་སེམས་དམར་པོ་བབས་པ་འཐུང་པས་ཡེ་ཤེས་ཀྱི་ཉམས་ལྷག་པར་འཕེལ། དེ་གའི་ངང་ནས་སྐུ་ལས་འོད་སྤྲོ་བཞིན་དུ་ནུབ་ཕྱོགས་ཀྱི་མཁའ་ལ་ཇེ་མཐོ་ཇེ་མཐོར་གཤེགས་པ་དང་ལྷན་ཅིག་གསུང་སྙན་པོས། དེ་རིང་མཐོང་བའི་བུད་མེད་ང་། །དུར་ཁྲོད་གནས་པའི་འདྲེ་མོ་ཡིན། །འཛམ་གླིང་མྱུལ་བའི་ཞིང་སྐྱོང་མ། །མ་རྟོགས་འཁྲུལ་པའི་དམ་སྲི་མ། །རྟོགས་ན་བདེ་ཆེན་ཌཱ་ཀི་མ། །རང་བྱུང་ལྷན་སྐྱེས་རིག་པའི་སེམས། །ང་ནི་ཀུན་གྱིས་མཐོང་བ་དཀའ། །མཐོང་བ་ལས་ཀྱང་ཤེས་པ་དཀའ། །ཤེས་ཀྱང་འབྲས་བུ་སྒྲུབ་པ་དཀོན། །ད་ནི་འདི་ནས་ལོ་ལྔ་ན། །ང་ནི་སྦྱོར་བའི་ཡུམ་དུ་འགྱུར། །སྤྲུལ་པ་བོད་ཡུལ་དབུས་ན་ཡོད། །སྤྲུལ་གཞི་བདེ་ཆེན་དབྱིངས་སུ་འགྲོ། །ཞེས་མི་མཐོང་བའི་སར་གཤེགས། སླར་ནང་དུ་ལོགས་ཕེབས་པས། རང་གིས་ངོ་མཁྱེན་པའི་བུ་མོ་དེ་བསྡད་འདུགདེའི་སྦུག་ན་རས་དམར་པོས་བཀབ་པའི་དམར་ལྡིར་ལྡིར་ཞིག་འདུག་པར། ཅི་ཡོད་དྲིས་པས། བུད་མེད་གཞན་ཆུང་ངུ་གཅིག་གིས། འདི་ནག་པོ་སྤྱོད་པ་བརྟུལ་ཞུགས་བསྐྱངས་པས་རླུང་བསྙུན་ནས་འོད་གསལ་ལ་གཟིམས་སོང་། ད་ལོ་ཉི་ཤུ་སོང་བ་ན་བོད་དུ་ཁོ་རང་གི་ངོ་ཤེས་ཡོད་པས་དེར་འབྱོན། གཞན་ཧཱུྃ་མཛད་དང་མི་ཏྲ་ཛོ་གི་དང་། ཌོམ་བྷི་པ་རྣམས་གོང་འདི་ན་ཡོད། ལ་ལ་ད་ལྟ་བོད་དང་བལ་པོ་ན་ཡོད། དེ་ཚོ་འཁོར་བ་དང་འདི་ཚོ་འབྱོན་པ་རེས་མོས་ཡིན་ཟེར། རས་ཀྱིས་བཀབ་པ་དེ་ལ་གཟིགས་པས་གཞོང་བ་ཞིག་ན་ཨཱ་ཙཱཪྱ་གཅེར་བུ་ཞིག་མནལ་བའི་བར་རྣམས་སིནྡྷུ་ར། ཁྲགསྦྲང་། རས་བལ་རྣམས་ཀྱིས་བཀབ་འདུག་པར། སྒྱོགས་དྲག་ཏུ་བཏང་བས། དེ་ཧར་གྱིས་བཞེངས་ཏེ། ཁྲག་དང་སིནྡྷུ་ར་སོགས་གཏོར་ཞིང་། ཧ་ཧའི་བཞད་སྒྲ་དྲག་ཏུ་སྒྲོག་པས་མནལ་སད་དེ། སད་ནས་ཀྱང་ཞག་འགར་བདེ་ཆེན་གྱི་ཉམས་ལ་རྩོལ་མེད་དུ་གནས་པ་བྱུང་། ཡང་ས་རྟ་ལོ་གྲྭ་ཕྱིར་འོག་གདོན་གྱི་བསྙུན་གཞིའི་ཐུགས་དོགས་བསལ་བར། ནད་གདོན་རང་བཞིན་མ་གྲུབ་པའི་གནས་ལུགས་རིག་རྩལ་གྱི་སྣང་བ་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་ལྷའི་རྣམ་པར་བཞེངས་ནས་ལྗགས་བསྙེན་གྱི་སྐུ་མཚམས་དམ་པོ་ལ་བཞུགས་པ་ན། མགོ་ཟླའི་ཚེས་བཅུ་བདུན་གྱི་སྲོད་ཐུན་རྗེས་སུ་ཅུང་ཟད་བྱིང་


MLP003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཐུག་ཆོམ་གྱི་སྒྲ་དྲག་པོས་སད་དེ། མདུན་གྱི་ནམ་མཁར་དུད་སྤྲིན་འཁྲིགས་པའི་ཀློང་ན། འཇམ་དཔལ་རིག་པའི་རྒྱལ་པོའི་སྐུ་འཇིགས་སུ་རུང་བ་ཁྲོས་པའི་རྣམ་པ་འོད་ཟེར་སྣ་ཚོགས་སྤྲོ་བ་གཟིགས་པའི་མོད་ལ་དངངས་ཤིང་བརྒྱལ་བ་ལས་སད་ཚེ་སྙན་བརྗིད་ཀྱི་སྒྲ་དང་བཅས་ཏེ་སྐུའི་སྣང་བ་འུབ་ཀྱིས་འདུས་ནས་རང་གི་སྐུར་ཐིམ་པས་བདེ་བའི་ཐུགས་ཉམས་གསལ་བ་ལ་འཛིན་རྟོག་དང་བྲལ་བའི་ངང་ལ་དར་ཅིག་གནས་པར་གྱུར། དེ་ནུབ་མནལ་ལམ་དུ་གདོན་ལྟོ་འགྲོའི་གཟུགས་ཀྱི་རྣམ་པ་སྐུ་ལས་འཐོན་སོང་བ་ལྟར། ནངས་པར་ཟླ་བ་སྒྲ་གཅན་ལས་ཐར་བ་བཞིན་ནད་གདོན་གྱི་གཡུལ་ངོ་ལས་རྒྱལ་བས་ངོ་མཚར་བར་གྱུར་ཏོ། །ས་ལུག་མཆུ་ཟླའི་ནང་དུ་ཐུགས་དམ་ལ་བཞུགས་པའི་སྐབས་ཤིག་རྡོ་རྗེའི་མཆེད་གྲགས་ལྡན་ཞིག་གིས་ངན་སྦྱོར་གྱི་བྱད་ཁ་བགྱིས་པའི་སྣང་ཚུལ་རྣམས་མེ་ལོང་ལ་པྲ་ཕབ་པ་ལྟར་མ་སྒྲིབ་པར་གསལ་པོར་གཟིགས་པ་ན། སྟོང་ཉིད་རིག་པའི་རྩལ་སྣང་བྱམས་སྙིང་རྗེར་ཤར་བས་ཟིལ་གྱིས་གནོན་པ་ལས་ཆེད་དུ་ཕྱིར་བཟློགས་སོགས་མ་མཛད་ཀྱང་། རིང་པོར་མ་སོང་བར་འཕྲིན་ལས་མགོན་པོས་བྱད་མ་མཁན་གྱི་མགོ་བོ་མགྲིན་པ་ནས་བཅད་པ་ཁྲག་འཛག་བཞིན་པ་སྐུ་མདུན་དུ་བོར་བ་གཟིགས་པ་ལྟར་རྟགས་མངོན་དུ་གྱུར། ༈ དེ་ནས་ཤ་འུག་ལྟག་སྒོའི་ཟབ་གཏེར་ཇི་ལྟར་བཞེས་པའི་ཚུལ་ནི། རང་གཏེར་གབ་རྒྱ་ཅན་གྱི་ལུང་བྱང་ལས། ཁྱད་པར་གནད་ཀྱི་རྟེན་འབྲེལ་འགྲིག་གྱུར་ན༔ སོ་ལྔའི་ལོ་ལ་མན་ངག་ཟབ་མོའི་གནད༔ པདྨ་བདག་གི་སྙིང་ཁྲག་གཏེར་སྒོ་འབྱེད༔ ཅེས་དགུང་ལོ་སོ་ལྔ་བཞེས་པ་ལྕགས་སྤྲེའི་ལོར་ཟབ་གཏེར་འདི་བཞེས་པའི་དུས་སུ་གསུངས་པ་ལྟར། ཟླ་བ་དང་པོ་ནས་བརྩམས་ཏེ། ཟབ་གཏེར་གྱི་འགལ་རྐྱེན་ཞི་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་ཆེད་དུ་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོ་གྲྭ་ཚང་ཡོངས་རྫོགས་ཀྱི་ཐོགདར་གླིང་པ་དང་། སྙེ་མདོ་གྲྭ་ཚང་རྣམས་ཀྱིས་ཁ་བསྐངས་ཏེ་བསྡེབས་ཚོགས་ཀྱིས། སྐུ་རིམ་དུ་བཛྲ་གུ་རུ་དུང་ཕྱུར། བཀའ་ཐང་བརྒྱ་རྩ། བསམ་པ་ལྷུན་གྲུབ་མ་ཁྲི་ཚར། འབུམ་འུར་འདོན་སོགས་མཛད་ཅིང་། གཞན་ཡང་ཡེར་པ། མཆིམས་ཕུ། གཡའ་མ་ལུང་། ཡང་རྫོང་།


MLP003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་བྲགགནམ་ལྕགས་བྲག་སོགས་གནས་ཆེན་མང་པོར་མཆོད་འབུལ་དང་ཚོགས་བརྒྱ། གདན་ས་རང་དུ་བསྐང་བཤགས་དང་། གཞོན་ནུ་མའི་མཆོད་པ་སོགས་བསྒྲུབས། ཁྱད་པར་རྗེ་ཉིད་རང་གི་གཟིམས་ཆུང་ཀུན་བཟང་ཡང་རྩེར་སྐུ་མཚམས་ཀྱིས་བཅད་རྒྱ་དམ་པོར་བཞུགས་ཏེ། ཟབ་མོའི་སྒོམ་བཟླས་དང་། ཚོགས་མཆོད་གསོལ་འདེབས་སོགས་ཕྱི་ནང་གསང་བའི་རྟེན་འབྲེལ་བསྒྲིག་ཐབས་རྣམས་ལ་ཐུགས་བརྩོན་ཆེ་ཐང་དུ་མཛད་པ་ལས། མཆུ་ཟླའི་ཉིན་ཞིག་ལྗགས་བཟླས་ལ་བཞུགས་པའི་སྐབས་མནལ་ར་རི་ཞིག་བྱུང་བ་ལས། སད་པའི་སྐད་ཅིག་མའི་གཟིགས་སྣང་ལ། ཞིང་ཁམས་མཐའ་མེད་ཕྱམ་བརྡལ་བའི་དབུས་སུ་འཇའ་འོད་ཀྱི་གུར་ཁྱིམ་འཁྲིགས་པའི་ནང་ན། ཨོ་རྒྱན་ཆེན་པོ་ཧེ་རུ་ཀའི་ཆ་བྱད་ཅན་ཡུམ་མཚོ་རྒྱལ་མ་དང་བཅས་པ་བཀྲ་ས་ལེར་བཞུགས་པ་གཟིགས་པས། མོས་ཤུགས་དྲག་པོ་ཐུགས་ལ་འཁྲུངས་པ་ལས། སྐུ་མདུན་གྱི་ཐད་ཉེ་སར་ཡུད་ཀྱིས་བྱོན་ནས། བརྡའི་དབང་བཞི་བསྐུར་ཞིང་ཟབ་ལམ་གྱི་གནད་འགའ་ཞིག་གདམས་པའི་མཐར། མཚོ་རྒྱལ་གྱིས་ཁ་བྱང་གི་ཤོག་དྲིལ་འོད་ཀྱི་ཐིག་ལེའི་རང་བཞིན་ཅན་ཕྱག་ཏུ་སྩལ་བ་བཞེས་ནས། སྤྱན་འབྱེད་འཛུམ་གྱི་རྐྱེན་ལས་ཐུགས་ཉམས་ཀྱི་སྣང་བ་དེ་འགགས་ཀྱང་། རང་གི་སྐུ་ལུས་དྭངས་གསལ་སྒྲིབ་ཐོགས་མེད་པར་སྟོང་གཟུགས་ཀྱི་ཐིག་ལེ་འཕར་ཞིང་གཡོ་བ་ལྟ་བུ་དང་། གང་ཤར་སྒྱུ་མའི་རྣམ་རོལ་བདེ་ཆེན་གྱི་རང་གདངས་སུ་མ་འགགས་པ། རང་རིག་སྤྲོས་བྲལ་འགྱུར་མེད་ཀྱི་ངོ་བོར་སོན་པ་སྙམ་བྱེད། ཐུགས་ཉམས་ཀྱི་སྣང་བ་དེ་འགགས་པའི་ཚེ་རང་གི་སྐུ་པང་ན་སྔར་གྱི་ཤོག་དྲིལ་དེ་འདུག་པ་ཕྱག་ཏུ་བཞེས་པས་དྲི་བཟང་པོའི་ངད་ཀྱིས་ཡོངས་སུ་གང་བར་གྱུར་ཅིང་། དེ་ལ་གཟིགས་པ་ན་ཤ་འུག་ཟབ་གཏེར་གྱི་ཁ་བྱང་དུ་སྣང་བས་འདོད་པའི་དོན་གྲུབ་བོ་སྙམ་དུ་དགོངས་ཏེ། ཐུགས་ལ་དགའ་བདེའི་ཉམས་ལྷང་གིས་ཤར་བའི་རྐྱེན་དེས། སྔར་གྱི་བདེ་སྟོང་གི་སྣང་བ་ཐུགས་ཉམས་སུ་མྱོང་བ་ལ་བོགས་ཐོན་པ་ལྟ་བུར་གྱུར། དེ་ནས་ཟླ་བ་དེའི་གཤམས་ལ་ཕོ་བྲང་ཆེན་པོར་ཆིབས་བསྐྱོད་དེ་རེ་ཞིག་སྟན་འཇག་པ་ལས། ཁྱད་པར་རྟེན་འབྲེལ་བསྒྲིག་ཐབས་སུ་དགོངས་པའི་སྤྲེལ་ཟླའི་ཚེས་བཅུའི་མཆོད་པར་གོང་


MLP003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱལ་བའི་དབང་པོ་ཉིད་ཚོགས་དབུར་ཕེབས་པའི་ཞབས་ཕྱིར་ཕེབས་ཞེས་པའི་བཀའ་ལུང་སྩལ་བ་ལྟར་ཐེགས་ཏེ་ལྷན་ཅིག་ཏུ་གསུང་ཆོག་གསོལ་འདེབས་འདོད་དོན་འགྲུབ་པའི་སྨོན་ལམ་སོགས་གོང་ཞབས་ནས་དགོངས་རྩེ་གཏད་པ་ལྟར་ཐུགས་རྩེ་གཅིག་པས་གནང་ཞིང་། གོང་ནས་བརྩེ་བའི་ཞལ་འཁོས་ལྷུག་པར་སྩལ་བ་དང་ཕྱིས་ལམ་ཡིག་དང་གཏེར་ཚབ་ཀྱི་བུམ་གཏེར་སོགས་མཐུན་རྐྱེན་ཐམས་ཅད་ཕུན་སུམ་འཚོགས་པར་འགྲིག་པའི་བཀའ་དྲིན་སྩལ་བ་ལྟར། ཟླ་བ་དྲུག་པ་སྔ་མའི་ཚེས་འགོར་ཕྱིར་ཕེབས་ཀྱི་ལམ་དུ་ཞུགས་ནས་གདན་སར་ཕེབས་རྗེས། རེ་ཞིག་གཟིམས་ཆུང་ཀུན་བཟང་ཡང་རྩེར་སྐུ་མཚམས་བཅད་དེ་བཟླས་སྒོམ་སྦྱིན་སྲེག་སོགས་སྨིན་རྒྱས་སུ་མཛད་པས་ཐུགས་ཀྱི་འདོད་དོན་འགྲུབ་པའི་དུས་ཚོད་གནས་ལུགས་ཐམས་ཅད་གཏན་ལ་ཕེབས་པའི་མཚན་མ་བཟང་པོ་གཟིགས་པ་ནི། ཡང་བྱང་ལས། དེ་ལྟར་རྟེན་འབྲེལ་གནད་རྣམས་ཀུན༔ མ་འཆོལ་ལུང་བཞིན་འགྲིག་པ་ན༔ ཟབ་མོའི་གཏེར་འདི་འདོན་ལ་དབང་༔ དུས་ནི་གདུག་པ་སྤྲེའུའི་ལོ༔ དམ་ལྡན་སློབ་མའི་རྟེན་འབྲེལ་དང་༔ ཆོས་སྲུང་བསྐུལ་བྱང་འཛོམ་པ་ན༔ གཏེར་དེ་འདོན་པའི་དུས་ཡིན་ནོ༔ ཞེས་གསུངས་པའི་དོན་བཞིན་རྟེན་འབྲེལ་ཐམས་ཅད་ལེགས་ཕྱོགས་སུ་འགྲིགས་ནས་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་དཔོན་སློབ་ཉི་ཤུ་སྐོར་ཆིབས་ཁལ་སོགས་ཆ་རྐྱེན་རྣམས་འགྲིག་པར་མཛད་ནས་ཕེབས་ལམ་དུ་ཞུགས་ཏེ། རིམ་པར་ཐེགས་པ་ལས་ཡར་འབྲོག་སྔོ་ལུང་དུ་བཞུགས་པའི་ནུབ་མོ་ཆིབས་དྲེལ་རྣམས་བོར་ནས་ཞག་གསུམ་བཅག་མལ་གནང་དགོས་བྱུང་བར། གསོལ་ཆས་ཅུང་ཟད་འཛངས་པ་ན། འབྲོག་པ་ལས་འཕྲོ་ཟེར་བས་མར་ཕྱུར་དང་ལུག་ཤ་བཟང་པོ་ཞིག་ཕུལ་བ་སྐབས་བབས་ཀྱི་མཆོད་སྦྱིན་དུ་གྱུར་པའི་དགེ་ཚོགས་བླ་མེད་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་མཛད། དེ་ནས་གྲི་གུ་དང་མཚོ་སྣ་བརྒྱུད་ཉེར་བརྒྱད་ཀྱི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལ་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ཕྱག་ཕེབས། རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད་ནས། རང་རིག་སྤྲོས་བྲལ་མི་འགྱུར་བའི་ངང་ལ་གཟིམས་པས་ན། མནལ་འཐུག་པོའི་གནས་


MLP003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་མཚམས་འབྱོར་བས་འགགས་མེད་རྩལ་སྣང་འོད་གསལ་གྱི་གཟིགས་སྣང་ལ་ནགས་ཚལ་རབ་ཏུ་རྒྱས་པས་བསྐོར་བའི་དབུས་ན་ཟླ་བ་ལྟར་དཀར་བའི་རྡོ་ལེབ་བཅལ་དུ་བཀྲམ་པའི་སྟེང་། ཨོ་རྒྱན་ཆེན་པོ་དང་། བི་མ་ལ་མི་ཏྲ་གཉིས་ལ་རྗེ་འབངས་ཉི་ཤུ་རྩ་ལྔ་སོགས་ཀྱིས་བསྐོར་ནས་བཞུགས་པ་མཇལ་ཞིང་། བྱིན་རླབས་ཀྱི་བརྡ་ཐབས་དང་རྟེན་འབྲེལ་སྣ་ཚོགས་མཛད་པའི་གསལ་སྣང་མནལ་ལམ་དུ་མཁྱེན་བཞིན་པ་ལས། མ་འགགས་པའི་འཆར་སྒོ་ཇི་སྙེད་སྣང་བའི་མཐར། དེ་རྣམས་གཅིག་ལ་གཅིག་ཐིམ་ནས་འོད་དམར་སེར་འབར་བ་ཞིག་ཏུ་སོང་། དེ་ནུབ་ཕྱོགས་ན་རྔ་བོ་ཆེ་ཞིག་འདུག་པ་ལ་ཐིམ་པའི་རྐྱེན་གྱིས་བསྐུལ་བའི་སྒྲ་ལས། ཀུན་ཏུ་དགེ་བ་རྔ་ཡི་སྒྲ། །ཕྱོགས་བཅུ་ཀུན་ཏུ་རབ་བསྒྲགས་པས། །རིགས་གསུམ་ཐ་མར་འབྲས་སྟེར་བྱེད། །ཅེས་པའི་སྒྲ་འུར་གྱིས་སྣང་བཞིན་པར་ནུབ་ཕྱོགས་ཀྱི་ནམ་མཁར་ཡེར་གྱིས་སོང་བའི་རྐྱེན་གྱིས་མནལ་སད་པར་གྱུར་ཅིང་། དེ་ནས་ནངས་པར་ཚོགས་གཏོར། བསང་མཆོད། གསེར་སྐྱེམས་སོགས་རྒྱས་པར་གནང་ནས། གནས་ཀྱི་ལྟེ་བ་ལ། དཔལ་ཆེན་ཡབ་ཡུམ་གཉིས་ཀྱི་རྣམ་པ་ཅན་བྲག་ངོས་སུ་ཕེབས་ཏེ། དེར་ཁ་བྱང་བཞིན་དུ། གཏེར་སྲུང་སྤྱི་ལ་མཆོད་གཏོར། སྒོས་མཚོ་ལྷ་སྨན་བཙུན་མར་ཀླུ་སྨན་གཙང་གཏོར། དམ་ཅན་ལ་སྲོག་ཆགས་ཀྱི་མདངས་དང་དམར་གཏོར་ཕུལ་ནས་བཀའ་བསྒོ་དམ་བསྒྲགས་མཛད། ལམ་སྣ་འདྲེན་པའི་བུ་མོ་བྱ་སྤྲེལ་ལོ་མ་ནི་གོས་དྲི་མ་ཅན་གྱི་རྟེན་འབྲེལ་གྱིས་ཆོག་རྩིས་མཛད་ཀྱང་། ཨོ་རྒྱན་གླིང་པ་བླ་མ་དང་མཉམ་དུ་མོན་མོ་གཞོན་ནུ་སྤྲེལ་ལོ་མ་ཞིག་ཀྱང་རང་འགྲིག་ཏུ་བྱུང་། རྫི་དུག་བསྲུང་བའི་རྫས་རྗེ་ཉིད་རང་དང་འཁོར་སློབ་ཀུན་ལ་བྱུགས་ཏེ། ཁ་བྱང་བཞིན་ས་གནད་འཚོལ་བར་མཛད་པ་ན་ས་དམིགས་ངེས་པར་གཏན་ལ་ཕེབས་ནས་ཨོ་རྒྱན་ལ་གསོལ་འདེབས་མཛད་ཅིང་། བདེན་ཚིག་བཀའ་བསྒོ་དང་། ཐུགས་རིག་ལ་དཔའ་གདེང་གི་ངར་བསྐྱེད་དེ། བྲག་གསེང་མཚན་མ་འདྲ་བའི་ལྷོ་ངོས་སུ་མཐོ་གསུམ་གཞལ་བའི་ངོས་ལ་ཆུས་བྱུག་ཀྱང་འབྲུ་གསུམ་མ་གཟིགས། སླར་ཡང་ཆུས་དྲག་པོར་འཁྲུས་པར་མཛད་པས་ཧ་ཅང་མི་གསལ་བ་ཙམ་ཞིག་གཟིགས། དེ་ནས་ལྷོ་ཕྱོགས་ཀྱི་གྱེན་སྟེགས་


MLP003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཐོ་བརྒྱད་གཞལ་བ་ན་རྡོ་ཆོལ་གས་རིས་ཁྱུག་གིས་སྣང་བ་གཟིགས་པས་རྐྱེན་བྱས། ཐུགས་རིག་གི་ངར་ཤུགས་མི་ནོན་པ་ལྟ་བུར་འབར་བས་བྲག་གི་སེར་སྲུབ་ལ་གཟོང་ཁ་བཅུག་ནས་ཐོ་བས་བསྡིགས་པར་མཛད་པས་རྡོ་ཆོལ་སྙིམ་པ་གང་ཙམ་ཞིག་འཐོན། དེ་ནས་ཀྱང་སྔར་བཞིན་བརྐོ་བར་མཛད་པས་རྡོ་ཆོལ་མཐའ་ནས་རིམ་བཞིན་ཞིག་པའི་བུག་པ་དབུ་ཤོང་བ་ཙམ་ཞིག་དོད་པའི་ནང་ངོས་རྣམས་ཆུ་རྡོ་རིལ་མོ་བྱིའུ་སྒོང་ཙམ་པ་དང་། བྱེ་ནག་སོལ་བ་སོགས་ཀྱིས་གཏམས་འདུག་པ་རྣམས་རིམ་གྱིས་བསལ་བའི་ལྷོ་ནུབ་ཏུ་ཁྲུ་གཉིས་གསུམ་ཙམ་སོང་བ་ན་གཡམ་པ་གྲུ་བཞི་སྒྲོམ་བསྒྲིགས་སུ་བྱས་པའི་མཚམས་རྣམས་ལ་བསེས་སྦྱར་བའི་འབྲུམ་བུ་ཤིག་གེ་བ་སྣང་བ་གཟོང་གིས་བསྡིགས་པར་མཛད་པས་ལོགས་གཅིག་བྱེ་བའི་ནང་ན་སོལ་བ་དང་སིནྡྷུ་རའི་བམ་པོ་ཁྲ་ཤིག་གིས་ཞིག་པས་དྲི་བཟང་ངད་ཆིལ་གྱིས་ལྡང་བའི་དབུས་ན། གཡུ་བྱ་སྒོང་ཙམ་ལེབ་ཆགས་ཀྱི་ངོས་ལ་གསེར་སྦྲམ་རྒྱ་སྲན་ཙམ་པ་གཉིས་ཟངས་སྐུད་ལྟ་བུས་སྦྲེལ་བ་ཞིག་བྱུང་། དེ་ནས་ཁྲོའི་སྦུག་རིལ་ཕྱག་གང་པ་ཙམ་ཞིག་བྱུང་བ་གཉིས་ཀ་གཡས་ཤིན་ཏུ་གོས་པའི་རྣམ་པ་ཅན་སྣང་། དེ་ནས་ཀྱང་ཅུང་ཟད་བྲུ་བར་མཛད་པ་ན། རང་གཏེར་གྱི་སྒྲོམ་བུ་གྲུ་བཞི་པ་ཕྱི་ངོས་རྣམས་སིནྡྷུ་རའི་བམ་པོས་བྱིལ་བྱིལ་པོར་བྱས་པ་དེ་ཕྱག་ཏུ་སོན་པ་ལས། ཐུགས་རིག་ཚུགས་མི་ཐུབ་པ་ལྟ་བུའི་མོས་གུས་ཀྱི་ཉམས་བཟོད་མེད་དུ་འབར་ཞིང་། གཏེར་སྒྲོམ་ཉིད་དབུ་གཙུག་ཏུ་བཞེས་ནས། སྨོན་ལམ་ཡུན་རིང་པོར་འདེབས་པར་མཛད་དེ་དབང་བཞེས་རྗེས། ཉམས་སྣང་དེའང་ཅུང་ཟད་ཞི་བར་གྱུར་པ་དང་། གཏེར་ཤུལ་དུ་ལེན་མི་རུང་བའི་ཁྲོའི་དོང་བུ་དང་གཏེར་བདག་གི་དཀོར་ཆ་རྣམས་འཇུག་པར་མཛད། དེ་རྗེས་གོང་ནས་གནང་བའི་རིན་པོ་ཆེའི་བུམ་གཏེར་དང་། ཟངས་ཀྱི་གའུ་དཀོར་ཆས་གཏམས་པ་རྣམས་མི་འཛད་པའི་གཏེར་དུ་བྱིན་གྱིས་བརླབས་ཏེ་འཇུག་པར་མཛད། རྫས་རྣམས་ཀྱིས་གཏམས། རྡོ་སྒྲོམ་བསྒྲིགས་ཏེ་ཆུ་རྡོ་དང་སོལ་བ་རྣམས་བླུགས་ཏེ། ཞབས་ཕྱི་ནང་འཁོར་རྣམས་དང་། བླ་མ་ཨོ་རྒྱན་གླིང་པ་མཆེད། གནས་པོ་བདེ་ལྡན། ཁམས་པ་ཡེ་ཤེས་རྣམས་ལ་བྱིན་རླབས་གནང་རྟིང་། ཞབས་ཕྱི་རྣམས་དང་མཉམ་


MLP003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྡོ་ཆོལ་ཞིབ་མོར་བསྒྲིགས་མཚམས་རྣམས་ས་སྤྱིན་པོས་ཕྱག་ཚག་དམ་པར་སྦྱར་ཏེ་སླར་ཡང་གཏེར་སྲུང་རྣམས་ལ་གསེར་སྐྱེམས་དང་མཆོད་གཏོར་སྟོབ་ནས། དེར་ཚོགས་མོན་བོད་ཀྱི་སྐྱེ་བོ་འདུས་པ་ཐམས་ཅད་ལ་བྱིན་རླབས་གནང་ཞིང་དེ་ཐམས་ཅད་ཨོ་རྒྱན་ཆེན་པོའི་མཚན་ནས་འབོད་ཅིང་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་མཆི་མ་འཁྲུགས་བཞིན་ཏུ་འདེབས་པའི་འུར་སྒྲས་གནས་ནང་དེར་ཁེངས་པས་ཐམས་ཅད་སྣང་བ་འགྱུར་བ་བྱུང་ཞིང་། དེའི་ཚེ་ནམ་མཁའ་ལ་འཇའ་ཚོན་གྱི་གུར་རིམ་གསུམ་བསྒྲིགས་སུ་འཁྱིལ་བ་ལས་འཇའི་རྣ་ཆ་གཡས་གཡོན་དུ་འཕྱངས་ཤིང་། འདབ་མ་བརྒྱད་པ་དང་དྲུག་པའི་རྣམ་པ་ཅན་གྱི་མེ་ཏོག་གི་ཆར་ལག་པས་བཟུང་དུ་གཏུབ་པ་ལྟར་བབས་པས། དེར་འདུས་པ་ཐམས་ཅད་འབྲེལ་ཚད་དོན་ལྡན་དུ་ངེས་ཤེས་རྙེད་ནས་དད་མོས་ཀྱི་ཤུགས་དྲག་པོས་དྲངས་པའི་དགའ་མགུ་རངས་པའི་ཉམས་དང་གཏམ་གྱིས་དུས་འདའ་བར་གྱུར་ཏོ། །དེ་ནས་བཞུགས་སའི་མཆོད་ཁང་ཆུང་ངུ་དེར་ཕྱིར་ཕེབས་ཏེ། གཏེར་རྫས་རྣམས་མཆོད་ཡུལ་དུ་བཞུགས་སུ་གསོལ་ནས་ཚོགས་གཏོར་རྒྱ་ཆེར་ཕུལ་ཏེ། དབང་བཞི་བཞེས་གསེར་སྐྱེམས་བསྐངས་བ་སོགས་ཀྱིས་གཏེར་སྲུང་རྣམས་ལ་གཏང་རག་འབུལ་བར་མཛད་ནས་གཟིམས་པ་ལས། སྐུ་ལུས་རྔུལ་ཞིང་ཐུགས་ཞུམ་པ་ལ་དངངས་ཡེད་ཡེད་པ་དང་། མནལ་སྲབ་མོ་རེ་ཡོང་དུ་ཉེ་བ་ན་མཐའ་སྐོར་དེར་ཁྲོམ་མང་པོ་ཅོ་དིར་དིར་ཡོད་པ་ལྟ་བུའི་ཁྲོད་ནས་རེས་འགའ་བུད་མེད་རྒན་མོ་འོ་དོད་འབོད་པའི་ཚུལ་དང་། རེས་དུད་འགྲོའི་མགོ་བརྙན་ཅན་གྱི་རྣམ་པ་དང་། རེས་ཁྱི་དང་། སྤྱང་ཀི་དང་། ཀེང་རུས་སོགས་ཀྱི་རྣམ་པ་ལོགས་སུ་འཐོན་ནས་དབུ་སྔས་འགོར་འཁྲབ་ཅིང་གར་བྱེད་པ་ལྟ་བུས་ཡང་ནས་ཡང་དུ་སད་པའི་སྣང་བ་ཟ་ཟི་དེ་ནམ་ཕྱེད་ཡོལ་གྱི་བར་དུ་བྱུང་བར་སྣང་ཞིང་། དེ་ནས་ཨོ་རྒྱན་ཆེན་པོ་ལ་གསོལ་འདེབས་དང་། གཏེར་བདག་མཁའ་འགྲོ་ལ་དམ་ཚིག་བསྒྲགས་པ་མཛད་ནས། རིག་པའི་རང་ངོ་ལ་གཟིགས་པས་སྤྲོས་བྲལ་གྱི་ངང་དུ་ཆམ་གྱིས་སོང་། དེ་གའི་ངང་ལ་མནལ་དུ་ཐུམ་གྱིས་སོང་བའི་མནལ་ལམ་དུ། བུད་མེད་མཛེས་མ་ཞིག་ཁྲོང་གིས་འོང་ནས། ད་ཅི་ནས་འཇིགས་སྐྲག་གི་སྣང་བ་


MLP003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་དེ་འདིས་ལན་པར་འདུག་ཟེར་སྐུ་ལུས་ལས་པགས་པ་བཤུས་པ་ལྟ་བུས་རིམ་པ་མང་པོ་ཞིག་ཁག་ཁག་བཀོག་ནས་ཕྱིར་སྐྱུར་བ་སྙམ་བྱེད་ཅིང་རྗེ་ཉིད་རང་དེ་ལ་གཟིགས་མོའི་ཐུགས་སྣང་ལས་འཇིགས་སྐྲག་སོགས་ནི་མ་འཁྲུངས། དེ་མ་ཐག་རང་གི་སྐུ་ལུས་ལ་གཟིགས་པའི་དགོངས་པ་ཤར་བ་ན། ཀེང་རུས་ཆེན་པོ་ཞིག་ཏུ་སྣང་བའི་སྐུའི་དབུས་ན་མེ་དམར་འུར་གྱིས་འབར་བས་སྐུའི་སྒོ་རྣམས་ནས་དམར་ཉུག་ཉུག་འབར་ཞིང་ལོག་པ་ལས་མེ་ཡི་ཕུང་པོ་གཅིག་ཏུ་གྱུར་པའི་མཐར་ཧེ་རུ་ཀ་དམར་པོ་བྱི་རུའི་སྡོང་པོ་འདྲ་བ་གསལ་ལ་དྭངས་པ་ཞིག་ཏུ་ཁྲོང་གིས་སོང་། སྔར་གྱི་བུད་མེད་དེས་རལ་གྲི་ཞིག་དང་པདྨའི་སྡོང་པོ་ཞིག་བསྣམས་ནས་མདུན་གྱི་ནམ་མཁར་ཕར་འཕུར་ཚུར་འཕུར་འགའ་ཞིག་བྱས་ནས་སྐུའི་སྤྱི་བོར་ཞུགས་པ་འོ་མ་ལྟ་བུའི་བདུད་རྩིའི་དྭངས་མར་གྱུར་ཏེ། སྐུ་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པས་བདེ་བའི་ཡེ་ཤེས་བཟོད་མེད་དུ་འབར་བའི་ཤུགས་ཀྱིས་རང་ཡང་ནམ་མཁའ་ལ་ཡེར་གྱིས་ཐེགས་པས་ས་གཞིའི་གནས་ཡུལ་གྲོང་ཁྱེར་མཐའ་ཡས་པར་བཀྲ་ས་ལེར་གཟིགས་ཤིང་དེ་དག་གི་བྱ་བྱེད་ཐམས་ཅད་ཀྱང་མཁྱེན་ ་སྙམ་བྱེད། ནམ་ཞིག་ན་ཅང next hit་མཐོ་བའི་མཁའ་ལ་ལྷུང་གིས་དོགས་པའི་ཐུགས་སྣང་ལམ་གྱིས་འཁྲུངས་པའི་རྐྱེན་གྱིས་མནལ་སད་ཅིང་སད་ནས་ཀྱང་ལུས་སེམས་བདེ་སྟོང་གི་ཡེ་ཤེས་ཀྱི་ངང་ལ་ཡུན་རིང་གནས་པར་གྱུར། དེ་ནས་ནངས་པར་སླར་ཡང་གཏང་རག་གི་བསང་གསོལ་དང་། གཏེར་གནས་ཀྱི་བྲག་རྩེར་རྒྱལ་མཚན་དང་མཐའ་སྐོར་ཀུན་ཏུ་དར་འཕན་འཛུགས་པ་སོགས་ཀྱིས་མཛེས་པར་བརྒྱན་ཅིང་བཀྲ་ཤིས་དང་སྨོན་ལམ་གྱིས་མཐའ་རྒྱས་པར་མཛད་ནས་ཕྱིར་ཕེབས་ཏེ། གཙུག་ལག་ཁང་དུ་གྲགས་པའི་གཞི་དེར་བཞུགས་པ་ན། མོན་པའི་བུ་སློབ་ཐམས་ཅད་གདན་འདྲེན་དུ་བྱུང་ཡང་མི་ཕེབས་པར་ཐུགས་ཐག་བཅད་པས། ཡུལ་གསུམ་གྱི་བླ་མ་སློབ་དཔོན། ཇོ་བོ་གཙོ་རྒན་སོགས་དད་ཅན་གྱི་སྐྱེ་བོ་ཁྲི་ཕྲག་ཏུ་ལོངས་པ་ལུང་སྟོང་དེ་ཉིད་དུ་འདུས་ཏེ་སོ་སོའི་བདོག་དགུས་མཆོད་ཅིང་བཀུར་བ་ལ། སྐལ་བ་དང་འཚམས་པའི་ཆོས་དང་དམ་རྫས་ཀྱི་སྦྱིན་པས་རེ་བ་ཚིམས་པར་མཛད་ནས། རིམ་པར་མཚོ་སྣ་དང་གྲོ་ཤུལ་སོགས་ཡུལ་གྲོང་


MLP003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་དད་པ་ཅན་རྣམས་ཀྱིས་གུས་པས་སྟོབ་པའི་མཆོད་རྫས་རྣམས་ལ་བདག་གིར་མཛད་བཞིན་པར་དལ་འགྲོས་ཀྱིས་ཆིབས་བསྐྱོད་དེ་གདན་སར་འདུས་པའི་ཚོགས་ཀྱི་སེར་སྦྲེངས་ཀྱི་བཀོད་པ་ཚར་དུ་དངར་བས་མདུན་བསུས་ཏེ་ཕྱགས་ཕེབས་ནས། དམ་ཚིག་གཅིག་པའི་ནང་འཁོར་བ་ཉུང་འདུས་ལ། གཏེར་རྫས་ཀྱི་བྱིན་རླབས་ཀྱང་གནང་། དེ་ནས་ཟླ་བ་བརྒྱད་པའི་ཉེར་ལྔ་ལ་གཉུག་མར་གནས་པའི་འདུས་ཚོགས་ཀྱིས་བླ་མ་ཞི་དྲག་གི་ཕྲིན་ལས་དང་འབྲེལ་བར་ཚོགས་མཆོད་སྐོང་བཤགས། ཆོས་སྐྱོང་རྣམས་ལ་གཏང་རག་གི་བསྐང་གསོ་རྒྱས་པ་དང་། རྗེ་ཉིད་རང་གི་གཟིམས་ཆུང་ཀུན་བཟང་ཡང་རྩེར་ཚོགས་ཀྱི་འཁོར་ལོ་དང་གཏེར་སྲུང་རྣམས་ལ་མཆོད་གཏོར་འབུལ་བར་མཛད་ནས། ཟབ་གཏེར་གྱི་སྒྲོམ་བུའི་ནང་ན་གུ་རུའི་སྐུ་ཚབ་མཐོང་གྲོལ་དང་། གསང་སྒྲུབ་ཀྱི་སྐུ། ཆོས་སྐོར་ཆ་ལག་དང་བཅས་པའི་ཤོག་དྲིལ་བཅུ་གསུམ། ཐབས་ཤེས་བདེ་ཆེན་གྱི་རིལ་བུ་སུམ་སྟོང་ལྷག་བཅས་རྣམས་རྩ་དར་གྱིས་བསྒྲིལ་ཅིང་། དྲི་བཟང་སྨན་གྱི་འཕུར་མས་གཏམས་པ་རྣམས་ཞལ་དབྱེ་བར་མཛད་དེ། འདུས་པ་རྣམས་ལ་བྱིན་རླབས་ཀྱང་སྩལ། དེའི་ཚེ་ནམ་མཁའ་དྭངས་ཤིང་འབྲུག་སྒྲ་ལྟ་བུའི་སྒྲ་ཆེན་སྒྲོག་པ་སོགས་ངོ་མཚར་བའི་ལྟས་ཀྱང་མངོན་དུ་སྣང་བར་མཛད་ཅིང་། གོང་མ་ཀུན་མཁྱེན་རྒྱལ་བའི་དབང་པོ་དང་། མི་དབང་ཆེན་པོའི་སྤྱན་སྔར་དངོས་གནས་རྣམས་གསོལ་དུ་མངགས་པ་ལས། ཤིན་ཏུ་མཉེས་པའི་བཀའ་ཤོག་གནང་སྐྱེས་ཀྱི་དངོས་པོ་རིན་ཐང་ཆེ་བ་དུ་མ་དང་བཅས་ཏེ་སྩལ་བའང་ཕེབས། དེ་ནས་ཟླ་བ་བཅུ་གཅིག་པའི་ནང་དུ་རྟགས་ཅན་ཤོག་དྲིལ་གསུམ་བདག་གིས་ཡི་གེའི་ཞབས་ཕྱི་ཞུས་ཏེ་བུ་དཔེར་འབེབས་པར་མཛད་རྗེས་ཟླ་བ་གཅིག་གི་བར་དུ་སྐུ་མཚམས་ལ་བཞུགས་ནས་ཚོགས་གཏོར་མཆོད་འབུལ་སོགས་གཏེར་སྒྲུབ་ཀྱིས་ཆོས་ཞལ་དབྱེ་བར་མཛད། སླར་ཡང་ལྕགས་བྱ་གསར་པའི་ནང་དུ་གཏེར་སྒྲུབ་ཀྱི་སྐུ་མཚམས་དམ་པོར་བཞུགས་པ་ལས་དགེ་བའི་མཚན་མ་མངོན་དུ་གཟིགས་པ་ནི། སྐབས་རེ་རྗེ་ཉིད་རང་གི་སྐུ་ཕྲེང་སྔ་ཕྱིའི་སྐྱེ་སྤྲུལ་དང་མཛད་པ་ཕྲིན་ལས་ཐམས་ཅད་མནལ་ལམ་གྱི་སྣང་བ་ལྟར་ཐུགས་ཡུལ་དུ་གསལ་བ་དང་། དེ་དུས་ཀྱི་འཁོར་སློབ་སོགས་ཀྱང་ས་


MLP003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལེར་གཟིགས་པ་ལྟ་བུ་ལ། ཆེད་འཛིན་གནང་ན་རང་འགགས་སུ་འགྲོ་བ་དེ་འདྲ་ཡང་ཡང་བྱུང་ཞིང་། ནུབ་ཅིག་མནལ་ལམ་དུ། རི་རོང་ནགས་ཚལ་དང་བྲག་རི་ཟང་ཟིང་ཤར་ནུབ་ཏུ་ཐལ་ལེར་བརྒྱུག་པའི་བར་ན་ཆུ་ཆེན་པོ་རྦ་ཀློང་འཁྲུགས་པ་ཞིག་གི་ལྷོ་འགྲམ་ན་རྗེ་ཉིད་རང་བཞུགས་པ་ལས། ཆུ་དེ་བརྒལ་ནས་བྱང་ངོས་སུ་ཐེགས་པར་བརྩམ་པ་ན། ཆུས་ཁྱེར་ལ་ཁད་ཀྱི་ངང་དེར། བུད་མེད་གཞོན་ནུ་མ་དམར་མདངས་ཆགས་པ་ཞིག་གིས་ཕྱག་ནས་འཐེན་ཏེ་བདེ་བར་ཐོན་པ་ན། དེ་ན་རེ། འདི་འཁོར་བའི་གཅོང་རོང་ཡིན་ཞེས་མཛུབ་མོས་བརྡའ་ཞུས་པ་ལ་གཟིགས་པས། ཤར་ལོགས་དེར་མུན་ནག་འཐིབས་པའི་ཁྲོད་མེ་ལྕེ་གློག་བཞིན་འཁྱུག་པས་འཇིགས་རྔམས་བཟོད་དཀའ་བ་ཞིག་སྣང་། ཡང་ནུབ་ཕྱོགས་དེར་མྱང་འདས་ཀྱི་ལམ་ཡིན་ཟེར་ལམ་དཀར་པོ་སྣམ་བུ་བརྐྱང་བ་ལྟ་བུ་སྐྱ་ཐ་ལེ་བ་ཞིག་གི་མཐའ་ཇེ་འཕེལ་དུ་སོང་བ་ཉི་མ་ལྟར་གསལ་ཞིང་དྭངས་པ་ཞིག་འདུག་པར། དེས་གུ་རུ་ལ་གསོལ་བ་འདེབས་བཞིན་པར་ལམ་སྣ་འཁྲིད་དེ་སྤྱན་དྲངས་པ་ལྟར་རྗེ་ཉིད་ཀྱིས་ཀྱང་གསོལ་འདེབས་ཀྱི་རམ་འདེགས་གནང་བཞིན་དུ་ཐེགས་པའི་མཐར། ཙནྡན་དང་རྒྱ་ཤུག་སོགས་ལྗོན་ཤིང་སྣ་ཚོགས་འཁྲིགས་པའི་ནགས་ཚལ་གྱི་དབུས་ན། བྲག་རི་རིན་པོ་ཆེའི་མདངས་འོད་དུ་འཚེར་བ། རྩེ་མོ་མཁའ་ལ་སྙེགས་པ་འདྲ་བ། རི་སུལ་རྣམས་ཤིང་དང་རྩྭ་ལྗང་མེ་ཏོག་ཆུ་ཀླུང་སོགས་ཀྱིས་མཛེས་པ་ལ་བྱ་དང་རི་དྭགས་མང་པོ་རྩེ་བ། རི་ངོགས་དེ་ལ་ལམ་འཁྱོག་རིས་སྐྱ་བྲེང་ངེ་ཡོད་པ་ལས། སྔར་གྱི་བུད་མེད་དེའི་ཕྱི་བཞིན་ཐེགས་པ་ན། རྩེ་མོར་ཤེལ་ལྟར་དྭངས་པའི་རྡོ་ཐེམ་རིམ་པ་ཅན་གྱི་སྒོ་ཁང་རྟ་བབས་ཀྱིས་མཛེས་པའི་ཁོར་ས་རིམ་པ་གསུམ་པ་བར་ཐམས་ཅད་རྡོ་ཤེལ་སྔོན་པོའི་ཕ་གུ་གྲུ་བཞི་པས་བཀྲ་བ་དང་། རིན་པོ་ཆེའི་སྐྱོར་ལ་བརྟེན་པའི་ཆུ་རྫིང་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པས་བསྐོར་བའི་དབུས་ན། རིན་པོ་ཆེའི་ཁང་བཟང་བཀོད་པས་ངོ་མཚར་ཁྱད་དུ་འཕགས་པ་ཁོར་ཡུག་ཐམས་ཅད་ལྷ་དང་དྲང་སྲོང་རབ་ཏུ་བྱུང་བ་དུ་མས་བསྐོར་ཞིང་། མཆོད་རྫས་སྣ་ཚོགས་ཀྱིས་ཟི་ཁོལ་ཁོལ་མཆོད་པ་ལས། རྗེ་ཉིད་རང་ཡང་དེ་རྣམས་དང་ཚུལ་མཐུན་པར་མཆོད་འབུལ་དང་གདུང་ཤུགས་


MLP003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་གསོལ་བ་འདེབས་བཞིན་དུ་ཐེགས་པས། ཕོ་བྲང་དེའི་དབུས་ན་རིན་པོ་ཆེའི་ཁྲི་ལ། སློབ་དཔོན་ཆེན་པོ་པདྨ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པ་མཇལ་བ་ན། ཐུགས་ལ་མོས་གུས་དྲག་པོ་རྒྱས་པའི་རྐྱེན་གྱིས། དེའི་ཕྱག་གཡས་གདེངས་པའི་སྡིགས་མཛུབ་ཀྱི་རྩེ་ལས་མེ་ལྕེ་ཚ་ཞིང་རྣོ་བ་འཁྱུག་གིས་བྱུང་བ་སྐུ་ལུས་ལ་རེག་པས་ཚ་རེག་བཟོད་དུ་མེད་པས་བསྲེག་སྟེ་ཐུགས་དྲན་མེད་དུ་སོང་བ་ལས་སད་པ་ན། མདུན་ངོས་སུ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རང་བཞིན་འབྲས་བུའི་དཀྱིལ་འཁོར་མངོན་སུམ་པ་ལྟ་བུར་གསལ་བའི་སྒོ་དྲུང་དུ་ཉིད་རང་ལྷའི་རྣམ་པ་ཅན་ཏུ་འཁོད་པ་དཀྱིལ་འཁོར་དུ་ཞུགས་པ་ལ། དབང་བཞི་རིམ་པར་བསྐུར་ཞིང་ཟབ་མོའི་གདམས་ངག་གི་གནད་རྣམས་བཀྲོལ་ཏེ་གདམས་པས། དེ་རྣམས་ཀྱི་རྟོགས་པ་ཐུགས་རྒྱུད་ལ་བཀྲ་ལམ་གྱིས་རྫོགས་པ་སྙམ་བྱེད། ཡང་སྤྱི་བོར་ཕྱག་བཞག་ནས་བྱིན་གྱིས་བརླབས་ཏེ་ཞལ་གདམས་འགའ་ཞིག་གསུངས་པས་ཟབ་ཆོས་ཀྱི་ཚིག་དོན་མཐའ་དག་ཐུགས་ལ་གསལ་བར་ཤར། ཡང་དེ་ལས་ནུབ་ཕྱོགས་སུ་ནགས་ཚལ་རབ་ཏུ་རྒྱས་པའི་དབུས་ན་མཚོ་སྔོ་དེང་ངེ་བ། དེའི་དབུས་ན་མཆོང་དམར་ལྟ་བུའི་བྲག་རི་དོ་ཆད་ཟང་ངེ་བ་ཞིག་གི་ངོས་སུ་ཕུག་པ་སྒོ་ང་བཀས་པ་འདྲ་བ་ཞིག་གི་ནང་ན། བུད་མེད་གཞོན་མཛེས་ཤ་ཉམས་རྒྱས་པ་རས་དམར་པོའི་ཤ་འགག་དང་། མེ་ཏོག་དམར་པོའི་རྒྱན་ཅན་གཟི་བྱིན་མཚུངས་པ་མེད་པས་བདེ་བའི་ཉམས་སྤོར་ནུས་པ་ཞིག་འདུགདེ་གསང་བ་ཡེ་ཤེས་མའོ་སྙམ་དུ་འདུད་པར་མཛད་པས། ཤིང་འབྲས་སྙིམ་པ་ཁ་སྦྱར་ཙམ་པ་དམར་སེར་བདུད་རྩིའི་ཟིལ་པ་ཕྲོམ་མེ་བ་ཞིག་བཟུང་ནས་རྗེ་ཉིད་ཀྱི་ཞལ་གྱི་ཐད་དུ་ཕྱག་གིས་བརྩིར་བ་ལས་བདུད་རྩིའི་དྭངས་མ་དམར་སྐྱ་མཆོག་ཏུ་བདའ་བ་ཐིགས་པ་བཅུ་གསུམ་བྲེང་ཆགས་སུ་སྩལ་རྗེས་དར་ཅིག་ཆད། ཡང་བདུན་སྩལ། ཡང་ཆད་རྗེས་འགའ་ཞིག་སྩལ་བ་སྙམ་བྱེད། དེས་སྐུ་ལུས་དྭངས་ཤེལ་གྱི་སྣོད་ལྟ་བུར་གྱུར་པ་བཅུད་དེས་གཏམས་པ་བཞིན་མེར་གྱིས་གང་བས་གཟི་བྱིན་མཆོག་ཏུ་འབར་བའི་གསལ་སྣང་བདེ་སྟོང་གི་ཐུགས་ཉམས་དང་དབྱེར་མི་ཕྱེད་པར་གྱུར་པའི་མཐར། ཕྱི་ནང་གསང་


MLP003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་སྒྲུབ་ཀྱི་ཟབ་གནད་རྣམས་བསྟན་རྗེས། གསལ་སྣང་དེ་སྤྲོས་བྲལ་མི་རྟོག་པའི་དབྱིངས་སུ་ནུབ་པར་གྱུར། ཡང་ཉིན་ཞིག་མནལ་དུ་སོང་བ་ནི་མིན། ཐུགས་ཉམས་ཀྱི་འཆར་སྒོར། ཨོ་རྒྱན་ཆེན་པོ་རྒྱ་གར་པཎ་ཆེན་གྱི་ཆ་ལུགས་གཟི་མདངས་མཚུངས་པ་མེད་པ་ཞིག་ཁྲོང་གིས་བྱོན་ནས། སྐུ་མདུན་དུ་ཁྲི་ལ་ཞབས་སྟེགས་ཀྱིས་བཞུགས་ཏེ། གཏེར་རྫས་རྣམས་དབུ་གཙུག་ཏུ་བཞག་ནས་བྱིན་རླབས་མཛད་པའི་ཚུལ་ཡུད་ཙམ་ཞིག་ཤར། ཡང་ལན་གཅིག་ཨ་ཙ་ར་བོང་ཆེ་བ་སྔོ་ནག་རལ་པ་སེར་པོ་རྟིང་པར་བསླེབས་པ། རི་དྭགས་ཀྱི་པགས་པའི་སྟོད་གཡོག་དང་། རས་ཀྱི་སྨད་དཀྲིས་ཅན་གཡས་དུང་དཀར་བསྣམས་པ་ཞིག་དང་། ཨ་ཙ་ར་མོ་གཞོན་མཛེས་དམར་མདངས་ཅན་ཀུ་ཤ་དང་དུར་བའི་ཆུན་པོ་ཐོགས་པ་རས་ལྗང་གི་གོས་གྱོན་པ་འཁོར་མང་པོ་དང་བཅས་པ་འཚངས་ཀྱིས་འོངས་ནས། ཕྲིན་ལས་སྒྲུབ་པའི་གཡར་དམ་ལེན་པ་དང་། དངོས་གྲུབ་ཀྱི་བགོ་སྐལ་བམ་ཆེན་གྱི་རྣམ་པར་འབུལ་བ་དང་། སྔགས་སྲུང་རག་གདོང་མས་མཆོག་གི་གོ་འཕང་བགྲོད་པའི་ཕོ་ཉར་སྤྲུལ་པ་དང་། གཏེར་སྲུང་སྨན་བཙུན་མས་འཇིག་རྟེན་གྱི་ཁམས་རྣམས་ནམ་མཁའི་ལམ་ནས་ཐོགས་མེད་དུ་སྟོན་པ་དང་། ཀེང་རུས་ཀྱི་གུར་ཁང་དུར་ཁྲོད་ཀྱི་ཁོར་ཡུག་ཅན་དུ་གསང་བ་ཡེ་ཤེས་མ་བདེ་བའི་ཉམས་ཤིན་ཏུ་རྒྱས་པས་བྷ་ག་ནས་འོད་དམར་པོ་འཆར་ཀའི་དམར་ཐག་འདྲ་བ་སྤྲོས་པ་རྗེ་ཉིད་རང་གི་ཐུགས་ཀར་ཐིམ་པས་བདེ་བའི་ཡེ་ཤེས་མཆོག་ཏུ་འབར་ཞིང་། རང་གི་སྐུ་ལུས་རགས་པའི་སྣང་བའང་འོད་དེ་དང་འདྲེས་པའི་རྐྱེན་གྱིས་གསལ་སྟོང་གི་ཐུགས་ཉམས་བཟོད་མེད་དུ་འཆར་བ་དང་། དེ་ཉིད་ཀྱིས་ཆོས་བཀའ་སྤེལ་བའི་དུས་གནད་སོགས་བླང་དོར་གྱི་གནས་དུ་མ་ལུང་དུ་སྟོན་པའང་མཛད་དོ། །དེ་ལྟར་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོའི་རྣལ་འབྱོར་ལས་མི་འདའ་བར་ཟླ་བ་གསུམ་གྱི་བར་སྐུ་མཚམས་ཀྱི་བཅད་རྒྱ་དམ་པར་མཛད་པས་དངོས་གྲུབ་ཀྱི་མཚན་མ་བརྙེས་པར་གྱུར་ནས། ཟླ་བ་དྲུག་པའི་འགོར་གོང་མའི་ལུང་བཞིན་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་ཆིབས་བསྐྱོད་ནས། ཀུན་མཁྱེན་རྒྱལ་མཆོག་དམ་པ་དང་མི་དབང་ཆོས་ཀྱི་རྒྱལ་པོའི་ཞབས་པད་ལ་འདུད་པར་མཛད་དེ། གཏེར་རྫས་རྣམས་


MLP003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔར་བསྟར་བ་ལས་ཤིན་ཏུ་དགྱེས་པ་རབ་ཀྱི་མཐར་ཕྱིན་པའི་དབུགས་དབྱུང་གཟེངས་བསྟོད་པར་མཛད་ཅིང་། དབང་དང་ཕྲིན་ལས་སྐོར་གྱི་ཤོག་སེར་རྣམས་སྔོན་ནས་འབེབས་པ་གནང་ཟིན་པ་ལྟར། ཟླ་བ་དེ་ཡི་ཚེས་བཅུ་གསུམ་ལ་ཕོ་བྲང་རྩེའི་གཟིམས་ཆུང་ཉི་འོད་འཁྱིལ་པའི་སྦུག་ཏུ་བདེ་གཤེགས་ཀུན་འདུས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་གོང་ཞབས་ཡས་ཕྱིན་གཉིས་ཀྱི་ཞབས་ཕྱིར། སྐབས་དེའི་ཞབས་རིིང་གི་ཐུ་བོར་གྱུར་པ་གཉིས་གསུམ་དང་བཅས་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་བཀའ་རྣམས་ཡོངས་རྫོགས་འབུལ་བར་མཛད་ཅིང་། དེ་དང་རྗེས་འབྲེལ་དུ་གཏེར་རྫས་རྣམས་སྤྱན་ལམ་དུ་ཞིབ་མོར་ཕབས་ཏེ། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་ཀྱི་སྐུ་ཛྷཻ་ཀྵིམ་ལས་གྲུབ་པ་དང་ཐབས་ཤེས་བདེ་ཆེན་རིལ་བུ་བརྒྱ་ཕྲག་གཅིག་རྣམས་འབུལ་བར་མཛད་པས་མཆོག་ཏུ་ཐུགས་མོས་ཤིང་ངེས་ཤེས་འདྲོངས་པའི་དབུགས་དབྱུང་གི་བཀའ་སྩལ་དང་། དངུལ་གྱི་མཎྜལ་ལ་གསེར་གྱི་ཚོམ་བུ་སོ་བདུན་གྱིས་བཀྲ་བ་དང་། རིན་ཐང་ཅན་གྱི་གོས་ཕྱི་ནང་། ན་བཟའ་ཆ་ཚང་བ་སོགས་ཡོན་གྱི་གནང་སྦྱིན་ཡང་རྒྱ་ཆེ་དཔངས་མཐོ་བ་སྩལ། དེའི་ནུབ་མོ་མནལ་ལམ་ལ་དབང་ཁང་དེ་ག་ཡིན་དགོངས་པ་ཞིག་གི་གཡོན་ངོས་ཀྱི་ཀ་བའི་རྒྱབ་དེར་ཨ་ཙ་ར་གཞོན་ནུ་རས་ངུར་སྨྲིག་གི་འཕྱར་བུ་གྱོན་པ་གཟི་མདངས་ཤིན་ཏུ་རྒྱས་པ་ཞིག་ཁྲོ་ཚུལ་གྱི་རྒྱ་སྐད་འགའ་ཞིག་བརྗོད་པ་དང་། བུད་མེད་གཞོན་ནུ་ཞིག་གི་དེའི་བརྡ་སྦྱོར་བ་ལྟར་བྱས་ནས་ད་རེས་མངའ་བདག་ཡབ་སྲས་ཁོ་ན་ལས་འདུས་པ་གཞན་མེད་ན། སྐུ་ཚེ་རིང་པོར་སྲིང་། མཐའ་བཞི་ཟིལ་གྱིས་ནོན། སྐྱེ་བ་གཞན་གྱིས་བར་མ་ཆོད་པ་ལ་ཞིང་ཁམས་གཅིག་ཏུ་འཛོམ་ནས་འགྲོ་བ་མང་པོ་ལ་ཕན་པ་ཆེན་པོའི་རྟེན་འབྲེལ་འགྲིག་རྒྱུ་ལ། གཞན་དག་ཀྱང་དེར་འདུས་པའི་རྐྱེན་ལས་ཟབ་མོའི་གནད་འགའ་ཞིག་ཕྱིར་ལྡོག་ཏུ་གྱུར་པ་སོགས་སྤྱི་དང་བྱེ་བྲག་གི་བླང་དོར་ལུང་བསྟན་མང་དུ་གདམས་པ་ལྟར་ཕྱིས་དེ་དོན་མངོན་དུ་གྱུར་ཏོ། །སྐབས་དེ་དང་མི་རིང་བའི་རྗེས་འབྲེལ་དུ་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་ཡང་ཤ་འུག་གཏེར་བྱོན་གྱི་ཚེ་དབང་དང་དམ་རྫས་ཆོས་ཚན་ཅི་རིགས་ཀྱི་ལུང་རྣམས་ཤོག་སེར་སྟེང་ནས་གནང་


MLP003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཕྱིས་ཆུ་ཕག་ལོར་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཐེགས་ཏེ་དབང་ལུང་ཡོངས་རྫོགས་སྩལ་བས་ཆོས་བདག་གི་རྟེན་འབྲེལ་ལེགས་པར་འགྲིགཆུ་ཁྱི་ཟླ་བ་དགུ་པའི་ནང་དུ་ཕོ་བྲང་ཆེན་པོར་ཕེབས་སྐབས་ལྷ་ཆེན་གྱི་སྲོག་འཁོར་བཞེངས་ཤིང་སྒྲུབ་པར་མཛད་ནས། དེ་དང་རྗེས་འབྲེལ་དུ་མི་དབང་ཆེན་པོར་སྲོག་གཏད་ཀྱང་འབུལ་བར་མཛད་ཅིང་། ཟབ་གཏེར་བཞེས་པའི་སྤྲེལ་ལོ་དེ་ནས་བརྩིས་པའི་ལོ་བདུན་པ་མེ་སྟག་ལ་སྐུ་གསུང་ཐུགས་ཀྱི་སྲས་མཆོག་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ་དཔལ་བཟང་པོ་བལྟམས་པ་ནི། ཆོས་བདག་ལོ་བདུན་ཁོངས་སུ་འབྱུང་། །ཞེས་ལུང་བསྟན་པ་ལྟར་ཆོས་ཀྱི་བདག་པོར་གྲུབ་པ་བཞིན་དབང་ལུང་མན་ངག་དང་བཅས་པ་གསན་ནས་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་པས་རྟེན་འབྲེལ་ལེགས་ཚོགས་སུ་འགྲིག་པ་ཡིན་ནོ། །གཞན་ཡང་སྐུ་ཡི་སྲས་གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་རྣམས་དང་། ཆོས་ཀྱི་སྲས་ཆོས་ཀྱི་བདག་པོར་ལུང་གིས་ཟིན་པ་རྣམས་ཀྱིས་ཐོག་དྲངས། སྐལ་ལྡན་གྱི་གདུལ་བྱ་རྣམས་ཟབ་མོའི་གདམས་པས་སྨིན་ཅིང་གྲོལ་བའི་གནས་ལ་འགོད་པར་མཛད་དོ། །ཡང་ལོ་དེ་ནས་གྱེན་དུ་བཞི་གྲངས་པའི་མེ་འབྲུག་གི་ལོ་ནག་ཟླ་ལ་བཀྲ་ཤིས་རབ་བརྟན་གྱི་གཞིས་ཀའི་སྟེང་དུ་འཕྱིང་གུར་ཕུབ་པར་ཟླ་གཅིག་གི་བར་དུ་སྐུ་མཚམས་ཀྱི་བཅད་རྒྱ་མཛད་དེ་བསྐྱེད་རྫོགས་ཟབ་མོའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས་རྗེས་དེ་མུས་ཕྱི་མཚམས་ཀྱི་ཁོག་ཏུ་བདེ་འདུས་ལས་བྱང་གི་བཀའ་རྩོམ་གནང་བཞེད་ཀྱིས་གསོལ་འདེབས་གཏོར་འབུལ་སོགས་མཛད་པ་ན། མནལ་ལམ་དུ། བླ་མ་མངའ་བདག་ཆེན་པོ་ཉིད་དགྱེས་འཛུམ་གཟི་བྱིན་རྒྱས་པའི་རྣམ་པར་བྱོན་ནས། ང་ཡི་ཆོས་བརྒྱུད་འཛིན་པའི་གདུང་རིགས་སྟོང་པ་ན། བསྟན་པའི་མེ་རོ་གསོ་བར་ལུང་བསྟན་པ་དེ་ཁྱོད་ཡིན། འདི་སློབ་དཔོན་ཆེན་པོ་བཞིའི་ཐུགས་ཀྱི་དཔལ་བེའུ་དེ་ཡིན། བོད་ཀྱི་སྔགས་པ་གཞན་ལ་སྐལ་བ་མེད་པས་ཁྱོད་ལ་གཏོད་པ་ཡིན་གསུངས་ནས། བླ་དཔེའི་ཤོག་སེར་རྣམས་ཕྱག་གིས་དབུ་ཐོག་ཏུ་བཞག་སྟེ་བཀའ་གཏད་བྱིན་གྱིས་བརླབས་པའི་མཐར་པུསྟི་རྣམས་འོད་དུ་ཞུ་བ་དྷཱིཿཡིག་དམར་སེར་གྱི་རྣམ་པར་


MLP003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ་ཐུགས་ཀར་ཐིམ་པ་རྨིས་ཤིང་། སད་པ་ན་བདེ་འདུས་ཀྱི་ཚིག་དོན་ཐམས་ཅད་ཐུགས་ལ་ལམ་མེ་གསལ་བ་བྱུང་ངོ་། །ཡང་ཟད་པ་མེ་སྟག་གི་ལོ་མཇུག་ནས་བརྩམས་ཏེ་དུས་རིམ་ཆེན་མོ་དང་། མེ་ཡོས་ལོ་གསར་གྱི་དགྱེས་སྟོན་སོགས་ལའང་ཞབས་མ་བསྐྱོད་ཅིང་། མཇལ་མི་ངོ་ཆེན་འགའ་ལ་བུག་སྒོ་ནས་མཇལ་ཁ་རེ་གཉིས་ཙམ་མ་གཏོགས་ཐུགས་གཡེངས་ཐམས་ཅད་བཅད་དེ་སྐུ་མཚམས་ལ་བཞུགས། དེ་དུས་ནག་ཟླའི་འགོ་ནས་སྙན་ཅུང་ཟད་མ་བདེ་ཙམ་པ་ཇེ་ལོད་ཀྱིས་བསྙུན་བབས་ལྕི་བར་སོང་བ་ལས། བཅོ་ལྔའི་ནུབ་བསྙུན་གཞི་ཟུག་རྔུ་ལ་ཐུགས་བསྲེས་སྟེ་ཅུང་ཟད་གཟིམས་པ་ན་མནལ་ལམ་དག་པའི་འོད་གསལ་གྱི་སྣང་བ་དང་འདྲེས་པའི་གསལ་སྣང་དུ། ནུབ་ཕྱོགས་ཀྱི་མཁའ་ལ་ཐོགས་མེད་དུ་གཤེགས་པས་རིན་པོ་ཆེའི་བྲག་རི་ནགས་ཀླུང་མེ་ཏོག་གི་ཚལ་སོགས་ཡིད་དུ་འོང་བའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་བཟང་བཀོད་པས་འཕགས་པར་གདན་ཁྲི་ལ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་གཟི་མདངས་མཆོག་ཏུ་རྒྱས་པ་བཙུན་མོའི་འཁོར་དུ་མ་དང་བཅས་བཞུགས་པའི་དྲུང་དུ་ཡུད་ཀྱིས་ཕེབས་ཏེ། མོས་གུས་དྲག་པོས་གསོལ་འདེབས་མཛད་པ་ན། དེས་གསེར་གྱི་བུམ་པ་བདུད་རྩིས་གང་བ་དང་། རིན་པོ་ཆེའི་ཀོང་བུར་སྒྲོན་མེ་འབར་བཞིན་པ་དང་བཅས་ཕྱག་ཏུ་གཏད་དེ་བྱིན་གྱིས་བརླབས་ཤིང་། ཟབ་དོན་གྱི་གདམས་པས་ངོ་སྤྲོད་མཛད་པ་བྱུང་། ས་འབྲུག་ཟླ་བ་བཞི་པའི་ཚེས་བདུན་གྱི་ཉིན། འབྲས་ཕུ་བདེ་བ་ཅན་གྱི་སྒྲུབ་སྡེའི་ས་འདྲ་བར་ཕེབས། དེ་ནུབ་ཐོ་རངས་ཀྱི་ཆར་རྡོ་རྗེ་གཡུ་སྒྲོན་མ་རྣམ་པ་བུད་མེད་མཛེས་སྡུག་གསེར་གཡུའི་རྒྱན་ཅན་གློག་ལ་བཞོན་ནས་རོལ་མོའི་འུར་དིང་གི་སྒྲ་དང་བཅས་མཁའ་ལ་འགྲོ་བ་དང་ལྷན་ཅིག་འདོད་པའི་ཕྲིན་ལས་སྒྲུབ་པར་དམ་བཅས་ཏེ། ནུབ་ཕྱོགས་ཀྱི་མཁའ་ལ་སོང་བའི་མཚན་ལམ་དང་། དེའི་དགུན་རྒྱལ་ཟླའི་འགོ་ནས་བརྩམས་ཏེ་སྐུ་མཚམས་བཅད་རྒྱ་དམ་པོས་ལོ་མཇུག་དུས་རིམ་དང་། ས་སྦྲུལ་ལོ་གསར་གྱི་དགྱེས་སྟོན་སོགས་ལའང་མ་གྲོལ་བར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། དེ་དུས་མཆུ་ཟླའི་བཅོ་ལྔའི་མཚན་གྱི་གུང་ཐུན་ལ་འོད་གསལ་ཡེ་ཤེས་ཀྱི་གཟིགས་ངོར། རྡོ་ཤེལ་ལྟ་བུའི་མཆོད་རྟེན་ཉིས་བསྒྲིགས་མཐའ་


MLP003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྡོ་ལེབ་གཅལ་དུ་བཀྲམ་པའི་འགྲམ་སྟེགས་གྲུ་བཞི་པའི་སྟེང་ན། ཆོས་རྗེ་ཀུན་མཁྱེན་ཆེན་པོ་སྐུ་བགྲེས་ཉམས་ཚེམས་ཕྲེང་ཚག་གེ་བ་ན་བཟའ་བེར་འདུམ་དང་པཎ་ཞྭ་ཟླུམ་བརྗིད་ཅན་གཟི་བྱིན་མཚུངས་པ་མེད་པར་བཞུགས་པ་མཇལ་ཏེ་གུས་འདུད་དྲག་པོ་མཛད་པ་ན། དེ་ཉིད་དགྱེས་བཞིན་པས་འདི་སྐད་ཅེས། ཇི་ལྟར་རྟོགས་པའི་ངེས་པ་བདག་ཉིད་ཀྱི། །དགོངས་པ་བླ་ན་མེད་པའི་དོན་ལ་འབྱོར། །འདི་ནི་རྒྱལ་བ་ཀུན་གྱི་དགོངས་པར་གནས། །དེ་ཕྱིར་འདི་ཡི་ཕྲིན་ལས་རྒྱས་གྱུར་ཅིག །ང་རྒྱལ་དང་ནི་ཁེངས་པར་མ་བྱེད་ཅིག །སྙིགས་མའི་སེམས་ཅན་འདུལ་བ་དཀའ་བ་རྣམས། །བྱམས་དང་སྙིང་རྗེ་ཆེན་པོས་རྗེས་ཟུངས་ལ། །ཕན་དང་བདེ་བའི་སྙིང་སྟོབས་བསྐྱེད་པར་གྱིས། །ཞེས་གདམས་པའི་མཚན་ལམ་བྱུང་། སྐུ་མཚམས་དེ་མུས་དབོ་ཟླའི་མཇུག་ནས་བརྩམས་གཙོ་བོར་ཐུགས་དམ་ལས་མི་གཡོ་བར་རྩེ་གཅིག་ཏུ་བཞུགས་ཤིང་། ཉིན་མོ་གསོལ་ཚིགས་གྲོལ་རྗེས་ཀྱི་ཐུན་མཚམས་སུ་གསན་ཡིག་བསྒྲིག་པའི་བཀའ་རྩོམ་ཡང་ཐུན་རེ་ཆགས་མེད་དུ་གནང་། ནག་ཟླ་དང་ཆུ་སྟོད་ཅན་གྱི་ཚེས་བཞིའི་ནུབ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེའི་ཡུམ་ལ་སྐུ་ཆག་བདོ་བའི་མནལ་ལྟས་སྤྱིར་འཚུབ་ཅིང་། ཁྱད་པར་སྤྲུལ་གཟུགས་ནུབ་ཕྱོགས་ཀྱི་མཁའ་ལ་ཆོ་འཕྲུལ་སྣ་ཚོགས་པའི་རོལ་མོ་དང་བཅས་ཏེ་གཤེགས་པ་དང་། ཕྱི་མའི་ཚེས་ལྔའི་ནུབ་ལངྐའི་ཡུལ་དང་དེ་ཝཱི་ཀོ་ཊར་འདུ་བའི་མཆོད་པ་བསྒྲུབས་ཏེ་དྷཱུ་མ་སྠུ་རའི་ཞིང་དུ་གཤེགས་ཏེ་སྤྲུལ་པ་རང་བཞིན་གྱི་དབྱིངས་སུ་བསྡུ་བ་དང་། ཕྱིས་མནལ་ལམ་གྱི་མཚན་མ་བརྟན་པོར་སྤྲུལ་པའི་ཆོ་འཕྲུལ་གྱིས་དབུགས་དབྱུང་ཞིང་ལུང་སྟོན་པར་ཞལ་གྱིས་འཆེས་པ་ལ་སོགས་མནལ་ལམ་ལྟར། ཟླ་བ་དེའི་ཉི་ཤུ་གཅིག་གི་སྲོད་འཁོར་ལ་ལྷན་ཅིག་སྐྱེས་མའི་ཞིང་ཁམས་ག་ལ་བ་དེར་སྤྲུལ་པ་བསྡུས་ཏེ་གཤེགས་པའི་ཚེ། རྗེ་ཉིད་ནས་རང་བཞིན་གྱི་འོད་གསལ་སྒྲིབ་བྲལ་རྣམ་པར་དག་པའི་ཡེ་ཤེས་ཤར་བ་ལ། གསལ་འདེབས་པ་སོགས་དུས་དེར་འཕྲོད་པའི་གདམས་པས་རྗེས་སུ་འཛིན་པ་དང་། འཇིག་རྟེན་གྱི་མཐུན་འཇུག་དང་བསྟུན་པའི་སྐུ་འདད་ཀྱི་མཆོད་སྦྱིན་ཡང་རྒྱ་ཆེར་སྒྲུབ་པར་མཛད་ཅིང་། དབུ་ཐོད་ལ་ཧྲཱིཿཡིག་དང་ཚེམས་


MLP003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་སོགས་ངོ་མཚར་བའི་མཚན་མའང་གསལ་བར་བསྟན། དེའི་དགུན་ཉེ་འཁོར་དུ་འབྲུམ་ནད་ཐོར་བུ་བསླེབས་པས་འབྲུམ་ཡོལ་ལ་བསྙད་ནས་སྨིན་དྲུག་ཟླ་བའི་ཚེས་བདུན་ལ་དར་གླིང་དུ་ཆིབས་བསྐྱོད། ཚེས་བཅུ་གཉིས་ནས་བཟུང་སྐུ་མཚམས་མཛད་དེ་རིམ་གཉིས་ཀྱི་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། མགོ་ཟླའི་འགོར་ནང་མཚམས་གྲོལ་ནས་ཕྱི་མཚམས་ཀྱི་ཁོག་ཏུ་ཉིད་ཀྱི་ཡུམ་དང་སྐུ་ཞང་སོགས་སྐལ་ལྡན་འགའ་ལ་ཟབ་ཁྲིད་དང་། དྲི་མེད་ཀྱི་གཟུངས་བཞུགས་པའི་སཙྪ་འབུམ་ཕྲག་གཉིས་སུ་ལོངས་པ། གཞན་ཡང་། འོད་དཔག་མེད། ཨོ་རྒྱན་ཆེན་པོ། སྒྲོལ་མ་རྣམས་ཀྱི་པར་སྐུ་ཆུང་ངུ་དང་། ཐུབ་དབང་གི་སྐུ་ལི་གཟུགས་མའི་པར་སྐུ་ཆེ་བ་མང་པོ་བཅས་སྨན་འདམ་ལ་ཕྱག་བསྟར་གྱིས་འདེབས་པར་མཛད་ཅིང་། གསེར་དངུལ་ཟངས་གསུམ་ཇི་ལྟར་འོས་པས་ན་བཟའ་གསོལ་ཏེ་སྐུ་འབུམ་ཆེན་མོའི་གཟུངས་སུ་སྒྲུབ་པར་མཛད། དེར་ས་གའི་ཟླ་སྒང་བར་གཙོ་བོར་ཐུགས་དམ་ལས་མི་གཡོ་བའི་ངང་ནས། ཐུན་མཚམས་སུ་ཚོགས་དབེན་གྱི་འདུས་པ་ཉུང་ཤས་ལ་ཆོས་སྦྱིན་དང་། གོང་མའི་སྐུ་མཆོད་ལ་དམིགས་ནས་དར་གླིང་སྤྱི་པར་ས་ཞིང་སྦྱོར་བ། བྱ་བ་ལས་ཀྱི་འཁོར་ལོ་སོགས་དོན་དུ་འགྱུར་པའི་མཛད་པ་བདག་གིར་བཞེས་ནས་གདན་སར་ཕྱིར་ཕེབས། ཡང་རྟིང་སོར་ས་བྱི་ཟླ་བ་དགུ་པའི་མཇུག་ནས་བརྩམས་ཏེ། གླང་ལོ་ཟླ་བ་བཅུ་གཉིས་པའི་ཟླ་སྒང་བར་འབྲུམ་འཛེམ་དང་བསྟུན་ངོ་ཆེ་བ་རེ་གཉིས་ལ་བག་བསངས་ཏེ་བུག་སྒོ་ནས་ཞལ་མཇལ་ཙམ་མ་གཏོགས་ལོ་གཅིག་ལྷག་ཙམ་གྱི་བར་སྐུ་མཚམས་བཅད་ནས། གཙོ་བོར་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ལས་མ་གཡོས་པར་བཞུགས་ཤིང་། གསོལ་ཚིགས་ཀྱི་སྟེང་ཕྱག་ཚ་གྲོལ་རྗེས་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་སྐུ་མཆེད་དང་གཅུང་རྗེ་དབོན་སོགས་ཞམ་རིང་ནང་འཁོར་ཉུང་འདུས་ལ་རྫོགས་ཆེན་སེམས་སྡེའི་བཀའ་ཁྲིད་ལ་སོགས་ཏེ་ཟབ་ཆོས་དུ་མ་ཐུན་རེ་ཆགས་མེད་དུ་སྩལ་བ་དང་། རེས་སྤྱན་བལྟས་སོགས་དང་སྦྱར་ཏེ་ལྷག་པའི་ལྷ་དུ་མའི་ལྗགས་བཟླས་དང་། ལས་གང་ལ་བསྔགས་པ་དེ་དང་དེའི་སྔགས་དམིགས་ཀྱི་ཁ་བསྒྱུར་སོགས་ཀྱི་ལས་སྦྱོར། དེ་ལོ་ཡུལ་ཕྱོགས་ཐམས་ཅད་


MLP003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱེ་བོ་མང་པོ་ཐོར་ནད་ཀྱིས་ལྔ་པའི་ལམ་དུ་ཕྱོགས་པའི་སྐྱབས་འཇུག་ཞུ་རྟེན་རྣམས་མཆོད་རྟེན་དུ་བཞེས་ནས། མིང་ཡིག་རྣམས་གསར་བཤུས་ཀྱི་ཕྲལ་ཕྲལ་སྙན་དུ་རིམ་བརྒྱུད་ཀྱིས་ཕུལ་བ་ལ་བསྔོ་བ་དང་སྐབས་སྐབས་སུ་བསྡེབས་བསྒྲིལ་གྱིས་སྒྲིབ་སྦྱོང་གི་བྱང་བཞུ་སོགས་དམིགས་ཡུལ་རྣམས་ལ་བརྩེ་བའི་སྤྱན་རས་ཀྱིས་གཟིགས་པས་རྗེས་སུ་འཛིན་པར་མཛད་ཅིང་། དེ་ནས་ཀྱང་ལོ་མཇུག་དུས་རིམ་གྱི་ཚོགས་དབུར་ཞབས་བསྐྱོད་པ་ཙམ་མ་གཏོགས་གཞན་མཆོག་དམན་ཀུན་ལ་ཞལ་མཇལ་ཙམ་ཡང་མ་གནང་བར་ཕྱི་ནང་གི་འགྲུལ་བཅད་མུས་ནས་ལྕགས་སྟག་ནག་ཟླའི་ཚེས་བདུན་ནས་བརྩམས་ཏེ་བཅོ་ལྔའི་བར་དུ་རྗེ་ཉིད་ཡབ་སྲས་གསུམ། སྤྲུལ་པའི་སྐུ་གཞན་ཕན་དབང་པོ། ཐང་འབྲོག་སྤྲུལ་པའི་སྐུ་སོགས་བདག་ཅག་ཞབས་ཕྱི་བཅུ་སྐོར་བཅས་པས། སྐུ་མཚམས་དེ་ཁའི་ཁོག་ཏུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་དམེ་རྫས་བདུད་རྩིའི་ཚོགས་སྒྲུབ་ཕྱག་བཞེས་རྒྱས་པའི་ལས་རིམ་ལྟར་ཐུན་བཞིའི་སྔགས་རྒྱུན་གསུང་མི་ཆད་ཀྱིས་ཤིན་ཏུ་སྨིན་པར་གནང་བས་སྨན་འཕེལ་ཆེ་ཞིང་དྲི་རོ་ཁ་དོག་བཟང་བ་དང་། སྒྲུབ་ཁང་གཟི་བྱིན་ཆེ་ལ་དངོས་གྲུབ་བླང་བའི་ཉིན་དབང་གཞུའི་འཇའ་སྤྲིན་ལས་ཆར་སིལ་བུར་བབས་པ་སོགས་སྒྲུབ་པའི་རྟགས་མཚན་དགེ་ཞིང་། དེའི་བྱིན་རླབས་ཀྱིས་ཉེ་འཁོར་གྱི་ཐོར་ནད་རྣམས་ཀྱང་ཆུ་ཆད་པ་ལྟར་གྱུར་པས། སྣོན་ཟླའི་ཚེས་བཅུ་མཆོད་པའི་དུས་དང་འབྲེལ་བར་ཕྱི་མཚམས་གྲོལ་བར་མཛད་དོ། །དེ་ལྟར་སྔར་སྨོས་པ་ལྟར་བྲག་དམར་མཆིམས་ཕུ་དང་། གཡའ་མ་ལུང་སོགས་གྲུབ་པའི་དབེན་རི་གནས་ཆེན་ངོ་མཚར་ཅན་རྣམས་དང་། དར་གླིང་གཟིམས་ཆུང་བསམ་གཏན་སྦུགགཟིམས་སྤྱིལ་འོད་གསལ་རྩེ་དང་། བསམ་གཏན་རྩེ། ལྷོ་བྲག་གི་བཀྲ་ཤིས་ཆོས་གླིང་། སྨིན་གྲོལ་གླིང་གཙུག་ལག་ཁང་གི་གཟིམས་ཆུང་ཀུན་བཟང་ཡང་རྩེ་མདོ་སྦུབས་དང་། འཆི་མེད་འོད་སྣང་གི་སྦུབས། བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་ཀུན་བཟང་ཕོ་བྲང་མདོ་སྦུབས་སོགས་སུ་སྐུ་མཚམས་ལོ་སྦྲེལ་མ་དང་། ཟླ་དྲུག་མ། ཟླ་གསུམ། ཟླ་གཅིག་གི་མཐའ་བརྟེན་པ་ཡན་གྱི་བླ་མ་ཞི་དྲགརྡོར་སེམས། བཀའ་བརྒྱད། ཐུགས་རྗེ་ཆེན་པོ།


MLP003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཕུར། གཤིན་རྗེའི་གཤེད། རྟ་མགྲིན། ཚེ་དཔག་མེད། མཁའ་སྤྱོད་མ། ཕྱག་རྡོར། ལོཀྟྲི། ནཱ་ག་རཀྴ་སོགས་ཡི་དམ་གྱི་ལྷ་སུམ་ཅུ་རྩ་ལྔ་ཙམ་གྱི་བསྙེན་སྒྲུབ་དང་། རྫོགས་པ་ཆེན་པོའི་ཁྲེགས་གཅོད་ཀྱི་ཉམས་བཞེས་ལ་སྙིང་པོར་དྲིལ་ནས་ཐོད་བརྒལ་ཉིན་མཚན་གྱི་རྣལ་འབྱོར་དང་། རླུང་སྦྱོར་སོགས་དུས་གནད་དང་བསྟུན་ཏེ་ཐུགས་རྒྱུད་ལ་ཅི་འབྱོར་གྱིས་ཉམས་བཞེས་བར་མ་ཆད་དུ་གནང་བས། མ་དག་པའི་སྣང་བ་འགོག་པའི་བསྐྱེད་རིམ་ལ་གསལ་བརྟན་གྱི་ཉམས་མཐར་ཕྱིན་ཏེ། སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རྒྱས་ཐེབས་པས་ལས་བཞི་གང་ཡང་ཐོགས་མེད་དུ་གྲུབ། རྫོགས་རིམ་རྩ་རླུང་ཐིག་ལེའི་འགྲོས་དྷཱུ་ཏིར་དག་པས་ཞུ་བདེའི་ཡེ་ཤེས་ཕྱོགས་བརྒྱར་འབར། ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་བྱང་ཆུབ་པས་འཁོར་འདས་ཐམས་ཅད་གཞི་མེད་རྩ་བྲལ་མཉམ་ཡངས་ཁྱབ་བརྡལ་ཆེན་པོའི་ཀློང་དུ་གྲོལ། སྣང་སྤྱོད་ཐམས་ཅད་རང་སྣང་རིས་མེད་དུ་ཤར་བས་གཟུང་འཛིན་གྱི་མཚན་མ་དབྱིངས་སུ་དག་ནས་ཡེ་ཤེས་ཆེན་པོའི་རྩལ་རྫོགས། མཉམ་གཞག་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་རྗེས་ཐོབ་གང་ཤར་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པའི་དགོངས་པ་རང་བྱུང་རང་བཞེངས་སུ་འཁྲུངས་པས་མཉམ་རྗེས་རེས་འཇོག་གི་ཤུན་པ་བུད་ནས་རིས་མེད་འོད་གསལ་འཁོར་ཡུག་གི་ཏིང་ངེ་འཛིན་ལ་དབང་འབྱོར་ཏེ། སློབ་དཔོན་ཆེན་པོ་པདྨ། བི་མ་ལ་མི་ཏྲ། ཧཱུྃ་མཛད། སངས་རྒྱས་གསང་བ། བཻ་རོ་ཙ་ན། མཁའ་འགྲོ་མཚོ་རྒྱལ། ཉང་། ཆོས་དབང་། ཀུན་མཁྱེན་ཆོས་རྗེ། རྒྱལ་བ་ལྔ་པ་ཆེན་པོ། ཡབ་རྗེ་རིག་འཛིན་ཆེན་པོ་སོགས་རྒྱ་བོད་ཀྱི་པཎ་གྲུབ་མང་པོའི་ཡེ་ཤེས་ཀྱི་སྒྱུ་མའི་སྐུ་མངོན་དུ་སྣང་བས་སྤྲུལ་པའི་དཀྱིལ་འཁོར་སྤྲོས་ཏེ་དབང་བསྐུར་བྱིན་གྱིས་བརླབས་ཤིང་། ཟབ་ལམ་གྱི་གནད་རྣམས་ལྷུག་པར་བཀྲལ་ནས་རྗེས་སུ་གདམས་པ་དང་། རྡོར་སེམས། ཡང་ཕུར། གཤིན་རྗེ་གཤེད། ཐུགས་རྗེ་ཆེན་པོ། ཞི་ཁྲོ། རྣལ་འབྱོར་མ། རིག་པའི་རྒྱལ་པོ་སོགས་ཡི་དམ་གྱི་ལྷ་དང་། སངས་རྒྱས་བྱང་སེམས་དུ་མས་ཀྱང་ཞལ་མངོན་ཏུ་བསྟན་ཏེ། བྱིན་རླབས་ལུང་སྟོན་པ་སོགས་ཀྱིས་དབུགས་དབྱུང་བ་དང་བདེ་བ་ཅན།


MLP003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཡབ་དཔལ་རི། ལྕང་ལོ་ཅན་སོགས་དག་པའི་ཞིང་ཁམས་མང་པོར་བགྲོད་པས་ཞིང་ཡོངས་སུ་འབྱོངས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་བ་དང་། རྟོགས་པས་སྲིད་གསུམ་ཟིལ་གྱིས་ནོན་ཞིང་བྱིན་རླབས་ཀྱིས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུས་པས་ཟབ་དོན་ཆོས་ཀྱི་བགྲོ་བའི་བཀའ་མོལ་མི་དང་མི་ལབ་པ་བཞིན་དུ་གྱུར་ལ། རྡོ་རྗེའི་ཆོས་སྐྱོང་སྤྱི་དང་། ཁྱད་པར་མ་མགོན། གཟའ། ལྷ་ཆེན། ལས་གཤིན། རྒྱལ་བཙན་སོགས་ཀྱིས་ཕྲིན་ལས་བསྒྲུབ་པར་དམ་ནོད་ཅིང་། བྲན་དུ་ཁོལ་བས་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་བསྔགས་བཀུར་བའི་གནས་སུ་གྱུར་པ་ཡིན་ཏེ་མང་དུ་སྨོས་པས་ཅི་ཞིག་བྱ། ཐོས་བསམ་གྱིས་ཇི་ལྟར་གཏན་ལ་ཕེབས་པའི་དོན་སྒོམ་བྱུང་གི་ཤེས་རབ་ཞི་གནས་ཀྱི་ཏིང་ངེ་འཛིན་དང་འབྲེལ་བའི་ལྷག་མཐོང་རྣམ་པར་མི་རྟོག་པ་བློ་བྲལ་གྱི་ཡེ་ཤེས་རང་གསལ་རྗེན་པར་གཟིགས་པས། ཡུལ་དུས་གང་ལའང་ཆགས་ཐོགས་མེད་པའི་མངོན་པར་མཁྱེན་པ་མ་བཙལ་ལྷུན་གྲུབ་ཏུ་མངའ་བས་ཉིན་རེ་བཞིན་དུ་གསུང་བརྟག་ཞུ་བ་མང་དུ་འབྱུང་བ་དེ་ཐམས་ཅད་ལ་མཚན་ལམ་སྒུག་པ་དང་མོ་ཕྱ་རྩིས་སོགས་ཀྱི་རྟེན་འབྲེལ་ལ་བལྟོས་མི་དགོས་པར་འཕྲལ་དུ་དྲུང་ཡིག་རྣམས་ལ་གསུང་སྤོད་མཛད་པ་བཞིན་འཆུག་པ་མེད་པ་ཐིག་བབ་པ་ལྟར་འབྱུང་བ་དང་། དུས་ཀྱི་འགྱུར་ལྡོག་ཀྱང་སྔར་ཆུ་ཕོ་བྱི་བའི་ནང་གི་མནལ་ལམ་དུ། ཆེ་བཙན་ཆེན་པོས་བསྔགས་འོས་དེ། །མེལ་ཚེ་བཞིར་ཕབ་ལྔ་པ་ལ། །ངོ་མཚར་ནམ་མཁའི་འཇའ་ཚོན་བཞིན། །ཞེས་དང་། ཡང་ཆུ་ཕོ་ཁྱི་ལོའི་མནལ་ལམ་དུ། བགྲང་བྱ་བཅོ་ལྔ་ནས་བཟུང་སྟེ། །ཉི་ཤུ་གཅིག་དང་ལྔ་ཡི་མཐར། །ཞེས་གོང་ས་རྒྱ་ཕེབས་ཀྱི་སྐུ་ཚེའི་འཕྲང་དང་། མེལ་ཚེ་བཞིར་ཕབ་དང་ལྔ་པར་ནམ་མཁའི་འཇའ་ཚོན་ཞེས་པ་ནི་ཉེར་བཞི་ལ་ཆབ་སྲིད་ཤོར་ཞིང་། ཉེར་ལྔ་ལ་གཤེགས་པར་གསལ་བར་བསྟན་པ་དང་། ལུང་བསྟན་སྔ་མའི་འཕྲོས་ནས། མ་མོ་སྲིད་པའི་རྒྱལ་མོ་ཡིས། །སྦྱིན་འགྱེད་དབུས་གཙང་ཡོངས་ལ་འགྱེད། །བཟློག་ཐབས་པདྨའི་བཀའ་བཞིན་ཏུ། །བསྒྲུབ་ན་དགའ་སྟེ་སྒྲུབ་པ་དཀའ། །ཞེས་དེ་དང་རྗེས་འབྲེལ་འབྲུམ་ནད་འབྱུང་བ་དང་། ཡང་ཤིང་ཕོ་ཁྱི་ལོའི་མནལ་ལམ་དུ། སྡུག་བསྔལ་དུག་མཚོ་མི་བཟད་རླབས། །


MLP003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་འཁྲུགས་པ་ཐག་མི་རིང་། །གསེར་འོད་འཚེར་བའི་རྒྱལ་མཚན་ཡང་། །ཕལ་ཆེར་གཡའ་ཡིས་མོག་པོར་བྱས། །ཁོར་ཡུག་འཁྲིགས་པའི་ཆར་སྤྲིན་ཡང་། །འདི་ན་དུག་སེར་འབེབས་པར་བྱེད། །ཕན་པར་སྨྲ་བའི་གཏམ་ཆ་ཀུན། །མྱ་ངན་སྐྱེད་པའི་གཅོང་སྐད་ཡིན། །ད་དེ་འདི་ནས་མི་རིང་བར། །ཕན་པར་རེ་བའི་ས་བོན་ལས། །གནོད་པའི་ལོ་འབྲས་ཅི་ཡང་སྐྱེད། །གཤིན་རྗེའི་ཕྱོགས་སུ་བུས་པའི་དུང་། །མི་བཟད་དུཿཁའི་སྐུལ་མར་འགྱུར། །སྟོབས་རྩལ་འཛོམས་པ་སའི་སྒྲ་ཡང་། །ནམ་མཁའི་དབྱིངས་སུ་འཇའ་ཚོན་བཞིན། །ཞེས་སའི་སྒྲ་ནི་སངས་རྒྱས་རྒྱ་མཚོའི་མཚན་ཟུར་དང་དེ་འཕྲོས་སུ། མུ་ཁྱུད་ཟད་པའི་བཙན་མཁར་ཉིད། །མཐོ་ཡང་བློ་གཏད་ཐུབ་པ་དཀའ། །དབང་དང་བཟང་པོ་ཅན་གྱི་མཐས། །གཤེད་བཞིའི་ལོ་ལ་ཕྱོགས་སུ་གཅུ། །དེ་ཕྱིར་བཅུ་ཕྲག་གཉིས་ཀྱི་མཐས། །སྟོན་པའི་རྣམ་འགྱུར་མི་འཁྲུལ་ལོ། །ཞེས་བཅུ་ཕྲག་གཉིས་ནི་བཅུ་གཉིས་ཏེ། ཤིང་ཁྱི་ནས་ཤིང་བྱའི་བར་ཡིན་ལ། དེ་རྟིང་གཤེད་བཞིའི་ལོ་ནི་མེ་ཁྱིའི་ལོའོ། །ཡང་སྔ་མོ་ཆུ་གླང་ལོའི་མནལ་ལམ་དུ། འབྲས་དཀར་སྤུངས་པའི་ཁ་ཟས་ནང་། །རྣོ་དབལ་མཚོན་གྱི་དབལ་སོ་ཆུད། །ཅེས་འབྲས་སྤུངས་སུ་དམག་གི་འཐབ་རྩོད་དང་། དེ་འཕྲོས་སུ། མུ་ཁྱུད་ཅན་གྱི་འཁོར་ལོའི་རྩིབས། །བརྒྱད་མཐར་ནུབ་བམ་ཤར་ནས་འགས། །དཔྱད་ཤེས་བློ་གྲོས་ཅན་མཆིས་ན། །བཅུ་ཕྲག་གཉིས་མཐར་གསུམ་གྱིས་འཐུད། །ཅེས་རྒྱལ་མཆོག་ལྔ་པ་ཆེན་པོ་ཆུ་ཁྱི་ལ་ཞི་བའི་དབྱིངས་སུ་གཤེགས་ནས་ལོ་ཉི་ཤུ་རྩ་གསུམ་འདས་པ་ཤིང་བྱའི་བར་གྱི་སྡེ་སྲིད་རིན་པོ་ཆེས་དཔོན་པོ་མཛད་པའི་ལོ་གྲངས་ཀྱང་གསལ་བར་བསྟན་པས་མཚོན་ཏེ། སྤྱི་སྒོས་ཀྱི་དུས་ཀྱི་འགྱུར་བ་སོགས་ལུང་བསྟན་རྣམས་ཀྱང་ཕྱིས་ཐོག་ཏུ་ཕེབས་པའི་ཡིད་ཆེས་ཀྱི་གནས་སུ་གྱུར་པ་ཡིན་ནོ།། ༈ མདོར་ན་བདག་ཉིད་ཆེན་པོ་འདི་ནི་རྒྱལ་བ་ཀུན་དང་རྣམ་དབྱེར་མེདཔའི་དགོངས་པ་མངའ་བས་ལས་དང་པོ་པ་ལམ་དུ་འཇུག་པ་ལྟར། ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་སྒོམ་པའི་ཤེས་རབ་ཀྱིས་ཐུགས་ཉམས་སུ་བཞེས་པས་སྤངས་རྟོགས་ཀྱི་ཡོན་ཏན་གསར་དུ་སྒྲུབ་པ་ལ་ལྟོས་དགོས་པ་མ་མཆིས་རུང་། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་


MLP003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་གསུངས་པ་ལྟར་སྦྱིན་པས་གདུལ་བྱ་འཁོར་དུ་མ་འདུས་པ་སྡུད། སྙན་པར་སྨྲ་བས་བློ་ཆོས་ལ་འདྲེན། དོན་སྤྱོད་པས་སོ་སོའི་བློའི་རིམ་པ་ལྟར་དམ་པའི་ཆོས་ལ་བཀྲི། དོན་མཐུན་པས་དེ་དག་དམ་པའི་ཆོས་ལ་འདྲེན་ཕྱིར་རང་ཡང་དོན་དེ་ལ་མཐུན་པར་བསླབ་དགོས་པ་ལྟར། གདུལ་བྱ་རྣམས་བསྡུ་བའི་དངོས་པོ་བཞིས་འདུལ་བའི་ཕྱིར་དོན་མཐུན་པའི་མཛད་པ་བདག་གིར་བཞེས་པ་སྟེ། དེ་ཡང་སྔར་སྨོས་པ་ལྟར་དུས་རྟག་ཏུ་ཟུང་འཇུག་གི་རྣལ་འབྱོར་ལས་གཡོ་བ་མེད་བཞིན་དུ། རྒྱུན་དུ་ཆག་མེད་མཛད་པའི་ཐུགས་དམ་གྱི་འཁྲིགས་རིམ་ཡང་། སྔ་ཕྱིར་བསྒྱུར་ཁ་ཅི་རིགས་མཛད་འདུག་ནའང་། ད་ལྟའི་དུས་མཛད་བཞིན་པའི་ལུགས་ནི། ཐོ་རེངས་དུས་བཞིའི་རྣལ་འབྱོར་ལས་རིག་པ་རང་གསལ་གདབ་པའི་མན་ངག་གིས་བཞེངས་ཏེ། རྣམ་པར་མི་རྟོག་པའི་ངང་ནས་སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཐུགས་བསྐྱེད་བཞེས། དེ་ནས་རྡོར་སེམས་སྒོམ་བཟླས་ཡིག་བརྒྱ་ཉེར་གཅིག་རེས་ཉུང་མཐའ་མཛད་པ། བླ་མའི་རྣལ་འབྱོར་ཀུན་འདུས་ཨོ་རྒྱན་དུ་བསྒོམས་ནས་བླ་མ་སྐུ་གསུམ་མ་དང་། ཐུན་གྱི་གསོལ་འདེབས་ཉི་མ་ལྷོ་ནུབ་མ། ཚིག་བདུན་དང་དུས་གསུམ་སངས་རྒྱས་མའི་མཐར་བཛྲ་གུ་རུ་བརྒྱ་རྩས་མཐའ་བརྟེན་པ་གསོལ་འདེབས་ཀྱི་ཚུལ་དང་། འོད་ཟེར་སྤྲོ་བསྡུའི་དབང་བཞི་བཞེས་ནས་བླ་མ་འོད་གསལ་དུ་བསྡུས་རྗེས། སླར་ཡང་སྐད་ཅིག་གིས་སྲུང་འཁོར་དང་དྲག་དམར་གསལ་འདེབས་ཀྱིས་རྩ་སྔགས་བརྒྱ་རྩས་ཉུང་མཐའ་མཛད་པ་དང་། རེས་སྤྱན་ལྟས་སོགས་དང་སྦྱར་ཏེ་སྲུང་བཟློག་གི་སྔགས་དམིགས་བསྒྱུར་ཁ། དེ་རྗེས་སྒྱུ་འཕྲུལ་ཞི་བ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་སྦྱར་ཏེ་གཙོ་སྔགས་བརྒྱ་རྩ་དང་སྤྱི་སྔགས་ལྔ་བཅུ། བཀའ་བརྒྱད་ལུས་དཀྱིལ་གྱི་རྣལ་འབྱོར་དང་འབྲེལ་བར་ཧཱུྃ་སུམ་བརྒྱའི་མཐར་གཙོ་སྔགས་ལྔ་བཅུ་དང་། དཔལ་བརྒྱད་པོར་ཉེར་གཅིག་རེ། དྲག་སྔགས་སོ་ལྔ་པ་ཅུང་ཟད་རེ་དང་བཅས་པ། དེ་ནས་ཇོ་ལུགས་སྒྲོལ་དཀར། རྒྱལ་སྲས་ཐོགས་མེད་པའི་ཡི་གེ་ལྟར་སྦྱོང་རྒྱུད་གཙོ་རྐྱང་། ས་བཟང་མ་ཏིའི་ཡི་གེ་ལྟར་ལྷན་


MLP003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་རྣལ་འབྱོར་དང་སྦྱར་ཏེ། དགྱེས་རྡོར་གྱི་དེ་བ་པི་ཙུ། བདེ་མཆོག་གི་ཡིག་བདུན། འཇིགས་བྱེད་ཀྱི་ཧྲཱིཿཥྚྲི། དུས་འཁོར་གྱི་རྣམ་བཅུ་དབང་ལྡན། སྣ་ཚོགས་ཡུམ་གྱི་ཕྲཻམ་བི་ཤྭ། དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཡིག་བརྒྱ་རྣམས་དང་། རེས་ཆོས་དབང་གི་ཚེ་དཔག་མེད་གོང་ཁུག་མ་རེ་ཡང་མཛད། གཞན་ཡང་འབྲུ་གསུམ་གྱི་འགོག་བཟླས་དང་། རྡོ་རྗེའི་བཟླས་པའང་ཅི་རིགས་མཛད་ནས་རྫོགས་རིམ་ལ་ཅུང་ཟད་མཉམ་པར་འཇོགདེ་ནས་ནམ་སེང་ལ་ཐུན་གྱི་གསོལ་འདེབས་སྤྲོས་བྲལ་བདེ་ཆེན་མ་དང་། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་དང་སྦྱར་ཏེ་བཟླས་པ་བརྒྱ་རྩ་དང་། རྫོགས་རིམ་གཏུམ་མོ་རླུང་སྦྱོར་སོགས་ཅི་རིགས། དེ་ནས་དཀར་གཏོར་ཆ་བཞི། ཛམ་བྷ་ལ་སེར་ནག་དམར་གསུམ། ལོ་མ་གྱོན་མ། ལོཀྟྲི། ཆ་གསུམ་རྣམས་ཀྱི་གཏོར་མ་དང་། རྣམ་འཇོམས། བཅུ་གཅིག་ཞལ་གྱི་གཟུངས་རིང་། ཡེ་ཤེས་སྐུ་མཆོགདམ་བཅའ་ཉི་ཤུ་པ། རྩ་ལྟུང་བཤགས་པ། ཤེར་སྙིང་བདུད་བཟློག་བཅས་པ། བཟང་སྤྱོད། བྱམས་སྨོན། སྨོན་ལམ་སྟོབས་ཆེན་རྣམས་ཀྱི་ཞལ་འདོན་ཚར་རྗེས། ཉིན་མོའི་སྟན་ལ་ཕེབས་ཏེ། གཟིམས་ཆུང་རྟེན་མཆོད་ཀྱི་མདུན་ཏུ་སྐྱབས་སེམས། གནས་ཡོ་བྱིན་བརླབས། སྤྱན་འདྲེན་ཁྲུས་གསོལ། སོ་སོའི་སྒོས་ཕྱགལྟུང་བཤགས། གཙོ་རྒྱལ་མ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་རྣམས་དང་བསྟུན་ཕྱག་བརྒྱའམ་ལྔ་བཅུ་ཉུང་མཐའ་མཛད་པ་རེ་གནང་རྗེས། ཉིན་མོ་སྣང་བ་རྒྱས་འདེབས་པའི་རྣལ་འབྱོར་སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་བཞག་ཆེན་པོའི་ངང་ལ་མཉམ་པར་འཇོག་པ་དང་། དེ་ལས་བཞེངས་ཏེ་ཐོག་མར་ཟབ་ཁྲིད་གསུང་དགོས་ཀྱི་དམིགས་ཐུན་རྣམས་རིམ་ཅན་དུ་གསུངས་པས། ཕལ་ཆེར་གསོལ་ཚིགས་ཡན་ཆད་འགོར་བ་ཤས་ཆེ། འོན་ཀྱང་ཁྲིད་ཁག་ཉུང་དུས་ཆོས་ཐུན་གྲོལ་ནས་གཟིགས་རྟོག་ལྟ་བུ་ཀུན་ཏུ་དོན་ཡོད་པའི་མཛད་པ་གང་འོས་ལ་འཇུག་པར་མཛད། གུང་ལ་ཐུན་མོང་པ་རྗེས་དྲན་ཡོན་སྦྱོང་སོགས་དང་ཐུན་མིན་ཟས་ཀྱི་རྣལ་འབྱོར་དང་འབྲེལ་བས་གསོལ་ཚིགས་མཛད་རྗེས། ཚིག་བདུན་གསོལ་འདེབས། གུང་ཐུན་གྱི་བསམ་པ་ལྷུན་གྲུབ་མ། དུས་གསུམ་སངས་རྒྱས་མ་སྨོན་ལམ་དང་བཅས་པ་མཛད་རྗེས། གནས་ཆེན་གྱི་ས་སྣ་


MLP003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་སྦྱར་བའི་འཇིམ་ས་སྤྱིན་པོ་ལ་པར་སྐུ། འོད་དཔག་མེད། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། རྡོར་སེམས། སྒྲོལ་དཀར་རྣམས་ཀྱི་སྐུ་ལྔ་རེ། ཨོ་རྒྱན་རིན་པོ་ཆེའི་སྐུ་བཅུ། གུ་དྲགཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། སྒྲོལ་ལྗང་། རྒྱལ་བ་ལྔ་པ་ཆེན་པོའི་སྐུ་རྣམས་རེ་རེ། སཱཙྪ་ཆེ་བ་དྲི་མེད་ཀྱི་གཟུངས་ཅན་ལྔ་དང་། ཆུང་བ་ལྔ། རེས་བྱིན་རྟེན་ལ་ཞུ་མི་དང་བསྟུན་རྗེ་ཉིད་རང་གི་སྐུ་རྣམས་ཀྱི་པར་འདེབས་མཛད། དེ་ནས་ཡང་ཐོག་ལ་ཞབས་འཆག་དང་བསྟུན་འོག་མིན་ཡང་རྩེའི་བློས་བསླངས་མདུན་དུ་ཕྱག་དང་སྨོན་ལམ་རེ་ཡང་མཛད། དེ་རྗེས་གཟིམས་ཆུང་དུ་ཕེབས་ཏེ། མཇལ་ཕྱག་ཞུ་མི་སོ་སོའི་རེ་བ་སྐོང་བ། བཀའ་ཤོག་གནང་དགོས། བཀའ་རྩོམ་གཟིགས་རྟོག་འབེལ་གཏམ། དབང་ལུང་སོགས་ཆོས་སྦྱིན། བྱ་བ་ལས་ཀྱི་འཁོར་ལོའི་ཞལ་འཁོས་སོགས་ཀྱི་མཛད་པ་ཇི་ལྟར་འོས་པས་དུས་འདའ་བའི་ངང་ནས། ཉི་མ་ནུབ་པ་དང་ཡང་ཐོག་ཏུ་ཞབས་འཆག་རེ་མཛད་རྗེས་གཟིམས་ཆུང་མགོན་ཁང་དུ་ཕེབས་ཏེ། གཉུག་མའི་ཧེ་རུ་ཀ་དཔལ་ཆེན་པོར་གསལ་བའི་ལྗགས་བཟླས་ཅུང་ཟད་ཙམ་དང་བཅས་པ་སྔོན་དུ་འགྲོ་བས། བླ་མ་ཡི་དམ་གྱི་འདས་གཏོར། ལེགས་ལྡན། ཕྱག་བཞི་པ། མ་ནིང་། ཞལ་བཞི་པ། སྔགས་སྲུང་། སྡེ་ལྔ། ལྷ་ཆེན། ཁྱབ་འཇུགརྣམ་སྲས། ཞིང་སྐྱོང་མ་མོ་རྣམས་དང་། རྗེས་འབྲང་སྐོར་གྱི་གཏོར་ཆོགགཞི་བདག་སྤྱི་གཏོར་དང་བཅས་པའི་གཏོར་བསྔོ། དེ་རྗེས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱི་སྙིང་པོ་ཉེ་སྙིང་རྩ་སྔགས་རྣམས་ཀྱི་ལྗགས་བཟླས་ཅི་རིགས་ཀྱི་མཐར། ཕྱིར་བཟློག་གི་སྒོམ་བཟླས་ཐུན་གཏོར་དང་བཅས་པ། དེ་ནས་གཟིམས་མལ་དུ་ཕེབས་ཏེ། རྡོ་རྗེ་ཕུར་པའི་རྣལ་འབྱོར་གྱི་ཀི་ལ་ཡ་ལྔ་བཅུ་རེ། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་ངག་བཟླས། འགོག་བཟླས། རྡོ་རྗེའི་བཟླས་པ་རྣམས་ཅི་རིགས་ནས། འོད་གསལ་དུ་བཅུག་པའི་ངང་ལ་མཉམ་པར་འཇོག་པ། དེ་ལས་བཞེངས་ནས་སྲོད་ཐུན་གྱི་གསོལ་འདེབས་དང་། སྲོད་དུས་ཤེས་པ་ནང་དུ་བཟུང་བའི་མན་ངག་གིས་བདེ་སྟོང་གི་ཡེ་ཤེས་ངོས་བཟུང་ནས་དེའི་ངང་བསྐྱང་བ། སྐབས་རེར་མཚན་ལམ་སོགས་དང་བསྟུན་ནས་ཚེ་སྒྲུབ། བསྲུང་བཟློག ཀུ་སུ་ལའི་ཚོགས་དཀར་འགྱེད་
ཀྱི་སྤྱན་དམིགས་རེའང་མཛད། དེ་ནས་གུང་ཐུན་གྱི་གསོལ་འདེབས་གནང་རྗེས་ནམ་གུང་ཤེས་བྱ་བུམ་པར་དྲིལ་བའི་མན་ངག་གིས་མཚན་མོའི་རྣལ་འབྱོར་དང་ལྡན་པས་མནལ་གྱི་འོད་གསལ་གྱི་ངང་ལ་གཟིམས་པ་ཡིན་ནོ། །


previousཟབ་གཏེར་གྱི་བཀའ་བབས་ཤིང་སྒྲུབ་པ་ཐུགས་ཉམས་སུ་ཇི་ལྟར་བཞེས་ཚུལ། next