Nitartha Digital Library
Tibetan
 
previousཇུན་གར་བས་བསྟན་དགོན་ལ་འཚེ་སྐབས་བྲོས་བྱོལ་དང་འགྲོ་དོན་མཛད་པ།next

ཇུན་གར་བས་བསྟན་དགོན་ལ་འཚེ་སྐབས་བྲོས་བྱོལ་དང་འགྲོ་དོན་མཛད་པ།

དུས་ངན་གསེར་འཕྱང་མེ་མོ་བྱ་ཡི་ལོ། །དགུང་ལོ་ཉི་ཤུ་རྩ་བཞིའི་སྟེང་ཕེབས་པར། །ཡབ་རྗེའི་དག་པའི་གཟིགས་སྣང་རོལ་རྩེད་དུ། །ཚེས་དགུའི་ནུབ་མོ་རང་ཁྱིམ་འཁོར་བ་ན། །མི་བཟད་ཅོ་དིར་ཤུག་སྒྲས་བསྐུལ་བ་ན། །བལྟས་པས་སྐྱེས་བུ་སྣ་ཚོགས་གོ་ཞུབས་ཅན། །མྱུར་འགྲོའི་བཞོན་པ་ལ་བརྟེན་བརྒྱ་ཕྱེད་གྲངས། །རྫོགས་པས་བསྐོར་བའི་ཕྱོགས་སུ་འགྲོ་བ་དང་། །ལྷན་ཅིག་སྣ་ཚོགས་གཏམ་གྱིས་འདི་སྐད་ཟེར། །ཞེས་སོགས་འདི་དོན་ཐོག་ཏུ་བབས་པའི་ཚུལ། །སྔོན་དུས་ཟན་ཡངས་དཔལ་གྱི་བསམ་ཡས་སུ། །རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། །མཁན་སློབ་པཎ་གྲུབ་མང་པོ་སྤྱན་དྲངས་ཏེ། །སྐུ་རྟེན་གཙུག་ལག་ཁང་ནི་མང་པོ་བཞེངས། །གསུང་རྟེན་ཆོས་བསྒྱུར་ལོ་ཙཱ་མང་པོ་བསྡུས། །ཐུགས་རྟེན་བཤད་གྲྭ་སྒྲུབ་གྲྭ་མང་བཙུགས་ནས། །གངས་ཅན་ཆོས་ཀྱི་སྣང་བས་ཁྱབ་མཛད་པར། །སྡིག་བློན་རྣམས་ཀྱི་བློ་ལ་མ་ཆུད་དེ། །མ་འོངས་བསྟན་དང་བསྟན་པ་འཛིན་པ་ལ། །ཉེར་འཚེའི་སྨོན་ལམ་ལོག་པར་བཏབ་པའི་འབྲས། །སྐབས་འདིར་སྨིན་པ་བྱང་ཕྱོགས་བདུད་འགོང་དཔུང་། །སྡེར་བཅས་བོད་ཡུལ་དབུས་སུ་ལྷགས་པ་ཡི། །བསྟན་དང་འགྲོ་བའི་ཕན་བདེའི་ལྗོན་པ་བསྲེགས། །བཙན་པོའི་ལུང་གིས་དབུས་གཙང་ཁྱབ་པར་བྱས། །ཁྱད་པར་ངེས་དོན་བསྟན་པ་མ་ལུས་བསྣུབས། །དེ་ཚེ་རྗེ་འདིའི་གཅེན་མཆོག་ཁུ་དབོན་གསུམ། །བདུད་འགོང་གནས་པའི་ས་དེར་སྤྱན་དྲངས་ནས། །ཁྲི་མུན་བཅུག་ལ་སྐུ་སྲོག་ལ་རྒོལ་དང་། །ལྷན་ཅིག་དགོན་སྡེ་གཏོར་བའི་གཤེད་མའི་གྲངས། །བརྒྱ་ཕྲག་ལ་ཉེ་ཕྱོགས་འདིར་མངགས་པར་གྱུར། །ལོ་འདིའི་རྒྱལ་ཟླའི་དམར་ཕྱོགས་དང་པོ་ཡི། །ཁྲི་གདུགས་དགུང་ལས་ཆུ་ལྷའི་ཕྱོགས་ཉེ་ཚེ། །བསྟན་འགྲོའི་བདེ་སྐྱིད་ཁམ་ཟས་བྱེད་པ་པོ། །འབྱུང་པོ་དམ་སྲིའི་དམག་སྡེ་དེ་དག་རྣམས། །གནས་འདིའི་ཙ་རིའི་ནང་དུ་སྒར་ཕབ་ནས། །སྙན་ཚིག་བྱ་མ་རྟ་ཡི་མགྲིན་ལམ་ལ། །ཉེར་དྲངས་འདུས་པའི་ཚོགས་རྣམས་གནས་དེར་བཀུགས། །ལན་ཚྭས་དབེན་པའི་རྒྱ་ཇའི་སྐྱེམས་དྲངས་ནས། །དམར་འོད་མིག་རྩ་ཁྲག་ལྟར་ཁོལ་བ་དང་། །རྫི་མ་འཁྱོག་པོར་གཡོ་བའི་རྣམ་འགྱུར་དང་། །ལྷན་ཅིག་རྩུབ་མོའི་ཚིག་གིས་སྤྱོ་བ་ནི། །ཕྱིན་ཆད་ཁྱོད་རྣམས་གཉིས་ཚུན་སྡེབས་མི་རུང་། །ཆོས་མིན་བྱ་བ་ནག་ཆང་བག་མེད་ལས། །བསྟན་ལ་དགེ་བའི་བྱ་བ་བྱས་སྲིད་ཚེ། །རང་རང་སྲོག་ལ་རྒོལ་བའི་ལུང་བསྒྲགས་ཏེ། །མདའ་མདུང་མཚོན་ཆ་འཇིགས་པའི་འཕང་བརྡེག་གིས། །ངུར་སྨྲིག་མཚམས་སྤྲིན་ས་ལ་ལྷུང་འདྲ་བའི། །གསུམ་ལྡན་འདུས་པའི་ཚོགས་རྣམས་ཕྱོགས་སུ་གཏོར། །རྒྱལ་སྲས་ཡིད་བཞིན་ལེགས་གྲུབ་ཁྲི་མུན་བཅུག །གནས་གཞིའི་གཙུག་ལག་ཁང་རྣམས་སྡེར་བཅས་བཤིག །སྐུ་གསུང་ཐུགས་རྟེན་མེ་ཆུར་སྦྱང་བ་སོགས། །མཚམས་མེད་ལྔ་ཡི་ལས་ཚབས་ཆེར་བསགས་ཏེ། །དུས་ངན་རང་མཚང་མངོན་གྱུར་ལས་དབང་གིས། །བསྟན་སྡེ་མིང་གི་ལྷག་མ་ཙམ་དུ་བྱས། །དེ་ཚེ་རྗེ་འདི་དྭ་ཕྲུག་བཞིན་ལུས་པས། །ཉེ་བར་གནས་པ་མི་ཕམ་དང་འགྲོགས་ནས། །སྣང་བའི་བདག་པོ་ནུབ་རིར་ཡིབས་པའི་ཚེ། །བདུད་དམག་མདའ་མདུང་མཚོན་ཆའི་འཕྲུལ་འཁོར་ཅན། །གཏུམ་རྔམས་གཤིན་རྗེའི་ཕོ་ཉ་ཆས་འདྲ་བའི། །རྒྱོབ་སོད་ང་རོ་དྲག་པོའི་དཔུང་ཚོགས་ལས། །ཉེར་གྲོལ་ཉེ་འདབས་ས་མཚམས་གླིང་གསེབ་ཕེབས། །རིགས་ཀྱི་གཅུང་པོ་ཨུ་པ་ནཱ་ད་ཡང་། །ཞམ་རིང་སྒྲིན་པོའི་ངང་ཚུལ་འཛིན་པ་ཡི། །གཡོ་ཐབས་དུ་མའི་བྱ་བ་ཉེར་བླངས་པའི། །བདུད་འགོང་འབྱུང་པོའི་ཉེན་ལས་ཐར་བ་ནི། །དཔེར་ན་ཉིན་མོར་བྱེད་དང་ཆུ་ཤེལ་དབང་། །སྒྲ་གཅན་གདོང་ལས་གྲོལ་བ་བཞིན་དུ་གྱུར། །གླིང་དེར་རང་གྲྭ་འགའ་ཞིག་འདུས་པ་ལ། །འཕྲལ་ཡུན་རོགས་ཟླར་ཕན་པའི་རེ་བཅའ་བས། །ལ་ལ་ནོར་རྫས་སྒྱུ་མའི་ཆོས་ལ་ཆགས། །ལ་ལ་ཡུལ་གཞིས་ཕ་མ་གཉིས་ལ་ཞེན། །འགའ་ཞིག་ཅི་བྱའི་གཏོལ་བྲལ་སྨྲ་རྒྱུ་མེད། །རང་འདོད་ཕུགས་སུ་བཅངས་པའི་གྲོགས་དེ་དག །སླར་ཡང་སྲན་ཕུང་བེར་བསྣུན་ལྟ་བུར་འཐོར། །སྔ་དུས་འཁོར་ཚོགས་རྒྱ་མཚོས་བརྟེན་ན་ཡང་། །སྐབས་འདིར་བདེ་སྡུག་ལྷན་ཅིག་མྱོང་ནུས་ཤིང་། །ལུས་ཀྱི་གྲིབ་བཞིན་འགྲོགས་པ་མི་ཕམ་ལས། །གཞན་པའི་རོགས་ཟླས་དབེན་པའི་དུས་བྱུང་གསུངས། །དེ་ནས་ས་སྲོས་ཙམ་གྱི་དུས་ཉིད་ལ། །གླིང་གསེབ་ལས་ཐོན་ཞབས་འགྲོས་ཀྱིས་བསྐྱོད་པའི། །ནམ་གུང་འོར་པ་ཞེས་བྱའི་གྲོང་ཐད་ཀྱི། །བྲམ་སྒང་བསིལ་བུའི་སྐྱབས་མེད་ཅིག་དུ་ཕེབས། །དེ་ཚེ་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཆེ། །འབུམ་རམས་ཨོ་རྒྱན་བསྐལ་བཟང་གནས་དེར་ཕེབས། །སོ་དང་སེན་མོ་གང་རྣོའི་ཐབས་གྲོས་དང་། །རེ་ཞིག་ཟངས་མཚོར་ཕེབས་པ་དགྱེས་ཚུལ་ལྟར། །ཐག་ཉེའི་ས་ནས་རང་ནོར་ཆིབས་སྙེག་པའི། །བཞོན་པར་བརྟེན་ལ་སྒོ་ཚངས་ལ་བརྒྱུད་དེ། །བསྐྱོད་པར་ནམ་སེང་ཆོས་འབྱུང་ཟངས་མཚོ་ཞེས། །བོད་འབྲོག་མཚམས་ཀྱི་རང་དགོན་མཐོ་དེར་ཕེབས། །སྒོམ་ཆེན་འཇམ་དབྱངས་ཞེས་བྱའི་སྤྱིལ་བུར་བཞུགས། །དེར་ཡང་ནག་པོའི་བདུད་ཀྱི་ཁ་རླངས་སྤྲིན། །མི་འདོད་རླུང་གིས་ཕྱོགས་བཞིར་ཁྱབ་བྱས་པའི། །འཇིགས་རྔམས་མི་བཟད་སྟོང་འུར་ཆེན་པོར་བརྟེན། །པདྨ་རིག་གྲོལ་ཟེར་བའི་ས་མཁན་ལ། །བརྟེན་ཏེ་མཚོ་སྦུག་བརྒྱུད་པའི་ས་ཉིད་ན། །རི་རོང་གཡའ་གངས་ཀྱིས་གཏམས་མཚོ་རྒྱལ་ཕུག །གྲགས་པའི་གནས་དེར་དཔོན་གཡོག་གཉིས་བཅུག་ནས། །བུག་སྒོ་རྫ་གཡམ་གྱིས་བསྡམས་བཞུགས་སུ་བཅུག །ཕོ་བཟོའི་གཏམ་གྱིས་ད་ཆ་སྐྱོན་མེད་ཚུལ། །ལན་འགའ་སྨྲས་ལ་ལམ་མཁན་རང་གནས་ལོག །དེ་ཚེ་རྗེ་འདིར་ཀུན་རྟོག་འདི་ལྟར་འཆར། །བསླུ་མེད་མཆོག་གསུམ་དམ་པའི་ཐུགས་རྗེའི་མཐུས། །འདོད་ཁམས་བདག་པོས་རྒྱུད་བསྐུལ་བདུད་སྡེའི་དཔུང་། །མི་བཟད་འཇིགས་པའི་འཕྲང་ལས་རང་གྲོལ་འདིར། །སྣ་བུག་ཙམ་གྱི་བུ་གར་གནས་འཆའ་བའི། །ཅོལ་ཆུང་བྱིས་པའི་བློ་འདི་འཁྲུལ་པར་དགོངས། །འབྱུང་པོའི་འདབ་ལྡན་རྒྱུ་བའི་དུས་དེ་ཁར། །ཕུག་པ་ལས་ཐོན་རིན་ཆེན་སྤུངས་འདྲའི་རི། །རྩེ་མོ་ཤིན་ཏུ་མཐོ་བ་མཁའ་ལ་སྙེགས། །ངོས་ཀྱི་རྫ་རྣམས་གྱེན་གཟེངས་ཁ་བ་དང་། །འཁྱགས་ཤུན་གྱིས་བཏུམ་གཤིན་རྗེའི་མཆེ་བ་ལྟར། །མི་བཟད་རབ་ཏུ་གཙིགས་པའི་གཡས་གཡོན་ལ། །གཅན་གཟན་མི་སྡུག་པའི་ཚོགས་ངུ་སྐད་དང་། །འབྱུང་པོའི་བྱ་ཚོགས་འཁུན་སྒྲ་དིར་དིར་སྒྲོག །བསེར་བུའི་རླུང་དང་འགྲོགས་པའི་བུ་ཡུག་གི། འཚུབ་མ་སྐུ་ལ་རེག་པས་འཁྱགས་ཞུན་དུ། །རོམ་རོམ་འགྲོ་བའི་རི་ལ་ཕྱག་ཞབས་བཞིས། །གར་རྟོལ་རྟེན་པ་འཚོལ་གྱིན་འཛེགས་ཕེབས་པར། །ནམ་ལངས་ཉེ་བར་ཕུག་པ་ཞིག་ཏུ་ཕེབས། །རྗེ་ཉིད་ཤིན་ཏུ་ངལ་བས་གཟིམ་སྟབས་བཞུགས། །ཞམ་རིམ་དག་གི་ཤ་ཐང་སྩལ་བའི་ནོར། །སོལ་བ་སྙིམ་པ་གང་རྙེད་དེའི་མེ་ལ། །བརྟེན་ཏེ་ཞལ་སྐྱེམས་རླངས་ཐོན་ཙམ་ཞིག་བཞེས། །དེ་ལས་གཞན་པའི་བཟའ་བཏུང་ཆ་རྐྱེན་ནི། །རི་བོང་རྭ་དང་སྒོ་ངའི་སྤུ་བཞིན་གྱུར། །ནམ་ཞིག་དྲུང་འཚོ་བོན་བཙན་ཞེས་བྱ་བས། །གསང་ཁོག་ཆ་རྐྱེན་ཞྭ་འཐུལ་ཞིག་ཕུལ་བར། །སྐུ་ལ་རེག་བྱའི་རྫས་སུ་ཉེར་བཞེས་ནས། །ཞག་གསུམ་ལོ་ལས་རིང་བ་བྱས་ཞེས་གསུང་། །སླར་ཡང་མཚན་གཅིག་འགྱུར་མེད་ཆོས་དཔལ་གྱིས། །རི་གཤམ་ཆིབས་ཁྲིད་ཕེབས་བསུར་འབྱོར་པ་ལྟར། །ཟངས་མཚོར་ཕེབས་ལ་ཞག་གཉིས་གབ་ནས་བཞུགས། །གནས་དེར་གསོལ་ཆས་ཕྲན་བུའི་སྟ་གོན་དང་། །ལྷོ་བྲག་ཕྱོགས་སུ་ཕེབས་པའི་གཞི་བཏིངས་ནས། །ཉེར་བཞིའི་སྲོད་ལ་ཟངས་མཚོ་ནས་བསྐྱོད་དེ། །ཐོ་རེངས་རང་དགོན་ཀར་སྟེང་ཞེས་སུ་ཕེབས། །བླ་མ་ཆོས་འཕེལ་ཟེར་བས་ཞབས་ཏོག་བསྒྲུབས། །ཞག་གསུམ་བར་དུ་སྐུ་ལ་བརྟེན་པར་མཛད། །སྐབས་དེར་བཤེས་གཉེན་ཆེན་པོ་འབུམ་རམས་པས། །བྱ་མ་རྟ་མངགས་གནད་གསང་ཞུ་ཡིག་འབྱོར། །དེ་འཕྲལ་སྲོད་ལ་སྔོ་ལུང་ལ་བརྒྱུད་ནས། །གསུམ་མདོ་སྡེར་ཁའི་ལ་ཕུག་ཅིག་ཏུ་ཕེབས། །ལྷོ་ཕྱོགས་རང་ནོར་གཉེར་ཁ་པར་མངགས་པས། །འབྲས་ལྷོ་འགྱུར་མེད་འཕེལ་རྒྱས་ས་དེར་འབྱོར། །དེ་ལས་ཆིབས་གཉིས་བཟང་གོས་སྔོ་སྐྱ་ཡུག །རྒྱན་བཞི་སེར་པོའི་རྩག་པ་དང་བཅས་པ། །ལྗོན་འདབ་ཕུར་མའི་ཡང་རྩེ་འཁོར་དྲུག་གཅིག །རང་གིར་བཟུང་ནས་ནོར་གྱི་གཉེར་ཁ་པོ། །རང་དགོན་བྱང་ཆུབ་གླིང་དུ་ལྡོག་པར་མཛད། །རྣམ་བཀྲའི་རྒྱན་བཞི་སེར་པོའི་ལ་པ་ཤག །ཕྱི་རྗེས་མི་རྗེ་བསོད་ནམས་སྟོབས་ཀྱི་རྒྱལ། །བོད་ཁམས་སྐྱོང་བའི་རྗེ་བོར་ཕེབས་པའི་དུས། །ཐོག་མའི་མཇལ་འཕྲད་དུས་སུ་ཕུལ་ཞེས་གསུངས། །དེ་ནས་བསྐྱོད་དེ་རང་དགོན་གནས་གཞིའི་ཐང་། །གླ་དཀྱིལ་ཞིག་ཏུ་གབ་བཞུགས་སྲོད་ཡོལ་ཙམ། །གནས་གཞིའི་བླ་བྲང་ཕེབས་ལ་དེའི་བླ་མ། །དགེ་སློང་བསླབ་གསུམ་ཞེས་པས་བསྙེན་བཀུར་ཞུས། །ནམ་སར་ཐོ་རེངས་དེ་ལས་བསྐྱོད་མཛད་ནས། །བཙན་གྲོ་གཞུང་དང་བན་སའི་ཡུལ་གྲུ་བརྒྱུད། །རྣམ་འཕྱང་ས་ཁྱིའི་མཆུ་ཟླའི་ཚེས་གཅིག་གི། ཉི་ཤར་བན་ས་བསམ་གྲུབ་དགོན་དུ་ཕེབས། །སྐབས་འདིར་ཆིབས་དང་ན་བཟའི་སྤྲོས་པ་བཅས། །ལྷ་ལྡན་ཕྱོགས་ཀྱི་མང་འགྱེད་དོ་དམ་པར། །རྫུ་བའི་གཡོ་ཐབས་དུ་མའི་མཛད་པ་ཡིས། །བཟན་ཤིང་བསྡུ་དང་བགྲོད་དཀའི་ལམ་སྲུང་ལས། །རང་གར་རྟོལ་བའི་མཛད་པ་བདག་གིར་བཞེས། །བསམ་དགོན་ཞབས་དྲུང་འཇམ་དབྱངས་འཁོར་བཅས་ཀྱིས། །ཞག་བཞིའི་བར་དུ་གུས་པས་ཞབས་ཏོག་བསྒྲུབས། །འོན་ཀྱང་ནང་དུ་ངན་སེམས་དུག་ཆུ་ཁོལ། །ངག་ཏུ་འཁྱོག་བཤད་འཇམ་པོའི་ཟོལ་སྦྱོར་སྨྲ། །རང་དོན་རྙེད་ན་ཕ་མ་དགྲ་བཅོམ་ལ། །བརྡོ་བའི་སྡིག་ཏོའི་རྣམ་པར་ལྷུར་བླངས་པའི། །དགྲ་ལག་སྤྲོད་པའི་འཕྲུལ་གྱི་བྱ་བ་བསྒྲུབས། །དེ་ཚེ་དཀོན་མཆོག་བདེན་པའི་བྱིན་རླབས་དང་། །རྗེ་ཡི་སྐུ་བསོད་སྟོབས་སུ་གྱུར་པའི་མཐུས། །གཉེན་ཡང་དགྲ་བོར་གྱུར་པའི་འཇིགས་ཉེན་ལས། །ཟླ་བ་གཟའ་ལས་གྲོལ་བ་བཞིན་དུ་གྱུར། །བསམ་ངན་སྦྱོར་བ་རྩུབ་པའི་སྐུ་ཉེ་དེར། །གནོད་ལན་ཕན་པས་འཇལ་བའི་རྣམ་ཐར་གྱི། །གྱི་ལིང་རྟ་ཡི་བཞོན་པ་གཉིས་བཞག་ནས། །དེ་ལས་ཆིབས་གཡག་ལ་བརྟེན་རིམ་པར་ཕེབས། །འདི་ནུབ་རོང་ཞེས་བྱ་བའི་ལམ་སྲང་གི། ཀཀྞི་ཞིག་གི་འོག་ཏུ་གནས་མལ་མཛད། །ནངས་པར་སྔ་ཐེགས་གནས་ཆེན་ལྷ་རིའི་གཤམ། །བྱ་ཟམ་ཟེར་བའི་ཟམ་པའི་ས་ཉིད་ནས། །ཆིབས་གཡག་རོགས་མི་དང་བཅས་ཕྱིར་སློག་ནས། །ཡང་སྲབ་ཁྲེས་ཀྱི་རྣམ་པ་སྐུ་རྒྱབ་ཏུ། །བརྟེན་ཅིང་འགལ་དུམ་འཁར་བའི་ས་འཛུགས་བཅས། །རིམ་ཕེབས་ཚེས་དགུར་ལྷ་རིའི་སྒྲུབ་གནས་ཕེབས། །གནས་དེའི་སྒྲུབ་གྲྭ་རྣམས་ཀྱི་མཐུན་རྐྱེན་ལ། །ཉེར་བརྟེན་མཁའ་འགྲོ་འདུ་བའི་དུས་ཆེན་ཉིད། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལ་བརྟེན་ནས། །རྩ་གསུམ་ལྷ་ཚོགས་མཆོད་ཅིང་ཐུགས་སྨོན་མཛད། །དྲག་པོའི་ཚེས་ཞོགས་བདུད་འགོང་ཉེ་བའི་ཆར། །འོང་བའི་སྦིར་གཏམ་རླུང་བཞིན་ལྷགས་པ་ན། །འཁོར་བཅས་སྔར་བཞིན་ཁྲེས་དང་འཁར་བ་བཅས། །གནས་སྐོར་ཚུལ་གྱིས་ཕེབས་ལ་མཚན་མོའི་ལམ། །ཨོ་རྒྱན་ཆོས་ལྡན་བློ་གྲོས་ཆོས་འཕེལ་ཏེ། །དད་ལྡན་གཉིས་ཀྱིས་རྒྱབ་བརྟེན་དེ་ཡི་ནུབ། །ལེགས་པོའི་ཡུལ་གྲུ་རམ་ཞེས་བྱ་བར་ཕེབས། །སྐབས་དེར་རང་གི་སློབ་རིགས་གཏོགས་པ་ཡི། །ཚེ་དབང་དར་པོ་ཟེར་བ་དེར་ཡོངས་ནས། །ད་ཆ་འདི་ནས་འབྲུག་ཡུལ་ཕེབས་སྲིད་རུང་། །ཚ་བའི་ནད་ཀྱིས་འོ་བརྒྱལ་ཡོང་ངེས་པས། །འདི་ནས་ཡར་ལ་ཆུ་གྲང་ཕུག་ཟེར་བའི། །གསང་ཕུག་ཅིག་ཡོད་དེར་ཕེབས་དགྱེས་ཚུལ་ལྟར། །ཁོ་པ་རོགས་གཞན་འགའ་བཅས་སྔོན་བཏང་ནས། །རྗེ་ཉིད་དཔོན་གཡོག་གཉིས་ཀྱིས་རྗེས་སུ་བསྙེགས། །ནམ་ཞིག་བསེར་བུའི་རླུང་དང་འགྲོགས་པ་ཡི། །ཁ་བའི་བུ་ཡུག་འཚུབ་པས་ལམ་དོར་ཏེ། །ཡར་མར་བགྲོད་པའི་གོ་སྐབས་ཀྱིས་དབེན་པས། །བྲག་གི་བྱ་སྐྱིབས་ཤིག་ཏུ་གནས་མལ་མཛད། །དེ་ཚེ་བཤོས་ཀྱི་ཁུ་བ་མ་རྙེད་པས། །ཕྱེ་དང་ཁ་བ་བསྲེས་པ་བཞུས་ཞེས་གསུངས། །དེ་ལས་རིམ་བསྐྱོད་ཆུ་གྲང་ཕུག་ཏུ་ཕེབས། །གནས་དེར་ཟླ་གཅིག་བཞུགས་ལ་རིམ་གཉིས་ཀྱི། །ཟབ་མོའི་ལམ་ལ་ཆིག་སྒྲིལ་ཁོ་ན་མཛད། །སྐབས་དེར་འབྲས་ལྗོངས་མདོ་ཁམས་གང་རིགས་སུ། །ཕེབས་བཞེད་ཐེ་ཚོམ་དྲ་བ་གཅོད་པ་ལ། །རྩ་གསུམ་ལྷ་ལ་བརྟགས་དྲིལ་འབུལ་མཛད་པར། །མདོ་ཁམས་ཕྱོགས་སུ་ཕེབས་ན་བཟང་བར་བབས། །དེ་བཞིན་ཕྱོགས་དེར་ཞལ་གཟིགས་ཕེབས་པ་དང་། །འཚོ་བའི་ཆ་རྐྱེན་འཚོལ་ལ་ཞམ་རིང་པ། །ཁ་ཅིག་མངགས་པར་མདའ་ཅན་སྙིང་ཞུགས་ཀྱི། །བསམ་དགོན་ཞབས་དྲུང་འཇམ་དབྱངས་དང་ཐུག་པར། །རྗེ་འདིའི་མཚན་ནས་འབོད་ཅིང་མིག་གཉིས་ནས། །མཆི་མའི་ཆུ་བོ་འབབ་པ་ལྟར་བྱས་ནས། །དགྲ་བས་གཉེན་ཉིད་སྐུ་ལ་འཚེ་བ་ལ། །ངན་པའི་སྦྱོར་བ་རྩོམ་ལ་བརྩོན་བྱེད་ཀྱང་། །དྲང་པོའི་གཏམ་བཞག་འཁྱོག་པའི་ཟོལ་རྫུ་ཉིད། །ལག་ལེན་བྱས་པས་སྐུ་ལ་བརྡོ་མ་ནུས། །དེ་ནུབ་མཚན་རིལ་མི་མེད་ནགས་སྟུག་པོར། །གསལ་བྱེད་ཆག་སྒྲོན་སྦར་བ་ཐོགས་པ་ན། །ཁ་བའི་བ་གམ་ཆགས་པའི་གཅོང་རོང་གི། གཡང་དུ་ཞམ་རིང་ཟུང་ཉིད་ཁྲེས་དང་བཅས། །ལྷུང་རུང་ལུས་ལ་གནོད་པ་མ་བྱུང་བ། །བསླུ་མེད་མཆོག་གསུམ་དམ་པའི་ཐུགས་རྗེ་དང་། །རྗེ་འདིའི་སྐུ་ཡི་གྲིབ་མ་ལྟར་འགྲོགས་པའི། །ཆོས་སྲུང་རྣམས་ཀྱི་ཕྲིན་ལས་ཡིན་པར་ངེས། །དེ་ནས་སྨན་གྱི་ཕུག་པར་གྲགས་པ་དེར། །ཕེབས་ལ་བཅུ་ཕྲག་གཉིས་ཀྱི་ཞག་མལ་མཛད། །གནས་དེར་ལས་འཕྲོ་ཆོས་འཛོམ་ཟེར་བ་ཡི། །མ་ཇོ་ཞིག་འོང་དྲི་རྨེད་མཛད་པ་ལ། །དེ་ཡི་དྲང་པོའི་གཏམ་ནི་འདི་ལྟར་ཏེ། །རྒྱལ་བའི་སྲས་མཆོག་ཡིད་བཞིན་ལེགས་གྲུབ་དེ། །བསམ་དགོན་ཞབས་དྲུང་འཇམ་དབྱངས་འཁོར་བཅས་ཀྱིས། །བསླུ་ཐབས་དུ་མའི་སྦྱོར་བ་བཤམས་པ་ཡིས། །དར་མ་རྫོང་དུ་རྩིས་སྤྲད་དགྲ་ལག་ཐེབས། །ད་དུང་བདུད་ལུང་ཚིག་ཏུ་ཤོག་བུའི་འདེགས། །འཕོས་པའི་ས་སྟེང་བཀང་བར་རྗེ་ཉིད་ཀྱི། །མཚན་དང་སྐུ་ཡི་བྱད་དབྱིབས་འདི་ལྟར་ལ། །སུ་ཞིག་ལག་ཐོབ་བྱ་དགའ་སྟེར་རོ་ཞེས། །མི་སྙན་ཚིག་འདི་གླེང་བར་དེ་མ་ཐག །དཔེར་ན་རི་དྭགས་རྔོན་པའི་རྫི་རིག་བཞིན། །སྐད་ཅིག་གསོལ་ཟས་འཕྲོ་བཤོལ་རིངས་སྟབས་སུ། །བསྐྱོད་དེ་ལ་རྒྱབ་ཡུངས་ཕུག་ཅེས་བྱར་ཕེབས། །ཞག་ནི་ལྔ་ཕྲག་གསུམ་དུ་ལོངས་པ་བཞུགས། །སྐབས་འདིར་ཞམ་རིམ་ཁ་ཤས་ཡོད་པ་ལས། །ཀོང་པོར་ཕེབས་ལམ་འགག་སྡོམ་ཡོད་མེད་ཀྱི། །མཐའ་ཉུལ་ཟངས་མཚོ་པདྨ་ཆོས་དཔལ་མངགས། །ནམ་ཞིག་རང་དགོན་བདེ་ཆེན་སྟོང་ཉིད་དུ། །འཛོམ་པའི་ཆད་སོ་མཛད་ཅིང་རྗེ་ཉིད་ཀྱང་། །འཁོར་བཅས་རིམ་པར་མཚོ་སྣ་ཕྱོགས་སུ་བསྐྱོད། །བགྲོད་དཀའི་ལམ་དང་གསོལ་བའི་ཆ་རྐྱེན་གྱི། །ཐུགས་ཀྱི་ངལ་བ་ལྷན་ཅིག་བྱུང་ཞེས་གསུངས། །མཚོ་སྣར་ལྡིང་དཔོན་ཞིག་གི་ཁྱིམ་དུ་བཞུགས། །ཨ་ཎི་རྡོ་རྗེ་ཞེས་བྱས་བསྙེན་བཀུར་ཞུས། །གནས་དེར་འཁོར་བཅས་དབུ་ལ་སྐྲ་ཚབ་བཞེས། །མོན་ལུགས་ཞྭ་དང་རས་ཀྱི་སྨད་དཀྲིས་དང་། །ཨ་ཏིའི་གྱོན་པའི་ཁྲག་བཟར་གླིང་བུ་ཡི། །སྐེད་པའི་འཕྲེད་ཟུར་མོན་ཡུལ་ལྔ་ལོང་བའི། །ཆ་ལུགས་དོག་བདེ་འདྲ་བ་མཛད་ནས་ནི། །རྗེ་ཉིད་སྐུ་རྒྱབ་སྨྱུག་མའི་ཟ་མ་ཏོག །ཕྱི་ཡོར་ཆེ་ལ་ཁོང་སྟོང་ལྕིད་མེད་པ། །ཁྲེས་ཀྱི་རྣམ་པ་བཞེས་ལ་ཤོག་བུ་དང་། །སེར་ལེ་ལ་ད་མོན་ཟོག་ཕྲན་བུ་བཅས། །ཁྲོམ་ལ་གྲགས་བཞིན་ཞབས་འགྲོས་ཁོ་ནས་བསྐྱོད། །ནེ་ར་གཡུ་མཚོའི་འགྲམ་རྒྱུད་རིམ་ཐེགས་པས། །རྒྱས་གསུམ་ཟེར་བའི་འཇིགས་སྐྱབས་དགོན་དེར་བཞུགས། །དེ་ནས་དངང་གཉལ་ལ་བརྒྱུད་རིམ་པར་ཕེབས། །བྱང་སྟོང་ལུང་རའི་ཕུ་དང་སྦྱོར་རའི་འདབས། །གནས་མལ་མཛད་ལ་བཀྲ་ཤིས་མཐོང་སྨོན་དུ། །གྲྭ་པ་ཐམས་ཅད་སྐྱ་བོའི་ཆ་ལུགས་ཀྱི། །གྲོང་སྲང་ཁྱི་བཞིན་ཉུལ་བ་གཟིགས་པ་ལ། །ཞམ་རིང་ཁ་ཅིག་དགོན་འདིར་ཅི་ཟེར་སྨྲས། །མི་འགའ་ཞིག་གིས་བཀྲ་ཤིས་མཐོང་སྨོན་ཟེར། །དགོན་བདག་སྨིན་གྲོལ་གླིང་པ་ཡིན་གྱུར་ཀྱང་། །དེང་སང་དགོངས་ཕོག་སྟབས་ཀྱིས་དགོན་འདིར་ཡང་། །གཞུང་ནས་སྐུ་ཚབ་ཕེབས་པའི་དངོས་ཆས་ཚོར། །དབྱེ་གསེལ་བྱེད་པའི་སྐབས་ཡིན་ལན་དུ་ཟེར། །ཐུགས་སུ་ཏི་བུ་གསང་སྔགས་སྡོང་བུ་དེར། །ཁྱོད་བས་ང་རང་འགྲོགས་ཡུན་རིང་བ་སོགས། །ཤར་ཡང་གནས་སྐབས་ཟོལ་རྫུའི་རང་བཞིན་གྱི། །འབྲེལ་ཆགས་ལན་བཅས་གྲོས་འདེབས་མཛད་ཅེས་གསུངས། །དེ་ནུབ་ཁྲི་དཔོན་བྱ་བའི་སྒྲོ་གཞིས་ཀའི། །ཁད་ཉེའི་ས་རུ་མགར་བའི་ཁྱིམ་ཞིག་ཏུ། །ཞག་མལ་མཛད་པར་གཏམ་འདི་མགར་བས་གླེང་། །སྨིན་གླིང་ཟེར་བ་རང་གཞན་འབྲེལ་བཅས་ཀུན། །སྡུག་ལ་སྦྱོར་བའི་ཤིན་ཏུ་མངགས་པར་འདུག །སྔ་སོར་ཞབས་དྲུང་ཨུ་པ་ལགས་ཟེར་བས། །བྱ་སའི་ལྕམ་ལ་གཉེན་སྐད་ལྟར་བྱས་ནས། །ཕྱོགས་འདིར་འགྲོ་རྒྱུ་ཡིན་ཚུལ་ལབ་པར་བརྟེན། །གཞུང་ནས་རྩད་གཅོད་བྱུང་བས་མཐའ་གང་དུ། །འགྲོ་བ་མི་ཤེས་འདུག་ཅིང་དེང་གི་སྐབས། །རྫོང་ནས་འཚོལ་མི་མཐའ་བཞིར་བཀྲམ་སོང་བ། །ལག་ཏུ་ཐེབས་ན་དགའ་མོ་ཡོང་ངམ་ཟེར། །རྒུད་པར་གྱུར་ན་ཀུན་ཀྱང་དགྲར་འགྱུར་བའི། །དགོས་མེད་ཚིག་མདས་ཐུགས་ལ་བསྣུན་གྱུར་ཀྱང་། །བོད་སྐད་མ་གོའི་ཚུལ་གྱི་རྫུ་བག་མཛད། །ནམ་སར་ལྕམ་མོའི་གཞུང་བརྒྱུད་རིམ་ཕེབས་ལ། །གཉལ་སྨད་གྲོང་དུ་ཞག་ས་མཛད་པའི་ཚེ། །རུས་པ་བརྡུངས་པའི་ཕྱེ་མ་ཕྲན་བུ་ཞིག །ཡོད་པ་གནས་ཚང་ལ་སྤྲད་བཞེས་འཇམ་ཞིག །ཡོང་དུ་རེ་ཡང་ཁ་ཐལ་མེད་གྱུར་པས། །འཁོར་བཅས་ཅི་མ་རུང་ཞེས་སེམས་པ་ན། །དར་ཅིག་ནས་ནི་ཁ་ཐལ་བཏབ་སྟེ་ཕུལ། །ལྗགས་སུ་སྨིན་པར་བྱུང་བ་འདེབས་པ་པོའི། །བསོད་ནམས་ཤིན་ཏུ་རྫོགས་པའི་རྒྱུར་འགྲོ་གསུང་། །དེ་ནས་ཕོ་བྲང་ཡང་རྩེའི་ཞོལ་དུ་ཕེབས། །ཞམ་རིང་ཚེ་དབང་དར་པོ་ཟེར་བ་ལ། །གསང་སྒོ་མི་འཆོལ་བ་ཡི་ཞལ་ཏ་བཅས། །བྱ་སའི་རྫོང་དུ་མཐུན་རྐྱེན་སློང་ལ་བསྙེགས། །སྐབས་དེར་བསམ་དགོན་ཞབས་དྲུང་པདྨའང་། །དེར་ཡོད་དང་འགྲིག་ཁོ་པར་བཟའ་བཏུང་གིས། །ཚིམ་བྱས་དྲི་རྨེད་ནན་ཆེའི་ངོ་མ་ཆོག །གསང་སྒོ་འཆོལ་བ་ཡིན་ནམ་ནམ་ཞིག་ན། །བྱ་སའི་ཞམ་རིང་མིག་ངོ་མཁྱེན་པ་ཞིག །གསོལ་བའི་མཐུན་རྐྱེན་རྒྱ་ཆེར་འབུལ་དུ་འོང་། །མ་བརྟགས་ཡིད་མི་རྟོན་པའི་གཏམ་ལ་དགོངས། །ངོས་འཕྲད་མ་མཛད་མཐུན་རྐྱེན་བདག་གིར་བཞེས། །ཞག་གསུམ་བར་དུ་ངལ་བ་གསོས་ཞེས་གསུངས། །སླར་ཡང་དེ་ནས་བཏེག་མཛད་བྱ་སའི་རྫོང་། །གཡོན་ངོས་རིམ་བརྒྱུད་ཐེགས་པས་ཉི་དྲོས་དུས། །ཤུལ་རྗེས་བསྙེག་པའི་མི་ཧྲེང་དམར་པོ་གཉིས། །བྱུང་བ་བྱ་སའི་རྗེས་བསྙེགས་ཡིན་པར་དགོངས། །འཁོར་བཅས་ཉམ་ང་བག་ཚར་གྱུར་པ་ན། །ཉེ་བར་ལྷགས་ཚེ་མདའ་ཅན་སྙིང་ཞུགས་ཀྱི། །བསམ་དགོན་ཞབས་དྲུང་པདྨ་གཡོག་བཅས་ཉིད། །ཕྲག་པར་དར་འཕན་རེ་བཀལ་སྐུ་མདུན་ལྷགས། །ནང་ཁོང་རྩུབ་མོའི་ཚེར་མས་ཁེངས་གྱུར་ཀྱང་། །ལྗགས་དབང་པདྨའི་འདབ་མ་འཇམ་པོ་ལས། །སྙན་པོའི་ཚིག་གི་བརྗོད་པ་འདི་ལྟར་སྨྲ། །མགོན་ཁྱོད་འཁོར་བཅས་ཡིན་པར་ངེས་རྙེད་ནས། །སེམས་ལ་བཟོད་ཐབས་མེད་པའི་གདུང་བས་མནར། །མཇལ་འདོད་སྐོམ་པ་ཆུ་འདོད་ལྟར་གྱུར་རུང་། །སྔ་དུས་ཞལ་སྐྱིན་མཇལ་བའི་ཐབས་མ་རྙེད། །ད་ལམ་དར་འཕན་འཛུགས་པར་ཁ་གཡར་བའི། །དད་པའི་གདུང་བས་མཇལ་དུ་ཡོང་ཚུལ་ཟེར། །རྗེ་ཉིད་བྱང་ཆུབ་སེམས་དང་ལྡན་གྱུར་པས། །གཞན་རྒྱུད་འཁྲུགས་པའི་ཚིག་ངན་མ་གསུངས་ཀྱང་། །ཞམ་རིང་ཁ་ཅིག་ཡུས་ཀྱིས་བརྣངས་པ་ཡིས། །མ་མགལ་ཟ་བཞིན་རྩུབ་མོའི་ཚིག་འདི་སྤྱོ། །གདོང་ལ་ཁྲག་མེད་གཉེན་ལ་རེ་བ་ལས། །ངོ་ཚ་ཁྲེལ་ཡོད་ཤེས་པའི་དགྲ་བོ་དགའ། །ཞེས་ལྟར་སྔོན་དུས་གཏེར་ཆེན་ཡབ་སྲས་ཀྱིས། །ལུགས་གཉིས་སྒོ་ནས་གཅེས་པའི་མིག་འབྲས་བཞིན། །བསྐྱངས་པ་ཁྱེད་རྣམས་ཁྲེལ་གཞུང་ཤུན་པ་བུད། །ངོ་ཚའི་གདོང་པས་རལ་བའི་རྣམ་ཐར་གྱི། །བཟང་པོའི་དྲིན་ལན་ངན་པས་འཇལ་བྱེད་པའི། །རྒྱལ་བའི་སྲས་མཆོག་ཡིད་བཞིན་ལེགས་གྲུབ་དེ། །བསླུ་ཐབས་དུ་མས་དགྲ་བོའི་ལག་ཏུ་སྤྲད། །དེས་ཀྱང་མ་ཚིམ་བདག་ཅག་དཔོན་གཡོག་རྣམས། །ས་གྲང་སྟན་དང་རྡོ་གྲང་སྔས་བཅས་ལ། །འཚོ་བ་སྤྲང་ཟས་ཁོ་ནར་བརྟེན་ནས་ནི། །མི་མེད་ལུང་སྟོང་འགྲིམས་པའི་ཐབས་འཕྲུལ་གྱིས། །དགྲ་བོའི་ལག་ནས་ཐར་བའི་སྐབས་འདིར་ཡང་། །ལྷ་མཐོང་ཁྲོམ་ལ་བསྒྲགས་པའི་བྱེད་ངན་གྱིས། །ཕྱི་རྗེས་བསྙེགས་པའི་མཇལ་དུ་ཡོང་འདི་ཅི། །ཞེས་པའི་ཚིག་ངན་མདའ་ལྟར་འཕངས་བྱས་པས། །ཕ་རོལ་སྙིང་བསྣད་ལན་དུ་འདི་ལྟར་བཏབ། །ལན་གཅིག་བྱུང་དེ་གཏན་དུ་འབྱུང་བ་མིན། །རྒྱུ་མཚན་སྔ་སོར་ཞབས་དྲུང་ཨུ་པ་ལགས། །ཕྱོགས་འདིར་ཕེབས་པར་དགྲ་ལག་མི་ཐེགས་པའི། །ཆར་པ་ཆུར་འགྲོའི་ཕན་གྲོགས་ཞུས་ཟེར་བའི། །མི་བདེན་སྲིན་བྱའི་རྫུན་ལ་འཁུ་བའི་མཐར། །ད་ཆ་འདི་ནས་མོན་ཡུལ་ཕྱོགས་ཕེབས་ན། །ངེད་ཀྱང་ཡུལ་བབ་མོན་དང་འདྲིས་ཆེ་བས། །ཞབས་ཕྱིའི་རོགས་ཟླ་གང་དྲག་ཞུ་ཟེར་བར། །རང་རྣོ་བཞིན་དུ་མི་ཡང་རྣོ་བའི་དཔེས། །ད་ཆ་འདི་ནས་ལོག་ཚེ་མི་རྣམས་ཀྱང་། །དོགས་ངན་སྐྱེ་སྲིད་རེ་ཞིག་ཙཱ་རིའི་ཕྱོགས། །སྐོར་གཅིག་ཕྱིན་ལ་ཁྲུམས་ཟླའི་ནང་ཉིད་དུ། །ངེས་པར་ཕྱོགས་དེར་འོང་བས་ཐུགས་བཞུགས་འཚལ། །ད་དགོས་ངེད་ཚོའི་སྐྱིད་སྡུག་བྱ་བ་ཀུན། །ཁྱེད་རང་ཤེས་པའི་སྙིང་གཏམ་ལྟར་མཛད་ནས། །ཟོག་པོའི་གཏམ་ལ་ཟོག་པོའི་ལན་བཏབ་ཅིང་། །ཕྱིས་སུ་བརྟགས་ཚེ་རིགས་ཀྱི་གཅུང་ལའང་། །ཕན་གྲོགས་བྱས་ཟེར་མི་བདེན་རྫུན་དུ་ཟད། །དེ་ནས་རིམ་བཏེག་བྱར་གྱི་བུམ་སྟེང་དུ། །ཞག་ས་མཛད་པར་ལྷ་སའི་ལུང་ཁྱབ་པས། །ཁྱིམ་གྱི་བཞུགས་ཡུལ་མ་རྙེད་དར་ཅིག་ན། །བུད་མེད་རྒན་སོང་ཞིག་གིས་གནས་མལ་ཕུལ། །ཁ་སང་ཆ་ལུགས་འདྲ་མིན་ཁྱེད་ཅག་རྣམས། །ཇི་བཞིན་ཁ་ཤས་འདི་ནས་མར་སོང་ཟེར། །འཁོར་བཅས་སོམ་ཉིར་འཕྱན་ལས་ཕྱིས་བསམ་ཚེ། །རིགས་ཀྱི་གཅུང་ཉིད་ཡིན་པར་ངེས་འདྲོངས་གསུང་། །དེ་ནས་འབྲུག་དགོན་གསང་སྔགས་ཆོས་གླིང་དང་། །བྱར་གྱི་སྐྱོར་པོ་སོགས་སུ་ཞག་ས་མཛད། །སྐབས་འདིར་འབྲུག་བསྟན་འཛིན་པ་ཆོས་མགོན་གྱི། །ཡང་སྲིད་ཆིབས་དང་བཅས་ཏེ་ཕེབས་པ་ལ། །རྗེ་ཉིད་སྐུ་ལུས་ངལ་བས་བཞེངས་པ་ཙམ། །མ་འགྲུབ་ཕྱག་ཞབས་གང་དགར་བརྐྱང་བཞུགས་གསུངས། །དེ་ལས་རིམ་བསྐྱོད་ཙཱ་རིའི་སྒོ་དང་པོ། །ཆོས་བཟང་དོམ་ཚང་ཞིང་སྐྱོང་སྐུ་མཁར་སར། །རིམ་ཕེབས་ཚུལ་པས་ཚུལ་བཏབ་དར་འཕན་རྒྱུ། །རེ་བ་ཇི་བཞིན་བསྩལ་ཏེ་ཞིང་སྐྱོང་ལ། །འདོད་པའི་འབྲས་བུ་འབྱིན་པའི་འཕྲིན་བཅོལ་མཛད། །སླར་ཡང་ཅིག་ཆར་དུ་ཕེབས་ཕར་ཚུར་གྱི། །ཕན་གྲོགས་སྔར་བཞིན་མཛད་ལ་ཞག་གསུམ་བཞུགས། །ས་དེར་ཀོང་པོ་འགའ་རེ་འདུག་པ་ལ། །ཀོང་ཕྱོགས་འགྲོ་ལམ་གང་བདེའི་དྲི་རྨེད་མཛད། །དེ་དོན་ཇི་བཞིན་མཚོ་དཀར་བརྒྱུད་དེ་ཕེབས། །འབི་འབི་ཟེར་བའི་ལ་རྒྱབ་གྲོ་འདེབས་སྐབས། །མི་རེང་བཞི་ཙམ་རིང་སྟབས་ཉེར་བཅར་བར། །བྱ་སའི་རྗེས་བསྙེགས་ཡིན་པར་ཉམ་ང་ཡང་། །རྗེ་ཉིད་ནགས་གསེབ་ཡིབ་ལ་ཞམ་རིང་ཚོགས། །དོགས་མེད་བག་ཡངས་བརྐྱངས་ཏེ་འཇོག་པར་མཛད། །ཉེར་སླེབས་ཕྱིར་བསྙེགས་ཞམ་རིང་འགའ་བྱུང་གསུངས། །དེ་ནས་ཀོང་པོའི་ཡུལ་དང་ཨོ་རོང་སོགས། །རིམ་བརྒྱུད་ཕེབས་པར་ཀླུ་མདའ་བྱེ་མ་ཞེས། །གྲགས་པའི་ཞིང་ཁུག་ཅིག་ཏུ་ཞག་གཉིས་བཞུགས། །སྔོན་སོང་བང་མི་གཉིས་ཀྱང་དེ་རུ་འོང་། །ཡང་བསྐྱར་པདྨ་བདེ་སྟོང་སྔོན་བརྫངས་ནས། །འཁོར་བཅས་གཙང་ཆབ་བསྒྲལ་ནས་རྩེ་སྒང་བརྒྱུད། །རྒྱ་ལོ་ཚལ་གྲགས་ན་ཐང་དེ་རུ་བཞུགས། །དེ་ལས་སྲོད་ཡོལ་དུས་བབས་སྒོ་ཁྱིའི་ཚོགས། །བླ་མ་ཚེ་དབང་རིག་འཛིན་ཞེས་བྱ་བས། །ཟན་ཆང་རེ་ཡིས་ཚིམ་པར་བྱས་ནས་ནི། །བདེ་སྟོང་བླ་བྲང་ཆེན་པོར་སྤྱན་དྲངས་ལ། །དད་པས་ཡུལ་བབས་ཞབས་ཏོག་རྒྱས་པར་བསྒྲུབས། །སླར་ཡང་མདོ་ཁམས་ཕྱོགས་ཕེབས་བཟང་མིན་གྱི། །བསྐྱར་མའི་བརྟགས་དྲིལ་འབྲལ་སྤངས་སྐུ་རྟེན་མདུན། །འབུལ་མཛད་སྔར་བཞིན་བབས་པར་ཐུགས་ཐག་བཅད། །བླ་མར་དྲིན་གཟོའི་གསུང་གི་དབུགས་དབྱུང་དང་། །དེ་ལས་ཆིབས་ཤིག་ཕུལ་བ་དགྱེས་བཞེས་ནས། །སྲོད་བཏེག་ཞོ་ཁ་རྫོང་གི་སྒོ་རྩ་ན། །མན་ཁང་ཞིག་ལ་གནས་མལ་བཅས་ཏེ་བཞུགས། །རྫོང་དེར་སྐུ་ཞང་ཕུན་རབ་བཞུགས་གྱུར་ཀྱང་། །རྒུད་པར་གྱུར་ན་ཀུན་ཀྱང་དགྲར་གྱུར་དགོངས། །གསང་བའི་དམ་ཁ་དབྱེ་བར་མ་མཛད་གསུངས། །དེ་ལས་བསྐྱོད་པའི་ལམ་ལ་རྒན་བུ་ཞིག །རྗེ་འདིར་ཕྱག་བྱས་བྱིན་རླབས་ཞུ་ཟེར་བར། །ངེད་ཅག་མོན་པར་དེ་འདྲའི་མཐུ་མེད་ཚུལ། །གསུངས་ཀྱང་ནན་གྱིས་མགོ་གཏུགས་རེ་སྐོང་མཛད། །ལས་དང་སྐལ་བར་ལྡན་ཞིག་ཡིན་པར་སེམས། །དེ་ནས་དྲང་སྲོང་མཚོ་མགོར་ཞག་འགའ་བཞུགས། །མི་རྒན་གསོ་རིག་ཕྱོགས་ངོ་དོད་ཙམ་པས། །སྣ་ཚོགས་དྲི་ལན་ཁ་ཅིག་རྐང་ན་བའི། །འཕྲུལ་བློན་མགར་གྱི་རྣམ་ཐར་སྐྱོང་བར་མཛད། །ནམ་ཞིག་ཕོ་མོ་མཚོ་བསྐོར་ཕྱིན་ཁྲོད་ནས། །གཞོན་ནུ་ཁ་ཤས་ཕྱག་དབང་ཞུ་ཟེར་བར། །མི་ཕམ་ཉིད་ཀྱི་རེ་སྐོང་བགྱིས་པ་ལ། །མགོ་གཟུར་གྲལ་དཀྱིལ་རྗེས་བཞུགས་དེ་ལ་བཏུད། །སྐབས་འདིར་མེ་རག་དགོན་གྱི་གྲྭ་པ་གཉིས། །ཕྱོགས་དེར་ཡོད་པས་གསེར་དངུལ་ཕྲན་བུ་ཕུལ། །དེ་ལས་རིམ་ཐེགས་ཆར་ཞོད་ཆེ་བའི་སྟབས། །ནུབ་གཅིག་ལྡིང་དཔོན་ཞིག་ལ་གནས་གཡར་བར། །སྤྲོ་བ་དང་བཅས་ཁྱིམ་ནང་དྲངས་པ་ལ། །སྒོ་རྩར་མི་གཙང་ལྗན་ལྗིན་གང་བའི་ཁྲོད། །སྐབས་མཚམས་རྡོ་སྟེགས་བཀོད་པར་ཕེབས་པ་ན། །ཐུགས་ཉམ་ང་བའི་འུར་ཤོགས་ཀྱིས་བསྐྱོད་པར། །རྡོ་བར་ཞབས་རྗེས་འདམ་བཏབ་ཇི་བཞིན་གསལ། །ད་ལྟའང་ཁྱིམ་དེའི་རྟེན་གྲས་བཞུགས་པར་ངེས། །དེ་ནང་བཀོད་པས་མཛེས་པའི་ཁང་བཟང་དུ། །བཟང་དགུའི་ཞབས་ཏོག་རྒྱ་ཆེར་འབད་དེ་བསྒྲུབས། །དད་ལྡན་ནོར་བུ་ཚེ་རིང་ཞེས་བྱ་བས། །ཉེར་མཁོའི་ལན་ཚྭ་མེ་མདའ་ཐུང་ངུ་བཅས། །ཕུལ་བཞེས་ཁོ་པས་ལམ་གྱི་ས་མཁན་བཅས། །བྲག་སྐེད་ལར་སྙན་གཅོང་རོང་ཉམ་ང་བར། །བང་རིམ་བླ་མ་ཟེར་བའི་ལམ་གྲོགས་ཀྱི། །བཀོད་པ་ཇི་བཞིན་གཞན་དག་ཤིང་འཁུར་དང་། །ལམ་མཁན་མི་ཕམ་གཉིས་ཀྱིས་གཡས་གཡོན་གྱི། །ཕྱག་རྟེན་འཁར་བ་བགྱིས་ཏེ་ཕེབས་པ་ན། །རྫ་འཕྲང་མི་སྡུག་ལྕགས་ཀྱི་ཤལ་མ་ལི། །མངོན་སུམ་གྲུབ་འདྲར་ཞབས་ཀྱི་འདེགས་འཇོག་བཅས། །ཕེབས་པར་བཟོད་མེད་ངལ་བ་བྱུང་ཞེས་གསུངས། །ཚ་གྲང་དམྱལ་བའི་ཞིང་གྱུར་བགྲོད་དཀའི་ལམ། །དེ་འདས་ལ་རྩེ་མཐོན་པོ་ཞིག་ཏུ་ཕེབས། །ས་དེར་སློབ་དཔོན་པདྨའི་བཞུགས་ཁྲི་ཞེས། །བྲག་ཆེ་ངོ་མཚར་ཅན་ཞིག་འདུག་པ་ལ། །དད་པའི་གསོལ་འདེབས་སྨོན་ལམ་མཚམས་སྦྱོར་མཛད། །མགོན་དེས་བྱིན་རླབས་མཛད་པའི་བྲག་གི་ལམ། །གཡང་རོང་ཉམ་ང་ཐོག་སོ་བརྒྱ་བརྒལ་བའི། །གསེར་སྐས་དངུལ་སྐས་མིང་དུ་གྲགས་པ་དེར། །ཕེབས་ཤིང་གཟིགས་པས་དྲན་མེད་ཡུད་འགྲོ་བར། །ཞམ་རིང་བློ་སྟོབས་ལྷན་ཅིག་ཆེ་བ་འགའི། །སྐེད་པར་ཐག་པའི་སྣེ་བཅིང་ཡས་ནས་བཟུང་། །ཅིག་ཤོས་སྣེ་མོར་རྗེ་ཡི་ཕྱག་ནས་བཟུང་། །འགའ་ཞིག་གཡང་སའི་གྲིབ་བྱེད་ཡོལ་བས་བྲེས། །གཅོང་རོང་གཟིགས་པ་མི་ལྷུང་བྱས་པ་ལ། །རིམ་པར་ཕེབས་པས་ཉམ་ངའི་ལམ་ལས་གྲོལ། །དེ་ནུབ་སྤོ་བོ་བྲག་སྐེད་དུ་གྲགས་པའི། །ལུང་པའི་ཕུར་བཞུགས་ལམ་མཁན་རང་གནས་ལྡོག །དེ་ནས་སྤོ་བོའི་གྲོང་ཁྱེར་ཆེན་པོར་ཕེབས། །ཡུལ་དེར་ལམ་གྲོགས་བླ་མ་བང་རིམ་པས། །དམར་ནག་འཁྱིལ་བའི་ཁྲོམ་ལ་དབང་ཞིག་མཛད། །རྗེ་ཉིད་ཁྲོམ་གསེབ་ལྟད་མོའི་ཚུལ་གྱིས་བཞུགས། །ཕན་ཚུན་ཞམ་རིང་ཕྱོགས་གཅིག་བསྲེས་མཛད་ནས། །འབག་དང་ཐིག་རལ་གྱོན་པའི་རྣམ་འགྱུར་གྱི། །ཁྲོམ་སྡུད་གར་འཆམ་བྲོ་བའི་རྩེད་མོར་འགྲན། །ཁོང་པའི་བཟང་ཞོར་བདོག་དགུ་རྙེད་ཅེས་གསུངས། །དེ་འདས་ཆུ་རོང་ཉམ་ང་བ་ཞིག་ལ། །བྲེང་དུ་གྲགས་པ་ཐག་པའི་དཔྱང་ཐག་ལ། །འཁྱུད་དགོས་གཟིགས་པར་ཚམ་ཚོམ་བཞུགས་པ་ལ། །ཉོང་འགས་སྐུ་ལུས་བྲེང་ཐག་བཅིང་སྟེ་བསྐྱེད། །དཀྱིལ་སླེབས་རྒྱ་མའི་མཐིལ་རྡོ་ལྟར་ལྡིང་བ། །ཐུགས་ལ་འཇིགས་སྐྲག་ཚད་མེད་འཁྲུངས་གྱུར་ཀྱང་། །ཉམ་ཉེས་བྲལ་ལ་ཕ་རིར་ཕེབས་གྱུར་པས། །ས་ཐོབ་ལྟ་བུའི་དགའ་བ་ཐོབ་ཅེས་གསུངས། །སྐབས་དེར་རྡོ་མཁར་དགོན་ནས་བྱ་མ་རྟ། །མངགས་པའི་ངག་བཀོད་ཇི་བཞིན་མངོན་ཆུང་གི། སྤོ་བོ་ཡིད་ཀོང་གཞུང་དུ་གྲགས་དེར་ཕེབས། །བང་རིམ་བླ་མ་འཁོར་བཅས་ཕྱི་ནུར་བཞུགས། །ཡུལ་དེའི་ཆུ་བོ་ཆེན་པོ་བརྒལ་བ་ལ། །ཐ་ག་པ་ཡི་སྦྲུམ་བུ་འདྲ་བ་ཡི། །ཀོ་བར་ཞུགས་ནས་ཕ་རིར་ཐོན་པར་མཛད། །འཁོར་ཚོགས་ཨ་སྒེག་ཟེར་བའི་ཁྱིམ་བཞག་ནས། །རྗེ་ཉིད་བྱ་མ་རྟ་ཡི་ཞམ་རིང་བཅས། །ཀུན་སྤངས་རི་ཁྲོད་ཟེར་བར་སྔོན་ལ་ཕེབས། །གནས་དེར་མེ་རག་དབོན་པོ་སྦྱིན་པ་ཞེས། །དམ་པ་གོང་མའི་ཞབས་ཟིན་མཚམས་མལ་དུ། །གནས་དང་ལྷན་ཅིག་བག་ཕེབས་བཞུགས་ཞེས་གསུངས། །རིམ་པར་གནས་སྐོར་བ་ལ་ཁ་གཡར་བའི། །ཛོ་ཀི་འགྲོས་ཀྱི་འཁོར་ཚོགས་ཉེ་བར་འབྱོར། །དོན་གཉིས་ལྷུན་གྱིས་འགྲུབ་པའི་མཛད་པའི་སྒོ། །ནམ་མཁའ་ཡངས་པར་དབྱེ་བའི་དབུ་ཚུགས་ཏེ། །ཟླ་དྲུག་བར་དུ་རིམ་གཉིས་རྣལ་འབྱོར་ལ། །བརྩོན་པའི་མི་ལའི་རྣམ་ཐར་ལྷུར་བཞེས་སོ། །ནམ་ཞིག་རང་དགོན་ཁོ་ཆེན་ཁུར་འཛིན་པ། །བླ་མ་རྣམ་གྲོལ་གྱིས་མངགས་བྱ་མ་རྟ། །ཟུང་འབྱོར་མགྲིན་པའི་ལམ་ནས་འདི་ལྟར་གླེང་། །མི་དགེས་རྒྱགས་པའི་བདུད་རིགས་འབྱུང་པོ་ཡིས། །ཕན་བདེའི་གཞི་རྟེན་སྨིན་གྲོལ་གླིང་གཏོར་ལ། །རྒྱལ་བའི་སྲས་རྣམས་ཕྱོགས་མཐར་ཕེབས་སྐད་ལ། །སུ་ཞིག་གང་དུ་མཇལ་ཡང་སྤྱན་དྲོངས་ཞེས། །ཆེད་དུ་གསུངས་པ་འདི་དོན་མཛད་འཚལ་ཞེས། །སྨྲས་པར་ཟོལ་ཟབ་དྲང་གཏམ་ཞིབ་ཏུ་དབྱེ། །ངེས་རྙེད་འགག་ཚིག་བླ་མ་རྣམ་གྲོལ་དང་། །བ་ཟལ་སྤྲུལ་སྐུ་ཕྱོགས་བསྟུན་རྟ་ཁལ་བཅས། །ཕེབས་བསུར་བསྐྱོད་དགོས་གླེང་བ་དེ་དོན་བཞིན། །ཇི་ཞིག་བ་ཟལ་དབོན་པོ་སྤྱོད་རྒྱལ་ཅན། །སྔོན་གྱི་བང་མི་གཉིས་བཅས་འབྱོར་བ་ན། །དད་ལྡན་སྤོ་བོའི་ཡུལ་དགོན་ཐམས་ཅད་ཀྱི། །གཏན་བཞུགས་དགོས་པའི་གསོལ་བ་བཏབ་གྱུར་ཀྱང་། །རྡོ་རྗེའི་གསུང་གིས་དགེ་བཤད་སྡིག་བཀྲོལ་མཛད། །རྡོ་མཁར་དགོན་ཕེབས་སྤྲུལ་སྐུ་འཁོར་བཅས་ལ། །དབང་དང་བྱིན་རླབས་མང་པོས་ཚིམ་མཛད་ནས། །སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ། །དགུང་ལོ་ཉེར་དྲུག་སྟེང་ཕེབས་རྟ་ཟླའི་ནང་། །རང་དགོན་ཁོ་ཆེན་ཕྱོགས་སུ་ཞལ་གཟིགས་ལ། །ཕེ་ཕེ་ཐང་དང་ཐང་སྟོད་དེང་ཡུལ་སོགས། །རིམ་བརྒྱུད་ཆོས་སྦྱིན་བཀྱེ་དང་ལྷན་ཅིག་ཕེབས། །ཡུལ་དཔོན་བཀའ་སྣང་ཞེས་པས་སྣེ་ལེན་ཞུས། །བགྲོད་དཀའི་སྤོ་ཆུའི་ཟམ་ཆེན་ཐོན་པ་ན། །ཆིབས་བསུའི་རྟ་དྲེལ་འབྱོར་པས་དད་བཞེས་ཀྱི། །སྐུ་ཆས་རྣམས་ཀྱང་རྟ་དྲེལ་རྒྱབ་ཆར་གཏད། །རིམ་གྱིས་ཡུལ་མིག་ཟེར་བའི་གཞུང་དུ་ཕེབས། །དེ་ནས་ཆུ་རོང་གཡང་སའི་ལམ་ངན་ལ། །གོ་ཐང་རོགས་བཅས་རྟ་དྲེལ་རྫོང་མཛད་ནས། །རྗེ་ཉིད་དཔོན་གཡོག་མི་སྡུག་ལ་ཆེན་དེར། །ཕྱག་ཞབས་བཞི་ཀས་རྟོལ་ས་འཚོལ་གྱིན་ཕེབས། །སླར་ཡང་སྙུག་ཐག་རོང་ཞེས་གྲགས་པ་ལ། །ཁལ་རྣམས་ཞམ་རིང་ཚོགས་ཀྱིས་རྒྱབ་རྟེན་བསྐྱལ། །རྟ་དྲེལ་ཐག་པས་བཅིངས་ལ་སྟེང་ནས་འཐེན། །གཞན་འགས་མཇུག་ནས་ཕུལ་བའི་ཐབས་འཕྲུལ་གྱིས། །ལམ་འཕྲང་འཇིགས་པའི་ཉེན་ལས་གྲོལ་བར་མཛད། །སྤོ་བོ་ཆོས་རྫོང་དགོན་གྱི་ལས་སྣེ་བ། །མི་སྲུན་འགའ་ཡི་འཕྲོག་བཅོམ་བྱུང་བ་ལ། །ཞམ་རིང་བ་དག་ཨ་འཐས་འཐབ་རྩིས་ལས། །ལྡོག་པར་མཛད་ལ་ར་ཉག་དགོན་དུ་ཕེབས། །དེ་ནས་ལྷོ་གཞུང་ཚ་གཞུང་སག་ཡུལ་གཞུང་། །རྐང་ལ་རྒྱལ་པོ་ཟམ་གསར་སོགས་བརྒྱུད་ལ། །ར་ཤོད་ཨ་ར་ཐང་དུ་ཕེབས་པ་ན། །ཁོ་ཆེན་བླ་མ་རྣམ་གྲོལ་འཁོར་བཅས་ཀྱིས། །གུར་གཡབ་བཀོད་པས་མཛེས་པར་སྤྱན་དྲངས་ནས། །ཞབས་རྡུལ་སྤྱི་བོར་བླངས་ཏེ་གུས་པས་མཆོད། །ནངས་པར་གཞིས་བྱེས་སྟབས་གཅིག་གཤེགས་པ་ཡི། །མདོ་གྲུབ་ལྡིང་དཔོན་ཁྱིམ་བཞུགས་སྐབས་དེའི་ཚེ། །ཞབས་དྲུང་གཅུང་ཉིད་ས་ངན་ཕྱོགས་དག་ལས། །ཀརྨ་ཆོས་ཁྲི་ཟེར་བར་ཕེབས་ཚུལ་གྱི། །སྙན་པའི་གཏམ་བཅས་བང་མི་ཆེད་དུ་འབྱོར། །མི་ཕམ་རོགས་བཅས་ཕེབས་བསུར་རྫོངས་བར་མཛད། །དེ་ལས་ཆིབས་བཏེག་མདོ་གྲུབ་ཡུལ་གཞུང་དུ། །ཕེབས་པར་ཉེ་ཚེ་ཁོ་ཆེན་དགོན་གོང་འོག །ཡུལ་སའི་ཆིབས་བསུར་བཅས་པས་སྔུན་བསྟར་ནས། །བདག་ཉིད་ཆེན་པོ་སྐུ་མཆེད་རྩེ་འཛོམ་གྱི། །རང་དགོན་ཁོ་ཆེན་གདན་ས་ཆེན་པོར་ཕེབས། །སྤྱི་སྒེར་མང་པོས་རྒྱ་ཆེའི་ཞབས་ཏོག་བསྒྲུབས། །རིས་མེད་མཇལ་མིའི་རེ་བ་སྐོང་བར་མཛད། །དེ་ནས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། །འདུས་པའི་དབུས་བསྐྱོད་ཚེས་བཅུའི་ཆོ་ག་དང་། །རྗེས་འབྲེལ་གཏོར་མའི་དབང་གིས་ཚིམ་པར་མཛད། །རྒྱན་པ་སྤྲུལ་སྐུ་འགྲོ་གླིང་གྲྭ་པ་སོགས། །སྐལ་ལྡན་འགའ་ལ་བླ་མ་དྲག་པོའི་དབང་། །དུར་ཁྲོད་དགོན་དུ་གྲགས་དེར་ཆིབས་བཏེག་ནས། །སྐུ་གསུང་ཐུགས་རྟེན་མང་པོར་རབ་གནས་དང་། །སྐྱ་སེར་ཁྲོམ་ལ་ཚེ་ཡི་དབང་བཀའ་སོགས། །ཆོས་ཀྱི་སྦྱིན་པས་ཡུལ་དགོན་རེ་བ་བསྐང་། །རྩེ་རོང་བླ་མ་བདེ་ལེགས་ལ་སོགས་པ། །དད་ཅན་མང་པོར་གཏེར་གསར་གུར་དབང་དང་། །རྣམ་དག་ཟེར་བའི་སྐྲ་ཡི་ཕུད་བཞེས་ནས། །འགྱུར་མེད་བསྟན་དར་ཞེས་པའི་མིང་འདོགས་མཛད། །བ་ཟལ་སྤྲུལ་སྐུ་ལུང་ཕུག་བླ་མ་སོགས། །སྐལ་ལྡན་འགའ་ལ་གཟའ་རྡོར་སྲོག་གཏད་དང་། །ཚེ་དབང་ནཱ་ག་རཀྴའི་རྗེས་གནང་སོགས། །ཡང་ཟབ་ཆོས་ཀྱིས་སོ་སོའི་རེ་བ་བསྐངས། །རྒྱན་པ་མགོན་ཐེགས་སྤྲུལ་སྐུ་ཆུང་བ་དང་། །མ་ཇོ་མང་པོར་སྐྱབས་སྡོམ་འབོག་པ་དང་། །འདུས་པའི་ཁྲོམ་ལ་ཚེ་ཡི་དབང་བཀའ་དང་། །དགེ་དབང་དགོན་པའི་སྟེང་ཤོད་མེ་ཏོག་འཐོར། །སླར་ཡང་རང་དགོན་ཁོ་ཆེན་དགོན་དུ་ཕེབས། །གོ་འཇོ་རྫོང་དཔོན་དགེ་སློང་འཁོར་བཅས་ལ། །ཚེ་གུར་དབང་སོགས་འདོད་པ་ཇི་བཞིན་བསྩལ། །ཉེར་དགུར་འཇམ་དཔལ་གཤིན་རྗེའི་དུས་གཏེར་དང་། །ཁྲུམས་ཟླའི་ཡབ་རྗེའི་དུས་དྲན་མཆོད་པ་སོགས། །ལེགས་མཛད་རིང་མིན་རོང་པོ་དགོན་དུ་ཕེབས། །དད་དགུས་མཆོད་ཅིང་ཆོས་ཀྱི་སྦྱིན་པ་བཀྱེ། །དབྱུག་ཟླའི་ནང་དུ་རང་དགོན་ཁོ་ཆེན་དུ། །དད་ཅན་མང་པོས་གསོལ་ལྟར་ཁྲོམ་ཆོས་སུ། །གསང་འདུས་ཟླུམ་པོ་བཞི་དབང་ཚེ་དཔག་མེད། །གུ་དྲག་རྡོར་སེམས་བཅས་ཀྱི་དབང་བཀའ་དང་། །ཚེ་གུར་ལས་བྱང་ལུང་བཅས་བསྩལ་བ་ཡི། །འགྲོ་ཚོགས་མང་པོར་ཐར་པའི་ས་བོན་བཞག །སྐབས་འདིར་ཁོ་ཆེན་བླ་མ་རྣམ་གྲོལ་གྱིས། །རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡིས་གཙོས། །ཟང་ཟིང་དངོས་པོའི་འབུལ་བ་དཔངས་མཐོ་བ། །སྤྱན་སྔར་བསྟར་བ་དགེ་རྩ་བསྔོ་བསྒྱུར་མཛད། །རིམ་པར་ཕུར་ཐང་གནས་ལུང་རྫོང་ཡུལ་དུ། །ཁྲོམ་དབང་རེ་མཛད་རྩེ་རོང་དགོན་དུ་ཕེབས། །བདོག་དགུས་མཆོད་ཅིང་སྐྱ་སེར་ཁྲོམ་འདུས་ལ། །ཟླུམ་པོ་བཞི་དབང་གུ་དྲག་ཚེ་དབང་དང་། །བརྒྱ་ཕྲག་འདུས་པ་བླ་མར་བཅས་པ་ལ། །དགོངས་འདུས་དབང་དང་ཁྲོས་མ་ནག་མོའི་དབང་། །གཞན་ཡང་སྒེར་དབང་སྐྱབས་སྡོམ་ལ་སོགས་པ། །དམ་པའི་ཆོས་ཀྱི་སྦྱིན་པ་དཔག་མེད་མཛད། །དེ་ནས་ཞྭ་ཐང་འཁོར་གདོང་ཡུལ་སོ་སོར། །འདུས་པའི་ཁྲོམ་ལ་གུ་དྲག་ཕྱག་རྡོར་སོགས། །རེ་བ་ཇི་བཞིན་སྐོང་བའི་འཕྲིན་ལས་བསྐྱངས། །དེ་ལས་རིམ་བཏེག་ཨ་དཀར་སྟོང་དཔོན་ཞེས། །རྣམ་ཐོས་བུ་ཡི་འབྱོར་པ་དང་ལྡན་པས། །སྤྱན་དྲངས་ཟང་ཟིང་དངོས་པོའི་འབུལ་སྐྱེས་བཏབ། །སྐྱེས་ལན་ཚེ་གུར་དབང་བསྩལ་གཞན་ཡང་ནི། །རྟ་མགྲིན་ཕྱག་རྡོར་ཛཾ་དཀར་ལ་སོགས་པ། དབང་དང་བྱིན་རླབས་མང་པོས་འགྲོ་རྒྱུད་གཏམས། །དེ་ནས་གླན་ཆུང་སྒར་ཐོག་རྩེ་རོང་འགག །ཚྭ་རི་དགོན་སོགས་སོ་སོར་ཁྲོམ་དབང་དང་། །དགོས་དབང་མང་པོས་རེ་འདོད་ཚིམ་མཛད་ནས། །ཡོངས་འདུའི་གདན་ས་ཁོ་ཆེན་དགོན་དུ་ཕེབས། །རྫོང་དཔོན་ཀླུ་བསོད་ཡབ་སྲས་ལ་སོགས་པ། །མཇལ་དུ་འོང་པར་ཚེ་རྟའི་དབང་ཞིག་མཛད། །གཞན་ཡང་གནས་འདིར་དོན་གཉེར་མང་པོ་ལ། །དབང་དང་བྱིན་རླབས་མང་པོས་རེ་བ་བསྐངས། །རིང་མིན་དངུལ་ར་སེར་སྡིངས་དགོན་སོ་སོར། །ཆིབས་བཏེག་འདོད་ཆོས་དབང་ལུང་མང་པོ་དང་། །ཁྱད་པར་གུ་རུའི་གནས་རི་པདྨའི་མདུན། །འགྲམ་ར་ཟེར་བར་སྐྱ་སེར་སྟོང་ཕྲག་ཙམ། །འདུས་པའི་ཁྲོམ་ལ་དབང་དང་བྱིན་རླབས་དང་། །ཤིས་པའི་མེ་ཏོག་འཐོར་ནས་བསྟི་གནས་ཕེབས། །སྐབས་འདིར་གཤིན་གསོན་མང་པོའི་ཆོ་ག་དང་། །ཟབ་ཁྲིད་དགེ་བསྙེན་སྡོམ་འབོག་ལ་སོགས་པ། །རྣམ་པར་དཀར་བའི་ཕྲིན་ལས་རྨད་དུ་བྱུང་། །རྒྱལ་ཟླའི་ཚེས་གཅིག་རབ་དཀར་བཞུགས་སྒར་བཏབ། །ནངས་པར་ཡུལ་དེའི་བླ་དཔོན་འཁོར་བཅས་ཀྱི། །བསུ་བའི་གཟེངས་བསྟོད་བཅས་ཏེ་དཀྲི་ཞེས་བྱར། །དམར་ནག་འདུས་པའི་ཁྲོམ་ལ་དྲག་དམར་དབང་། །ཚེ་དབང་སོགས་བསྩལ་ཀོ་མོ་ཞེས་བྱར་ཕེབས། །གོང་མའི་ཞབས་ཟིན་ཁམས་པ་འབྲུག་གྲགས་ཀྱིས། །དགོན་དུ་སྤྱན་དྲངས་བླ་མ་དང་བཅས་པར། །དབང་དང་བྱིན་རླབས་དེར་འདུས་ཁྲོམ་པ་ལ། །ཕྱག་རྡོར་དབང་མཛད་སོ་སོའི་བཞེད་པ་བཞིན། །ཁྱིམ་དུ་ཞབས་བཅགས་དབང་ལུང་སྣ་ཚོགས་པའི། །དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། །དེ་ལས་ཆིབས་བཏེག་ཐང་ནག་ལ་ཞེས་པར། །རི་རོང་ཤིན་ཏུ་དོག་པའི་ལམ་ཁ་ལ། །རྣམ་གྲོལ་གྲོ་དམར་ཟེར་བའི་ཆིབས་ཉིད་ཀྱི། །རྨིག་རྗེས་བྱུང་བ་ད་ལྟའང་ཡུལ་དེ་ཡི། །ཕྱག་མཆོད་རྟེན་དུ་ཡོད་པར་ངེས་པ་འདྲོངས། །དེ་ལས་འབུམ་སྐྱེས་ཞེས་བྱར་བཞུགས་སྒར་དུ། །བ་ཟལ་པདྨ་དབང་རྒྱལ་དང་མཇལ་ཞིང་། །དུས་སྔ་ངན་པའི་གསུང་གླེང་ཞིབ་མོར་མཛད། །ས་དེར་འདུས་པ་བརྒྱ་ཕྲག་ལྔ་ཙམ་ལ། །གཏེར་གསར་བླ་མ་དྲག་པོའི་རྩ་དབང་དང་། །གཞན་ཡང་གློང་ཉ་ནུབ་ལ་དགོན་འབར་སོགས། །ཡུལ་ཆེན་ཡུལ་ཕྲན་མང་པོར་ཆིབས་བསྐྱོད་ནས། །སྤྱི་དབང་སྒེར་དབང་གཤིན་བྱང་བཞུ་བསྔོ་སོགས། །གཞན་ཕན་ཕྲིན་ལས་རྒྱ་མཚོའི་མཐའ་ལ་བཅས། །ཉེར་དགུར་དུས་དགྲའི་དབང་པོའི་གཏོར་བཟློག་མཛད། །ཀུན་ལྡན་ལྕགས་བྱི་དགུང་ལོ་ཉེར་བདུན་གྱི། །མཆུ་ཟླའི་ཚེས་གཅིག་བ་ཟལ་དགོན་དུ་ཕེབས། །ཕྱི་ཉིན་བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ། །ཡབ་རྗེའི་དུས་དྲན་མཆོད་པ་རྒྱས་པར་གནང་། །ཡར་ངོའི་མཁའ་འགྲོ་འདུ་བའི་དུས་ཉིད་ནས། །དབུ་བཟུང་རྙིང་ལུགས་བླ་གྲྭ་མང་ཚོགས་པར། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །དམ་ཆོས་ལུང་གི་སྦྱིན་པའི་སྒོ་དབྱེ་མཛད། །ཉེར་དགུར་བཀའ་བརྒྱད་སྒྲུབ་ཆེན་ཚུགས་པ་ཡི། །དབོ་ཟླའི་ཚེས་ལྔར་དངོས་གྲུབ་ལེན་པ་དང་། །རྗེས་འབྲེལ་འདུས་པའི་ཁྲོམ་ལ་བུམ་དབང་བསྩལ། །དེར་ཚོགས་སྐལ་བཟང་ཐར་པའི་ལམ་ལ་བཀོད། །སྐབས་འདིར་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། །དད་སྟོབས་འཆང་བ་བ་ཟལ་བླ་མ་ཡི། །ཡོད་དགུའི་དངོས་འབྱོར་རྒྱ་ཆེར་བསྐྲུན་བྱས་ནས། །ཡུན་དུ་བརྟན་པའི་ཞབས་བརྟན་གསོལ་འདེབས་བསྒྲུབས། །སླར་ཡང་བཟང་པོ་གཉིས་པའི་དུས་ཀྱི་ཚེ། །ཇ་སིག་རྟ་དྲིལ་མཛོ་གཡག་ལ་སོགས་པ། །ཅི་ཡོད་མ་ལུས་སྤྱན་སྔར་བསྟར་བྱས་པའི། །བརྒྱ་ཕྲག་འབུལ་བ་བྱང་ཆེན་བསྔོ་བསྒྱུར་མཛད། །རིང་པོའི་ས་ནས་ཁམས་པ་སྤྲུལ་སྐུ་ཡི། །ཞབས་པད་བརྟན་པའི་གསོལ་འདེབས་སྒྲུབ་མིའང་འབྱོར། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །དབང་ཆེན་ཞག་གསུམ་ཁོངས་སུ་གྲུབ་པ་དང་། །སྐབས་འདིར་རིགས་ཀྱི་གཅུང་ཉིད་བྲོ་འཚལ་བར། །འཆི་བསླུ་ཚེ་ཡི་དབང་བཀའ་བརྒྱ་ཚར་མཛད། །དེ་ནས་ལྷ་འཚོ་དགོན་དུ་ཡུལ་སྲོལ་གྱི། །བསུ་བའི་སྤྲོས་པ་དང་བཅས་ཕེབས་པ་ལ། །སྤྲུལ་བའི་སྐུ་ཡི་རྒྱ་ཆེའི་ཡོན་སྦྱར་ལྟར། །ཟབ་ལམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །རིལ་བུ་བསྒྲུབ་པའི་གསུང་ཆོག་བདེར་འདུས་བཅས། །ལྷན་ཅིག་མཐའ་རྟེན་མར་མེའི་སྨོན་ལམ་བར། །མ་འདྲེས་ཕྱག་ལེན་ཟབ་མོ་ཉམས་སུ་བསྟར། །གཞན་ཡང་སྐལ་ལྡན་འདུས་པའི་ཁྲོམ་ཚོགས་ལ། །ཚེ་དབང་ཐུགས་རྗེ་ཆེན་པོའི་བུམ་དབང་དང་། །བླ་མ་དྲག་པོའི་སྐུ་གསུང་ཐུགས་དབང་སོགས། །དགོས་ཀྱི་དབང་ལུང་མན་ངག་དུ་མའང་བསྩལ། །ལ་ཐོག་རྟའུ་སྨིན་མདོ་བྱང་ཁར་སོགས། །ཡུལ་ཆེན་མང་པོར་ཆིབས་བཏེག་རེ་འདོད་བཞིན། །རང་གཏེར་བླ་མ་དྲག་པོའི་དབང་བཀའ་སོགས། །དམ་པའི་ཆོས་ཀྱིས་འགྲོ་རྒྱུད་སྨིན་པར་མཛད། །བ་ཟལ་དགོན་དུ་ས་ཟླའི་ནང་ཉིད་ནས། །ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་གསུམ་བར། །རང་གཏེར་བླ་མ་དྲག་པོའི་བསྙེན་སྒྲུབ་དང་། །རྗེས་འབྲེལ་ཛཾ་དམར་སྒྲུབ་པ་མེ་མཆོད་བཅས། །བླ་མ་དམ་པའི་མན་ངག་ཉམས་སུ་བཞེས། །སྐབས་འདིར་བ་ཟལ་དབོན་པོ་བྲོ་འཚལ་བར། །དབང་དང་བྱིན་རླབས་བསྲུང་བའི་ཆོ་ག་སོགས། །ཐབས་དང་རྟེན་འབྲེལ་མང་པོས་རྗེས་བཟུང་ཡང་། །སྲོག་གི་འཕེན་པ་ཟད་པས་གཞན་དབང་ཐལ། །དེ་ཚེ་གནས་སྤར་ཞག་གསུམ་གསལ་འདེབས་སོགས། །དམིགས་ཡུལ་ངན་སོང་འཇིགས་པ་ལས་ཐར་བའི། །གསུང་ཆོག་བསྔོ་བའི་མཚམས་སྦྱོར་ཡང་དག་མཛད། །གནས་འདིར་བ་ཟལ་སྤྲུལ་སྐུ་ལ་སོགས་པ། །སྐལ་ལྡན་འགའ་ལ་གསང་བ་ཡེ་ཤེས་དང་། །བླ་མ་དྲག་པོའི་བྱིན་རླབས་མང་པོ་ཡི། །གཞན་རྒྱུད་སྨིན་པའི་མཛད་པ་བསམ་ལས་འདས། །དེ་ལས་རྫོགས་ཆེན་དགོན་དུ་བསྐྱོད་དགོས་པའི། །ཕོ་ཉ་འབྱོར་བཞིན་རིམ་གྱིས་བཏེག་པ་ཡི། །ལམ་བར་ཡུལ་དགོན་སོ་སོའི་རེ་འདོད་བཞིན། །དབང་དང་བྱིན་རླབས་བཀའ་བསྒོ་གསོན་གཤིན་གྱི། །བྱང་བཞུ་བསྔོ་བསྒྱུར་སྐྱབས་སྡོམ་འབོག་པ་སོགས། །དམ་པའི་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེད། །གངས་ཅན་ལྷ་གཅིག་ཕྱག་ན་པདྨ་དེ། །ཀུན་མཁྱེན་བདུན་པར་འཕོས་པའི་ཞལ་སྐྱིན་གང་། །སྔོན་ཆད་མདོ་ཁམས་ཕྱོགས་སུ་གསལ་བ་ཉིད། །རིང་མིན་བོད་ཡུལ་རྡོ་རྗེ་གདན་ཉིད་དུ། །ཕྱག་ཕེབས་བསྟན་འགྲོའི་དོན་ཆེན་རིས་མེད་དུ། །ཀུན་མཁྱེན་ལྔ་པའི་མཛད་པའི་རྗེས་འགྲོ་བའི། །གསོལ་འདེབས་ཞུ་ཡིག་ཉམས་འགྱུར་གྱིས་གཏམས་པ། །འབུལ་བའི་བྱ་མ་རྟ་ཉིད་སྐབས་འདིར་མངགས། །ཁྱད་པར་རྫོང་རོང་ཉན་ཁུ་བླ་མ་ཟུང་། །རྩེ་རོང་བླ་མ་བདེ་ལེགས་དཔོན་སློབ་དང་། །འཇམ་དཔལ་རྒྱ་མཚོ་ནོར་རྒྱམ་ཀུན་རྒྱམ་སོགས། །འགྲོ་འདྲེན་གྲྭ་པ་བཅུ་ཕྲག་གཉིས་ལྷག་ཙམ། །གཞན་ཡང་སྐལ་བར་ལྡན་པ་འགའ་ཞིག་བཅས། །དོན་གཉེར་འདུས་པར་སྔ་ཕྱིར་བསྩལ་བ་ལ། །ན་ག་རཀྴ་རྟ་མགྲིན་ཀི་ཀཾ་དང་། །ཚེ་སྒྲུབ་ལྕགས་སྡོང་འཇམ་དཔལ་ཚེ་བདག་དབང་། །དམག་ཟོར་རྗེས་གནང་གནུབས་ལུགས་སྟག་ཞོན་དང་། །རྡོར་ལེགས་གཟའ་རྒྱལ་རྣམ་འཇོམས་སྨེ་བརྩེགས་ཁྲུས། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་འགྲོ་ཀུན་སྒྲོལ། །ལ་སོགས་དབང་ལུང་རྗེས་གནང་སྲོག་གཏད་བཅས། །སླར་ཡང་ཁོ་ཆེན་དགོན་པ་གོང་འོག་གཉིས། །འདུས་པར་བཅས་པར་གཏེར་གསར་ཡོངས་རྫོགས་དང་། །ཡང་ཏིག་གཞན་ཕན་འཁོར་ལོའི་དབང་ལ་སོགས། །དམ་པའི་ཆོས་ཀྱི་སྦྱིན་མང་བཀྱེ་བར་མཛད། །དེ་ནས་རིགས་ཀྱི་གཅུང་ཉིད་ཀྱིས་མཚོན་པའི། །རང་ཞབས་སྐྱ་སེར་མང་པོའི་ཆིབས་སྐྱེལ་བཅས། །དེ་ནུབ་སོ་ཏུ་ཀརྨ་ཆོས་ཁྲིར་བཞུགས། །དེ་ནས་ཝ་སྙིང་རྫང་ཁ་སྲས་ཡུལ་སྨད། །བྲག་དམར་སེར་སྡིངས་དགོན་ལ་སོགས་པ་ཡི། །ཡུལ་དགོན་མང་པོར་ཁྲོམ་དབང་སྒེར་དབང་བཅས། །དབྱུག་ཟླའི་ཡར་ངོའི་ཚེས་ལ་རྫོགས་སྤྲུལ་གྱི། །བཞུགས་སྒར་རྒྱུ་སྐར་ཤར་འདྲའི་དབུས་ཉིད་ལ། །བསུ་བའི་བཀོད་པ་རྒྱ་ཆེ་དང་བཅས་ཕེབས། །བསྙེན་བཀུར་མཆོད་པའི་སྤྲིན་ཕུང་བསམ་ལས་འདས། །སླར་ཡང་ཀཿཐོག་རྒྱལ་བའི་སྲས་པོ་ཡི། །བསུ་བའི་སེར་སྦྲེངས་དང་བཅས་གནས་དེར་བསྐྱོད། །ཟང་ཟིང་འབུལ་ནོད་རྣམ་ཐོས་མཛོད་ལ་འཁུ། །རང་རང་བཞེད་པའི་དབང་ལུང་མན་ངག་གི། དགྱེས་སྐོང་སླར་ཡང་སྒར་ཆེན་རྒྱུ་སྐར་ཚོགས། །ས་ལ་འཕོས་འདྲ་གང་དེར་ཞབས་བསྟི་མཛད། །ས་དེར་རྫོགས་ཆེན་སྤྲུལ་སྐུ་འཁོར་དང་བཅས། །སྐལ་ལྡན་བརྒྱ་ཕྲག་འདུས་པའི་འཁོར་ཚོགས་ལ། །སྒྲུབ་ཐབས་འདོད་བུམ་ནང་ནས་པད་གླིང་གི། ཚེ་ལྷ་ཉང་གཏེར་རྟ་ནག་ཁྲོས་ནག་གསུམ། །མ་གཏོགས་དབང་དང་རྗེས་གནང་མ་ལུས་པ། །བཻ་དཀར་ནང་བཞིན་གཟའ་ལྔའི་རི་མོ་བཅས། །ཐུགས་ཀྱི་བཞེད་པ་ཇི་བཞིན་སྐོང་བར་མཛད། །སྤྲུལ་སྐུས་ལྷག་པའི་ཐུགས་བསྐྱེད་མ་ལྷོད་པས། །འཆི་མེད་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །བརྟན་བཞུགས་གསོལ་འདེབས་མཛད་པའི་རྗེས་འབྲེལ་དུ། །གོས་དར་ཇ་སིག་རྟ་དྲེལ་མཛོ་གཡག་སོགས། །ཟང་ཟིང་འབུལ་ནོད་རྒྱ་ཆེར་བསྒྲུབས་པ་ནི། །ནོར་གྱི་གཏེར་སྒོ་བརྒྱ་ཕྲག་ཕྱེ་དང་མཚུངས། །དེ་བཞིན་ཀཿཐོག་རྒྱལ་སྲས་པ་ཡིས་ཀྱང་། །ཅི་འབྱོར་བདོག་དགུའི་འབུལ་བ་སྤྲིན་དུ་གཏིབས། །རྫོགས་ཆེན་ཁྱབ་བརྡལ་སྤྲུལ་སྐུ་རྣམ་གཉིས་ལ། །གཟའ་གདོང་དམར་ནག་ལྷ་ཆེན་ལྷ་མོ་ཡི། །སྲོག་གཏད་ཞིག་གླིང་དམག་བཟློག་ཉེར་ལྔའི་དབང་། །ལ་སོགས་ཆོས་དང་ཟང་ཟིང་དངོས་པོ་ཡི། །སྐྱེས་ལན་བཏབ་ལ་དེ་ནས་བཏེག་མཛད་ལ། །གཉིད་ཏི་ནང་དང་ར་རྒན་མཁར་སོགས་བརྒྱུད། །བསང་རོལ་བསུ་བའི་བཀོད་པ་ཚར་དངར་པོས། །མདུན་བདར་ལྷ་སྔགས་དགོན་དུ་འཁོར་བཅས་བཏེག །ཉེར་དགུའི་དུས་གཏེར་སྔར་བཞིན་རྒྱས་པར་མཛད། །ཡོས་ཟླའི་ནང་དུ་དགོན་དེའི་ཉེ་སྐོར་གྱི། །ཡུལ་ཁྱིམ་མང་པོར་བསྐྱོད་དེ་གཤིན་གསོན་སོགས། །གཞན་ཕན་སྤྱོད་པ་ལྷུར་བཞེས་དབང་ལུང་དང་། །བྱང་བཞུ་རུས་ཆོག་བཀའ་བསྒོ་བྱིན་རླབས་སོགས། །ཐར་ལམ་འདྲེན་པའི་འཇུག་པ་དཔག་མེད་མཛད། །མགོ་ཟླའི་ཡར་ངོར་སྐྱ་སེར་ལྔ་བརྒྱ་ཕྲག །འདུས་པའི་འཁོར་ལ་དགོངས་འདུས་དབང་ཆེན་དྲུག །དབང་ཕྲན་བྱེ་བྲག་དབང་རྣམས་རྫོགས་པ་ཡི། །སྨིན་གྲོལ་ཆོས་ཀྱི་དགའ་སྟོན་དཔག་མེད་བྱིན། །གཞན་ཡང་དགོངས་འདུས་ཆོས་ཚན་འགའི་ལུང་དང་། །ཞི་ཁྲོ་དགོངས་པ་རང་སར་གྲོལ་བ་ཡི། །བར་དོ་དྲུག་གི་ཁྲིད་དང་ངོ་སྤྲོད་མཛད། །དེ་ལས་རིམ་བཏེག་ཁ་བ་གོང་དཀར་སོགས། །ལམ་བར་སྐྱེ་འགྲོ་མང་པོར་ཟབ་ཆོས་ཀྱི། །ཐར་པའི་ས་བོན་སྨིན་མཛད་རྒྱལ་ཟླའི་ནང་། །རང་ལུགས་འཛིན་པའི་བྲག་དམར་དགོན་དུ་ཕེབས། །ཉེ་བར་གནས་པ་རབ་འབྱམ་མཆོག་དགའ་ཉིད། །གནམ་སའི་བདག་པོ་སྡེ་དགེ་བླ་དཔོན་ཟུང་། །དག་པའི་སྣང་བ་ཆེས་སད་མཇལ་དུ་མངགས། །གནས་དེར་རྒྱལ་པོར་བཀའ་འབུམ་ལུང་ཉིད་དང་། །པད་གླིང་ཚེ་དབང་བྱང་གཏེར་ཐུགས་སྒྲུབ་སོགས། །སྤྱི་དབང་དགོས་དབང་ཞམ་རིང་མི་ཕམ་ལ། །ལོཀྟྲི་རིག་གཏད་གདོན་འགྲོལ་ལ་སོགས་པ། །དབང་དང་བྱིན་རླབས་གསུང་ཆོག་མང་པོ་ཡི། །གཞན་ཕན་ཕྲིན་ལས་རྒྱ་ཆེ་མཁའ་ལ་བཅས། །ལྔ་ཕྲག་ཞག་ཏུ་ཁྲོ་བོ་རོལ་པ་ཡི། །གཏོར་བཟློག་མཐའ་སྡུད་འཕང་བའི་ལས་ལ་འབྱོར། །དེ་འདས་འཕར་བ་ཞེས་བྱ་ལྕགས་གླང་མེ། །ཉེར་བརྒྱད་དགུང་ལོ་གསར་ཚེས་རྟེན་བྱུང་ཉིད། །དགོན་འདིར་བོད་ལུགས་རྒྱས་པའི་ལུག་མཛད་ནས། །ཉང་གཏེར་ཁྲོས་ནག་ཆོས་དབང་མ་ནིང་དབང་། །ཁྲོམ་ལ་རྫོང་ཆེན་ཚེ་དབང་ལ་སོགས་པ། །དམ་པའི་ཆོས་ཀྱི་འཁོར་ལོ་མང་པོ་བསྐོར། །དེ་ལས་བསུ་བའི་བཀོད་པ་དང་བཅས་པས། །བདེ་གནས་དགོན་ཞེས་བྱ་བར་ཞབས་པད་བཀོད། །བུམ་ཁང་ཉིད་དུ་བགེགས་བསྐྲད་བྱིན་དབབ་པ། །ཤིས་པའི་མེ་ཏོག་ཆར་དུ་སྙིལ་བ་དང་། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡི། །དཀྱིལ་འཁོར་ཞལ་ཕྱེ་སྒྲུབ་པ་དང་འབྲེལ་བར། །སྐལ་ལྡན་ཁྲི་ཁྲག་འདུས་པའི་འཁོར་ཚོགས་ལ། །རྣམ་དག་བུམ་པའི་དབང་གི་སྦྱིན་པ་བཀྱེ། །བདེ་གནས་བླ་མ་རྣམ་གཉིས་འདུས་ཚོགས་ལ། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ཡི། །དབང་ལུང་གཏེར་གསར་ཚེ་གུར་ཨ་ཏིའི་དབང་། །ལ་སོགས་སྨིན་གྲོལ་ཆོས་ཀྱི་བདུད་རྩི་ཡིས། །དད་ལྡན་སློབ་བུའི་རྒྱུད་བུམ་ཁེངས་པར་མཛད། །དེ་ལས་ཆིབས་བཏེག་ཁམས་ཀོང་དགོན་དུ་ཕེབས། །སྤྲུལ་བས་ཡོན་བཅས་འཁོར་ཚོགས་ཉུང་བསྡུས་ལ། །ཚེ་གུར་དབང་བསྩལ་ཁྲོམ་ལ་གུར་དབང་དང་། །མ་ཇོ་འགའ་ལ་སྐྱབས་སྡོམ་བན་གཟུགས་འགར། །ཡོངས་རྫོགས་དགེ་བསྙེན་སྡོམ་པས་རྒྱུད་བསྡམ་མཛད། །དེ་ནས་བརྟན་པ་བརྒྱད་ཁྲི་ཁོ་མོར་སྟེང་། །ཐིར་མདོ་ལ་སོགས་ཡུལ་གྲོང་མང་པོར་བསྐྱོད། །དབང་དང་རྗེས་གནང་ལུང་ལ་སོགས་པ་ཡི། །སོ་སོར་འདུས་པ་སྟོང་ཕྲག་སྨིན་པར་མཛད། །ནག་ཟླའི་དམར་ཕྱོགས་བ་ཟལ་དགོན་དུ་ཕེབས། །དད་ལྡན་སློབ་མ་ཚུལ་བཞིན་གྱུར་པ་འགར། །ཟབ་ལམ་ཨ་ཏིའི་དབང་ཁྲིད་ངོ་སྤྲོད་དང་། །རྡོར་སེམས་འཕོ་ཁྲིད་གསང་བ་ཡེ་ཤེས་དབང་། །ཀི་ཀཾ་ནག་པོའི་དགྲ་མནན་ཞག་གསུམ་བཅས། །རྣམ་བཞིའི་ཕྲིན་ལས་རིས་མེད་འགྲོ་ལ་བསྐྱངས། །དེ་ལས་བྲག་དམར་དགོན་ཕེབས་དེར་འདུས་ཁྲོམ། །དམར་ནག་འཁྱིལ་བར་ཉིན་གཉིས་ཚེ་གུར་དབང་། །འདུས་པར་ནང་རྟེན་མཇལ་ཁ་ཞིབ་ཏུ་བསྩལ། །རིམ་བཏེག་ཡུལ་གྲོང་རུ་བ་མང་པོའི་སར། །སོ་སོའི་རེ་འདོད་ཇི་བཞིན་སྐོང་ཕྱིར་ཕེབས། །སྤྱི་དབང་ནང་དབང་གཤིན་ཆོག་བསྔོ་སྒྱུར་སོགས། །ཉིན་ལྟར་བར་མེད་གདུལ་བྱའི་འགྲོ་དོན་མཛད། །དེ་ནས་བཞག་སྙིང་ཤི་ཐར་དགོན་དུ་དང་། །བདེ་དགོན་ཀུ་ལུང་རྫོང་དང་ལྕགས་མདུང་དགོན། །རི་ནུབ་རྫོང་ལ་སོགས་པར་ཆིབས་བཏེག་ནས། །བླ་གྲྭ་དཔོན་རིགས་སྐྱ་སེར་མང་པོ་ལ། །གཏེར་གསར་བླ་མ་ཞི་དྲག་ཚེ་དབང་དང་། །བཀའ་བརྒྱད་གསང་རྫོགས་རཏྣའི་གུ་དྲག་བཅས། །རྡོར་སེམས་འཕོ་ཁྲིད་གཤིན་རྗེ་འཆར་ཀ་དང་། །ཐང་སྟོང་ཚེ་དབང་ལ་སོགས་ཟབ་ཆོས་འགའ། །སྨིན་བསྩལ་ཁྱད་པར་འདུས་པའི་ཁྲོམ་སོ་སོར། །ཡང་ཟབ་དབང་གིས་ཐར་པའི་ས་བོན་བཞག །གྲོ་བཞིན་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །ལངྐའི་བདག་པོའི་ཕོ་བྲང་ཆས་འདྲ་བའི། །རྔམས་བརྗིད་ལྷུན་སྡུག་ལྕགས་མདུད་ཕོ་བྲང་ཆེར། །སྤྱན་དྲངས་ཟང་ཟིང་འབུལ་དངོས་དཔེ་ཟླ་བྲལ། །དེ་ལས་རྩ་རས་དགོན་དང་བདེ་རོང་གཤིས། །གླིང་མདའ་གཤིས་དང་ཏི་ཏ་མགོ་སོགས་ཕེབས། །སོ་སོར་དབང་དང་བྱིན་རླབས་མང་པོ་དང་། །བཀའ་བསྒོ་དགེ་བསྙེན་སྡོམ་ལུང་འབོག་པ་སོགས། །དམ་པའི་རྣམ་ཐར་འགྲོ་མང་མཁའ་ལ་བརྡལ། །བདེ་ཆགས་དགོན་དུ་ཆོས་རྒྱལ་གླིང་པ་ཞེས། །སྙིགས་དུས་གཏེར་སྟོན་རིག་པ་འཛིན་པ་དེས། །ཆིབས་བསུའི་བཀོད་པ་དང་བཅས་སྤྱན་དྲངས་པར། །རྒྱལ་སྲས་སྐུ་མཆེད་ལ་སོགས་སྟོན་འཁོར་ལ། །ཡང་ཟབ་དབང་ལུང་གདམས་པ་མང་པོ་དང་། །རྒྱལ་བའི་བཀའ་འགྱུར་གླེགས་བམ་རྫོགས་པ་ལ། །ལྷག་གནས་ཤིས་པའི་མེ་ཏོག་དོར་བ་མཛད། །བདོག་པའི་འབུལ་དོན་རྒྱ་ཆེ་སྤྱན་དྲངས་བསྟར། །ཁྲུམས་ཟླའི་སྟོད་དུ་ཐང་དཀར་ཁྲོམ་ཚོགས་ལ། །ཚེ་དབང་གཞན་ཡང་ཡུལ་དཔོན་རུ་བ་ཁག །དགེ་དགོན་བླ་མ་འདུས་པར་བཅས་པ་ལ། །ཚེ་བསྐྱེད་དབང་དང་བགེགས་སེལ་གུར་དབང་མཛད། །སྐབས་འདིར་ཞམ་རིང་མི་ཕམ་རོགས་དང་བཅས། །ས་བདག་སྡེ་དགེ་ཕོ་བྲང་རྫོང་བརྡ་ནས། །འབའ་སྟོད་འབའ་སྨད་དཔལ་འབར་རོང་མ་ཐང་། །སྐྱ་འབལ་སྡིང་ཚོ་ལ་སོགས་ཡུལ་གྲོང་དང་། །སྣ་ཚོགས་རུ་བའི་སར་བསྐྱོད་སྤྱི་དབང་དང་། །སྒེར་དབང་སྦྱིན་སྲེག་གཤིན་གསོན་ཆོ་ག་སོགས། །ཕན་བྱེད་གདམས་པའི་ཆོས་ཀྱིས་རྗེས་སུ་བཟུང་། །དེ་ནས་སྟག་ལུང་ཕུར་ཐང་སོ་སོར་ཡང་། །སྣ་ཚོགས་འགྲོ་བའི་དོན་ཆེན་མཛད་བཞིན་པར། །རྒྱལ་བ་ལྷ་ལས་བབས་པའི་དམར་པོའི་ཕྱོགས། །ཡོངས་འདུའི་གདན་ས་ཁོ་ཆེན་དགོན་དུ་ཕེབས། །བྱང་ཕྱོགས་ཤ་ལ་སྤྱོད་པའི་ཡུལ་གྲུ་ཆེ། །འཁོར་འབངས་ནོར་གྱིས་འབྱོར་བའི་དྲེགས་པ་ཅན། །མཚོ་ཁའི་རྒྱལ་ཁག་རྡའི་བུང་ཐི་ཇི་ཡི། །མི་སྣ་མང་འབྱོར་རིན་ཆེན་དང་པོ་ཡི། །སྐྱེས་འབུལ་རྒྱ་ཆེ་དེ་ལན་ཚིམ་པར་མཛད། །སྨིན་དྲུག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ། །གོ་འཇོ་རྫོང་དཔོན་སོར་སྐྱ་ཉག་ཤིས་དཔོན། །ལྷ་ཐོག་དཔོན་ཆུང་ལ་སོགས་དེར་འཁོད་ལ། །ཚེ་རྟའི་དབང་དང་ཕོ་མོ་མང་པོ་ལ། །དགེ་བསྙེན་སྡོམ་ལུང་ལ་སོགས་ཆོས་སྦྱིན་གྱི། །ཟད་མི་ཤེས་པའི་སྒོ་འཕར་དབྱེ་བར་མཛད། །གནམ་སའི་བདག་པོ་སྡེ་དགེ་མཆོད་ཡོན་གྱིས། །སྤྱན་འདྲེན་ཕོ་ཉ་རིམ་པར་མངགས་པ་ལྟར། །ཕུར་ལྟག་སོགས་བརྒྱུད་སྐུ་འབུམ་དགོན་དུ་ཕེབས། །གནས་བྱའི་རྟེན་ལ་ལྷག་གནས་མེ་ཏོག་འཐོར། །རིམ་བཏེག་ལམ་བར་ཡུལ་གྲོང་མང་པོ་ཡི། །འདུས་པའི་ཁྲོམ་ལ་སྨིན་བྱེད་དབང་བསྐུར་དང་། །གྲོལ་བྱེད་གདམས་པའི་སྦྱིན་མང་འགྱེད་བཞིན་པར། །སྡེ་དགེ་དཔོན་མོ་ཚེ་དབང་མཚོ་ཚང་མའི། །ཐབས་བསུ་དཔོན་ཆུང་ཚེ་བརྟན་འཁོར་བཅས་ཀྱི། །བསུ་བའི་བཀོད་པ་དང་བཅས་འཁོར་ལོ་མདོའི། །ཕོ་བྲང་ཕུན་སུམ་ཚོགས་པའི་གནས་དེར་ཕེབས། །དེ་ལས་རིམ་བཏེག་བཅུ་གཉིས་ཚེས་ཀྱི་ཉིན། །རུ་དམ་བསམ་གཏན་ཆོས་གླིང་དགོན་ཉིད་དུ། །ངུར་སྨྲིག་མཚམས་སྤྲིན་ས་ལ་བརྐྱངས་པ་འདྲའི། །སེར་སྦྲེངས་ཚར་དུ་དངར་བས་མདུན་བདར་ཏེ། །འཁོར་བཅས་ལེགས་བསྐྱོད་ཞལ་བསྲོའི་ཞབས་ཏོག་གཟབ། །གྲྭ་ཁང་ཁག་དང་རུ་བ་མང་པོའི་སར། །སོ་སོའི་རེ་འདོད་ཇི་བཞིན་ཕེབས་གྱུར་ནས། །དབང་དང་བྱིན་རླབས་མང་པོས་རེ་བ་བསྐང་། །དེ་ལས་ཡུལ་གྲོང་རུ་བ་ལ་སོགས་པ། །ཐབས་ཅིག་འདུས་པའི་ཁྲོམ་ཁག་མང་པོ་ལ། །བླ་མ་ཞི་དྲག་རྡོར་སེམས་གཤིན་རྗེ་དང་། །གསང་འདུས་ཐུགས་རྗེ་ཆེན་པོ་རྟ་མགྲིན་ནག །བྱང་གླིང་ཕྱག་རྡོར་སོགས་ཀྱི་སྤྱི་དབང་དང་། །སྒེར་དབང་སྐྱབས་སྡོམ་རྐྱེན་སེལ་མང་པོ་ཡི། །ཡུལ་ཚོ་སོ་སོར་ཐར་པའི་ས་བོན་བཞག །དེ་ནས་རྔ་ཡབ་དཔལ་རི་དང་མཚུངས་འདྲའི། །ངེས་དོན་བླ་མེད་ཆོས་འཁོར་བསྐོར་བའི་ས། །ཞེ་ཆེན་གསང་སྔགས་ཆོས་གླིང་གྲགས་པ་དེར། །མྱུར་མགྱོགས་བཞོན་པར་བརྟེན་པའི་བསུ་བ་དང་། །སྣ་ཚོགས་མཆོད་སྤྲིན་ཐོགས་པའི་སེར་སྦྲེངས་བཅས། །ངོ་མཚར་ཁྱད་པར་ཅན་གྱི་དགོན་དེར་ཕེབས། །མཁྱེན་བརྩེའི་བདག་པོ་རྫོགས་ཆེན་སྤྲུལ་སྐུ་དང་། །ཐུགས་ནང་གཤིན་པའི་གསུང་གི་གླེང་མོལ་དང་། །རོ་བརྒྱ་ལྡན་པའི་སྟོན་མོའི་བྱེ་བྲག་སོགས། །བཀུར་སྟི་གཟེངས་བསྟོད་གཟོས་སྒོ་བསམ་ལས་འདས། །ཉེར་དྲུག་གཟའ་སྐར་དགེ་བར་དབུ་ཚུགས་ནས། །རྫོགས་སྤྲུལ་འདུས་པར་བཅས་ལ་གཏེར་གསར་ནས། །ཡང་ཟབ་ཐུགས་རྗེ་ཆེན་པོའི་ལུང་ཉིད་དང་། །དངོས་སྟ་ཕྲལ་བའི་དབང་གིས་སྨིན་པ་མཛད། །གཞན་ཡང་འདུས་པ་བརྒྱད་ཅུ་སྐོར་ཉིད་ལ། །ཡོངས་སུ་རྫོགས་པ་དགེ་བསྙེན་སྡོམ་པ་དང་། །སྟོན་འཁོར་ཡོངས་ལ་ནང་རྟེན་མཇལ་ཁ་སོགས། །དགོངས་པ་བཀང་བས་ལེན་མདའ་ཟེར་བར་ཐེགས། །སླར་ཡང་བསུ་བ་སེར་སྦྲེངས་བསང་རོལ་བཅས། །ལི་དགོན་སྨིན་གྲོལ་ཆོས་གླིང་དགོན་དུ་ཕེབས། །ཞལ་བསྲོའི་ཞབས་ཏོག་ལེགས་བསྒྲུབས་སྤྱི་སྒེར་ཀུན། །ཚིམ་པའི་དབང་དང་བྱིན་རླབས་མང་པོ་དང་། །ཁྱད་པར་གཟའ་དང་ཞིང་སྐྱོང་མ་མོ་དང་། །དམག་ཟོར་མ་སོགས་དབང་ལུང་མང་པོ་ཡིས། །སྐལ་བར་ལྡན་པའི་རེ་འདོད་སྐོང་བར་མཛད། །དེ་ལས་སླར་ཡང་ལེ་མདར་བཞུགས་སྒར་བཏབ། །རྫོགས་སྤྲུལ་ཧོར་བླ་འགྱུར་མེད་སྐལ་བཟང་ལ། །དག་སྣང་ཆུ་ཟླའི་རོལ་རྩེད་ལུང་ཉིད་དང་། །དམར་ནག་འདུས་པའི་ཁྲོམ་ལ་གསང་འདུས་དབང་། །གཞན་ཡང་ཉང་གི་དྲག་དམར་ཐུགས་སྒྲུབ་དབང་། །ཆོས་དབང་རྟ་ནག་བྱང་གླིང་ཕྱག་རྡོར་སོགས། །སྤྱི་དབང་སྐྱེ་བོ་ཕོ་མོ་མང་པོ་ལ། །སྐྱབས་སྡོམ་ཡོངས་རྫོགས་དགེ་བསྙེན་ལ་སོགས་མཛད། །དེ་ནས་ཁྱིམ་ཕུབ་འགྱབ་སེ་རབ་སྡོང་མདར། །ཞག་སྦྲེལ་བཞུགས་སྒར་བཏབ་བའི་ས་ཉིད་ནས། །ཡུལ་གྲོང་རུ་བ་མང་པོར་བསྐྱོད་པ་ཡི། །སྣ་ཚོགས་འདུས་པའི་ཁྲོམ་དང་དད་ལྡན་འགར། །ལྷ་མཆོག་མང་པོའི་དབང་ལུང་གཤིན་ཆོག་སོགས། །རྣམ་པར་དཀར་བའི་ཕྲིན་ལས་བསམ་ཡས་པར། །ཡུལ་གྲོང་དེ་དང་དེ་རུ་ཉིན་མཚན་ཀུན། །དད་གདུང་ལྡན་པའི་སྟོང་ཕྲག་ཁྲོམ་དུ་ཚོགས། །བསྔོ་བྱང་བདོག་དགུའི་འབུལ་བ་སྤྲིན་ལྟར་གཏིབས། །ཕྱག་དང་སྐོར་བ་གསོལ་འདེབས་རྒྱང་འབོད་སོགས། །ཅི་ཐོབ་སྒྲུབ་པར་སོ་སོའི་རེ་སྐོང་མཛད། །སླར་ཡང་རྫོགས་ཆེན་དགོན་དུ་གྲགས་པ་ཡི། །བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་གནས། །གང་དེར་རིམ་བགྲོད་སྟོན་འཁོར་ཡོངས་འདུས་ལ། །བཻ་རོའི་སྙན་རྒྱུད་རྡོ་རྗེ་ཟམ་པའི་ལུང་། །ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱབས་པོད། །ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་སོགས། །ལུང་མང་ཁྱད་པར་རྒྱལ་ཟླའི་ཚེས་བཅུ་བཞིར། །སྟ་གོན་བཅོ་ལྔར་དངོས་གཞི་དབང་ཆེན་དང་། །མཆོག་དབང་གཏོར་དབང་ཆ་ཚང་ལ་སོགས་པ། །ཞི་ཁྲོའི་དབང་དང་ངན་སོང་ཀུན་སྐྱབས་དབང་། །སྙན་རྒྱུད་རྡོ་རྗེ་ཟམ་པའི་སྒོམ་ཚུལ་གྱི། །བླ་མའི་བྱིན་རླབས་མཐའ་རྟེན་ཚེ་དབང་བཅས། །ཟབ་མོའི་གདམས་པས་ཤིན་ཏུ་སྨིན་པར་མཛད། །གཞན་ཡང་སྙིང་གཟེར་ནག་པོ་ཁ་འབར་མ། །བྱད་འགྲོལ་གསེར་ལྡེ་ལ་སོགས་ཆོས་ཚན་འགའི། །ལུང་དང་གཏེར་གསར་དབང་ལ་སོགས་པ་ཡི། །དམ་པའི་ཆོས་ཀྱིས་སྤྲུལ་སྐུའི་བཞེད་དོན་བཀང་། །བསྟན་འགྲོའི་སྤྱི་རིམ་ལོ་མཇུག་ཆེན་མོ་ཡང་། །ཁྲོ་བོ་རོལ་བའི་སྒོ་ནས་རྒྱས་པར་མཛད། །དེ་ནས་དགེ་བྱེད་ཅེས་པ་ཆུ་སྟག་ལོ། །དགུང་ལོ་ཉེར་དགུའི་སྟེང་ཕེབས་གསར་ཚེས་ཀྱི། །གནམ་ལོའི་དགྱེས་སྟོན་ཕུན་སུམ་ཚོགས་པའང་། །རྫོགས་པ་ཆེན་པོའི་བླ་བྲང་ཉིད་དུ་མཛད། །རྒྱལ་དབང་དང་པོའི་ཚེས་ཀྱི་སྔ་དྲོའི་ཆར། །རྫོགས་ཆེན་བླ་གྲྭ་སྟོན་འཁོར་ཆབས་ཅིག་གིས། །སྣ་ཚོགས་འབུལ་བའི་མཆོད་སྤྲིན་བསམ་ཡས་པ། །སྤྱན་སྔར་བསྟར་བ་རྨུགས་འཛིན་དབང་པོ་ཡི། །མཁོ་དགུའི་འབྱོར་པ་རྒྱ་ཆེར་བཀྲམ་ལ་འགྲན། །ཕར་ཡང་ཚེ་གུར་དབང་དང་བྱབས་ཁྲུས་དང་། །གསང་ཡེའི་བྱིན་རླབས་ཆོས་སྐོར་ལུང་ཉིད་དང་། །དམ་པའི་ཆོས་དང་འབྲེལ་བའི་ཞལ་ཏ་བཅས། །ཟང་ཟིང་དངོས་པོའི་སྐྱེས་ལན་རྒྱས་པར་བསྟབས། །དགོན་དེའི་སྟེང་འོག་གནས་གཟིགས་དང་ལྷན་ཅིག །ཤིས་པའི་མེ་ཏོག་ཆར་དུ་བསྙིལ་མཛད་ནས། །སྤྲུལ་བའི་སྐུ་ཉིད་འཁོར་མང་གིས་བསྐོར་བའི། །བཞོན་པར་བཅས་པས་རྒྱ་ཆེའི་སྐྱེལ་མ་མཛད། །སླར་ཡང་འཁོར་ལོ་མདོ་ཡི་ཕོ་བྲང་ཕེབས། །གཟུང་རྒྱལ་དཔོན་ལ་གཏེར་གསར་ཚེ་གུར་དང་། །ཐང་སྟོང་ཚེ་ཡི་དབང་བཀའ་ལན་འགའ་བསྩལ། །རྒྱ་ཆེའི་འབུལ་ནོད་བསམ་པའི་ཡུལ་ལས་འདས། །ཚེས་དགུ་ཚངས་པའི་རྒྱལ་པོའི་དུས་མཆོད་ཉིན། །མཁས་གྲུབ་དུ་མའི་ཞབས་ཀྱིས་བཅགས་པའི་གནས། །ངོ་མཚར་ཀླུང་རྟ་ལྷུན་སྟེང་དགོན་དུ་ཕེབས། །དེ་ལས་སུམ་རྩེན་ཁང་བཟང་སར་འཕོས་འདྲའི། །དཔལ་ལྡན་མ་ཕམ་སྡེ་དགེའི་ཕོ་བྲང་ཆེ། །རིན་ཆེན་ནོར་བུ་བརྩེགས་པའི་ཁང་བཟང་མཆོག །ངོ་མཚར་བཀོད་པས་མཛེས་པའི་གཞལ་ཡས་སུ། །སྐབས་གསུམ་བདག་པོ་མིག་སྟོང་ལྡན་པ་ཡི། །ཁེངས་པའང་ཐུང་ངུར་བྱེད་པའི་གནམ་སའི་བདག །སྡེ་དགེ་བུ་ཚང་བསྟན་པ་ཚེ་རིང་ཞེས། །སྙན་པའི་གྲགས་འབར་རིན་པོ་ཆེ་དང་མཇལ། །རོ་བརྒྱའི་བཅུད་ལྡན་སྟོན་མོའི་བྱེ་བྲག་དང་། །ཕན་ཚུན་ཐུགས་ཡིད་ཆིག་འདྲེས་གསུང་གི་གསང་། །ཞིབ་མོར་གླེང་བའི་གཏམ་གྱིས་དུས་དེ་འདའ། །ཀླུང་རྟ་དགོན་དུ་ཕུར་སྒྲུབ་ཚུགས་པ་ལ། །ཚོགས་གཟིགས་གནས་རྟེན་ཚོགས་རྣམས་ཞིབ་མཇལ་དང་། །ཕུར་པའི་རྩ་བའི་འཆམ་སྟབས་གཟིགས་པ་ལ། །གྲ་འགྲིག་དཔེར་འོས་འདུག་ཅེས་བསྔགས་པ་མཛད། །ཆོ་འཕྲུལ་དུས་ཚེས་བཅུ་བཞི་བཅོ་ལྔ་ལ། །ཕོ་བྲང་གང་དེར་སྤྲོས་བཅས་རྡུལ་ཚོན་གྱི། །དཀྱིལ་འཁོར་ལ་བརྟེན་བུ་ཚང་རིན་པོ་ཆེ། །ནང་འཁོར་ཉུང་ངུར་བསྡུས་པའི་སྐལ་ལྡན་ལ། །བཀའ་བརྒྱད་རང་བྱུང་རང་ཤར་སྟ་གོན་དང་། །དངོས་གཞི་སོ་སོར་ཕྱེ་ལ་མཐའ་རྟེན་དུ། །མར་མེའི་སྨོན་ལམ་བཅས་པའི་དབང་ཆེན་དང་། །གཞན་ཡང་དྲང་སྲོང་ལོཀྟྲིའི་རིག་གཏད་དང་། །ན་ག་རཀྴ་ལུང་ལུགས་ཚེ་དབང་སྡེ། །ཟབ་མོའི་དབང་གི་རིམ་པ་འབུལ་བར་མཛད། །དེ་བཞིན་ནོར་འཛིན་དབང་མོ་བུ་མོ་ཚང་། །ཚེ་དབང་མཚོ་ལ་བླ་མ་ཞི་དྲག་དང་། །བདེ་གཤེགས་ཀུན་འདུས་གར་དབང་ཚེ་ཡི་ལྷ། །ཡང་སྙིང་ཀུན་འདུས་བཅས་པ་གཏེར་གསར་དང་། །ལོཀྟྲིའི་རིག་གཏད་རྣམ་འཇོམས་བྱབས་ཁྲུས་སོགས། །ཡང་ཟབ་དབང་གི་གདམས་པ་འགའ་ཞིག་དང་། །རྡོ་བྲག་པདྨ་མདོ་སྡེ་གཉེར་ཀུན་དགའ། །དཔལ་རི་བླ་མ་ཀུན་བཟང་འོད་ཟེར་སོགས། །སྐལ་བར་ལྡན་པ་འགའ་ལ་ཁྲོས་ནག་དང་། །རྟ་མགྲིན་གསང་སྒྲུབ་བྱང་གླིང་ཕྱག་རྡོར་སོགས། །དབང་དང་རྗེས་གནང་མང་པོ་བར་མེད་མཛད། །ཕོ་བྲང་ཆེན་པོར་བཞུགས་གྲལ་ཉིན་གསུམ་ལས། །ཐ་མའི་སྐབས་དང་འབྲེལ་བར་དཔོན་བུ་ཡི། །རྒྱལ་བའི་བཀའ་འགྱུར་མཚལ་པར་མ་ཡིས་མཚོན། །ཟང་ཟིང་དངོས་པོའི་བརྒྱ་འབུལ་རྒྱ་ཆེར་མཛད། །ལྷ་མིའི་དཔལ་འབྱོར་མ་ལུས་ཕྱོགས་གཅིག་ཏུ། །བྱེད་པོས་སྤུངས་འདྲའི་དཔལ་གྱིས་རྣམ་པར་མཐོ། །དེ་བཞིན་བུ་མོ་ཚང་ནས་ལྷག་བསམ་གྱི། །བཞོན་པ་ཁྱད་འཕགས་ཆིབས་ཆེན་ཕེར་ངེས་ཕུལ། །དེ་ལྟར་ཡོན་གྱི་བདག་པོ་རྣམ་གཉིས་ཀྱི། །ཟང་ཟིང་ཟག་པར་བཅས་པའི་དངོས་པོ་རྣམས། །ཟག་མེད་རྣམ་མཁྱེན་རྒྱ་མཚོ་དེར་བསྲེ་བའི། །བསྔོ་བའི་རྗེས་འཛིན་བཀའ་དྲིན་མཆོག་ཏུ་བསྩལ། །འདི་སྐབས་བཅུ་ཕྲག་གསུམ་གྱི་རྟ་དྲེལ་གྱི། །རྒྱལ་ཡུམ་སྟོང་ཕྲག་བརྒྱ་པ་པོད་རྫོགས་མཇལ། །དེ་ལྟར་སྡེ་དགེ་དཔོན་བློན་མ་ལུས་པའི། །ཐུགས་ཀྱི་བཞེད་དགུ་ཡོངས་སུ་བསྐངས་མཛད་ནས། །ཉེར་ལྔའི་ཚེས་ཞོགས་མཆོད་ཡོན་མཇལ་འཛོམས་ཀྱི། །བཞུགས་གྲལ་ལྷོད་འཇགས་དགྱེས་སྟོན་གནང་བ་རྣམས། །བདག་གིར་མཛད་ནས་རིམ་བསྐྱེད་སྒར་བཏེག་པའི། །ཡེ་ན་ཕོ་བྲང་རེམ་མདའ་རྔས་ཤིས་སོགས། །སོ་སོའི་ཞག་སར་སྤྱི་དབང་ཁྲོམ་ཚོགས་དང་། །སྒེར་དབང་ཡོན་སྦྱོར་རྣམས་ཀྱི་བཞེད་པ་བཞིན། །ཆོས་ཀྱི་འབྲེལ་བའི་ས་བོན་ཅི་ཐེབས་མཛད། །དབོ་ཟླའི་ཚེས་བཅུར་ཚ་ཁ་བཤིབས་སུ་ཕེབས། །ས་དེར་ཞབས་དྲུང་ཕྱག་མཛོད་འཁོར་བཅས་ཀྱང་། །བསུ་སྣེའི་ཆེད་ཕེབས་ལྷན་ཅིག་རིམ་བཏེག་ནས། །ལུང་ཕུག་དགོན་དུ་ཞབས་བཅགས་གནས་དེ་ཡི། །རྟེན་དང་བརྟེན་པར་བཅས་པ་མ་ལུས་པར། །རབ་ཏུ་གནས་པའི་ཆོ་ག་ཉིན་ཆོག་གི། ལྷག་གནས་མེ་ཏོག་ཆར་བཞིན་འབེབས་པར་མཛད། །གཞན་ཡང་བླ་གྲྭ་སྟོན་འཁོར་ཆབས་ཅིག་པར། །གུར་དྲག་རྡོར་སེམས་དབང་ལུང་ཁྲོམ་དབང་དང་། །སྐྱ་སེར་མང་པོར་ཆོས་ཀྱིས་འབྲེལ་བ་མཛད། །དེ་ནས་རྔས་ལུང་ལ་སོགས་རིམ་ཕེབས་ནས། །རྩེ་རོང་དགོན་དུ་དགེ་སློང་དབང་པོ་ཉིད། །ལྔ་པའི་ལམ་འཕྱན་འཕོ་བའི་མཚམས་སྦྱོར་ནས། །ཕུང་པོ་ཞུགས་ལ་སྦྱོང་བའི་ཕྱག་ལེན་བར། །མཐའ་རྒྱས་བསྔོ་སྨོན་མཚམས་སྦྱོར་ཡང་དག་མཛད། །དེ་ལས་གསེར་དགའ་སྣེ་ལུ་ཀླུ་ཆུ་ཐང་། །ཨ་དཀར་འབོ་ལུ་ཡུལ་སྒྲ་མདོ་ལ་སོགས། །ཨ་ལོ་ན་ཐང་བཅས་པར་བཞུགས་སྒར་ཐེགས། །ཕན་ཚུན་ཡུལ་གྲུ་རུ་བ་ལ་སོགས་པའི། །དད་ཅན་ཡོན་བདག་མང་པོའི་སར་ཕེབས་དང་། །ཡུལ་ཚོ་སོ་སོར་དམར་ནག་ཁྲོམ་འདུས་པར། །དབང་དང་བྱིན་རླབས་གཤིན་དགེ་གསོན་རིམ་སོགས། །ཉིན་ཞག་མང་པོར་བར་མེད་ཕན་པ་མཛད། །འདི་སྐབས་དབུས་ཀྱི་གདན་ས་ཆེན་པོ་ནས། །ཆེད་དུ་མངགས་པའི་འགྲུལ་བ་འགའ་ཡང་འབྱོར། །དེ་ནས་རོང་པོ་དགོན་དང་ན་ག་དགོན། །དུར་ཁྲོད་དགོན་དང་སྤུལ་མགོ་དགོན་ཉི་དང་། །འགྲོ་འདྲེན་དགོན་ལ་སོགས་པར་ཆིབས་བསྐྱོད་ནས། །བླ་སྤྲུལ་འདུས་པ་སོ་སོར་དབང་ལུང་དང་། །ཡོངས་སུ་རྫོགས་པ་དགེ་བསྙེན་སྡོམ་པ་སོགས། །དབང་དང་བྱིན་རླབས་གདམས་པ་མང་པོ་ཡིས། །རྗེས་བཟུང་ཐར་པའི་ས་བོན་ཐེབས་པར་མཛད། །དེ་ནས་ཆུ་སྟོད་ཟླ་བའི་སྒང་ཉིད་ལ། །རང་གི་བསྟི་གནས་ཉི་ཤུད་ཕྱག་ཕེབས་ནས། །གཡས་གཡོན་ཡུལ་གྲོང་ཡོན་བདག་སོ་སོ་ཡི། །བཞེད་པ་ཇི་བཞིན་བཀའ་བསྒོ་བྱིན་རླབས་སོགས། །གཞན་ཕན་ཕྲིན་ལས་མ་འགགས་སྐྱོང་བར་མཛད། །དྲག་པོའི་ཚེས་ཀྱི་གཟའ་སྐར་དགེ་བའི་ཉིན། །རང་དགོན་ཁོ་ཆེན་གོང་འོག་བླ་གྲྭ་དང་། །རྫོང་གི་སྐུ་ཚབ་སོགས་ཀྱི་ཆིབས་སྐྱེལ་བཅས། །རིམ་བསྐྱོད་འཁོར་ལོའི་ཚེས་ཉིན་ཁམས་སྤྲུལ་གྱི། །བསུ་བའི་སེར་སྦྲེངས་བསང་རོལ་ལ་སོགས་པའི། །ངོ་མཚར་ཕུན་སུམ་ཚོགས་པའི་བཀོད་པ་བཅས། མཁའ་ཡི་རྒྱུ་སྐར་ས་ལ་ལྷུང་འདྲ་བའི། །ཁམས་པ་ཚང་གི་བཞུགས་སྒར་ཐོག་ཏུ་ཕེབས། །རིམ་པར་བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་དང་། །ཞི་ཁྲོ་ཁྲོམ་དཀྲུགས་ཉང་གཏེར་ཕྱག་བཞི་པ། །གཏེར་གསར་ཚེ་དབང་ལྷ་ཆེན་སྲོག་གཏད་སོགས། །ཐུགས་ཀྱི་བཞེད་པ་མ་ལུས་བསྐངས་པ་དང་། །དེར་འདུས་ཁྲོམ་ལ་ཚེ་ཡི་དབང་བཀའ་སོགས། །བསྩལ་ནས་རང་དགོན་རྩེ་རོང་དགོན་དུ་ཕེབས། །དེར་ཡང་ཚེ་ཡི་དབང་བཀའི་རྗེས་འབྲེལ་དུ། །ཤིས་པའི་མེ་ཏོག་ཆར་བཞིན་འབེབས་པར་མཛད། །དེ་ལྟར་ཡབ་རྗེའི་རིག་འཛིན་བླ་མ་ཡི། །དག་པའི་སྣང་བ་ཆུ་ཟླའི་རོལ་རྩེད་དུ། །འགྲོ་དོན་ལྷག་མ་ཀོང་ཡུལ་མདོ་ཁམས་དང་། །གཡུ་རུའི་ཕྱོགས་རྣམས་མ་ལུས་ཀུན་ལ་དར། །ཞེས་པའི་ལུང་བསྟན་ཐོག་ཏུ་ཁེལ་བ་ཡི། །ཕྱོགས་འདིར་དམ་པ་ཆོས་ཀྱི་ཕྲིན་ལས་ནི། །ཀློང་བརྡོལ་ལྟ་བུར་ཉི་མ་ཁ་ཡར་ཡང་། །བཞུགས་ལོང་མེད་པའི་ལུ་གུ་རྒྱུད་དུ་བསྩལ། །སྔ་ཕྱིར་ཕྱོགས་འདིའི་གཙོ་ཕལ་སྐྱ་སེར་སོགས། །ཀུན་གྱིས་མདོ་ཁམས་རང་དུ་ཕྱག་ཕེབས་པའི། །བཞུགས་གནས་གཙུག་ལག་ཁང་དང་འདུས་གྲྭ་བཅས། །གསར་འཛུགས་དགོས་པའི་ནན་ཆེའི་ཞུ་ཕུལ་ཡང་། །དེ་དག་བློ་སྣ་སྲིང་ཁྱད་བ་ཟལ་དགོན། །འཛིན་བདག་གནང་རྒྱུ་ཙམ་ལས་དོན་གྱི་སྙིང་། །སྒར་པ་ཁོ་ན་གཙོར་བཟུང་གནས་སྐབས་སུ། །ཕྱོགས་འདིར་ཐར་པའི་ས་བོན་ཅི་ཐེབས་ནས། །ཕུགས་ཡུལ་ངེས་བསྟན་ཨོ་རྒྱན་སྨིན་གྲོལ་གླིང་། །ཉམས་རལ་གསོ་བའི་མཛད་པ་ཐུགས་ལ་བརྣགས། །ཇི་ཞིག་ཤར་ཕྱོགས་གོང་མ་རྒྱལ་པོ་ཡི། །ཐུགས་རྗེའི་མཐུ་མངོན་བརྟས་པའི་དཔུང་ཤུགས་དང་། །སྙིང་སྟོབས་ཀྱིས་དཔའ་དྷའི་འཆིང་བཱ་ཐུར་གྱིས། །བདུད་འགོང་རྣམས་ལ་ཇུས་ཉེས་བཏང་རྐྱེན་གྱིས། །མི་བཟད་ཆར་སྤྲིན་འཐོར་རླུང་གིས་དེད་བཞིན། །འབྱུང་པོ་བདུད་རིགས་རང་གནས་བསྐྲད་བྱས་ནས། །འཇིག་རྟེན་གསུམ་གྱི་དབང་ཕྱུག་ལྷ་གཅིག་མཆོག །ཕྱག་ན་པདྨོ་ཀུན་མཁྱེན་བདུན་པ་ཆེ། །བོད་ཡུལ་རྡོ་རྗེ་གདན་དུ་སྤྱན་དྲངས་ནས། །མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲིར། །ཞབས་སོར་བཀོད་ལ་རྒྱལ་དབང་ལྔ་བ་ཆེའི། །ངོ་མཚར་རྨད་བྱུང་རྣམ་ཐར་རྗེས་བཟུང་སྟེ། །རྒྱ་བོད་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ། །ལེགས་བསྐྱངས་སྔ་འགྱུར་རིང་ལུགས་འཛིན་པས་མཚོན། །དགོན་སྡེ་ཆེ་ཕྲ་ཐོར་ཞིག་སོང་བ་ཀུན། །སྔར་བཞིན་ཉམས་གསོས་དགོན་པའི་བཀའི་ལུང་དང་། །རྗེས་འབྲེལ་སོ་སོའི་ཆོས་གཞིས་འཛིན་ཁོངས་ཀྱང་། །ཕལ་ཆེར་བསྩལ་བའི་བཀའ་དྲིན་ལ་བརྟེན་ནས། །ཐུབ་གསུང་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཀུན། །མ་ལུས་ཐུགས་ཆུད་ཨོ་རྒྱན་སྐལ་བཟང་དང་། །མདོ་སྔགས་གཞུང་ལུགས་སྨྲ་བའི་མཐུ་གྲུབ་པ། །ཨོ་རྒྱན་ཆོས་ཀྱི་གྲགས་པ་གཉིས་ཀྱིས་མཚོན། །སྔར་གྱི་དབུ་ཆེ་བགྲེས་ཁ་རྣམས་ཀྱིས་ནི། །ལྷག་པའི་ཐུགས་བསྐྱེད་མ་སྨད་ཁུར་བླངས་ནས། །ངེས་དོན་གསང་བ་མཆོག་གི་གནས་འདི་ཡི། །གཙུག་ལག་ཁང་རྣམས་ཉམས་གསོ་ཕྲན་བུ་དང་། །ཕྱོགས་མཐར་གྱར་བའི་གྲྭ་པ་རྣམས་ལ་ཡང་། །ཚུལ་དང་ཚུལ་མིན་ལེགས་པར་བརྟགས་བྱས་ནས། །བཅུ་ཕྲག་དྲུག་གི་དགེ་འདུན་ཙམ་ཉིད་ལ། །རྒྱུན་གྱི་གསོལ་ཕོགས་ཇ་ཚུལ་ལ་སོགས་པ། །བསྙེན་དང་བཀུར་སྟིའི་ཁྱད་པར་ཅུང་ཟད་བསྒྲུབས། །ཁྱད་པར་མདོ་ཁམས་ཕྱོགས་སུ་མི་སྣ་ཆེད། །མངགས་ཏེ་སྐྱབས་མཆོག་སྐུ་མཆེད་ཉི་ཟླ་ཟུང་། །དབུས་ཕྱོགས་དགོན་གནས་རང་གིར་སྐྱོང་བ་ལ། །ཅིས་ཀྱང་སྐུ་བསྐྱོད་དགོས་པའི་ཞུ་བ་ནི། །ལན་གཅིག་མིན་པར་ཆེད་དུ་གསོལ་བ་དང་། །ཁྱད་པར་སྙིང་རྗེའི་གཏེར་མངའ་སྤྱན་རས་གཟིགས། །ངུར་སྨྲིག་གར་རོལ་ཀུན་མཁྱེན་ཆེན་པོས་ཀྱང་། །གནའ་དུས་གོང་མ་ལྔ་པ་ཆེན་པོ་ཡིས། །གཏེར་ཆེན་ཆོས་རྗེ་དབུ་ཡི་བླ་གནས་སུ། །བཀུར་ཏེ་ཐུགས་ཡིད་གཅིག་བསྲེས་དང་བ་ཆེས། །དགོན་སྡེ་གསར་འཛུགས་ཆོས་གཞིས་སྦྱོར་འཇགས་སོགས། །གཟེངས་བསྟོད་སངས་རྒྱས་གཉིས་པའི་རིང་ལུགས་སྲོལ། །མི་ཉམས་འཛིན་ཅིང་དར་རྒྱས་ཡོང་བ་དང་། །དགའ་ལྡན་ཕོ་བྲང་ཆོས་སྲིད་གོང་འཕེལ་གྱི། །རྟེན་འབྲེལ་བྱུས་རིམ་པར་མངགས་དེ་ལྟར་ན། །ད་ཆ་བདུད་འགོང་མཐའ་དག་རང་གནས་བསྐྲད། །སླར་ཡང་རྫོགས་ལྡན་གསར་དུ་ཚེས་འདྲ་བའི། །བསྟན་པ་འཇམ་ཆགས་འདུ་སྐབས་གདུང་སྲས་མཆེད། །བཏང་སྙོམས་བཞུགས་པར་མི་འགབ་འགྱངས་མིན་དུ། །གདན་སར་འཕྲལ་ཕེབས་དགོས་པའི་བཀའ་གསང་བ། །རྡོ་རྗེ་ཕ་ལམ་ཉིད་དུ་བསྩལ་བ་ལ། །བྱས་པ་དྲིན་གཟོའི་ཐུགས་དད་གཏིང་ནས་འཁྲུངས། །དེ་ཚེ་ནུབ་ཕྱོགས་དབུས་ཀྱི་གདན་ས་ཆེར། །ཕེབས་བཞེད་སྒྲིབ་བྲལ་ཐུགས་ཀྱི་དགོངས་པ་ནི། །དཔེར་ན་ཉི་མའི་དཀྱིལ་འཁོར་འཆར་བའི་སྔོན། །སྐྱ་རེངས་སྣང་བ་འཕྲོ་བ་བཞིན་གྱུར་ཏོ། །དེ་ལྟར་སྐྱབས་མཆེད་གཙོར་གྱུར་ཞམ་རིང་བཅས། །བཀའ་ཡི་བགྲོ་བ་མཛད་ནས་དབུས་ཕེབས་ཀྱི། །གྲབས་ཡུལ་ཚགས་སུ་ཚུད་པར་ཉེ་བ་ན། །མདོ་ཁམས་ཕྱོགས་ཀྱི་གཙོ་ཕལ་མང་པོ་ཡིས། །སྔར་བཞིན་གཏན་ཆགས་བཞུགས་དགོས་བཤོལ་བཏབ་ཀྱང་། །བརྔམས་ཆེན་བསྟན་འགྲོའི་བྱ་བ་འདི་ཐད་ལ། །ད་རེས་བཤོལ་བཏབ་ཅིས་ཀྱང་མི་འགབ་ཚུལ། །དགེ་བཤད་སྡིག་སེལ་མཐའ་ཁྲོལ་བཀའ་བསྩལ་བས། །སླར་ཉིད་རྗེས་སུ་ཡི་རང་གསོལ་བ་ལ། །གནས་སྐབས་མཐར་ཐུག་དགེ་བའི་ཆོས་ཀྱི་གཏམ། །སོ་སོར་ཞལ་གདམས་ལྟ་བུར་བསྩལ་བ་ལ། །འབྲལ་མི་ཕོད་པའི་དད་པའི་གདུང་ཤུགས་ཀྱིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་གསོལ་བ་བཏབ། །


previousཇུན་གར་བས་བསྟན་དགོན་ལ་འཚེ་སྐབས་བྲོས་བྱོལ་དང་འགྲོ་དོན་མཛད་པ།next