Nitartha Digital Library
Tibetan
 
previousཞིང་འདིའི་མཛད་པ་བསྡུས་ཏེ་སྐུ་ཞི་བར་གཤེགས་ཚུལ།next

ཞིང་འདིའི་མཛད་པ་བསྡུས་ཏེ་སྐུ་ཞི་བར་གཤེགས་ཚུལ།

དེ་ལྟར་ཞིང་འདིའི་བསྟན་དང་འགྲོ་བའི་དོན། །དེ་ཙམ་དགོངས་ལ་ཞིང་གཞན་དགོངས་པ་གཏད། །ཐ་མའི་མཛད་པའི་རྗེས་འབྲེལ་ཕྱི་ནང་གི། རྟེན་གྱི་ནང་གཟུངས་ཕལ་ཆེར་སྟ་གོན་དང་། །གསུང་རྟེན་ཤེར་ཕྱིན་གླེགས་བམ་བཅུ་ཕྲག་གཉིས། །དྲུག་གིས་ལྷག་པ་གསེར་ཆོས་བཞེངས་རྒྱུར་དགོངས། །གདོང་རྫར་ཞལ་ཁེབས་ཧོར་གོས་འབའ་ཞིག་ལས། །གྲུབ་པ་ཞལ་བྱང་བཅས་པའང་བཟོད་བཀོད་མཛད། །ཁྱད་པར་རྒྱུད་འཛིན་ཐུགས་སྲས་མཆེད་གཉིས་དང་། །གསུང་སྲས་འདུས་པའི་སྡེ་ཡི་ཆེ་བགྲེས་སོགས། །སྡེ་འདིའི་གཙོ་བོའི་ལས་འཛིན་ཕལ་ཆེར་ལ། །ཕྱི་མཐའ་གཟིགས་པའི་ཞལ་ཆེམས་རྒྱུན་མར་བསྩལ། །དེ་ནས་མཛད་མཐའ་སྟོན་ལ་ཉེར་ཕྱོགས་ཏེ། །སྐབས་འདིར་སྐུ་ལ་རྩ་དཀར་ལྟ་བུ་ཡིས། ཅུང་ཟད་བསྙུན་པའི་ཚུལ་མཛད་དེར་ཕན་བྱེད། །བདུད་རྩི་སྨན་གྱི་ཆུ་ཚན་ཞག་བདུན་བར། །སྔོན་དུ་སྐུ་ལ་བསྟེན་པ་དེ་ཉིད་ཀྱི། །འཕྲོད་ངོ་བལྟས་པའི་སྐུ་ངལ་གསོས་པ་ལ། །དེ་མ་ཐག་པར་དྲན་བཞིན་མཁྱེན་བཞིན་དུ། །འོ་སྐོལ་སྟོན་པའང་གྱད་ཡུལ་རྩྭ་ཅན་དུ། །མྱ་ངན་འདའ་བར་དགོངས་ལ་གཤེགས་པ་ལྟར། །ཚ་ཆབ་སྐུ་ལ་བསྟེན་རྒྱུའི་ཚུལ་ཉིད་ཀྱི། །ཤར་ཕྱོགས་དག་པའི་གནས་མཆོག་འོལ་དགའ་རུ། །མྱ་ངན་འདའ་བཞེད་ནོ་ཡོན་པཎྜི་ཏར། །ཕེབས་བྱང་གཡར་མཛད་དགོངས་པ་ཇི་བཞིན་འབྱོར། །དེ་ཚེ་རྒྱལ་སྲས་སྐུ་མཆེད་ཡུམ་འཁོར་བཅས། །མགྲིན་ལམ་གཅིག་པས་རེ་ཞིག་སྐུ་ངལ་སྟབས། །ཆིབས་བསྐྱོད་བཤོལ་བའི་ཞུ་བ་ནན་གསོལ་ཀྱང་། །རེ་བ་བཀའ་ཡིས་མ་བཞེས་ཐབས་སུ་བྲལ། །སྤྱི་དང་བྱེ་བྲག་སོ་སོས་ཞབས་པད་ཉིད། །ཡུན་དུ་བརྟན་པའི་སྐུ་རིམ་གསོལ་འདེབས་དང་། །ཐབས་སྒོ་དུ་མ་རྒྱ་ཆེར་བསྒྲུབས་མཛད་ཅིང་། །དེ་ལས་གཞན་པའི་ཐབས་ཀྱིས་དབེན་པར་གྱུར། །སྐུ་ཉེའི་རིགས་གྱུར་ཕུན་རབ་ཆོས་དྲུང་ནས། །སྟོན་འཁོར་མ་ལུས་གཙང་དག་པོད་པ་ཡི། །ཚོགས་ཀྱི་སྟོན་མོས་མཉེས་པར་བྱས་པ་ལ། །དགེ་བའི་རྩ་བ་བྱང་ཆེན་སར་བསྔོ་མཛད། །དེ་ལས་རིགས་སྲས་མཆེད་བཅས་འཁོར་ཚོགས་ཀུན། །རིམ་པར་ཆིབས་བཏེག་མོན་མཁར་ཟ་ར་སྡེར། །ཞག་ས་མཛད་ལ་ཀླུ་ཁང་གྲུ་ལ་བརྟེན། །ཟངས་རི་སྐྱིད་ཚལ་ཀླུ་ཁང་ཞེས་པར་བཞུགས། །གསལ་བྱེད་ཟླ་བའི་དཀྱིལ་འཁོར་མར་ངོ་བཞིན། །རིམ་གྱིས་སྐུ་ཁམས་ཇེ་ཞན་དུ་གྱུར་པར། །རྒྱལ་སྲས་མཆེད་འཁོར་ཀུན་གྱིས་མགྲིན་གཅིག་ཏུ། །ད་ཆ་སྐུ་ཁམས་བབ་དང་ཕྱི་ནང་གི། པྲ་རྟགས་ལ་སོགས་གང་ལ་བལྟས་ན་ཡང་། །དགོན་གནས་ཕྱིར་ཕེབས་དགོས་པའི་ཞུ་བ་ནི། །ལན་གཅིག་མིན་པར་ནན་གྱིས་གསོལ་བཏབ་ཀྱང་། །སྐྱོན་མེད་འོལ་དགར་ཅིས་ཀྱང་འགྲོ་བ་ཡིན། །ཞེས་པའི་བཀའ་ཡིས་བཞེས་པ་མེད་པ་ལ། །སྔ་དགོང་ཞབས་བརྟན་སྐུ་རིམ་ཅི་འགྲུབ་ནས། །ཆིབས་དང་ཕེབས་བྱམ་གང་བདེ་བརྟེན་བཞིན་པར། །རིམ་བཏེག་སླེའུ་ལུང་མདོ་རུ་ཞག་ས་མཛད། །ཕྱི་ཉིནའང་སྔར་བཞིན་ཕེབས་ལ་ཉི་ཤུའི་ཚེས། །ཉིན་མོར་བྱེད་པ་ཕྱེད་ཡོལ་ཙམ་གྱི་དུས། །རང་བྱུང་སྨན་གྱི་རྫིང་བུའི་ཁང་པར་ཕེབས། །གཟིམས་ཁྲིར་བརྟེན་པའི་བཀའ་ལས་འདི་སྐད་ཅེས། །ཁྱེད་རྣམས་ཆབ་རོལ་བཞེད་ཚེ་ཁོ་བོ་ཅག །ངལ་གསོའི་རིང་ལ་ཅིས་ཀྱང་ཕེབས་ཞེས་གསུངས། །དེ་བཞིན་འཁོར་བཅས་འགའ་ཡི་བཀའ་བཞིན་ཐེགས། །དེ་ལས་མགྱོགས་མྱུར་སྐུ་མདུན་ཕེབས་གྱུར་པས། །སྔར་ལས་སྐུ་གཟུགས་ཤིན་ཏུ་ཞན་སོང་བར། །དེ་འཕྲལ་དགོན་དུ་རྒྱ་ཆེའི་སྐུ་རིམ་སོགས། །སྒྲུབ་དགོས་གནས་ཚུལ་འབུལ་བར་བཤད་རྩོལ་གྱི། །རྟ་ལ་བརྟེན་པའི་བྱ་མ་རྟ་ཉིད་མངགས། །དེར་འཁོད་མཆེད་འཁོར་ཀུན་གྱིས་རྟེན་འབྱུང་གི། དངོས་འབུལ་ཅུང་ཟད་དང་བཅས་མགྲིན་གཅིག་ཏུ། །ལག་པའི་པདྨོ་སྦྱར་བས་འདི་སྐད་གསོལ། །འཕགས་ཆེན་རྣམས་ནི་སྒྱུ་མ་ལྟ་བུ་ཡི། །ཏིང་ངེ་འཛིན་ལ་མངའ་དབང་འབྱོར་བའི་ཕྱིར། །ཐུགས་འདུན་གང་གཏད་འགྲུབ་པ་ཆོས་ཉིད་བཅས། །སྤྱིར་ནི་སེམས་ཅན་ཐམས་ཅད་སྒོས་ཉིད་དུ། །བདག་ཅག་གདུལ་བྱར་གྱུར་པ་རྣམས་ཉིད་དང་། །ཡང་སྒོས་ཞབས་དྲུང་སྐུ་མཆེད་རྣམས་ཀྱི་དབུས། །ཆོས་སྲས་འདུས་པའི་སྡེ་དང་བཅས་རྣམས་དང་། །ཁྱད་པར་འདིར་བསྐྱོད་དཔོན་གཡོག་འདི་རྣམས་ནི། །ཅི་བྱའི་གཏོལ་བྲལ་སྡུལ་བསྔལ་ཉམ་ཐག་པའི། །ཚུལ་འདིར་ལེགས་པར་དགོངས་ལ་མགོན་ཁྱོད་ཀྱིས། །ཐུགས་ཀྱི་བརྩེ་བའི་སྤྱན་གྱིས་གཟིགས་གྱུར་ནས། །ཞི་བའི་ལམ་ལ་ཐུགས་མི་གཞོལ་བ་ནས། །ཞབས་པད་ཡུན་བརྟན་ཐུགས་སྣང་རིང་དགོས་ཞེས། །ནན་གྱིས་གསོལ་བ་བཏབ་ཀྱང་ཁོ་བོ་ནི། །སྨིན་པའི་འབྲས་བུ་ས་ལ་ལྷུང་དང་འདྲ། །ཞེས་པའི་བཀའ་ལས་ཆེས་འཕྲོས་རྒྱལ་བའི་སྲས། །མཆེད་འཁོར་ཀུན་ལ་སྤྱན་གྱི་གཟིགས་པ་གཏད། །འཕྲལ་དང་ཡུན་གྱི་བགྱི་འོས་མང་པོ་དང་། །ཁྱད་པར་རྒྱལ་བའི་སྲས་མཆོག་གང་ཉིད་ལ། །བསྟན་པའི་གཉེར་ཁ་འཛིན་པའི་ཞལ་ཆེམས་བཅས། །ཉིན་ཐུན་མཐའ་མ་རྫོགས་པར་ཉེ་བའི་ཚེ། །གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བ་དང་། །ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །སྤྱན་གྱི་གཟིགས་པ་མཁའ་ལ་གཏོད་པ་དང་། །ཕྱག་གཡས་གདེངས་ཀ་སྡིགས་མཛུབ་གཡོན་དཀུར་བརྟེན། །སྐུ་སྟོད་རྒྱས་དང་དབུ་གཙུག་འཕར་བ་སོགས། །ངོ་མཚར་ཆོ་འཕྲུལ་བཀོད་པ་ཚད་མེད་པས། །མངོན་པར་བྱང་ཆུབ་བསམ་མི་ཁྱབ་པ་ཡི། །རྣམ་ཐར་བཞི་ལྡན་ཡེ་ཤེས་འོད་གསལ་བའི། །ཆོས་སྐུ་ཀ་དག་ཆེན་པོའི་ཀློང་ཉིད་དུ། །སྤྲུལ་བའི་རང་གཟུགས་བསྡུ་བའི་མཛད་པ་བསྟན། །དེ་ཚེ་དེར་འཁོད་མཆེད་འཁོར་མ་ལུས་པ། །རེ་ཞིག་མྱ་ངན་གདུང་བ་ཆེན་པོས་མནར། །བླང་དོར་གནས་མེད་རྟོག་དཔྱོད་གོ་སྐབས་བྲལ། །ཅི་བྱ་གཏོལ་མེད་ལོང་བ་ཐང་དཀྱིལ་ལམ། །དྭ་ཕྲུག་ཐང་སྟོང་བོར་བ་བཞིན་དུ་གྱུར། །དེ་ནས་རང་བློ་དང་འཚམས་བསྟན་པ་ཡི། །གཟུགས་སྐུའི་ཞལ་ཁྱིམ་མཐོང་དང་གསུང་ཉིད་ཀྱི། །བདུད་རྩིར་སྤྱོད་པའི་སྐལ་བ་ཟད་གྱུར་པས། །རང་རིག་བླ་མའི་ངོ་བོར་ངེས་བྱས་ནས། །ཐུགས་དམ་བསྐུལ་ཞིང་གསོལ་འདེབས་ནན་ཏན་ནས། །ནང་གི་རླུང་སྦྱོར་དང་བསྟུན་སྐུ་གདུང་ལས། །བྱིན་རླབས་དབང་བཞིའི་ཚུལ་དུ་ལེགས་བཞེས་ནས། །མཐར་ནི་འཁོར་གསུམ་མི་དམིགས་ངང་མདངས་བསྐྱངས། །སླར་ཡང་འཚོ་བྱེད་ཡར་འཕེལ་རོགས་བཅས་ཉིད། །དགོན་དུ་གནས་ཚུལ་འབུལ་བར་རྫོང་བདའ་མཛད། །དེ་ལས་མཚན་མོའི་གུང་ལ་ཉེ་བ་ན། །སྐུ་གདུང་ཡིད་བཞིན་ནོར་བུ་རིན་པོ་ཆེ། །གར་དབང་ཐུགས་རྗེ་ཆེན་པོའི་སྐུར་བསྐྱེད་པའི། །གཙུག་ཏོར་ཐུགས་ཀ་ལྟ་གསང་ཕྱག་ཞབས་བཞིའི། །ཚིགས་བཞིར་ནང་སྒྲུབ་ལུས་དཀྱིལ་ལྷ་རྣམས་སྒོམ། །སོ་སོའི་རྩ་སྔགས་བྲིས་པའི་གདགས་ཡིག་ཕུལ། །དཀྱིལ་འཁོར་ཆེན་པོའི་ངོ་བོར་སྒྲུབ་པ་ལ། །ཡེ་ཤེས་སྤྱན་དྲངས་བསྟིམ་ནས་མཆོད་པའི་རྗེས། །སྦྱངས་ཁྲུས་སྔོན་འགྲོའི་ག་བུར་དྲི་བཟང་གི། བྱུག་པ་ཕུལ་ལ་དར་དཀར་ཀ་རས་ཉིད། །དྲི་ཡིས་སྦགས་པས་དྲིལ་སྦྱངས་ལེགས་བཅས་ནས། །ཁ་དོག་སྣ་ལྔའི་དར་གྱིས་ལེགས་པར་བཀླུབས། །དབུ་རྒྱན་ལ་སོགས་ལྷ་ཡི་ཆས་གསོལ་ལ། །སྐུ་ཡི་ཉེར་སྤྱད་མ་ལུས་ལེགས་པར་བཀོད། །རྒྱ་ཆེ་སྣ་ལྔའི་མཆོད་པ་སྤྱན་སྔར་བསྟར། །བླ་མ་ཞི་བ་བདེ་གཤེགས་ཀུན་འདུས་ཀྱི། །དཀྱིལ་འཁོར་ཞལ་ཕྱེ་གདུང་མཆོད་འཕྲལ་དུ་བཙུགས། །དེ་ལས་ཞག་གསུམ་འདས་པའི་ཐོ་རེངས་དུས། །སྐུ་གདུང་ཡིད་བཞིན་ནོར་བུ་སྤྱན་དྲངས་ལ། །རང་དགོན་ཕྱིར་ཕེབས་གཟིམ་ཆུང་དབང་ཁང་དུ། །སླར་ཡང་སྦྱངས་ཁྲུས་སྔོན་དུ་འགྲོ་བ་ཡི། །དྲི་བཟང་ཕུར་མས་ལེགས་པར་གཏམས་བྱས་ཏེ། །ཟ་མ་ཏོག་ཏུ་བཞུགས་སུ་གསོལ་བ་ལ། །ལྷ་ཡི་ཆས་བཅས་རྒྱ་ཆེའི་མཆོད་པ་སོགས། །སྤྱན་སྔར་བསྟར་ལ་རྒྱལ་སྲས་སྐུ་མཆེད་གཉིས། །འདུས་སྡེའི་བགྲེས་གྲྭ་བཅུ་ཕྲག་གཉིས་བཅས་ནས། །ས་ཟླའི་བཅུའི་བར་གདུང་ཆོག་རྒྱས་པ་དང་། །རིག་འཛིན་འདུས་སྡེས་ན་རག་སྐོང་བཤགས་མཛད། །ཕྱི་དྲོ་གཟིམ་ཆུང་ཀུན་བཟང་ཕོ་བྲང་གི། མཐོང་ཁའི་ཐད་དུ་སེར་སྦྲེངས་དང་བཅས་ནས། །འདོ་ལིར་སྤྱན་དྲངས་རྒྱལ་སྲས་ཐུ་བོ་ཡིས། །ལས་སློབ་མཛད་ལ་གོང་གསལ་དཔོན་སློབ་ནས། །སྐུ་གདུང་ཞུགས་སུ་སྦྱོང་བའི་ཕྱག་ལེན་ནི། །ཕྲ་ཞིབ་མཛད་ལ་རྒྱ་ཆེའི་མཆོད་པ་ཕུལ། །དེ་ཚེ་དབུ་ཐོད་རིལ་པོ་ཐུགས་ཉིད་ཀྱང་། །ཞུགས་ཀྱིས་མ་གནོད་ཕྱི་རབས་གདུལ་བྱ་ཡི། །དད་པའི་རྟེན་དུ་བཞུགས་པའི་སྐལ་བཟང་ཐོབ། །དེ་ཡང་ཤར་ཕྱོགས་ཞི་བར་མནལ་དུས་དང་། །དགོན་གནས་སྐུ་གདུང་སྤྱན་འདྲེན་རྣམས་ཀྱི་དུས། །ནམ་མཁའི་དབྱིངས་ཀྱང་ཤིན་ཏུ་དྭངས་པ་ལ། །འཇའ་དཀར་ཀུ་ཤའི་ཆུན་པོ་བཀྲམ་འདྲ་དང་། །སྣ་ཚོགས་འཇའ་གུར་ཕུབ་དང་བརྐྱངས་པ་སོགས། །ངོ་མཚར་དགེ་བའི་མཚན་མ་མང་དུ་བྱུང་། །ཁྱད་པར་ཞུགས་འབུལ་དུས་དང་འབྲས་སྤྱི་སྡེའི། །རྩེ་ལས་ཤར་ཕྱོགས་ཁ་བལྟས་འཇའ་དཀར་དང་། །རྨ་བྱའི་མཇུག་སྒྲོ་བཀྲམ་འདྲའི་འཇའ་འོད་རིས། །བླ་བྲང་ཐད་དུ་ལྔ་ལྡན་གུར་ཕུབ་དང་། །འཇའ་དཀར་མདུང་ཚུགས་ཟུག་པ་ལ་སོགས་པའི། །ཀུན་གྱི་སྤྱོད་ཡུལ་ངོ་མཚར་ལྟས་བཟང་གྱུར། །སྐུ་ཚིགས་རྣམས་ལ་ཚོགས་སྡེ་ཡས་མས་སོགས། །ཕྱི་ནང་གྲ་ཡི་དགོན་སྡེ་ཆེ་ཕྲ་ཀུན། །སྤྱན་དྲངས་ཚ་གྲ་ཕྱག་འགྱེད་ལ་སོགས་པའི། །རྙེད་བཀུར་བསྟི་སྟང་དུ་མས་ལེགས་པར་མཆོད། །ཁྱད་པར་ས་ཟླའི་བཅོ་བརྒྱད་དངོས་གཞི་ལ། །ནང་དགོན་མ་བུར་བཅས་པར་ཚྭ་གྲ་འགྱེད། །ལྷག་པོར་སྤྱི་རྫས་སྦྱོར་འཇགས་གྲྭ་ཚང་དབུར། །པད་གླིང་གསུང་སྤྲུལ་ལྔ་པ་སྤྱན་དྲངས་ལ། །རྒྱ་ཆེའི་འབུལ་བ་ཟག་པར་བཅས་པ་ཉིད། །ཟག་མེད་བསྔོ་བས་ཟིན་པའི་བཀའ་དྲིན་བསྩལ། །དེ་ཡིས་རྗེས་འབྲེལ་རང་ཞབས་ལྷ་འབངས་དང་། །ཐར་གླིང་དགོན་ཞོལ་སྒོ་དུད་ཆེ་ཕྲ་ལ། །བཟའ་བཏུང་འབྲུ་འགྱེད་ལ་སོགས་རྒྱ་ཆེ་དང་། །གཞིས་བྱེས་ངན་སློང་བརྒྱ་ཕྲག་བརྒལ་བ་ལ། །སྦྱིན་པའི་ཕྱག་བརྐྱངས་དགའ་མགུས་ཚིམ་པར་མཛད། །གཞན་ཡང་པཎ་ཆེན་མཆོག་གི་སྤྲུལ་སྐུ་དང་། །རྒྱལ་ཚབ་དེ་མོ་ཧུ་ཐོག་ཐུ་ཡི་གཙོས། །ས་དགེ་རྙིང་འབྲུག་དཀར་འབྲི་བོ་དོལ་སོགས། །གྲུབ་མཐའ་རིས་མེད་བླ་མ་སློབ་དཔོན་ལ། །བཟང་ལ་སྤམས་མཐོའི་བསྔོ་རྟེན་གྱ་ནོམ་དང་། །དབུ་གཡོར་དྭགས་ཀོང་ལྷོ་དབུས་གཙང་སོགས་ཀྱི། །འདུས་སྡེ་ཕལ་མོ་ཆེ་ལ་མང་ཇ་འགྱེད། །ཚྭ་གྲ་ལ་སོགས་སྐབས་སུ་གང་འོས་དང་། །ལྷ་ས་བསམ་ཡས་ཁྲ་འབྲུག་ལ་སོགས་པའི། །གནས་ཆེན་ཁག་ལ་སྟོང་མཆོད་བརྒྱ་མཆོད་སོགས། །བསམ་མི་ཁྱབ་པའི་མཆོད་སྦྱིན་རྒྱ་ཆེར་སྤྲོས། །ནང་རྟེན་འདྲ་སྐུ་དགུང་ཞག་ཁོང་སྒྲུབ་ལ། །ལྷག་གནས་ཆོ་གས་དགེ་ཤིས་སྒྲུབ་པར་མཛད། །ཕྱི་རྟེན་དངུལ་གདུང་རྒྱུག་འདོམས་བཅུ་བདུན་གྱི། །སྐུ་ཚད་རྫོགས་པ་བཟོ་རྒྱུས་ཁྱད་འཕགས་དང་། །གསུང་རྟེན་ཤེར་ཕྱོགས་གསེར་ཆོས་པོད་ལ་སོགས། །ལོ་ཁོངས་ལེགས་པར་གྲུབ་པར་མཛད་པ་ལ། །རྒྱལ་སྲས་སྐུ་མཆེད་རིག་འཛིན་འདུས་པར་བཅས། །མྱོས་ལྡན་ས་ཡོས་དབོ་ཟླའི་ཚེས་བརྒྱད་ལ། །ལྷག་གནས་སྔོན་འགྲོའི་རབ་ཏུ་གནས་པར་མཛད། །དེ་འབྲེལ་རྒྱལ་སྲས་ཐུ་བོར་གྱུར་པ་གང་། །ཡབ་རྗེ་དམ་པའི་ཆོས་ཁྲིར་སྤྱན་དྲངས་ལ། །རྒྱལ་སྲས་ཨོ་ཊི་ཡ་ནའི་མཚན་ཅན་ནས། །ལུང་རིགས་དང་འབྲེལ་སྙན་འཇེབས་ལེགས་བཤད་ཀྱི། །སྟོང་ཐུན་སྔོན་འགྲོའི་བཀྲ་ཤིས་རྫས་བརྒྱད་སོགས། །མངའ་གསོལ་ཆོ་ག་རྒྱས་པར་བསྒྲུབས་པ་ལ། །སེམས་མེད་ནམ་མཁས་གྲགས་པའི་སྒྲ་དབྱངས་ལྡིར། །རང་ཞབས་ལྷ་འབངས་ཐར་གླིང་དགོན་ཞོལ་བས། །དགའ་སྐྱིད་བྲོ་གཞས་ཉམས་གླུ་ལེན་པ་སོགས། །ཕུན་སུམ་ཚོགས་པའི་རྟེན་འབྱུང་སྒོ་བརྒྱ་ཕྱེ། །སླད་འཆར་ལོ་ཟླའི་དུས་མཆོད་གཏན་ལ་ཕབ། །མདོར་ན་བགྱིས་དང་བགྱི་འགྱུར་བྱ་བ་ཀུན། །བསྟན་འགྲོར་ཕན་བདེ་སྤེལ་བར་དམིགས་གྱུར་ན། །རྗེ་འདིའི་ཐུགས་དགོངས་རྫོགས་པར་འགྱུར་བ་ཡིན། །དེ་ལྟར་རྒྱ་ཆེ་གནད་འགྲོའི་དགོངས་རྫོགས་རྣམས། །གཙོ་བོར་རྒྱལ་སྲས་སྐུ་མཆེད་གཉིས་ཀྱིས་གཙོས། །ཞལ་ངོ་སྐུ་འཁོར་མ་ལུས་ཕྱོགས་གཅིག་ཏུ། །ཐུགས་བསྐྱེད་དཀར་བའི་ནུས་མཐུས་བསྒྲུབས་པ་ལ། །གང་བཞེད་ཕྱག་རྩེར་སོན་པའང་མགོན་འདི་ཡི། །རྨད་བྱུང་ཐུགས་རྗེའི་མཐུ་དཔུང་ཡིན་པར་གོ།


previousཞིང་འདིའི་མཛད་པ་བསྡུས་ཏེ་སྐུ་ཞི་བར་གཤེགས་ཚུལ།next