Nitartha Digital Library
Tibetan
 
previousའཇུག་གི་དོན།next

འཇུག་གི་དོན།

སྨྲས་པ། འཁོར་དང་མྱང་འདས་ཆོས་སོ་ཅོག་མ་ལུས། །རང་བྱུང་རིག་པའི་རྩལ་དུ་ངེས་རྙེད་ནས། །བདེ་ཆེན་ཐར་ལམ་འདྲེན་པའི་དེད་དཔོན་ཡང་། །རང་སེམས་ལས་ཅི་དེ་ཕྱིར་སླར་ཡང་འདུད། །འདི་ནི་མཁས་འདོད་གྲགས་པའི་གཏམ་རྗེས་སུ། །སྙེགས་པར་བྱེད་པའི་དབང་གིས་བྲིས་མིན་ཏེ། །རྒྱུ་མཚན་གྲོང་ཚིག་རྐང་པར་བཅད་པ་ལ། །ངོ་མཚར་རྩིས་སུ་བྱེད་པ་བྱིས་པའི་བློ། །ཅི་སྟེ་བསྐལ་བའི་སངས་རྒྱས་མཆོད་པ་བས། །བླ་མའི་སྐུ་ཡི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིགས་པ་གཅིག་བྱུགས་བསོད་ནམས་ཀྱི། །ཕུལ་དུ་གྱུར་ན་མཛད་པའང་ཆ་ཤས་ཙམ། །བརྗོད་པའི་ཡོན་ཏན་ཚད་དུ་མེད་པ་རུ། །ངེས་པ་རྙེད་ནས་ཚུལ་འདི་བྲིས་པའོ། །ཀུན་རྟོག་སེམས་ཀྱི་འཆར་སྒོ་མ་འགགས་པར། །སྒྱུ་མའི་ཡོ་ལང་ངང་ཚུལ་དེར་དཔྱོད་པར། །རྒྱལ་དང་དེ་སྲས་རྣམས་ཀྱི་རྣམ་ཐར་ཡང་། །རྫོགས་པར་བརྗོད་ལ་ཚངས་པའང་ངལ་བར་གྱུར། །འོན་ཏང་སྐབས་སུ་བབ་པའི་མཛད་པ་ནི། །ཅུང་ཟད་བརྗོད་འདི་སྐུལ་བ་པོ་ཉིད་ཀྱི། །དགོངས་པ་སྐོང་དང་མཐའ་འཁོབ་དད་ཅན་གྱི། །མོས་དགེ་འཕེལ་ཕྱིར་བྲིས་ལ་ཀླན་ཀ་ཅི། །འདི་ཙམ་ཡོན་ཏན་སྤྲིན་གྱི་བ་གམ་ལས། །ཐུགས་རྗེའི་བྱིན་རླབས་ཆར་དུ་བསྙིལ་གྱུར་ནས། །མོས་ལྡན་འགྲོ་བའི་མྱུ་གུ་རྒྱས་བྱས་ཏེ། །དངོས་གྲུབ་འབྲས་བུའི་སྙེ་མ་གཡུར་ཟ་ཤོག །བཀྲ་ཤིས་དགའ་བ་འཁྱིལ་བའི་ལྡིང་ཁང་ནས། །བཀྲ་ཤིས་དགེ་ལེགས་སྟོང་གི་ཉིན་མོར་བྱེད། །བཀྲ་ཤིས་དད་པའི་འདབ་སྟོང་རྒྱས་བྱེད་པའི། །བཀྲ་ཤིས་སྣང་བས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་མཚན་བརྗོད་པར་དཀའ་བ་རྗེ་བཙུན་བླ་མ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས་བྱིས་པ་ཚུན་གྱིས་གོ་བདེའི་གྲོང་ཚིག་རྐང་པར་བཅད་པ་སྐལ་བཟང་གདུང་སེལ་ཞེས་བྱ་བ་འདི་ནི་མཚོ་ཁ་ནས་སྔོན་དུས་རང་དང་གྲྭ་ཐོག་གཅིག་ཅིང་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་མང་པོར་རྡོ་རྗེའི་སྤུན་དུ་གྱུར་པ་ཨ་མདོ་སྔགས་རམས་པ་འགྱུར་མེད་དམ་ཆོས་བཟང་པོས་ཚོས་ལྡན་ཁ་བཏགས་སྦབ་ཆ། རྒྱ་ཟམ་ཁ་དོག་ལྔ་ལྡན་ཡུག །ཌཱ་འཕན་ཁྱད་མཚར་བཅས་རྟེན་དུ་བྱས་ཏེ་རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་གང་འདིའི་སྐུ་ཚེའི་སྟོད་ཀྱི་མཛད་པའི་རྣམ་ཐར་ཤིན་ཏུ་རྒྱས་པ་ཞིག་ཡོད་འདུག་ཀྱང་འདི་ཕྱོགས་དཔེ་མི་འབྱོར་ཞིང་ཕྱོགས་མཐར་ཡང་སྤེལ་རེ་བྲལ་བ་ཙམ་དུ་མ་ཟད་ད་ལྟ་སྨད་ཆ་ཡང་མེད་སྐད་བཅས། ད་ལམ་ཁྱོད་ནས་ཤིན་ཏུ་གོ་བདེའི་མཛད་པ་རྫོགས་པ་དུམ་བུ་གཅིག་ཏུ་བྱས་པ་རྒྱས་བསྡུས་འཚམས་པ་ཞིག་བྲིས་ནས་བསྐུར་དགོས་ཚུལ་ལྟར་ལ་ཕྱོགས་འདིར་མཁས་བླུན་ཕལ་ཆེར་བཞད་གད་ཀྱི་རྒྱུ་ལས་གཟིགས་ཡུལ་དུ་འབབ་པ་ཞིག་ཅི་ལ་ཡོང་རུང་མཐའ་འཁོབ་ཡུལ་དུ་དད་ཅན་རྣམས་ཀྱི་གཟིགས་ངོར་ཆུད་པ་ཡོང་རེའི་ཤར་ཕྱོགས་འོལ་དགར་ཆིབས་སྒྱུར་ཡན་རྗེ་ཉིད་ཀྱི་ས་བོན་ཕྱག་བྲིས་སུ་བཏབ་པར་གཞི་བཅོལ། དེར་མ་འཁོད་པའི་མཐོང་ཐོས་ངེས་འདྲོངས་འགའ་ཞིག་གིས་ཟུར་བརྒྱན། དེ་མན་རང་ཉིད་ཀྱི་མིག་ལམ་དུ་གྱུར་ཅིང་བློར་ཡང་ངེས་པ་བཅས་རྗེ་བླ་མ་དེ་ཉིད་ཀྱི་དགོངས་པར་ཡང་ཚིགས་སུ་བཅད་པ་ཉུང་ངུ་ཞིག་བཞེད་པ་ལྟར་ལ་འདི་ཙམ་གྱིས་དགོངས་པ་ཡང་ཕྱོགས་ཙམ་རྫོགས་རེ་བཅས་ཁོ་བོ་སྤྲང་བཙུན་མངྒ་ལའི་མིང་ཅན་གྱིས་ཤིང་སྤྲེལ་ལོར་རྒྱལ་སྲས་ལྔ་རིག་པ་ཆེན་པོ་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་ཞལ་སྔ་ནས་མཁའ་སྤྱོད་བདེ་ཆེན་གླིང་དུ་གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་གསུམ་འདུས་ཀྱི་ཕྱི་ནང་གསང་བའི་བསྙེན་སྒྲུབ་ཟླ་དྲུག་མར་བཞུགས་སྐབས་ཉིན་གྱི་འཆར་བླ་བྲང་ཕྱོགས་སུ་རང་ཉིད་ངལ་བར་གྱུར་པ་བཅས་སྟོན་གསུམ་རྩི་བཅུད་འབྲས་བུ་སྨིན་པའི་དུས་ཀྱི་སྔ་དྲོ་རིམ་པར་རང་གི་ཤག་ཁུང་དུ་ཤར་མར་བྲིས་ནས་ཕྱོགས་དེར་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །འདིས་ཀྱང་བླ་མ་དམ་པའི་བྱིན་རླབས་གདུལ་བྱའི་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག། །།


previousའཇུག་གི་དོན།next