Nitartha Digital Library
Tibetan
 
previousགནས་དང་པོ་ཁམས་བསྟན་པའི་འགྲེལ་པ།next

གནས་དང་པོ་ཁམས་བསྟན་པའི་འགྲེལ་པ།

གཉིས་པ་གཞུང་གི་བརྗོད་དོན་ལ། ལུས་མདོར་བསྟན་དང་། ཡན་ལག་རྒྱས་བཤད་གཉིས་ལས། དང་པོ་ལ་གཉིས་སུ་བསྡུ་བ་དང་ཅུང་ཟད་བཤད་པ་གཉིས་ལས། དང་པོ་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་སྟེ། བསྟན་བཅོས་འདིའི་བརྗོད་བྱའི་གཙོ་བོ་ཐམས་ཅད་བསྡུ་ན་ཟག་བཅས་དང་ཟག་མེད་གཉིས་སུ་འདུས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ཅུང་ཟད་བཤད་པ་ནི། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །དེ་ལ་ནམ་མཁའ་མི་སྒྲིབ་པའོ། །སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་པ་སྟེ། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་ཡིན་ཏེ་རྒྱུ་མཚན་གང་གིས་ཕྱིར་ན་དམིགས་པ་དང་མཚུངས་ལྡན་ཅི་རིས་པའི་སྒོ་ནས་ཟག་པ་རྣམས་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར། འདིའི་སྐབས་ལམ་བདེན་ཡིན་ན་ཤེས་པ་ཡིན་མི་དགོས་ཏེ། ཟག་མེད་ཀྱི་སྡོམ་པ་དང་ལམ་བདེན་གྱི་ཐོབ་པ་ལམ་བདེན་ཡིན་ཞིང་ཟག་མེད་ཀྱི་སྡོམ་པ་གཟུགས་ཕུང་དང་། ལམ་བདེན་གྱི་ཐོབ་པ་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པའི་ཕྱིར། ལམ་བདེན་གྱི་ཐོབ་པ་ལམ་བདེན་ཡིན་ཏེ། དགེ་བའི་ཐོབ་པ་དགེ་བ་ཡིན་པའི་ཕྱིར་ཏེ། དགེ་ལ་སོགས་ཀྱི་དགེ་ལ་སོགས། །ཞེས་གསུངས་པའི་ཕྱིར། ཟག་མེད་སོགས་ལ་ལམ་བདེན་དང་འདུས་མ་བྱས་རྣམ་པ་གསུམ་ཟག་མེད་ཡིན་ཏེ། དམིགས་པ་དང་མཚུངས་ལྡན་ཅི་རིས་པའི་སྒོ་ནས་ཟག་པ་རྒྱས་པར་མི་འགྱུར་བའི་ཕྱིར། ནམ་མཁའ་སོགས་ལ་ནམ་མཁའ་དང་སོ་སོར་བརྟགས་འགོག་སོ་སོར་བརྟགས་མིན་གྱི་འགོག་པ་གསུམ་ཡོད་པ་ལས། འདུས་མ་བྱས་ནམ་མཁའ་ལ་མི་སྒྲིབ་པ་ཞེས་བྱ་སྟེ། རང་ཡོད་པའི་གཞིར་གཟུགས་ཅན་གཞན་འབྱུང་བ་ལ་གེགས་མི་བྱེད་པའི་བར་སྣང་སྟོང་པའི་ཆ་ཡིན་པའི་ཕྱིར། ཉན་ཐོས་འཕགས་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་འགོག་པ་སོ་སོར་བརྟགས་འགོག་ཡིན་ཏེ། ཟག་མེད་བར་ཆད་མེད་ལམ་གྱི་རང་གི་ངོ་སྐལ་གྱི་ཉོན་སྒྲིབ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། དེས་ན་སྡུག་བསྔལ་མཐོང་སྤང་སོགས་བཞི་སྤངས་པའི་སྤངས་པ་བཞི་པོ་རྫས་སོ་སོ་ཡིན་ཏེ། དེ་དག་ལྡན་པར་བྱེད་པའི་རྫས་དེ་དག་ཀྱང་སོ་སོ་ཡིན་པའི་ཕྱིར་ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་བྲལ་བ་ལས་གཞན་པའི་འགོག་པ་གང་ཡིན་པ་དེ་ལ་སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་བྱ་སྟེ། ཟག་མེད་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པ་མ་ཡིན་པར་རྒྱུ་མ་ཚང་བའི་དབང་གིས་རེ་ཞིག་ཡུལ་དེ་དང་དེ་འགགས་པའི་འགོག་པ་ཡིན་པའི་ཕྱིར།

གཉིས་པ། ཡན་ལག་རྒྱས་བཤད་ལ། ཐོས་བསམ་གྱིས་གཏན་ལ་ཕབ་བྱའི་ཡུལ། ཉམས་ལེན་གྱི་སྤྱོད་པ། འཐོབ་བྱའི་འབྲས་བུ་དང་གསུམ། དང་པོ་ལ། ཀུན་བྱང་ཐུན་མོང་དུ་གཏན་ལ་དབབ་པ་དང་། དེ་སོ་སོར་གཏན་ལ་དབབ་པ་གཉིས་ལས། དང་པོ་ལ། ཁམས་ཀྱི་གནས་དང་། དབང་པོའི་གནས་གཉིས། དང་པོ་ལ་འདུས་བྱས་སྤྱིའི་མཚན་ཉིད། ཆོས་གསུམ་གྱི་རྣམ་བཞག །ཁམས་ཀྱི་རྣམ་པའི་རབ་དབྱེ་དང་གསུམ། དང་པོ་ལ། དབྱེ་བ་དང་། མིང་གི་རྣམ་གྲངས་གཉིས། དང་པོ་ནི། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་པ་སྟེ། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་སུ་བཞག་པའི་འདུས་བྱས་དེ་གང་ཡིན་ཞེ་ན། སྤྱིར་འདུས་བྱས་ཀྱི་ཆོས་ལ་དབྱེ་ན་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་ཕུང་པོ་ལྔར་འདུས་ཏེ། དེ་དག་ལ་གཟུགས་ཅན་ཡིན་པ། གཙོ་སེམས་ཡིན་པ། སེམས་བྱུང་ཡིན་པ། ལྡན་མིན་འདུ་བྱེད་དང་བཞི་ཡོད་ལ། དང་པོ་གཟུགས་ཀྱི་ཕུང་པོར་འདུས། གཉིས་པ་ནི་རྣམ་ཤེས་ཀྱི་ཕུང་པོར་འདུས། གསུམ་པ་ལ་ཚོར་བ། འདུ་ཤེས། དེ་ལས་གཞན་པའི་སེམས་བྱུང་དང་གསུམ་ལས། དང་པོ་ཚོར་བའི་ཕུང་པོ། གཉིས་པ་འདུ་ཤེས་ཀྱི་ཕུང་པོ། གསུམ་པ་དང་ལྡན་མིན་འདུ་བྱེད་རྣམས་འདུ་བྱེད་ཀྱི་ཕུང་པོར་འདུས་སོ། །

གཉིས་པ་ལ། འདུས་བྱས་ཀྱི་མིང་གི་རྣམ་གྲངས་དང་། ཟག་བཅས་ཀྱི་དེ་གཉིས། དང་པོ་ནི། དེ་དག་ཉིད་དུས་གཏམ་ག །ཞི་དང་། །ངེས་པར་འབྱུང་བཅས་གཞི་དང་བཅས། །ཞེས་པ་སྟེ། འདུས་བྱས། དུས། གཏམ་གཞི། ངེས་པར་འབྱུང་བཅས། གཞི་དང་བཅས་པ་རྣམས་མིང་གི་གྲངས་སོ། །དེ་ཡང་དུས་གསུམ་འཇོག་པའི་གཞི་ཡིན་པའི་དུས། རྗོད་བྱེད་ཀྱི་སྒྲ་འཇུག་པའི་གཞི་ཡིན་པས་གཏམ་གཞི། མཐར་འདུས་བྱས་དོར་ནས་ལྷག་མེད་དུ་མྱ་ངན་ལས་འདའ་དགོས་པས་ངེས་པར་འབྱུང་བཅས། སྐྱེད་བྱེད་ཀྱི་རྒྱུ་ཡིན་པས་གཞི་དང་བཅས་པ་ཞེས་བྱའོ། །གཉིས་པ་ནི། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང་། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་པ་སྟེ། འདུས་བྱས་གང་དག་ཟག་པ་དང་བཅས་པ་ནི་ཉེར་ལེན་གྱི་ཕུང་པོའང་ཡིན་ཞིང་། མིང་གི་རྣམ་གྲངས་ལ། ཉེར་ལེན་གྱི་ཕུང་པོ། འཐབ་བཅས། སྡུག་བསྔལ། ཀུན་འབྱུང། འཇིག་རྟེན། ལྟ་གནས། ཡང་སྲིད་དང་བདུན། དེ་ལ་ཉེ་བར་ལེན་རྒྱུ་ནི་ཉོན་མོངས་པ་རྣམས་ཡིན་ལ་དེས་ན་ཟག་བཅས་ཀྱི་ཕུང་པོ་ལྔ་རང་གི་ཉེར་ལེན་ཉོན་མོངས་པ་ལས་བྱུང་བས་ཉེར་ལེན་གྱི་ཕུང་པོ་ཞེས་བྱ་སྟེ། ཉོན་མོངས་པ་དེ་དག་ལ་རག་ལུས་པའི་ཕྱིར། དཔེར་ན་རྒྱལ་པོ་ལ་རག་ལས་པའི་མི་ལ་རྒྱལ་པོའི་མི་ཞེས་བརྗོད་པ་བཞིན་ནོ། །ཟག་བཅས་ཀྱི་ཕུང་པོ་དེ་དག་ལ་འཐབ་བཅས་ཞེས་བྱ་སྟེ། དེ་ལ་བརྟེན་ནས་ལུས་ངག་གི་འཐབ་མོ་རྣམས་འབྱུང་བའི་ཕྱིར། དེ་དག་ལ་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་གསུམ་ཅི་རིགས་པ་དང་ལྡན་པའི་ཕྱིར། ཀུན་འབྱུང་ཞེས་བྱ་སྟེ། སྡུག་བསྔལ་ཕྱི་མ་སྐྱེད་བྱེད་ཡིན་པའི་ཕྱིར། འཇིག་རྟེན་ཞེས་བྱ་སྟེ། རྒྱུ་ལས་ཉོན་ལ་བརྟེན་ནས་འཇིག་པའི་ཆོས་ཡིན་པའི་ཕྱིར། ལྟ་གནས་ཞེས་བྱ་སྟེ་ལྟ་བ་ངན་པ་འབྱུང་བའི་གནས་ཡིན་པའི་ཕྱིར། ཡང་སྲིད་ཅེས་བྱ་སྟེ། ཡང་སྲིད་ཕྱི་མ་ཡང་ཡང་དུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །

གཉིས་པ་ཆོས་གསུམ་གྱི་རྣམ་བཞག་ལ། ཆོས་གསུམ་སོ་སོའི་རང་བཞིན། ཆོས་གསུམ་གྱི་ཁྱད་ཆོས། ཆོས་གསུམ་གཞན་གྱིས་བསྡུ་ཚུལ་དང་གསུམ། དང་པོ་ལ། གཟུགས་ཅན་གྱིས་བསྡུས་པའི་ཆོས་གསུམ། གཟུགས་སེམས་གཉིས་ལས་གཞན་པས་བསྡུས་པའི་ཆོས་གསུམ། སེམས་ཀྱིས་བསྡུས་པའི་ཆོས་གསུམ་མོ། །དང་པོ་ལ། གཟུགས་ཕུང་གི་རང་བཞིན་དང་། དེ་ལས་ཕྱུང་སྟེ་ཁམས་དང་སྐྱེ་མཆེད་དུ་འཇོག་ཚུལ་གཉིས། དང་པོ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པ་སྟེ། དབང་པོ་ལྔ། དོན་ལྔ། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་བཅུ་གཅིག་པོ་འདི་བློའི་ཡུལ་དུ་དུ་མ་སྤུངས་བ་ལྟར་སྣང་བའི་ཕྱིར་ན་གཟུགས་ཕུང་ངོ་། །གཉིས་པ་ལ། དབང་པོ་ལྔ། དོན་ལྔ། རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་དང་གསུམ། དང་པོ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སྩོགས་གཟུགས་དང་བ་རྣམས། །ཞེས་པ་སྟེ། རང་འབྲས་གཟུགས་འཛིན་པའི་མིག་གི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་དང་བ་ལ་མིག་དབང་དུ་འཇོག་གོ །དེས་དབང་པོ་ཕྱི་མ་བཞི་ལ་རིགས་འགྲེ། གཉིས་པ་ནི། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པ་སྟེ། གཟུགས་འཛིན་པའི་མིག་ཤེས་ཀྱི་ཡུལ་གྱི་གཙོ་བོར་གྱུར་པའི་ཕྱིའི་སྐྱེ་མཆེད་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་དུ་འཇོག །དེ་ལ་དབྱེ་ན། ཁ་དོག་དང་། དབྱིབས་ཀྱི་གཟུགས་གཉིས། དང་པོ་ལ། རྩ་བའི་བཞི། ཡན་ལག་གི་ཁ་དོག་བརྒྱད་དེ་བཅུ་གཉིས་སོ། །གཉིས་པ་དབྱིབས་ཀྱི་གཟུགས་ལ་བརྒྱད་དེ་ཉི་ཤུའོ། །རྩ་བའི་ཁ་དོག་ལ་སྔོན་པོ་ལ་སོགས་པ་བཞི། ཡན་ལག་གི་ཁ་དོག་བརྒྱད་ནི། སྤྲིན་དང་། དུ་བ། རྡུལ། ཁུག་སྣ། སྣང་བ་དང་མུན་པ། ཉི་མ་དང་གྲིབ་མ་སྟེ་བརྒྱད་དོ། །དོན་ཕྱི་མ་བཞི་ལ་མཚན་ཉིད་རིགས་འགྲེ། སྒྲ་ལ་དབྱེ་ན་བརྒྱད་ཡོད་དེ། རྩ་བའི་སྒོ་ནས་སེམས་ཀྱིས་ཟིན་མ་ཟིན་གཉིས། དེ་རེ་རེ་ལའང་བརྗོད་བྱ་སྟོན་མི་སྟོན་གཉིས། དེ་རེ་རེ་ལ་ཡང་སྙན་མི་སྙན་གཉིས་གཉིས་ཡོད་པའི་ཕྱིར། རོ་ལ་དབྱེ་ན་རྣམ་པ་དྲུག་ཡོད་དེ། མངར་བ། སྐྱུར་བ། ཁ་བ། སྐ་བ། ཚ་བ། ལན་ཚྭ་བ་དང་དྲུག་ཡོད་པའི་ཕྱིར། འགའ་ཞིག་ཏུ་རོ་བརྒྱ་ཞེས་བཤད་པ་ནི། རོ་བརྒྱ་དང་བརྒྱད་དུ་ཡོད་དེ། རྩ་བའི་སྒོ་ནས་མངར་བའི་མངར་བ་སོགས་དྲུག་དྲུག་ཏུ་ཕྱེ་བས་སུམ་ཅུ་སོ་དྲུག་ཏུ་ཡོད་ཅིང་། སུམ་ཅུ་སོ་དྲུག་པོ་རེ་རེ་ལ་ལྕེ་དབང་གིས་མྱོང་བའི་ཚེ་ལྕེ་ཤེས་ལ་ཕན་འདོགས་པའི་རོ། །འཇུ་བ་ལ་མངོན་དུ་ཕྱོགས་པའི་ཚེ་ལུས་ལ་མི་གནོད་པའི་རོ། །ཞུ་བའི་ཚེ་ལུས་སེམས་ལ་ཕན་འདོགས་པའི་རོ་སྟེ་གསུམ་གསུམ་དུ་ཕྱེ་བས་བརྒྱ་དང་བརྒྱད་དོ། །སྨན་གཞུང་དུ་རོ་རེ་རེ་ལ་རབ་འབྲིང་ཐ་གསུམ་དུ་ཕྱེ་བས་བརྒྱ་དང་བརྒྱད་དུ་བཤད་ཀྱང་མི་འཐད་དེ། ཟས་གཅིག་ལ་རོ་བརྒྱ་དང་བརྒྱད་ཚང་བ་མི་སྲིད་པའི་ཕྱིར་རོ། །དྲི་ཞིམ་མི་ཞིམ་གཉིས་དེ་རེ་རེ་ལ་མཉམ་མི་མཉམ་གཉིས་ཏེ་བཞི་ཡོད་དོ། །རེག་བྱ་ལ་དབྱེ་ན་བཅུ་གཅིག་སྟེ། འབྱུང་བ་བཞིའི་རེག་བྱ་བཞི་དང་འབྱུང་འགྱུར་གྱི་རེག་བྱ་བདུན་རྣམས་སུ་ཡོད་པའི་ཕྱིར། ཕྱི་མ་བདུན་ནི། འཇམ་རྩུབ། ལྕི་ཡང་། བཀྲེས་སྐོམ། གྲང་བ་དང་བདུན་ནོ། །གསུམ་པ་ལ། ངོ་བོ་དང་། ཞར་འབྱུང་གཉིས། དང་པོ་ནི། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་པ་སྟེ། ཁྱད་ཆོས་བཞི་ལྡན་གྱི་གཏན་མེད་ཐོགས་མེད་ཀྱི་གཟུགས་ལ་རིག་བྱེད་མ་ཡིན་པའི་གཟུགས་སུ་འཇོག་སྟེ། ཁྱད་ཆོས་བཞི་ནི། གནས་སྐབས་ཀྱི། ངོ་བོའི། རྒྱུན་གྱི། རྒྱུའི་ཁྱད་ཆོས་དང་བཞི། དང་པོ་ནི་། མ་ཡེངས་སེམས་བཅས་ཀྱི་སྐབས་སུ་འབྱུང་བ་མ་ཟད། སེམས་གཡེངས་པ་དང་། སེམས་མེད་པའི་སྐབས་སུའང་འབྱུང་ངོ་། །གཉིས་པ་ནི། དགེ་མི་དགེ་གང་རུང་གིས་བསྡུས་པ། གསུམ་པ་ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྗེས་སུ་འབྲེལ་བའི་རྒྱུན་དང་བཅས་པའོ། །བཞི་བ་ནི། འབྱུང་བ་ཆེན་པོ་བཞི་རྣམས་རྒྱུར་བྱས་པའི་འབྲས་གཟུགས་ཡིན་པས་སོ། །འདིར་ཁ་ཅིག་སོ་སོར་ཐར་པའི་སྡོམ་པ་ནི་རིག་བྱེད་མ་ཡིན་པའི་གཟུགས་གཙོ་ཆེ་ཞིང་། རིག་བྱེད་ཀྱི་གཟུགས་ཀྱི་ངོ་བོར་གྱུར་པའི་སོ་ཐར་གྱི་སྡོམ་པ་དང་གཉིས་ཀ་ཡོད་དེ། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་དང་། འཆལ་བའི་ཚུལ་ཁྲིམས་མི་དགེ་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་པའི་ཕྱེར་ཞེ་ན། དེ་ནི་ཤིན་ཏུ་མི་འཐད་དེ། རང་འགྲེལ་དུ། རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་སོ་སོར་ཐར་པའི་སྡོམ་པ་ཡང་མེད་པར་འགྱུར་ཏེ། ཞེས་པ་དང་འགལ། གལ་ཏེ། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་པའི་འགྲེལ་པར། སྡོམ་པ་ཡང་དག་པ་བླངས་པའི་རྣམ་པར་རིག་བྱེད་དང་། ཞེས་སོགས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་གསུངས་མོད་དེས་ནི་རིག་བྱེད་མ་ཡིན་པའི་གཟུགས་སྐད་ཅིག་མ་དང་པོ་ནི་སོ་སོར་ཐར་པ་དང་། དེའི་སྡོམ་པ་གཉིས་ཀ་དང་། དེའི་སྐད་ཅིག་མ་གཉིས་པ་ཕན་ཆད་ནི་སྡོམ་པ་ཁོ་ན་དང་། རིག་བྱེད་ཀྱི་གཟུགས་སྐད་ཅིག་མ་དང་པོ་ནི་སོ་སོ་ཐར་པ་ཁོ་ན་དང་། དེའི་སྐད་ཅིག་མ་གཉིས་པ་སོགས་ནི་གཉིས་ཀ་མ་ཡིན་ནོ་ཞེས་རིག་བྱེད་དང་རིག་བྱེད་མ་ཡིན་པས་བསྡུས་པའི་ཚུལ་ཁྲིམས་ལ་སོ་ཐར་དང་སྡོམ་པའི་མུ་བཞི་བཤད་པ་ཡིན་གྱི། རིག་བྱེད་ཀྱི་གཟུགས་དང་སྡོམ་པའི་གཞི་མཐུན་ཡོད་པར་སྟོན་པ་ནི་མ་ཡིན་ནོ། །ཡང་གལ་ཏེེ་དགེ་བ་བདུན་རྣམ་གཉིས་ཞེས་པའི་རང་འགྲེལ་དུ་ཡང་དག་པར་བླངས་པ་ལ་འབྱུང་བའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལས་པའི་ཕྱིར། ལས་ཀྱི་ལམ་གཟུགས་ཅན་བདུན་ནི། གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་དོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེའི་དོན་ནི་ལུས་ངག་གི་དགེ་བ་བདུན་པོའི་ངོ་བོར་གྱུར་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ལས་ལམ་གྱི་དངོས་གཞིའི་དུས་སུ་ཡོད་པར་བཤད་ཀྱང་། དེ་དུས་ཀྱི་རིག་བྱེད་དེ་ལས་ལམ་གྱི་དངོས་གཞིས་བསྡུས་པར་མི་འཆད་པའི་ཕྱིར་རོ། །གཉིས་པ་ནི། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་རྣམས། །འཛིན་པ་ལ་སོགས་ལས་སུ་གྲུབ། །སྲ་ཤེར་དྲོ་ཉིིད་གཡོ་བ་རྣམས། །འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །ཞེས་པ་སྟེ། དེ་ལ་འབྱུང་བའི་དབྱེ་བ། བྱེད་ལས། ངོ་བོ། འཕྲོས་པའི་དོགས་དཔྱོད་དང་བཞི། དང་པོ་ནི། སའི། ཆུའི། མེའི། རླུང་གི་ཁམས་དང་བཞིའོ། །གཉིས་པ་ནི། སས་འཛིན་པར་བྱེད། ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་རྒྱས་པར་བྱེད་དོ། །གསུམ་པ་ནི། སྲ་ཞིང་འཐས་པ་སའི། བརླན་ཞིང་གཤེར་བ་ཆུའི། ཚ་ཞིང་སྲེག་པ་མེའི། ཡང་ཞིང་གཡོ་བ་རླུང་གི་ཁམས་ཀྱི་མཚན་ཉིད་དོ། །བཞི་པ་ནི། ས་ལ་སོགས་པ་དང་། སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཁྱད་པར་ཡོད་དེ་འཇིག་རྟེན་གྱི་ཐ་སྙད་དུ་འབྱུང་བཞིའི་ཁ་དོག་དང་དབྱིབས་ལ་འབྱུང་བཞིར་བརྗོད་པའི་ཕྱིར། དེ་ཡིན་ཏེ་ས་སེར་པོ་གྲུ་བཞི། ཆུ་དཀར་པོ་ཟླུམ་པོ། མེ་དམར་པོ་གྲུ་གསུམ་ཞེས་བརྗོད་ཅིང་། རླུང་གི་ཚོགས་ཇི་སྙེད་པ་ནི་རླུང་གི་ཁམས་ཉིད་ཡིན་ཞིང་། འབྱུང་བ་སྔ་མ་གསུམ་པོ་དེ་དང་འདྲ་བར་རླུང་སྔོན་པོ་དང་། ཟླུམ་པོ་ཞེས་བརྗོད་པའང་ཡོད་པའི་ཕྱིར་རོ། །

གཉིས་པ་དེ་ལས་ཕྱུང་སྟེ་ཁམས་དང་སྐྱེ་མཆེད་དུ་འཇོག་ཚུལ་ནི། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། །ཅེས་པ་སྟེ། དབང་དོན་བཅུ་པོ་དེ་དག་ཁོ་ན་ལ་ཁམས་དང་སྐྱེ་མཆེད་དུ་འཇོག་པའི་ཚེ་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་དེའི་ཁམས་བཅུར་འདོད་པའོ། །འདིར་ཁོ་ན་ཞེས་པས་རིག་བྱེད་མ་ཡིན་པའི་གཟུགས་དེ་གཉིས་ཡིན་པ་བཀག་པའི་དོན་ནོ། །མཛོད་པ་ལྟར་ན་མིག་གི་སྐྱེ་མཆེད། མིག་གི་ཁམས། མིག་དབང་གསུམ་དོན་གཅིག་ཏུ་འདོད། ཀུན་ལས་བཏུས་པ་ལྟར་ན། མིག་དང་མིག་གི་ཁམས་ལ་མུ་བཞིར་འདོད་དེ། དང་པོ་ཡིན་ལ་གཉིས་པ་མིན་པའི་མུ། གཉིས་པ་ཡིན་ལ་དང་པོ་མིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་མུ་དང་བཞི། དང་པོ་ནི། ལྷག་མེད་དུ་མྱ་ངན་ལས་འདའ་ཁ་མའི་དགྲ་བཅོམ་པའི་མིག་དབང་ལྟ་བུ། གཉིས་པ་ནི་མིག་གི་ས་བོན་ལྟ་བུ། གསུམ་པ་ནི་རྟེན་བཅས་ཀྱི་མིག་དབང་ལྟ་བུ། བཞི་པ་ནི་དེར་མཚུངས་ཀྱི་མིག་དབང་ལྟ་བུའོ་ཞེས་བཤད་དོ། །

གཉིས་པ་གཟུགས་སེམས་གཉིས་ལས་གཞན་པས་བསྡུས་པའི་ཆོས་གསུམ་ནི། ངོ་བོ་དང་། དེ་ལས་ཁམས་དང་སྐྱེ་མཆེད་དུ་འཇོག་འཚུལ་གཉིས། དང་པོ་ནི། ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་པ་སྟེ། རང་སྟོབས་ཀྱིས་ཉམས་སུ་མྱོང་བའི་སེམས་བྱུང་ཚོར་བའི་མཚན་ཉིད། དབྱེ་ན་ཚོར་བ་བདེ་བ་སོགས་ལྔ། རང་སྟོབས་ཀྱིས་ཡུལ་གྱི་སྤུ་རིས་མཚན་མ་མི་འདྲ་བ་འཛིན་པའི་སེམས་བྱུང་འདུ་ཤེས་ཀྱི་མཚན་ཉིད། དབྱེ་ན། རྟོག་བཅས། རྟོག་མེད་གཉིས། ཕུང་པོ་གཞན་བཞི་ལས་དོན་གཞན་དུ་གྱུར་པའི་འདུས་བྱས་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད། དབྱེ་ན། མཚུངས་ལྡན་འདུ་བྱེད་དང། ལྡན་མིན་འདུ་བྱེད་གཉིས་སོ། །

གཉིས་པ་ནི། དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་པ་སྟེ། གཟུགས་སེམས་གཉིས་ལས་གཞན་པའི་ཆོས་གཏན་ལ་ཕབ་པས་ཆོས་ཀྱི་སྐྱེ་མཆེད་དང་དེའི་ཁམས་ཀྱང་གཏན་ལ་ཕབ་པར་འགྱུར་ཏེ། དེ་གསུམ་རྣམ་པར་རིག་བྱེད་མིན་པའི་གཟུགས། འདུས་མ་བྱས་དང་བཅས་པ་རྣམས་སྐྱེ་མཆེད་དང་ཁམས་སུ་འཇོག་པའི་ཚེ་ཆོས་ཀྱི་སྐྱེ་མཆེད་དང། དེའི་ཁམས་སུ་འཇོག་ཅེས་བྱ་བའི་དོན་ནོ། །

གསུམ་པ་སེམས་ཀྱིས་བསྡུས་པའི་ཆོས་གསུམ་ལ། ཆོས་གསུམ་གྱི་རང་བཞིན། ཆོས་གསུམ་གྱི་གཙོ་བོ་ངོས་བཟུང་། ཞར་ལ་ཁམས་ཀྱི་གྲངས་ངེས་ལ་རྩོད་པ་སྤངས་པ་དང་གསུམ། དང་པོ་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །དྲུག་པའི་རྟེན་ནི་རབ་སྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཅེས་པ་སྟེ། རྣམ་ཤེས་ཚོགས་དྲུག་ནི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པའི་གཙོ་སེམས་ཡིན་ཞིང་། ཡིད་ཀྱི་སྐྱེ་མཆེད་ཀྱང་དྲུག་པོ་དེ་ཉིད་ཡིན་ཏེ། དེ་ཚོགས་དྲུག་ལས་གཞན་མ་ཡིན་པའི་ཕྱིར། ཁམས་བཅོ་བརྒྱད་དུ་འཇོག་པའི་ཚེ། རྣམ་ཤེས་ཀྱི་ཁམས་བདུན་དུའང་འདོད་དེ། ཚོགས་དྲུག་གི་ཁམས་དང་ཡིད་ཁམས་ཏེ་བདུན་ཡོད་པའི་ཕྱིར། ཡིད་ཁམས་དེ་ཚོགས་དྲུག་ལས་དོན་གཞན་མ་ཡིན་ཡང་རང་གི་བདག་འབྲས་ཀྱི་དུས་ན་འདས་མ་ཐག་པའི་རྣམ་ཤེས་ཚོགས་དྲུག་གང་ཡིན་པ་དེ་ཡིད་ཁམས་ཡིན་པའི་ཕྱིར། ཡིད་ཁམས་དེ་ཚོགས་དྲུག་ལས་ལོགས་སུ་སྨོས་པ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྟེན་ནི་རབ་ཏུ་སྒྲུབ་པའི་ཆེད་ཡིན་པས་སོ། །ཁམས་ལ་ལྡོག་པའི་སྒོ་ནས་བཅོ་བརྒྱད་དུ་གྲངས་ངེས་པ་ཡིན་ཏེ། བདག་རྐྱེན་དབང་པོའི་ཁམས་དྲུག །དམིགས་པ་ཡུལ་གྱི་ཁམས་དྲུག །འབྲས་བུ་རྣམ་ཤེས་ཀྱི་ཁམས་རྣམས་སུ་ཡོད་པའི་ཕྱིར། རྫས་ཀྱི་སྒོ་ནས་བཅུ་གཉིས་སུ་འདུས་ཏེ། ཚོགས་དྲུག་ཡིད་ཁམས་སུ་འདུས་པའི་ཕྱིར། ཅུང་ཟད་ཕྱེ་ན་བཅུ་བདུན་དུ་ཡོད་དེ། ཡིད་ཁམས་ཚོགས་དྲུག་ལས་དོན་གཞན་དུ་མེད་པའི་ཕྱིར་རོ། །དེ་ཡང་ཁམས་ཞེས་པའི་དོན་ནི། ལེགས་སྦྱར་ཀྱི་སྐད་དུ་དྷཱ་དྷུ་ཞེས་འབྱུང་ལ། དེ་སྐད་བཅད་དང་བསྟུན་ན་འཕགས་ལམ་སོགས་སངས་རྒྱས་ཀྱི་གནས་སྐབས་སུ་དབྱིངས་ཞེས་འབྱུང་ལ། འཁོར་བའི་གནས་སྐབས་སུ་ཁམས་ཞེས་འབྱུང་། དེ་ཡང་ཡུལ་དང་ཤེས་པ་རྐྱེན་སོགས་མང་ཞིང་རྒྱ་ཆེ་ལ་སོ་སོའི་ཆ་མི་འདོར་བས་ཁམས་ཞེས་པའི་དོན་ཡིན། སྔ་མའི་ཆ་ལས་ཕྱི་མའི་ཤེས་པ་སྐྱེ་བས་སྐྱེ་མཆེད་ཅེས་བྱ་བའང་ཡིན་པས་སོ། །དེ་ཡང་གཞན་རྣམས་གོ་སླ་ལ། ཚོགས་དྲུག་ཅེར་གྱིས་ངོས་འཛིན་ན། མིག་ཤེས་ནི་གཟུགས་ལ་རིག །རྟོག་པར་མ་སྐྱེས། རྣམ་པ་ཤེས་པའི་ཆ་ཅན་ནོ། །དེ་བཞིན་དུ་རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལུས་ཀྱིས་རེག་བྱ་རྣམས་ཡུལ་དུ་རིག །རྟོག་པར་མ་སྐྱེས། རྣམ་པ་ཤེས་པའི་ཆ་ཅན་ནོ། །སྒོ་ལྔའི་སྣང་ཡུལ་ལས་སྐྱེས་སམ། དེའི་རྣམ་པ་འདྲ་བ་ཇི་ཞིག་ལྟར་ལམ་གྱིས་ཤར་བ་ནི་ཆོས་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པའང་ཡིན་ནོ། །དེའང་ཡུལ་གྱི་ཆ་ནས་ཆོས་ཡིན་ལ། དེ་རིག་ལ་རྣམ་པར་ཤར་བའི་ཆ་ནས་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ཡང་ལུང་ལས། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་དོན་སྔ་མའི་ཡུལ་གྱི་རྗེས་སུ་ཇི་ཞིག་ལྟར་སྐྱེ་བའམ། མངོན་དུ་མ་གྱུར་པའི་ཡུལ་འཇལ་བའི་ཤེས་པ་སྟེ། ཡུལ་ཡང་ཡིན་ལ། རྣམ་པར་ཤེས་པའང་ཡིན་ནོ། །ཞེས་སོ། །ཡིད་ཁམས་ནི་གོང་དུ་སྨོས་པ་ལྟར་ཚོགས་དྲུག་རང་རང་གི་བདག་འབྲས་ཀྱི་དུས་ན་འདས་མ་ཐག་པའི་རྣམ་ཤེས་ཚོགས་དྲུག་གང་ཡིན་པ་སྟེ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་སོ། །ཐེག་ཆེན་ལྟར་ན། དཔེར་ན་གཟུགས་ལྟ་བུའི་ཚེ། དྭངས་གསལ་ཡུལ་ལ་འཛིན་མེད་དུ་གནས་པ་ཀུན་གཞིའི་ཤེས་པ་དང་། གཟུགས་མཐོང་བའི་རྣམ་པ་ཤེས་པ་ལ་ཤར་བ་མིག་གི་རྣམ་ཤེས་གཉིས་པོ་བཞག་པ་ལ་འགགས་ཞེས་བཏགས་ནས། གཟུགས་སོ་སྙམ་དུ་སྐད་ཅིག་ལ་ཤར་བའི་ཆ་ལ་ཡིད་དམ་སེམས་ཞེས་བྱ། དེ་ཉིད་འཇུག་པ་མྱུར་བས་ཞིབ་མོར་མི་རྟོག་པས་མི་རྟོག་པ་དང་ཡུལ་དང་པོར་རིག་པས་གཟུང་བའི་རྟོག་པ་དང་། དེའི་རྗེས་ལས་སྐྱེས་ཀྱི་དཔྱོད་པ་ཞིབ་མོ་ཐམས་ཅད་ནི་འཛིན་རྟོག་ཏུ་བཤད་དོ། །དེ་ཡང་བློ་བརྟན་གྱི་མདོ་སྡེ་རྒྱན་འགྲེལ་ལས། ཡིད་དང་མིག་ལ་སོགས་པའི་དབང་པོ་ལྔ་ནི་ལས་ཀྱི་སྒོར་གྱུར་པས་འཇུག་པའི་རྟེན་ཅན་ནོ། །དགེ་མི་དགེ་བར་མར་སེམས་པའི་ཡིད་ནི་བྱེད་པ་པོའོ། །གཟུགས་ལ་སོགས་པའི་ཡུལ་དྲུག་ནི་བྱ་བའོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་གོ་འབྱེད་པའོ། །ཀུན་གཞི་ནི་རྟེན་དང་གནས་དང་ཁང་ཁྱིམ་ལྟ་བུའོ། །

གཉིས་པ་ཆོས་གསུམ་གྱི་གཙོ་བོ་ངོས་གཟུང་བ་ནི། ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཞེས་པ་སྟེ། གཟུགས་ཕུང་། ཡིད་ཀྱི་སྐྱེ་མཆེད། ཆོས་ཁམས་གསུམ་པོ་དེ་ཆོས་གསུམ་གྱི་གཙོ་བོ་ཡིན་ཏེ། དེ་གསུམ་གྱིས་ཆོས་ཐམས་ཅད་བསྡུས་པའི་ཕྱིར། ཆོས་ཐམས་ཅད་བསྡུ་ན་གཟུགས། སེམས། དེ་གཉིས་ལས་གཞན་པའི་ཆོས་དང་གསུམ་དུ་འདུས་ཏེ། དང་པོ་གཟུགས་ཕུང་གིས། གཉིས་པ་ཡིད་ཀྱི་སྐྱེ་མཆེད་ཀྱིས། གསུམ་པ་ཆོས་ཁམས་ཀྱིས་བསྡུས་པའི་ཕྱིར། དེ་ཡང་རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུས་ཏེ། དེ་ལས་གཞན་པའི་ཆོས་དེའི་སྡུད་བྱེད་ཀྱི་དངོས་པོར་མི་ལྡན་པའི་ཕྱིར། དེས་ཕྱི་མ་གཉིས་ལའང་འགྲེ།

གསུམ་པ་ཁམས་ཀྱི་གྲངས་ངེས་ལ་རྩོད་སྤང་ནི། མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །མཛེས་བྱའི་ཕྱིར་ན་གཉིས་འབྱུང་ངོ་། །ཞེས་པ་སྟེ། ཁམས་ལ་བཅོ་བརྒྱད་དུ་གྲངས་ངེས་པ་མི་འཐད་དེ། མིག་ལ་གཡས་གཡོན་གྱི་ཁམས་གཉིས། རྣ་བ་ལའང་དེ་གཉིས་ཡོད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ་མིག་གཡས་གཡོན་གཉིས་མིག་ཏུ་རིགས་གཅིག་པ་དང་། སྤྱོད་ཡུལ་གཟུགས་ལ་དམིགས་པ་དང་། འབྲས་བུ་རྣམ་ཤེས་བསྐྱེད་པ་འདྲ་བའི་རྒྱུ་མཚན་གྱིས་ཁམས་གཅིག་ཏུ་བཞག་པའོ། །འོན་ཀྱང་གཉིས་འབྱུང་བའི་རྒྱུ་མཚན་རྟེན་མཛེས་པར་བྱ་བའི་ཕྱིར་གཉིས་བྱུང་བའོ། །

གཉིས་པ་ཆོས་གསུམ་གྱི་ཁྱད་ཆོས་ལ། དེ་གསུམ་གྱི་སྒྲ་དོན། དེ་གསུམ་གསུངས་པའི་དགོས་པ། དེ་གསུམ་གྱི་གོ་རིམ་དང་གསུམ། དང་པོ་ནི། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་པ་སྟེ། བློ་ཡུལ་དུ་དུ་མ་སྤུངས་པ་ལྟ་བུར་སྣང་བས་ཕུང་པོ་ལྔ། རྣམ་ཤེས་སྐྱེ་ཞིང་དེ་མཆེད་པར་བྱེད་པས་སྐྱེ་མཆེད་བཅུ་གཉིས། འབྲས་བུ་འབྱུང་བའི་རྒྱུའམ་རིགས་ཡིན་པས་ཁམས་བཅོ་བརྒྱད་ཅེས་བྱའོ། །

གཉིས་པ་ལ་དགོས་པ་དངོས་དང་། དོགས་དཔྱོད་གཉིས། དང་པོ་ནི། རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །ཞེས་པ་སྟེ། སེམས་བྱུང་ལ་རིལ་པོ་གཅིག་ཏུ། གཟུགས་ཅན་ལ་རིལ་པོ་གཅིག་ཏུ། གཟུགས་སེམས་གཉིས་ཀ་ལ་རིལ་པོ་གཅིག་ཏུ་རྨོངས་པ་ལྡོག་པའི་ཆེད་དུའོ། །ཡང་ན་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་ཆེད་དང། ཡང་ན་ཚིག་བསྡུས་པ། འབྲིང་། རྒྱས་པ་འདོད་པ་གསུམ་གྱི་ཆེད་དུའོ། །གཉིས་པ་ནི། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །ཅེས་པ་སྟེ་སེམས་བྱུང་གི་ནང་ནས་ཚོར་འདུ་གཉིས་ཕུང་པོ་ལོགས་སུ་འཇོག་པ་ནི་དེ་གཉིས་རྩོད་པའི་རྩ་བར་གྱུར་པས་འཁོར་བའི་རྒྱུ་བྱེད་པའི་ཕྱིར་དང་། འོག་ནས་འབྱུང་བའི་ཕུང་པོའི་གོ་རིམ་འགྲུབ་པའི་རྒྱུ་མཚན་གྱིས་སོ། །འདུས་མ་བྱས་ཕུང་པོར་མ་བཤད་པ་ནི་དུ་མ་སྤུངས་པའི་དོན་དུ་མི་རུང་བའི་ཕྱིར་རོ། །

གསུམ་པ་གོ་རིམ་ལ། ཕུང་པོའི་གོ་རིམ། ཁམས་དང་སྐྱེ་མཆེད་ཀྱི་གོ་རིམ། ཞར་བྱུང་དང་གསུམ། དང་པོ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་འདོད་ཁམས་ཇི་བཞིན་ནོ། །ཞེས་པ་སྟེ། ཕུང་ལྔའི་གོ་རིམ་འདི་རགས་པ་དང་པོར་བསྟན་ནས་ཕྲ་བ་ཕྱིས་བསྟན་པའི་གོ་རིམ་ཡིན་ཏེ། སྔ་མ་རྣམས་རྟོགས་སླ་ཕྱི་མ་རྣམས་རྟོགས་དཀའ་བའི་ཕྱིར། ཡང་ན་ཀུན་ནས་ཉོན་མོངས་སྐྱེ་བའི་གོ་རིམ་ཡིན་ཏེ། འཇིག་རྟེན་པ་རྣམས་དང་པོར་གཟུགས་མཐོང་བ་ལ་བརྟེན་ནས་ཉོན་མོངས་སྐྱེ། དེ་ནས་ཚོར་བ་བདེ་བ་ཐོབ་འདོད་ཀྱི་ཉོན་མོངས་སྐྱེ། དེ་ནས་འདུ་ཤེས་ཕྱིན་ཅི་ལོག་གི་ཉོན་མོངས་སྐྱེ། དེ་ལ་བརྟེན་ནས་འདུ་བྱེད་ལ་སོགས་པའི་ཉོན་མོངས་སྐྱེ། དེ་བཞི་ལ་བརྟེན་ནས་རྣམ་པར་ཤེས་པར་ཉོན་མོངས་ཅན་གྱི་ངོ་བོར་སྐྱེ་བའི་ཕྱིར། ཡང་ན་སྣོད་དང་། ཟས་དང་། བྱན་དང་། བྱན་པོ་དང་། ཟས་ལ་ལོངས་སྤྱོད་པ་པོ་དང་ལྔའི་གོ་རིམ་དང་མཐུན་པར་བསྟན་ཏེ། གཟུགས་ནི་སྣོད་དང་ཆོས་མཚུངས། ཚོར་བ་ཟས་དང་། འདུ་ཤེས་བྱན་དང་། འདུ་བྱེད་བྱན་པོ་དང་། རྣམ་ཤེས་ཟས་ལ་ལོངས་སྤྱོད་པ་པོ་དང་མཚུངས་པའི་ཕྱིར། ཡང་ན་ཁམས་གསུམ་གྱི་རིམ་པས་བསྟན་ཏེ། འདོད་ཁམས་གཟུགས་ཀྱིས་ཆེ། བསམ་གཏན་བཞི་ཚོར་བས་ཆེ། གཟུགས་མེད་དང་པོ་གསུམ་འདུ་ཤེས་ཀྱིས་ཆེ། སྲིད་རྩེ་འདུ་བྱེད་ཀྱིས་ཆེ་ཞིང་། རྣམ་པར་ཤེས་པ་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། ད་ལྟའི་དོན་ཕྱིར་དབང་པོ་ལྔ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཡང་ན་ཇི་ལྟར་གནས་བཞིན་རིམ། །ཞེས་པ་སྟེ། དེ་ཡང་གཟུགས་ཅན་གྱི་དབང་པོ་ལྔ་ཡུལ་ད་ལྟར་བ་ཁོ་ན་ལ་འཇུག །ཡིད་དབང་དུས་གསུམ་ཀ་ལ་འཇུག་པས་ཕྱིས་བསྟན། ལུས་དབང་ཕྱིས་བསྟན་པ་ནི། དབང་པོ་དང་པོ་བཞི་འབྱུང་འགྱུར་ཁོ་ནའི་ཡུལ་ཅན་དང་། ལུས་དབང་འབྱུང་བ་དང་འབྱུང་འགྱུར་གཉིས་ཀའི་ཡུལ་ཅན་ཡིན་པས་སོ། །མིག་དབང་དེ་ཆེས་རིང་བའི་ཡུལ་ལ་འཇུག་པ་དང་། རྣ་དབང་དེ་ཡུལ་ལ་མྱུར་བར་འཇུག་པའི་རིམ་པས་སོ། །ཡང་ན་དབང་རྟེན་ལུས་ལ་ཇི་ལྟར་གནས་པ་བཞིན་གྱི་རིམ་པས་བཞག་གོ །གསུམ་པ་ཞར་བྱུང་ནི། བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་པ་དང་མཆོག་བསྡུས་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད། །ཅེས་པ་སྟེ། གཟུགས་ཅན་བཅུ་ཆར་གཟུགས་ཡིན་པ་ལ། མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དུ་འཇོག་པ་ནི། སྤྱི་མིང་བྱེ་བྲག་ལ་བཏགས་པའི་དོན་ཅན་ཡིན་པའི་ཕྱིར་དང་། དེ་གཟུགས་ཀྱི་གཙོ་བོ་ཡིན་པའི་ཆ་ནས་སོ། །འདུས་བྱས་འདུས་མ་བྱས་ཐམས་ཅད་ཆོས་ཡིན་པ་ལ་ཡིད་ཀྱི་རྣམ་ཤེས་ཁོ་ནའི་ཡུལ་ལ་ཆོས་ཁམས་སུ་འཇོག་པ་ནི་ཡིད་ཀྱི་རྣམ་ཤེས་དེས་འདུས་བྱས་འདུས་མ་བྱས་ཀྱི་ཆོས་མང་པོ་དང་། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་ཡུལ་དུ་བསྡུས་པའི་ཕྱིར་རོ། །

གསུམ་པ་ཆོས་གསུམ་གཞན་གྱིས་བསྡུ་ཚུལ་ལ། ཆོས་ཕུང་གི་བསྡུ་ཚུལ་དང་། ཁམས་དང་སྐྱེ་མཆེད་གཞན་གྱི་བསྡུ་ཚུལ་གཉིས། དང་པོ་ལ། དངོས་དང་ཞར་བྱུང་གཉིས། དང་པོ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་པ་སྟེ། ཐུབ་པའི་དབང་པོས་འདོད་ཆགས། ཞེ་སྡང་། གཏི་མུག །དུག་གསུམ་ཆ་མཉམ་ལ་སྤྱོད་པའི་གཉེན་པོར་ཉི་ཁྲི་རེ་སྟེ་ཆོས་ཕུང་བརྒྱད་ཁྲི་གསུངས་པ་དེ་དག །མདོ་སྡེ་པ་ལྟར་ན་རྗོད་བྱེད་ཀྱི་ཚིག་ཡིན་པས་གཟུགས་ཕུང་གིས་བསྡུས་པར་བཞེད། བྱེ་བྲག་ཏུ་སྨྲ་བ་ལྟར་ན་མིང་སྤྱི་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པས་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་བཞེད་དོ། །ཞར་བྱུང་ནི། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་སྟེ། ཆོས་ཕུང་གི་ཚད་གང་ལ་བྱེད་ཅེ་ན། ཁ་ཅིག་ནི་ཤཱ་རིའི་བུས་མཛད་པའི་ཆོས་ཕུང་གི་བསྟན་བཅོས་ཤོ་ལོ་ཀ་དྲུག་སྟོང་ཡོད་པ་དེ་ཚད་ཡིན་ཟེར། ཁ་ཅིག་ཕུང་པོ། ཁམས། སྐྱེ་མཆེད་སོགས་དོན་ཚན་རེ་རེ་རྫོགས་པར་སྟོན་པའི་གཏམ་ཚོགས་ལ་འདོད། སློབ་དཔོན་རང་གི་བཞེད་པ་ནི། ཉོན་མོངས་པ་སྣ་རེ་འདུལ་བའི་གཉེན་པོ་རྫོགས་པར་སྟོན་པའི་གཏམ་ཚོགས་ལ་བཞེད་དེ། ཉོན་མོངས་པ་བརྒྱད་ཁྲི་ལ་སྤྱོད་པའི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་གྲངས་མཐུན་པར་གསུངས་པའི་ཕྱིར་རོ། །

གཉིས་པ་ཁམས་དང་སྐྱེ་མཆེད་གཞན་གྱི་བསྡུ་ཚུལ་ནི། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ལོ། །ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །ཞེས་པ་སྟེ། ཆོས་ཕུང་ཆོས་གསུམ་གྱིས་བསྡུས་པ་དེ་བཞིན་དུ་གཞན་ཡང་མདོ་ལས་ཅི་རིས་པར་གསུངས་པའི་ཕུང་པོ། སྐྱེ་མཆེད། ཁམས་རྣམས་ནི་རང་རང་གི་མཚན་ཉིད་ལ་ལེགས་པར་དཔྱད་དེ་འདིར་ཇི་སྐད་བཤད་པའི་ཆོས་གསུམ་དུ་བསྡུ་བར་བྱ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ལས། དང་པོ་གཟུགས་ཕུང་གིས་བསྡུས། ལྷག་མ་རྣམས་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །འོ་ན་ཟད་པར་གྱི་དང་ཟིལ་གནོན་གྱི་སྐྱེ་མཆེད་ཇི་ལྟར་བསྡུས་ཤེ་ན་དེ་ལ་སེམས་སེམས་བྱུང་གི་ཆ་གཉིས་སུ་ཡོད་ཅིང་། དང་པོ་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས། གཉིས་པ་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འབྱུང་བཞིའི་ཁམས་ནི་རེག་བྱའི་ཁམས་སུ་བཤད་ཟིན་ཞིང་། བུ་ག་ནམ་མཁའ་ནི་ནམ་མཁའི་ཁམས་ཞེས་བྱ་སྟེ། ཉིན་པར་སྣང་བ་དང་། མཚན་མོ་མུན་པར་སྣང་བའི་ཕྱིར་ལོ། །ཟག་བཅས་ཀྱི་རྣམ་ཤེས་ནི་རྣམ་ཤེས་ཀྱི་ཁམས་ཡིན་ཏེ་ཡང་སྲིད་དུ་སྐྱེ་བའི་རྟེན་བྱེད་པས་སོ། །ཟག་མེད་ཀྱི་རྣམ་ཤེས་ཀྱིས་དེ་ལྟར་མི་བྱེད་པའི་ཕྱིར་རོ། །དང་པོ་ཡིན་ཏེ་མདོ་ལས། ཁམས་དྲུག་པོ་འདི་དག་ནི་མའི་མངལ་དུ་འཇུག་པའི་སྒོ་འབྱེད་པ་ཉིད་དོ། །ཞེས་པའི་རྣམ་ཤེས་ནི་མའི་མངལ་དུ་འཇུག་པར་བྱེད། འབྱུང་བཞིས་རྒྱས་པར་བྱེད། ནམ་མཁས་རྒྱས་པའི་གྲོགས་བྱེད་པའོ། །

གསུམ་པ་ཁམས་ཀྱི་རྣམ་པའི་རབ་དབྱེ་ལ། གཉིས་ཚན་གྱི་སྒོ་ནས། གསུམ་ཚན་གྱི་སྒོ་ནས། བཅས་མ་བཅས་ཀྱི་སྒོ་ནས། གྲུབ་པ་གཟུགས་སོགས་ཀྱི་སྒོ་ནས། བྱུང་སོགས་ཀྱི་སྒོ་ནས། ལྟ་སོགས་ཀྱི་སྒོ་ནས་དབྱེ་བ་དང་དྲུག །དང་པོ་ནི། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་པ་སྟེ། གཟུགས་ཀྱི་སྐྱེ་མཆེད་གཅིག་པུ་བསྟན་ཡོད་ཡིན་ཏེ། མིག་གི་ཡུལ་དུ་བསྟན་དུ་ཡོད་པའི་གཟུགས་ཡིན་པའི་ཕྱིར། གཟུགས་ཅན་བཅུ་ཅར་ཡང་ཐོགས་པ་དང་བཅས་པ་ཡིན་ཏེ། འགའ་ཞིག་ནི་རང་ཡོད་པའི་སར་གཟུགས་ཅན་གཞན་འབྱུང་བ་ཐོགས། འགའ་ཞིག་ནི་རང་ཉིད་གཞན་ལ་ཐོགས་པའོ། །དང་པོའི་དཔེ་ནི། གཟུགས་ཀྱི་སྐྱེ་མཆེད། གཉིས་པའི་དཔེ་ནི་ཉི་མ་དང་སྣང་བ་ལྟ་བུ། འདིར་ཡུལ་ལ་ཐོགས་པ། དམིགས་པ་ལ་ཐོགས་པ། སྒྲིབ་པ་ལ་ཐོགས་པ་གསུམ། ཡུལ་ཅན་རྣམས་ནི་ཡུལ་ལ་ཐོགས། སེམས་སེམས་བྱུང་རྣམས་ནི་དམིགས་པ་ལ་ཐོགས། འདི་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན་མུ་བཞིར་ཡོད་དེ། མིག་དབང་ལྟ་བུ་ནི་དང་པོ་ཡིན་གྱི་གཉིས་པ་མིན། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་ནི། གཉིས་པ་ཡིན་གྱི་དང་པོ་མིན། མིག་ཤེས་ནི་གཉིས་ཀ་ཡིན་པའི་མུ། ཡུལ་ལ་ཐོགས་ན་ཡུལ་དེ་ཡོད་དགོས་སོ། །དམིགས་པ་ལ་ཐོགས་ན་དེ་ཡོད་པས་མ་ཁྱབ་བོ། །དང་པོ་ལ་མུ་བཞི་ཡོད་དེ། སྐམ་སར་ཐོགས་ལ་རློན་སར་མི་ཐོགས་པ་མིའི་མིག་ལྟ་བུ། རློན་སར་ཐོགས་ལ་སྐམ་སར་མི་ཐོགས་པ་ཉའི་མིག་ལྟ་བུ། གཉིས་ཀར་ཐོགས་པ་སྲམ་གྱི་མིག་ལྟ་བུའོ། །གསུམ་པ་སྒྲིབ་པ་ལ་ཐོགས་པ་ནི། བདུགས་པ་ཞེས་བྱ་སྟེ། གཟུགས་ཕན་ཚུན་གཅིག་ཡོད་སར་ཅིག་ཤོས་འབྱུང་བ་ལ་གེགས་བྱེད་པ་ལ་ལྟ་བུ། འོ་ན་མིག་དབང་གི་རྡུལ་དང་། ལུས་དབང་གི་རྡུལ་གཉིས་ཇི་ལྟར་དུ་གནས་པ་ཡིན་ཞེ་ན་གཉིས་ཀ་ཡང་ཤིན་ཏུ་དང་བའི་གཟུགས་ཅན་ཡིན་པས། གཅིག་ཡོད་སར་ཅིག་ཤོས་འབྱུང་བ་ལ་མི་ཐོགས་པའི་ཚུལ་དུ་གནས། དཔེར་ན་སྒྲོན་མེའི་འོད་ཡོད་སར་ཉི་མའི་འོད་འབྱུང་བ་ལ་ཐོགས་པ་མེད་པ་བཞིན་ནོ། །

གཉིས་པ་གསུམ་ཚན་གྱི་སྒོ་ནས་དབྱེ་བ་ལ། དགེ་སོགས་གསུམ་གྱི་སྒོ་ནས་དབྱེ་བ་དང་། ཁམས་གསུམ་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཞེས་པ་སྟེ། གཟུགས་སྒྲ་མ་གཏོགས་པའི་གཟུགས་ཅན་བརྒྱད་མཐའ་གཅིག་ཏུ་ན་ལུང་མ་བསྟན་ཡིན། གཟུགས་སྒྲ་གཉིས་རྣམ་ཤེས་ཀྱི་ཁམས་དང་བདུན། ཆོས་ཁམས་དང་བཅུ་པོ་དེ་དག་ལ་གསུམ་ཀ་ཡོད་དེ། གཟུགས་ལ་སྡོམ་པ་ནི་དགེ་བའི་གཟུགས། སྒྲ་ལ་རྫུན་ཕྲ་མ་སོགས་ནི་མི་དགེ་བའི་སྒྲ། དེའི་ལྡོག་ཕྱོགས་བདེན་པར་སྨྲ་བ་སོགས་ནི་དགེ་བའི་སྒྲ་ཡིན། གཞན་རྣམས་རྟོགས་སླ། གཉིས་པ་ནི། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞི་འོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་པ་སྟེ། འདོད་པའི་སར་གཏོགས་ལ་ཁམས་བཅོ་རྒྱད་ཡོད། གཟུགས་ཀྱི་སར་གཏོགས་ལ་བཅུ་བཞི་ཡོད། དྲི་རོ་སྣ་ལྕེའི་རྣམ་ཤེས་བཞི་གཟུགས་སར་མ་གཏོགས་པའོ། །གཟུགས་མེད་ཀྱི་སར་གཏོགས་ལ་ཡིད། ཆོས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ་ཁོ་ནའོ། །

གསུམ་པ་ལ། ཟག་པ་དང་བཅས་མ་བཅས་ཀྱི་སྒོ་ནས་དབྱེ། རྟོག་པ་དང་བཅས་མ་བཅས་ཀྱི། དམིགས་པ་དང་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་པ་སྟེ། ཁམས་ཐ་མ་དེ་གསུམ་ལ་ཟག་བཅས་དང་ཟག་མེད་ཀྱི་ཆ་གཉིས་ཀ་ཡོད། ལྷག་མ་བཅོ་ལྔ་ནི་ཟག་བཅས་སོ། །གཉིས་པ་རྟོག་པ་དང་བཅས་མ་བཅས་ལ་དངོས་དང་། རྩོད་སྤང་གཉིས། དང་པོ་ནི། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། །ཞེས་པ་སྟེ། སྒོ་ལྔའི་རྣམ་ཤེས་ལྔ་པོ་ཡང་རྒྱུན་གྱི་དབང་དུ་བྱས་ན་རྟོག་དཔྱོད་དང་བཅས་པ་ཡིན་ཏེ། དེའི་དབང་དུ་བྱས་ན་གཞན་འགྱུར་གྱི་ནང་ཚན་རྟོག་དཔྱོོད་གཉིས་ཀ་ཡང་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་ཕྱིར། ཁམས་ཐ་མ་གསུམ་ལ་རྟོག་དཔྱོད་གཉིས་ཀ་དང་བཅས་པ། རྟོག་པ་མེད་ཅིང་དཔྱོད་པ་དང་བཅས་པ། དེ་གཉིས་ཀ་སྤངས་པ་དང་གསུམ་ཡོད་དེ། འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་ཁམས་ཐ་མ་གསུམ་ནི་དང་པོ་ཡིན། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་ཁམས་ཐ་མ་གསུམ་ནི་གཉིས་པ་ཡིན། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཁམས་ཐ་མ་གསུམ་དང་། ཁམས་ལྷག་མ་བཅོ་ལྔ་ནི་གཉིས་ཀ་སྤངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་རྩོད་སྤང་ནི། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །དེ་དག་ཡིད་ཀྱི་ཤེས་རབ་གཡེང་། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཅེས་པ་སྟེ། སྒོ་ལྔའི་རྣམ་ཤེས་རྟོག་བཅས་ཡིན་པ་མི་འཐད་དེ། རྟོག་བྲལ་དུ་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིའི་རྟོག་བཅས་ནི་གཞན་འགྱུར་གྱི་ནང་ཚན་གྱི་རྟོག་བཅས་ཡིན་ལ། མདོ་ལས་རྟོག་བྲལ་དུ་གསུངས་པ་ནི་ངེས་པར་རྟོག་པ་དང་རྗེས་དྲན་གྱི་རྟོག་པས་རྣམ་པར་མི་རྟོག་པ་ལ་དགོངས་པའི་ཕྱིར། དེ་གཉིས་ཇི་ལྟ་བུ་ཡིན་ཞེ་ན། དང་པོ་ནི། གྲོགས་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན། གཡེང་བ་རྗེས་ཐོབ་ཀྱི་གནས་སྐབས་སུ་འབྱུང་བ། ངོ་བོ་རང་ཡུལ་དོན་སྤྱིའི་ཚུལ་དུ་རྟོགས་པའི་ཤེས་རབ་ལ་འཇོག་པའོ། །གཉིས་པ་ནི། ཡིད་ཤེས་དང་མཚུངས་ལྡན། མཉམ་རྗེས་ཐམས་ཅད་དུ་འབྱུང་བ་ངོ་བོ་དྲན་ཤེས་ལ་འཇོག་པའོ། །གསུམ་པ་ནི། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཕྱེད་ཀྱང་། ཞེས་པ་སྟེ། སེམས་ཀྱི་ཁམས་བདུན་དམིགས་པ་དང་བཅས་པ་ཡིན་ཏེ། རང་གི་དམིགས་པ་ལ་དམིགས་པའི་བློ་ཡིན་པའི་ཕྱིར། ཆོས་ཁམས་ཀྱི་ཕྱེད་སེམས་བྱུང་ཡང་དམིགས་བཅས་ཡིན་པས་སོ། །

བཞི་པ་གཟུགས་སོགས་ཀྱི་སྒོ་ནས་དབྱེ་བ་ལ། ཟིན་མ་ཟིན་གྱི་སྒོ་ནས་དབྱེ་བ། འབྱུང་བ་དང་འབྱུང་འགྱུར་གྱི་སྒོ་ནས་དབྱེ་བ། བསགས་མ་བསགས་ཀྱི་སྒོ་ནས་དབྱེ་བ། གཅད་བྱ་དང་གཅོད་བྱེད་ཀྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ནི། མ་ཟིན་དགུ། བརྒྱད་པོ་དེ་དག་རྣམས་དང་སྒྲ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་པ་སྟེ། གཟུགས་ཅན་ནང་ཕན་ཚུན་ཕྲད་པའི་ཕན་གནོད་ལས་ཚོར་བ་བདེ་སྡུག་བསྐྱེད་པར་ནུས་པ་ལ་ཟིན་པ་དང་། མི་ནུས་པ་ལ་མ་ཟིན་པ་ཞེས་འཇོག །རྣམ་ཤེས་ཀྱི་ཁམས་བདུན་སེམས་བྱུང་དང་བརྒྱད་སྒྲ་དང་དགུ་ལ་མ་ཟིན་པ་ཞེས་བྱ་སྟེ། གོང་གི་དེ་བསྐྱེད་པར་མི་ནུས་པས་སོ། །གཟུགས་ཅན་གཞན་དགུ་ལ་ཟིན་མ་ཟིན་གཉིས་ཀའི་ཆ་ཡོད་པའོ། །གཉིས་པ་ནི། རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ལྷག་མ་གཟུགས་ཅན་དགུ་པོ་ནི། །འབྱུང་འགྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང་། །ཞེས་པ་སྟེ། རེག་བྱ་ལ་འབྱུང་བ་འབྱུང་འགྱུར་གཉིས་ཀ་ཡོད། ལྷག་མ་གཟུགས་ཅན་དགུ་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་རིག་བྱེད་མ་ཡིན་པའི་གཟུགས་རྣམས་འབྱུང་འགྱུར་ཁོ་ན་ཡིན་པའི་དོན་ནོ། །གསུམ་པ་བསགས་མ་བསགས་ཀྱི་སྒོ་ནས་དབྱེ་བ་ནི། གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་པ་སྟེ། གཟུགས་ཅན་བཅུ་བསགས་པ་ཡིན་ཏེ། རྡུལ་ཕྲ་རབ་འདུས་པའི་བེམ་པོ་དང་། ལྷག་མ་བརྒྱད་ནི་མ་བསགས་པ་ཞེས་བྱའོ། །བཞི་པ་ནི། གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །སྲེག་དང་གཞལ་ལ་མི་མཐུན་སྨྲ། །ཞེས་པ་སྟེ། གཅོད་བྱེད་སྟ་གྲི་ལྟ་བུ་དང་། གཅད་བྱ་བུད་ཤིང་ལྟ་བུ་ནི་ཕྱི་རོལ་གྱི་ཁམས་སྒྲ་མ་གཏོགས་པ་བཞི་ལ་འཇོག །དེ་བཞིན་དུ་བསྲེག་བྱ་བུད་ཤིང་ལྟ་བུ་དང་། འཇལ་བྱེད་སྲང་ལྟ་བུ་ཡང་དེ་བཞིའི་སྟེང་ནས་འཇོག །སྲེག་བྱེད་དང་གཞལ་བྱ་གཉིས་ལ་མི་མཐུན་པ་སྨྲ་བ་ཡོད་དེ། ཁ་ཅིག་ནི་ཁམས་བཞི་པོ་ཉིད་སྲེག་པར་བྱེད་པ་ཡང་ཡིན་ལ་གཞལ་བར་བྱ་བའང་ཡིན་ནོ་ཟེར། ཁ་ཅིག་ནི་མེའི་ཁམས་ཁོ་ན་ཉིད་སྲེག་བྱེད་ཡིན་ལ། ལྕི་བ་ཉིད་ཁོ་ན་གཞལ་བྱ་ཡིན་ནོ་ཞེས་འདོད་པའོ། །

ལྔ་པ་བྱུང་སོགས་ཀྱི་སྒོ་ནས་དབྱེ་བ་ལ། བྱུང་མ་བྱུང་གི་སྒོ་ནས། ཕྱི་ནང་གི་སྒོ་ནས། རྟེན་བཅས་དེ་མཚུངས་ཀྱི་སྒོ་ནས། སྤང་བྱ་ཡིན་མིན་གྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ལ་བྱུང་བ་སྤྱིར་བསྟན། མ་བྱུང་བ་དམིགས་བསལ། དབང་པོ་དང་རྣམ་ཤེས་ཀྱི་ས་མཚུངས་དང་གསུམ། དང་པོ་ནི། རྣམ་པར་སྨིན་ལས་བྱུང་བ་དང་། །རྒྱས་ལས་བྱུང་བ་ནང་གི་ལྔ། །སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ། །ཞེས་པ་སྟེ། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་འབྱུང་བའི་རྒྱུ་གསུམ་སྟེ་རྣམ་སྨིན་གྱི། རྒྱས་བྱུང་གིརྒྱུ་མཐུན་གྱི་རྒྱུ་དང་གསུམ། དང་པོ་ནི་མི་དགེ་བ་དང་དགེ་བ་ཟག་བཅས་ལ་བྱེད། གཉིས་པ་ནི། ཁམས། ཟས། གཉིད། ལེགས་སྤྱད། ཏིང་ངེ་འཛིན་དང་བཞི་ལ་བྱེད། གསུམ་པ་ནི། རང་གི་རིགས་འདྲ་སྔ་མ་ལ་བྱེད། ནང་གི་དབང་པོ་ལྔ་རྣམ་སྨིན་ལས་བྱུང་བ་ཡིན་ཏེ། ངན་འགྲོའི་དེ་ལྔ་ནི་མི་དགེ་བ་དང་། བདེ་འགྲོའི་དེ་ལྔ་ནི་དགེ་བ་ཟག་བཅས་ལས་བྱུང་བའི་ཕྱིར། དབང་པོ་ལྔ་ནི་རྒྱས་པ་ལས་བྱུང་ཏེ། ཁམས། ཟས། གཉིད། ལེགས་སྤྱད་སོགས་ཀྱིས་ནང་དབང་རྒྱས་པར་བྱས་དེས་དབང་རྟེན་ཁོག་པ་རྒྱས་པར་བྱས་པའོ། །སྒྲ་ནི་རྒྱས་པ་དང་རྒྱུ་མཐུན་ལས་བྱུང་བ་ཡོད་ཀྱི་རྣམ་སྨིན་ལས་སྐྱེས་པ་མ་ཡིན་ཏེ་འདོད་དགུར་དབང་བསྒྱུར་དུ་ཡོད་པའི་ཕྱིར། འོ་ན་ཚངས་པའི་དབྱངས་དེ་ཚིག་རྩུབ་སྤངས་པའི་རྣམ་སྨིན་གྱི་འབྲས་བུར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ་ཚངས་དབྱངས་དེ་བྱུང་བ་གསུམ་ལྡན་ཡིན་པས། འདིར་རྣམ་སྐྱེས་སུ་མ་བཤད་པའི་ཕྱིར། བྱུང་བ་གསུམ་ལྡན་ཡིན་ཏེ་ཚིག་རྩུབ་པའི་མི་མཐུན་ཕྱོགས་སྙན་པར་སྨྲས་པ་ལས། མགྲིན་པའི་གནས་སུ་འབྱུང་བ་ཁྱད་པར་ཅན་གཅིག་འབྱུང་། དེ་ལས་ཚངས་དབྱངས་འབྱུང་བའི་ཕྱིར་རོ། །ཐོགས་མེད་རྣམ་ཤེས་བདུན་སེམས་བྱུང་དང་བརྒྱད་རྒྱུ་མཐུན་ལས་བྱུང་བ་དང་། རྣམ་སྨིན་སྐྱེས་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བ་ནི་རྒྱུ་མཐུན་དང་། རྣམ་སྨིན་ལས་བྱུང་བ་ནི་རྣམ་སྨིན་སྐྱེས་ཡིན་པས་སོ། །གཞན་གཟུགས་དྲི་རོ་རེག་བྱ་བཞི་ནི་རྒྱུ་རྣམ་པ་གསུམ་ཀ་ལས་འབྱུང་སྟེ། གོང་གི་སྒྲུབ་བྱེད་དེ་རྣམས་ཀྱི་ཕྱིར་རོ། །གཉིས་པ་ནི། རྫས་དང་ལྡན་གཅིག་ཐ་མ་གསུམ། །སྐད་ཅིག་མ་སྟེ། ཞེས་པ་སྟེ། རྟག་པའི་རྫས་དང་ལྡན་པ་གཅིག་འདུས་མ་བྱས་གསུམ་ནི། རྒྱུ་གསུམ་ཀ་ལས་མ་བྱུང་སྟེ། གོང་གི་སྒྲུབ་བྱེད་དེ་རྣམས་ལས་ལོག་པའི་ཕྱིར། སྡུག་བསྔལ་ཆོས་བཟོད་སྐད་ཅིག་མ་དང་པོའི་ངོ་བོར་གྱུར་པའི་ཁམས་ཐ་མ་གསུམ་ནི། རྒྱུ་མཐུན་ལས་བྱུང་བ་མ་ཡིན་ཏེ། ཟག་མེད་ཀྱི་ཁམས་སྔོན་སོང་མ་ཡིན་པའི་ཕྱིར། གསུམ་པ་ནི། མིག་དང་ནི། །རྣམ་ཤེས་ཁམས་དག་སོ་སོ་དང་། །ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད། །ཅེས་པ་སྟེ། མིག་དབང་མིག་ཤེས་ཐོབ་ཚུལ་ཡོད་དེ། དེ་གཉིས་སོ་སོ་བ་དང་ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད་དེ། དེ་གཉིས་ཀྱི་ཐོབ་ཚུལ་ལ་མུ་བཞི་ཡོད་པའི་ཕྱིར་རོ། །མིག་དབང་གསར་དུ་ཐོབ་ལ་རྣམ་ཤེས་གསར་དུ་མ་ཐོབ་པའི་མུ། རྣམ་ཤེས་གསར་དུ་ཐོབ་ལ་མིག་དབང་གསར་དུ་མ་ཐོབ་པའི་མུ། དེ་གཉིས་ཀ་གསར་དུ་ཐོབ་པའི་མུ། གཉིས་ཀ་གསར་དུ་མ་ཐོབ་པའི་མུ་དང་བཞི་ལས། གཟུགས་མེད་ཁམས་ནས་བསམ་གཏན་བཞི་པར་སྐྱེས་པའི་ཚེ་མུ་དང་པོ་ཡིན་ཏེ། གཟུགས་མེད་ཁམས་ན་གཉིས་ཀ་མེད། བསམ་གཏན་བཞི་པའི་སས་བསྡུས་ཀྱི་མིག་ཡོད་ཀྱང་མིག་ཤེས་མེད་པའི་ཕྱིར། བསམ་གཏན་བཞི་པ་ནས་བསམ་གཏན་དང་པོར་སྐྱེས་པའི་ཚེ་མུ་གཉིས་པ་ཡིན་ཏེ། བཞི་པའི་སས་བསྡུས་ཀྱི་མིག་ཡོད་ཀྱང་མིག་ཤེས་མེད་ལ། དང་པོའི་སས་བསྡུས་ཀྱི་དེ་གཉིས་ཀ་ཡོད་པའི་ཕྱིར། གཟུགས་མེད་ནས་བསམ་གཏན་དང་པོར་སྐྱེས་པའི་ཚེ་མུ་གསུམ་པ་ཡིན་ཏེ། གཟུགས་མེད་ཀྱི་སས་བསྡུས་ཀྱི་མིག་དང་མིག་ཤེས་གཉིས་ཀ་མེད། དང་པོའི་སས་བསྡུས་ཀྱི་དེ་གཉིས་ཀ་ཡོད་པའི་ཕྱིར། བསམ་གཏན་དང་པོ་ནས་གཟུགས་མེད་དུ་སྐྱེས་པའི་ཚེ་མུ་བཞི་པ་ཡིན་ཏེ། གོང་གི་སྒྲུབ་བྱེད་དེའི་ཕྱིར། གཉིས་པ་ཕྱི་ནང་གི་སྒོ་ནས་དབྱེ་བ་ནི། ནང་གི་བཅུ་གཉིས་གཟུགས་ལ་སོགས། །མ་གཏོགས། ཞེས་པ་སྟེ། ནང་གི་དབང་པོ་བཅུ་གཉིས་སེམས་བྱུང་དང་བཅས་པ་ནི་ནང་དུ་གཏོགས་ལ། གཟུགས་སོགས་ལྷག་མ་རྣམས་ནི་དེར་མ་གཏོགས་པའོ། །གསུམ་པ་ནི། ཆོས་ཤེས་བྱ་བ་ནི། །རྟེན་པ་དང་བཅས་ལྷག་མ་ནི། །དེ་དང་མཚུངས་པ་དག་ཀྱང་ཡིན། །གང་ཞིག་རང་གི་ལས་མི་བྱེད། །ཅེས་པ་སྟེ། དེ་ཡང་དབང་པོ་དྲུག་ནི་རང་འབྲས་རྣམ་ཤེས་ཀྱི་བདག་རྐྱེན་བྱེད་མི་བྱེད་ལ་རྟེན་བཅས་དང་དེ་མཚུངས། ཡུལ་དྲུག་ནི་རང་འབྲས་རྣམ་ཤེས་ཀྱི་དམིགས་པ་བྱེད་མི་བྱེད་ལ་རྟེན་བཅས་དང་དེ་མཚུངས། རྣམ་ཤེས་དྲུག་ནི་ཡུལ་ལ་དམིགས་མ་དམིགས་ལ་རྟེན་བཅས་དང་དེ་མཚུངས་སུ་འཇོག །གཞུང་དང་སྦྱར་ན། ཆོས་ཁམས་ནི་མཐའ་གཅིག་ཏུ་རྟེན་བཅས་ཡིན་ཏེ། རང་འབྲས་རྣམ་ཤེས་ཀྱི་ཡུལ་དུ་མི་འགྱུར་མི་སྲིད་པའི་ཕྱིར། ལྷག་མ་རྣམས་ལ་རྟེན་བཅས་དང་དེ་མཚུངས་གཉིས་གཉིས་ཡོད། དབང་པོ་ལྔ་ནི་རྟོགས་སླ། ད་ལྟར་གྱི་ཡུལ་ལྔ་ནི་རྟེན་བཅས་དང་། སྐྱེ་རུང་མི་སྐྱེ་བའི་ཆོས་ཅན་མ་འོངས་པའི་ཡུལ་ལྔ་ནི་དེ་མཚུངས་ཡིན། དེས་སྒོ་ལྔའི་ཤེས་པ་ལའང་རིགས་འགྲེ། བཞི་པ་སྤང་བྱ་ཡིན་མིན་གྱི་སྒོ་ནས་དབྱེ་བ་ནི། བཅུ་ནི་སྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཐ་མའི་གསུམ་རྣམ་གསུམ། །ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་པ་སྟེ། གཟུགས་ཅན་བཅུ་སྒོམ་སྤང་ཡིན་ཏེ། སྤང་བྱ་གང་ཞིག །མཐོང་སྤང་མ་ཡིན་པའི་ཕྱིར། ཁམས་ཐ་མ་གསུམ་ལ་སྒོམ་སྤང་ཡིན་པ། མཐོང་སྤང་ཡིན་པ། དེ་གཉིས་ཀ་མ་ཡིན་པའི་ཆ་གསུམ་ཡོད་དེ། ཁ་ཅིག་སོ་སོ་སྐྱེ་བོ་མཐོང་སྤང་ཡིན་ཏེ་མཐོང་ལམ་སྐྱེས་སྟོབས་ཀྱིས་ལྡོག་པའི་ཕྱིར་ཞེ་ན། དེ་མཐོང་སྤང་མ་ཡིན་ཏེ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར་རོ། །གཟུགས་ཅན་བཅུ་མཐོང་སྤང་མ་ཡིན་ཏེ། དེ་གཟུགས་ཡིན་པས་སོ། །དྲུག་པ་ཡིད་ཤེས་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་སྒོ་ལྔའི་རྣམ་ཤེས་ཀྱང་མཐོང་སྤང་མ་ཡིན་ཏེ། ཡུལ་བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་བྱེད་མ་ཡིན་པའི་ཕྱིར།

དྲུག་པ་ལྟ་སོགས་ཀྱི་སྒོ་ནས་དབྱེ་བ་ལ། ལྟ་བ་ཡིན་མིན་གྱི། རྣམ་ཤེས་ཀྱི་ཡུལ་དུ་འགྱུར་ཚུལ་གྱི། རྟག་མི་རྟག་གི །དབང་པོ་ཡིན་མིན་གྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ལ། ལྟ་བའི་དབྱེ་བ་སྤྱིར་བསྟན། མིག་ལྟ་བར་སྒྲུབ། དབང་པོའི་ཁྱད་ཆོས་དང་གསུམ། དང་པོ་ནི། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། །རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོགས་མེད་ཕྱིར་ལྟ་མ་ཡིན། །ཞེས་པ་སྟེ། མིག་དང་ཆོས་ཁམས་ཀྱི་ཕྱོགས་གཅིག །ཉོན་མོངས་ཅན་གྱི་ལྟ་བ་ལྔ་དང་ཡང་དག་པའི་ལྟ་བ་གསུམ་སྟེ་བརྒྱད་ནི་ལྟ་བ་ཡིན། དེ་ཡང་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་ཀྱི་སྟེང་ནས་འཇོག་གི །སྒོ་ལྔའི་རྣམ་ཤེས་དང་མཚུངས་པར་སྐྱེས་པའི་བློ་ཤེས་རབ་ནི་ལྟ་བ་མ་ཡིན་ཏེ། ཉོན་མོངས་ཅན་གྱི་དང་། ཡང་དག་པའི་ལྟ་བ་ཡང་མ་ཡིན་པའི་ཕྱིར། དང་པོ་མ་ཡིན་ཏེ། ཡུལ་བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་མ་ཡིན། གཉིས་པ་མ་ཡིན་ཏེ། ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་རང་ཡུལ་ངེས་པའི་བློ་མ་ཡིན་པའི་ཕྱིར། གཉིས་པ་ནི། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་རྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །མིག་ནི་གཉིས་ཀ་དག་གིས་ཀྱང་། །མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། །ཞེས་པ་སྟེ། མིག་ལྟ་བ་ཡིན་ཏེ། གཟུགས་མཐོང་བྱེད་ཡིན་པས་སོ། །དེའང་རྟེན་བཅས་དེ་མཚུངས་གཉིས་ཀྱི་ནང་ནས་རྟེན་བཅས་ཁོ་ནས་མ་ཡིན་ཏེ། མིག་གིས་གཟུགས་མཐོང་བའི་གྲོགས་སུ་རྣམ་ཤེས་ངེས་པར་དགོས་པའི་ཕྱིར། དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་མ་ཡིན་ཏེ། གང་གི་ཕྱིར་དེ་མཐོང་ན་བར་དུ་ཆོད་པའི་གཟུགས་རྣམས་ཀྱང་མཐོང་དགོས་པ་ལས་དེ་མཐོང་བ་མིན་པའི་ཕྱིར་ལོ། །དེའང་མིག་གཉིས་ཀས་མཐོང་བ་ཡིན་ཏེ་གཅིག་གིས་མཐོང་བ་ལས་གཉིས་ཀས་མཐོང་བ་གསལ་བར་མཐོང་བའི་ཕྱིར་རོ། །གསུམ་པ་ལ། དབང་པོས་ཡུལ་འཛིན་ཚུལ། དབང་པོ་རྟེན་དུ་འགྱུར་ཚུལ། ས་གར་གཏོགས་ཚུལ་དང་གསུམ། དང་པོ་ནི། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། །སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པར་འདོད། །ཅེས་པ་སྟེ། དབང་པོ་རྣམས་ཀྱིས་ཡུལ་ཕྲད་ནས་འཛིན་ནམ་མ་ཕྲད་པར་འཛིན། ཚད་མཉམ་པ་འཛིན་ནམ་མི་མཉམ་པ་འཛིན་ཞེ་ན། མིག་དང་། ཡིད་དང་། རྣ་བ་གསུམ་ནི་ཡུལ་དང་མ་ཕྲད་པར་འཛིན་ཏེ། མིག་གིས་ཐག་རིང་པོའི་གཟུགས་མཐོང་། རྣ་བས་ཐག་རིང་པོའི་སྒྲ་ཐོས། ཡིད་ཀྱི་དུས་གསུམ་ཀའི་གཟུགས་ཡུལ་དུ་བྱེད་པའི་ཕྱིར། སྣ་སོགས་གསུམ་ནི་ཡུལ་དང་ཕྲད་ནས་འཛིན་ནོ། །ཡང་སྣ་སོགས་གསུམ་གྱིས་ནི་རང་དང་མཉམ་པའི་ཡུལ་འཛིན་པར་འདོད་དེ། ལྕེ་དབང་གི་རང་གི་རྡུལ་དང་མཉམ་པའི་རོའི་རྡུལ་འཛིན་པ་ཡིན་གྱི། དེ་ལས་ཆེ་བ་མི་འཛིན་པ་སོགས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དག་ལྷན་ཅིག་སྐྱེས་པའང་ཡིན། །དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། །དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན། །ཞེས་པ་སྟེ། ཐ་མ་ཡིད་ཤེས་དེ་རང་དུས་ན་འདས་པའི་བདག་རྐྱེན་ཁོ་ན་ལ་བརྟེན་གྱི། རང་དང་དུས་མཉམ་གྱི་རྣམ་ཤེས་ལ་མི་བརྟེན་ལ་རྣམ་ཤེས་སྔ་མ་ལྔ་རྣམས་ཀྱི་བདག་རྐྱེན་དེ་དག་ནི་རང་དུས་ན་འདས་པ་དང་རང་དང་ལྷན་ཅིག་ཏུ་སྐྱེས་པའང་ཡིན་ནོ། །མིག་ཤེས་དེ་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་ཀྱང་སྐྱེས། དམིགས་རྐྱེན་གཟུགས་ལས་ཀྱང་སྐྱེས་པར་མཚུངས་པ་ལ། བདག་རྐྱེན་གྱི་སྒོ་ནས་དབང་ཤེས་ཞེས་བརྗོད། དམིགས་རྐྱེན་གྱི་སྒོ་ནས་ཡུལ་ཤེས་ཞེས་མི་བརྗོད་པ་ཅི་ཡིན་ཞེ་ན། རྟེན་ནི་མིག་ལ་སོགས་པ་ཡིན། །ཞེས་པས་མིག་དབང་གཟུགས་ཅན་པ་དེ་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ཏེ། དེ་དག་གཞན་དང་གཞན་དུ་གྱུར་པའི་སྟོབས་ཀྱིས་མིག་ཤེས་ཀྱང་དེ་དང་དེར་གྱུར་པའི་ཕྱིར། གཟུགས་དེ་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་མ་ཡིན་ཏེ། གོང་གི་སྒྲུབ་བྱེད་ལས་ལོག་པའི་ཕྱིར། དེའི་ཕྱིར་བདག་རྐྱེན་དེ་དག་གི་སྒོ་ནས་དབང་ཤེས་ཞེས་བསྟན། ཡུལ་གྱི་སྒོ་ནས་ཡུལ་ཤེས་ཞེས་མ་བརྗོད་དེ། དབང་པོ་གཟུགས་ཅན་པ་དབང་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན། གཟུགས་དེའི་ཐུན་མོང་མ་ཡིན་པའི་ཡུལ་མ་ཡིན་པའི་ཕྱིར། གསུམ་པ་ནི། ལུས་ལ་འོག་མའི་མིག་མ་ཡིན། །མིག་གིས་གོང་མའི་གཟུགས་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་གཟུགས། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །རྣ་བའང་དེ་བཞིན་གསུམ་དག་ནི། །ཐམས་ཅད་རང་གི་ས་པ་ཉིད། །ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ས་ཡིད་མ་ངེས་ཏེ། །ཞེས་པ་སྟེ། དབང་རྟེན་ཁོག་པ། དེ་ལ་བརྟེན་པའི་དབང་པོ། རྣམ་ཤེས། ཡུལ་དང་བཞི་ལས། དབང་རྟེན་ལྔ་དང་། དབང་པོ་ལྔ་ནི་ས་ལྔ་པ་ཅན་ཡིན་ཏེ། འདོད་པ་དང་བསམ་གཏན་ས་བཞི་སྟེ་ལྔར་གཏོགས་པ་ཡོད་པའི་ཕྱིར། མིག་གི་རྣམ་ཤེས། རྣ་བའི། ལུས་ཀྱི་རྣམ་ཤེས་གསུམ་ནི། ས་གཉིས་པ་ཅན་ཡིན་ཏེ། འདོད་པ་དང་བསམ་གཏན་དང་པོར་གཏོགས་པ་ཡོད་ཀྱི། གཉིས་པ་ཡན་ཆད་དུ་གཏོགས་པ་མེད་པའི་ཕྱིར། སྣ་ལྕེའི་རྣམ་ཤེས་དྲི་རོ་བཞི་ནི་ས་གཅིག་པ་ཅན་ཡིན་ཏེ། འདོད་ཁམས་ཁོ་ནའི་སར་གཏོགས་པའི་ཕྱིར། ཡུལ་གཟུགས་སྒྲ་གཉིས་རེག་བྱ་དང་གསུམ་ནི་བསམ་གཏན་ས་བཞི་འདོད་པ་དང་ལྔར་གཏོགས་པ་ཡོད་དོ། །གཞུང་དང་སྦྱར་ན། གོང་མའི་ལུས་ལ་འོག་མའི་མིག་བརྟེན་པ་མ་ཡིན་ཏེ། གོང་མའི་ལུས་ལ་འོག་མའི་མིག་ལས་མཆོག་ ཏུ་གྱུར་པའི་རང་སའི་མིག་བརྟེན་པ་ཡིན་པའི་ཕྱིར། དེའི་ཤུགས་ལས། འོག next hit་མའི་ལུས་ལ་གོང་མའི་མིག་བརྟེན་པ་ཡོད་དེ། བསམ་གཏན་དང་པོའི་རྟེན་ཅན་གྱིས་བསམ་གཏན་བཞི་པའི་དངོས་གཞི་བསྒྲུབས་ནས། བསམ་གཏན་བཞི་པའི་མིག་དབང་མངོན་དུ་འགྱུར་བ་ཡོད་པའི་ཕྱིར། ས་འོག་མའི་མིག་གིས་ས་གོང་མའི་གཟུགས་མཐོང་བ་མ་ཡིན་ཏེ། འོག་མའི་མིག་དམན་གོང་མའི་གཟུགས་མཆོག་ཡིན་པའི་ཕྱིར། དེའི་ཤུགས་ལས་ས་གོང་མའི་མིག་གིས་ས་འོག་མའི་གཟུགས་མཐོང་བ་ཡོད་དེ། བསམ་གཏན་དང་པོའི་རྟེན་ལ་བསམ་གཏན་བཞི་པའི་མིག་དབང་མངོན་དུ་གྱུར་པའི་ཚེ། དེའི་མིག་གིས་བསམ་གཏན་དང་པོའི་གཟུགས་མཐོང་བ་ཡིན་པའི་ཕྱིར། ས་འོག་མའི་མིག་གིས་ས་གོང་མའི་རྣམ་ཤེས་ཀྱི་རྟེན་མི་བྱེད་དེ། འོག་མའི་མིག་དམན་གོང་མའི་རྣམ་ཤེས་མཆོག་ཡིན་པའི་ཕྱིར། དེའི་ཤུགས་ལས་གོང་སའི་མིག་གིས་འོག་མའི་རྣམ་ཤེས་ཀྱི་རྟེན་བྱེད་པ་ཡོད་དེ། བསམ་གཏན་བཞི་པའི་མིག་དབང་གིས་བསམ་གཏན་དང་པོའི་སས་བསྡུས་ཀྱི་མིག་ཤེས་ཀྱི་རྟེན་བྱེད་པ་ཡོད་པའི་ཕྱིར། དེའི་ཡུལ་དུ་གྱུར་པའི་གཟུགས་འོག་ས་རང་ས་གོང་ས་གསུམ་ཀར་དུ་གཏོགས་པ་ཡོད་དེ། བསམ་གཏན་དང་པོའི་རྟེན་ཅན་གྱིས་བསམ་གཏན་བཞི་པའི་དངོས་གཞི་བསྒྲུབས་ནས་བཞི་པའི་སས་བསྡུས་ཀྱི་མིག་དབང་ཐོབ་པའི་ཚེ། མིག་དབང་དེ་ལ་བརྟེན་པའི་རྣམ་ཤེས་ཀྱིས་རང་ས་བསམ་གཏན་དང་པོ། འོག་ས་འདོད་པ། གོང་ས་བསམ་གཏན་བཞི་པའི་སས་བསྡུས་ཀྱི་གཟུགས་གསུམ་ཀ་མཐོང་བ་ཡོད་པའི་ཕྱིར། དཔེར་ན་རྒྱལ་པོ་སྟོབས་ལྡན་ལ་བརྟེན་པའི་མི་ཕལ་པས་ཀྱང་བྱ་བ་རྒྱ་ཆེན་པོ་འགྲུབ་པ་བཞིན་ནོ། །ལུས་ཀྱིའང་གཟུགས་དང་རྣམ་ཤེས་གཉིས་ཀ་རང་ས་འོག་ས་གོང་ས་ཐམས་ཅད་དུ་ཡིན་ནོ། །རྣ་བའང་དེ་བཞིན་དུ། ལུས་ལ་འོག་མའི་རྣ་མ་ཡིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་སྦྱོར་རོ། །ལྕེ། སྣ། ལུས་ཀྱི་རྣམ་ཤེས་གསུམ་པོ་དག་ནི་རྟེན་དབང་ཡུལ་དང་བཅས་པ་ཐམས་ཅད་རང་གི་ས་པར་མཚུངས་པ་ཡིན་ནོ། །དམིགས་བསལ་དུ་ལུས་ཀྱི་རྣམ་ཤེས་འོག་སར་གཏོགས་པ་ཡོད་དེ། བསམ་གཏན་བཞི་པའི་རྟེན་ཅན་གྱི་རྣམ་ཤེས་བསམ་གཏན་དང་པོའི་སར་གཏོགས་པ་ཡོད་པའི་ཕྱིར། དེ་རང་གི་སར་གཏོགས་པ་ནི་འདོད་པ་དང་བསམ་གཏན་དང་པོ་ནའོ། །ཡིད་ཀྱི་རྣམ་ཤེས་རང་གི་ཡུལ་དང་ས་མཚུངས་པར་མ་ངེས་ཏེ། དེས་ས་གོང་འོག་ཐམས་ཅད་ཀྱི་གཟུགས་སོགས་ཡུལ་དུ་བྱེད་པའི་ཕྱིར་རོ། །གཉིས་པ་ནི། གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་ལྔ། །ཞེས་པ་སྟེ། ཕྱིིའི་སྐྱེ་མཆེད་ལྔ་རྣམ་ཤེས་གཉིས་གཉིས་ཀྱི་ཡུལ་དུ་འགྱུར་ཏེ། གཟུགས་དེ་མིག་ཤེས་དང་ཡིད་ཀྱི་རྣམ་ཤེས་གཉིས་ཀའི་ཡུལ་དུ་འགྱུར་ཞིང་། དེ་གཞན་བཞི་ལའང་མཚུངས་པའི་ཕྱིར། གསུམ་པ་ནི། འདུས་མ་བྱས་ཆོས་རྟག་པའོ། །ཞེས་པ་སྟེ། འདུས་མ་བྱས་མཐའ་དག་རྟག་པ་ཡིན་ཞིང་། དེ་ལས་གཞན་པ་རྣམས་མི་རྟག་པའོ། །བཞི་པ་དབང་པོ་ཡིན་མིན་གྱི་སྒོ་ནས་དབྱེ་བ་ནི། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་པ་སྟེ། ཆོས་ཁམས་ཀྱི་ཕྱེད་ཚོར་བ་བདེ་སོགས་ལྔ་དང་། དད་པའི་དབང་པོ་སོགས་ལྔ། སྲོག་དང་རྣམ་བྱང་གི་དབང་པོ་གསུམ་སྟེ་བཅུ་བཞི་དང་། ཁམས་གང་ཞིག་ནང་གིར་བཤད་པ་བཅུ་གཉིས་ནི་དབང་པོ་ཡིན་ལ། དེ་ལས་གཞན་པ་རྣམས་ནི་དབང་པོར་མ་བཤད་དོ། །མངོན་པ་མཛོད་ཀྱི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ།། །།


previousགནས་དང་པོ་ཁམས་བསྟན་པའི་འགྲེལ་པ།next