Nitartha Digital Library
Tibetan
 
previousགནས་གསུམ་པ་འཇིག་རྟེན་བསྟན་པའི་འགྲེལ་པ།next

གནས་གསུམ་པ་འཇིག་རྟེན་བསྟན་པའི་འགྲེལ་པ།

གཉིས་པ་ཀུན་བྱང་སོ་སོར་བཤད་པ་ལ། དོར་བྱ་སྡུག་ཀུན་གྱི་བདེན་པ་དང་། བླང་བྱ་འགོག་ལམ་གྱི་བདེན་པ་བཤད་པ་གཉིས། ༼དང་པོ་ལ། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་གཉིས། དང་པོ་ལ། ནང་བཅུད་ཀྱི་རྣམ་གཞག་དང་། ཕྱི་སྣོད་ཀྱི་རྣམ་གཞག་གཉིས། དང་པོ་ལ། དབྱེ་བ་སྤྱིར་བསྟན་པ་དང་། སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་བཤད་པ། སྐྱེས་པ་གནས་པའི་ཐབས། གནས་པ་འཆི་བའི་སེམས་བཤད། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་དང་ལྔ། དང་པོ། ཁམས་གསུམ་དུ་དབྱེ་བ་དང་། འགྲོ་བ་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བ་དང་གསུམ། ༽དང་པོ་ལ་གསུམ་ལས། འདོད་པ། གཟུགས། གཟུགས་མེད་དང་གསུམ་ལས། དང་པོ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དང་། །འདོད་པའི་ཁམས་ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ། །ཞེས་པ་སྟེ། དེ་ཡང་དམྱལ་བ། ཡི་དྭགས། དུད་འགྲོ། མི། འདོད་ལྷ་རིགས་དྲུག །དེ་དག་རྟེན་བྱེད་ཀྱི་སྣོད་ཀྱི་འཇིག་རྟེན་རྣམས་འདོད་ཁམས་ཡིན་ཏེ། དེར་སྤྱི་མཐུན་གྱི་ལས་ཀྱིས་འཕངས་ཤིང་། འདོད་པ་ལ་ཆགས་བྲལ་མ་བྱས་པའི་སས་བསྡུས་པས་སོ། །དེ་ལ་ནང་ཚན་གྱི་སྒོ་ནས་ཉི་ཤུར་ཡོད་དེ། དམྱལ་བ་ལ་ཚ་དམྱལ་བརྒྱད་དང་། མི་ལ་གླིང་བཞི་དབྱེ་བས་སོ། །འོ་ན་གྲང་དམྱལ་དང་གླིང་ཕྲན་རྣམས་མི་བགྲང་བ་ཅི་ཞེ་ན། གྲང་དམྱལ་ནི་འདི་པའི་ལུགས་ཀྱི་ཚ་དམྱལ་གྱི་འཁོར་ན་ཡོད་པར་བཤད་ལ། གླིང་ཕྲན་རྣམས་ནི་གླིང་བཞིའི་ཆར་གཏོགས་ཡིན་པས་སོ། །

གཉིས་པ་ནི། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པའི་ས་ནི་བརྒྱད་པ་ཡིན། །ཞེས་པ་སྟེ། ཁམས་གོང་མའི་གནས་ཚངས་རིས་ནས་འོག་མིན་གྱི་བར་དག་སྟེ་བཅུ་བདུན་ནི་བརྟེན་པ་ལྷ་དང་བཅས་པ་གཟུགས་ཁམས་ཡིན་ཏེ། དེར་སྤྱི་མཐུན་གྱི་ལས་ཀྱིས་འཕངས་ཤིང་། འདོད་པ་ལ་ཆགས་པ་དང་བྲལ། གཟུགས་ལ་ཆགས་བྲལ་མ་བྱས་པའི་སས་བསྡུས་ཡིན་པའི་ཕྱིར། དེར་སོ་སོར་དབྱེ་ན། བསམ་གཏན་བཞི་ལས། དང་པོ་གསུམ་ལ་གསུམ་གསུམ་དུ་ཡོད་ཅིང་བཞི་པ་ལ་སོ་སོའི་སྐྱེ་བོའི་གནས་གསུམ་དང་འཕགས་པའི་གནས་ལྔ་སྟེ་ས་བརྒྱད་དུ་ཡོད་པ་ཡིན་ནོ། །ཁ་ཆེ་བ་རྣམས་ནི་གཟུགས་ཁམས་གནས་རིས་བཅུ་དྲུག་ཏུ་བཞེད་དེ། ཚངས་ཆེན་ནི་ཚངས་འདུན་ལས་གྲོང་དང་དགོན་པའི་ཚུལ་དུ་ཡོད་པས་ཐ་དད་མིན་པར་འདོད།

གསུམ་པ་ནི། གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། །ཞེས་པ་སྟེ། གཟུགས་མེད་ཁམས་ན་གཟུགས་ཅན་གྱི་གནས་མེད་དེ། རྟེན་སྣོད་དང་བརྟེན་པ་སེམས་ཅན་ལ་ཁ་དོག་དང་དབྱིབས་སོགས་མེད་པའི་ཕྱིར་དང་། འདས་པ་དང་། མ་འོངས་པ་དང་། རྣམ་པ་རིག་བྱེད་མ་ཡིན་པ་དང་། ཆོས་གཟུགས་ཅན་མ་ཡིན་པ་རྣམས་ནི་ཡུལ་ན་མི་གནས་པའི་ཕྱིར། རྒྱུ་སྙོམས་འཇུག་གི་དབང་གིས་སྐྱེ་བ་ལས་ནི་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་བཞིར་ཡོད་པའི་ཕྱིར། གལ་ཏེ་གཟུགས་མེད་ཁམས་ན་སེམས་ཅན་མེད་པར་འགྱུར་ཏེ། དེའི་རྟེན་གཟུགས་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཟུགས་མེད་ཁམས་དེར་ནི་རིགས་འདྲ་སྐལ་མཉམ་དང་སྲོག་གཉིས་ལ་སེམས་རྒྱུད་བརྟེན་པས་སོ། །

གཉིས་པ་འགྲོ་བ་ལྔར་དབྱེ་བ་ནི། དངོས་དང་། དོགས་དཔྱོད་གཉིས། དང་པོ་ནི། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །ཞེས་པ་སྟེ། ཁམས་གསུམ་དུ་སྐྱེ་བའི་འགྲོ་བ་ནི་ལྔ་སྟེ། དམྱལ་བ་སོགས་རང་རང་གིས་མིང་གིས་བསྟན་པ་དེ་དག་གི་ཕྱིར། ལྷ་མ་ཡིན་མ་སྨོས་པ་ཅི་ཞེ་ན། ས་སྡེ་ལས། སྤྱིར་ལྷ་ཡིན་ཡང་གཡོ་སྒྱུ་དང་ཞེ་སྡང་ཆེ་བས་ལྷ་མ་ཡིན་ཞེས་དམན་པའི་དགག་སྒྲ་སྦྱར་བ་ཡིན་གསུངས་པ་དང་། ཁ་ཆེ་འདུས་བཟང་། ལོངས་སྤྱོད་ཆེ་ཡང་སེར་སྣ་ཆེ་བས་ཡི་དྭགས་ཡིན་གསུངས་པ་དང་། མདོ་དྲན་པ་ཉེར་བཞག་ནས། འཕེན་བྱེད་དགེ་བས་འཕངས་པའི་ལྷ་མ་ཡིན་ལྷ་དང་། འཕེན་བྱེད་མི་དགེ་བས་འཕངས་པའི་ལྷ་མ་ཡིན་དུད་འགྲོར་གསུངས་ཤིང་། དེས་ན་དྲིན་ལན་བསབ་མདོ་ལས། འགྲོ་བ་རིགས་དྲུག་ལྡན་དེ་དག་ཅེས་དང་། ཡབ་སྲས་མཇལ་མདོར། སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །ཞེས་སོགས་དྲུག་ཏུ་བཤད་པ་ནི་ལྔ་པོ་དེར་འདུས་པས་མི་འགལ་ལོ། །འགྲོ་བ་ལྔ་པོ་དེ་དག་མ་བསྒྲིབས་ལུང་མ་བསྟན་ཡིན་ཞིང་། ཉོན་མོངས་ཅན་དང་ལུང་དུ་བསྟན་པ་མིན་པའི་ཕྱིར་རོ། །དེ་ལ་སེམས་ཅན་ཞེས་བྱ་སྟེ། ཟག་པ་དང་བཅས་པའི་སེམས་རྒྱུད་ལ་བརྟེན་པའི་ཕྱིར། བར་སྲིད་འགྲོ་བ་མ་ཡིན་ཏེ། གདགས་པ་ལས། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི། འགྲོ་བ་ལྔས་ནི་དེ་བཞི་མ་བསྡུས་ཏེ། གང་ཞེ་ན་སྲིད་པ་བར་མའོ། །ཞེས་དང་། མངོན་པའི་མདོ་ལས། སྲིད་པ་ནི་བདུན་ཏེ་འགྲོ་བ་ལྔའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ། །ཞེས་གསུངས་པའི་ཕྱིར། མིའི་བར་སྲིད་ཀྱི་རྟེན་ཅན་མིའི་འགྲོ་བ་མ་ཡིན་ཏེ། མིའི་སྐྱེ་སྲིད་དུ་མ་ཕྱིན་པའི་ཕྱིར་རོ། །གཉིས་པ་ལ། སེམས་ཀྱི་གནས་པ་བདུན་བཤད། སེམས་ཀྱི་གནས་པ་དགུ་བཤད། སེམས་ཀྱི་གནས་པ་བཞི་བཤད་པའོ། །དང་པོ་ནི། ལུས་དང་འདུ་ཤེས་ཐ་དད་དང་། །ལུས་ཐ་དད་ཅིང་འདུ་ཤེས་གཅིག །བཟློག་དང་ལུས་དང་འདུ་ཤེས་གཅིག །གཟུགས་ཅན་མ་ཡིན་གསུམ་པོ་དག །རྣམ་ཤེས་གནས་པ་བདུན་ལྷག་མ། །དེ་འཇོམས་བྱེད་ལྡན་སྲིད་རྩེ་དང་། །འདུ་ཤེས་མེད་པའི་སེམས་ཅན་རྣམས། །ཞེས་པ་སྟེ། རྣམ་པར་ཤེས་པའི་གནས་པ་བདུན་ཡོད་དེ། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་དང་། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དང་། དེ་ལས་ལྡོག་པ་ལུས་གཅིག་འདུ་ཤེས་ཐ་དད་པ་དང་། གཉིས་ཀ་གཅིག་པ་དང་། གཟུགས་ཅན་མ་ཡིན་པའི་གནས་དང་པོ་གསུམ་སྟེ་བདུན་ཡོད་པའོ། །རིམ་བཞིན་འདོད་པའི་ལྷ་མི་གཉིས་དང་། བསམ་གཏན་དང་པོ་བ་དང་པོར་བྱུང་བ་མ་གཏོགས་པ་རྣམས་ལ། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་ཅེས་བྱ་སྟེ། ལུས་ཁ་དོག་དང་ཆེ་ཆུང་ཐ་དད་ཅིང་། འདུ་ཤེས་ཀྱང་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཅི་རིས་པ་དོན་དུ་གཉེར་བའི་ཕྱིར། བསམ་གཏན་དང་པོ་བ་དང་པོར་སྐྱེས་མ་ཐག་པ་རྣམས་ནི། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ཡིན་ཏེ། ལུས་ཁ་དོག་དང་ཆེ་ཆུང་ཐ་དད་ཅིང་། འདུ་ཤེས་བདག་ཅག་ནི་ཚངས་པ་ཆེན་པོས་སྲུང་བའོ་སྙམ་པར་རིགས་གཅིག་པའི་ཕྱིར། བསམ་གཏན་གཉིས་པ་བ་རྣམས་ནི་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ཡིན་ཏེ། ལུས་འོད་ལུས་སུ་གཅིག་པ་དང་། འདུ་ཤེས་ཚོར་བ་བདེ་བས་སྐྱོ་ནས་བཏང་སྙོམས་དོན་དུ་གཉེར་བ་དང་། དེས་སྐྱོ་ནས་བདེ་བ་དོན་དུ་གཉེར་བ་ཡོད་པའི་ཕྱིར། བསམ་གཏན་གསུམ་པ་རྣམས་ནི། ལུས་དང་འདུ་ཤེས་གཉིས་ཀ་གཅིག་པ་ཡིན་ཏེ། ལུས་འོད་ལུས་སུ་དང་འདུ་ཤེས་ཚོར་བ་བདེ་བར་གཅིག་པའི་ཕྱིར། དེ་དག་གི་ལྷག་མ་ངན་སོང་གསུམ་ནི། སེམས་ཀྱི་གནས་པ་མིན་ཏེ། སྡུག་བསྔལ་གྱིས་མནར་བའི་སྒོ་ནས་སེམས་འཇོམས་པར་བྱེད་པའི་ཕྱིར། བསམ་གཏན་བཞི་པ་དང་། སྲིད་རྩེ་ཡང་དེ་མིན་ཏེ། བཞི་པར་འདུ་ཤེས་མེད་པའི་སྙོམས་འཇུག་དང་། སྲིད་རྩེར་འགོག་སྙོམས་ཀྱིས་སེམས་འཇོམས་པའི་ཕྱིར་རོ། །གཉིས་པ་ནི། སེམས་ཅན་གྱི་ནི་གནས་དགུར་བཤད། །མི་འདོད་བཞིན་གནས་ཕྱིར་གཞན་མིན། །ཞེས་པ་སྟེ། སེམས་ཅན་གྱི་གནས་དགུར་བཤད་དེ། གོང་གི་བདུན། སྲིད་རྩེ་དང་། འདུ་ཤེས་མེད་པའི་སེམས་ཅན་ཏེ་དགུར་བཤད་པའི་ཕྱིར། དེ་ལས་གཞན་ངན་སོང་གསུམ་ནི། སེམས་ཅན་གྱི་གནས་མིན་ཏེ་དེར་སེམས་ཅན་རྣམས་མི་འདོད་བཞིན་དུ་གནས་པའི་ཕྱིར་རོ། །གསུམ་པ་ནི། གནས་པ་དག་ནི་ཡང་བཞི་སྟེ། །ཟག་དང་བཅས་པའི་ཕུང་པོ་བཞི། །རང་གི་ས་པ་ཉིད་རྣམ་ཤེས། །འབའ་ཞིག་གནས་པར་མ་བཤད་དོ། །བསྡུ་ན་མུ་ནི་བཞི་ཡིན་ནོ། །ཞེས་པ་སྟེ། གཞན་ཡང་རྣམ་ཤེས་ཀྱི་གནས་པ་བཞི་སྟེ། ཟག་བཅས་ཀྱི་ཕུང་པོ་བཞི་ཡོད་པའི་ཕྱིར། དེ་དག་ཀྱང་རང་གི་ས་པ་ཉིད་དགོས་ཏེ། འདོད་པའི་ཕུང་པོ་བཞི་ནི་འདོད་པའི་རྣམ་ཤེས་ཁོ་ནའི་གནས་པ་ཡིན་གྱི། གོང་མའི་མིན་པའི་ཕྱིར། རྣམ་ཤེས་འབའ་ཞིག་འདིར་གནས་པར་མ་བཤད་དེ། འདིའི་གནས་པ་ནི་རྟེན་བྱེད་པའི་དབང་དུ་བྱས་ལ། རྣམ་ཤེས་རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར། སེམས་ཀྱི་གནས་པ་བདུན་དང་དེའི་གནས་པ་བཞི་ལ་མདོར་བསྡུ་ན་མུ་བཞི་སྟེ། བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ནི། བདུན་པོའི་གནས་སྐབས་ཀྱི་རྣམ་ཤེས་ཀྱི་ཕུང་པོ་ལྟ་བུ། བཞིས་བསྡུས་ལ་བདུན་གྱིས་མ་བསྡུས་པ་ནི། ངན་སོང་དང་། བསམ་གཏན་བཞི་པ་དང་། སྲིད་རྩེའི་རྣམ་ཤེས་མ་གཏོགས་པའི་ཕུང་པོ་བཞི་ལྟ་བུ། གཉིས་ཀས་བསྡུས་པ་ནི། བདུན་གྱི་གནས་སྐབས་ཀྱི་ཟག་བཅས་ཀྱི་ཕུང་པོ་དང་པོ་བཞི་ལྟ་བུ། གཉིས་ཀས་མ་བསྡུས་པ་ནི། ངན་སོང་དང་། བསམ་གཏན་བཞི་པ་དང་། སྲིད་རྩེའི་རྣམ་ཤེས་ལྟ་བུའོ། །བདུན་གྱི་གནས་པ་ནི། འདོད་བཞིན་དུ་གནས་པ་དང་། གོང་འཕེལ་དུ་བྱེད་པའི་དབང་དུ་བྱས་ནས་བཤད་པས། སེམས་ལྡན་པ་དང་། ཡོད་པ་ཙམ་ལ་མ་བཤད་ཅིང་། བཞིའི་གནས་པ་ནི་ལྡན་པ་ཙམ་ལའང་བཤད་དོ། །

གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ། གང་དུ་འཇུག་པ་སྐྱེ་གནས་ཀྱི་དབྱེ་བ། གང་འཇུག་པ་བར་སྲིད་ཀྱི་རང་བཞིན། དེ་སྐྱེ་གནས་སུ་བགྲོད་པའི་ཚུལ་དང་གསུམ། དང་པོ་ནི། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་པ་སྟེ། ཁམས་གསུམ་པོ་དེར་སེམས་ཅན་རྣམས་སྐྱེ་བའི་གནས་བཞིར་རིག་པར་བྱ་སྟེ། སྒོ་ང་ལས་སྐྱེས་པ་དང་། སོགས་ཁོངས་ནས་མངལ་ནས་དང་དྲོད་གཤེར་དང་རྫུས་ཏེ་སྐྱེ་བའི་སྐྱེ་གནས་བཞི་ཡོད་པའི་ཕྱིར། འོ་ན་འགྲོ་བ་གང་ལ་སྐྱེ་གནས་དུ་ལྡན་ཞེ་ན་མི་དང་དུད་འགྲོ་ལ་སྐྱེ་གནས་བཞི་ཀ་ཡོད་དེ། མི་ལ་མངལ་སྐྱེས་རྟོགས་སླ། སྒོང་སྐྱེས་གྲུ་ཞིག་པའི་ཚོང་པ་བྱ་ཁྲུང་ཁྲུང་མོ་དང་འགྲོགས་པ་ལས། སྒོ་ང་གཉིས་བཙས་ཏེ། དགེ་སློང་བྲག་དང་ཉེ་བྲག་གཉིས་བྱུང་བར་བཤད་པ་དང་། རི་དྭགས་འཛིན་མའི་བུ་སུམ་ཅུ་རྩ་གཉིས་དང་། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་ལྟ་བུ། དྲོད་གཤེར་སྐྱེས་ནི་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལ་ང་ལས་ནུ། དེའི་བརླ་གཡས་ལ་མཛེས་པ། གཡོན་ལ་ཉེ་མཛེས་ལྟ་བུ། རྫུས་སྐྱེས་ནི་སྐལ་པ་དང་པོའི་མི་རྣམས་དང་། ཕྱིས་ཀྱི་ཨཱཪྱ་དེ་ཝ་ལྟ་བུ། དུད་འགྲོའི་གནས་གསུམ་རྟོགས་སླ་ཞིང་། རྫུས་སྐྱེས་ནི་ཀླུ་དང་། འདབ་བཟང་ལ་སོགས་པའོ། །དམྱལ་བ་རྣམས་དང་། ལྷ་རྣམས་དང་། སྲིད་པ་བར་མ་རྣམས་རྫུས་ཏེ་སྐྱེ་བ་ཁོ་ན་ཡིན། ཡི་དྭགས་ཕལ་ཆེར་རྫུས་སྐྱེས་ཡིན་ཞིང་། འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་ཡི་དྭགས་མོ་ཞིག་ན་རེ། བདག་གིས་མཚན་མོ་བུ་ལྔ་དང་། དེ་བཞིན་ཉི་མོ་གཞན་དག་ལྔ་བསྐྱེད་ནས་དེ་དག་ཟོས་མོད་ཀྱི། འོན་ཀྱང་བདག་ལ་ཚིམ་པ་མེད། ཅེས་སྨྲས་པའི་ཕྱིར།

གཉིས་པ་ལ། བར་སྲིད་ཀྱི་ངོ་བོ། སྒྲུབ་བྱེད། ཁྱད་ཆོས་སོ། །དང་པོ་ནི། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །ཞེས་པ་སྟེ། སྐབས་འདིར་གང་ཞིག་འཆི་སྲིད་དང་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའི་སྲིད་པ་གཅིག་ལ་བར་སྲིད་ཅེས་བྱ། སྲིད་པ་བར་མ་དེ་ལ་འབྱུང་བ་ཞེས་བྱ་ཡི་བྱུང་བ་མིན་ཏེ། གང་དུ་བགྲོད་བྱའི་ཡུལ་སྔོན་དུས་ཀྱི་སྲིད་པ་དེར་མ་ཕྱིན་པའི་ཕྱིར། གཉིས་པ་ལ། རིགས་པ་དང་། ༼ལུང་གི་༽སྒྲུབ་བྱེད་གཉིས་ལས། དང་པོ་ནི། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་བ་མིན། །གཟུགས་བརྙན་མ་གྲུབ་ཕྱིར་བ་དང་། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །རྒྱུན་མིན་ཕྱིར་གཉིས་ལས་བྱུང་ཕྱིར། །མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ། །ལྔར་གསུངས་འགྲོ་མདོ་ལས་ཀྱང་གྲུབ། །ཅེས་པ་སྟེ། ཕལ་ཆེན་པ་ན་རེ། བར་སྲིད་མེད་དེ། འཆི་སྲིད་རྒྱུན་ཆད་པ་ཁོ་ན་ལས་སྐྱེ་སྲིད་འབྱུང་བ་མིན་ཏེ། སེམས་ནི་འབྲུའི་རྒྱུན་དང་རྒྱུན་མ་ཆད་པར་ཆོས་མཐུན་པས། སྲིད་པ་སྔ་མའི་རྒྱུན་ལས་ཕྱི་མའི་རྒྱུན་རིམ་པར་འབྱུང་བའི་ཕྱིར། དཔེར་ན་འབྲུ་ཤར་ནས་ནུབ་ཏུ་དྲངས་ཚེ་རྒྱུན་མ་ཆད་པར་སླེབ་པ་བཞིན་ནོ། །ཁོ་ན་རེ། འཆི་སྲིད་རྒྱུན་ཆད་པ་ཁོ་ན་ལས་སྐྱེ་སྲིད་འབྱུང་བའི་ཕྱིར་ཟེར། འཆི་བའི་སྲིད་པ་རྒྱུན་ཆད་པ་ལས་སྐྱེ་སྲིད་འབྱུང་བའི་དཔེ་ཡོད། བྱད་བཞིན་གྱི་གཟུགས་དང་འགྱངས་ཆད་པ་ལས། མེ་ལོང་ནང་དུ་དེའི་གཟུགས་བརྙན་འབྱུང་བའི་ཕྱིར་ཞེ་ན། དེ་དེའི་དཔེ་རྣམ་དག་མ་ཡིན་ཏེ། མེ་ལོང་ནང་དུ་ཤར་བའི་བྱད་བཞིན་གྱི་གཟུགས་བརྙན་ཐོགས་བཅས་པ་མ་གྲུབ་པའི་ཕྱིར་དང་། དེ་འཆི་སྲིད་རྒྱུན་ཆད་པའི་སྐྱེ་སྲིད་དང་མི་འདྲ་བའི་ཕྱིར། དང་པོ་གྲུབ་སྟེ། གོ་ས་གཅིག་ན་ལྷན་ཅིག་ཏུ་ཐོགས་བཅས་ཀྱི་རྡུལ་རིགས་མི་མཐུན་གཉིས་གནས་པ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱད་བཞིན་གྱི་གཟུགས་བརྙན་བྱད་གཟུགས་ཀྱི་རྒྱུན་མིན་པའི་ཕྱིར་དང་། གཟུགས་བརྙན་དེ་བྱད་བཞིན་དང་མེ་ལོང་གཉིས་ལས་བྱུང་ལ། དེ་བཞིན་དུ་སྐྱེ་སྲིད་རྒྱུ་གཉིས་ལས་འབྱུང་བ་མེད་པའི་ཕྱིར། གཉིས་པ་ནི། བར་སྲིད་ཡོད་དེ། ཐུབ་པའི་མགུར་ནས། སྲིད་པ་བདུན་ཏེ། ཞེས་སོགས་གསུངས་པའི་ཕྱིར་དང་། དགའ་བོ་མངལ་འཇུག་གི་མདོ་ལས། གནས་གསུམ་མངོན་དུ་གྱུར་ན། མའི་མངལ་དུ་བུ་ཆགས་པར་འགྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་ཤིང་ཕྲད་པ་དང་། དྲི་ཟ་ཉེ་བར་གནས་པའོ། །ཞེས་གསུངས་པའི་ཕྱིར་དང་། མདོ་ལས། བར་འདའ་བ་དང་གཅིག །སྐྱེས་མདའ་བ་དང་གསུམ། གོང་འཕོ་བ་དང་ལྔ་གསུངས་པའི་ཕྱིར་དང་། སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བྱའི་མདོ་ལས་ཀྱང་། མྱུར་བར་འདའ་བ། མྱུར་བ་མ་ཡིན་པར་འདའ་བ། དུས་ཡུན་རིང་མོ་ཞིག་ནས་མྱ་ངན་ལས་འདའ་བའི་བར་འདའ་བ་གསུམ་གསུངས་པས་གྲུབ་པའི་ཕྱིར། གསུམ་པ་ནི། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་པ་སྟེ། འདོད་གཟུགས་གཉིས་ལ་བར་སྲིད་ཡོད་ཀྱི་གཟུགས་མེད་ལ་མེད་དེ། བར་སྲིད་ནི་གཟུགས་དང་བཅས་པ་ཁོ་ན་ཡིན་ལ་གཟུགས་མེད་ཁམས་ན་གཟུགས་མེད་པའི་ཕྱིར། དེས་ན་མིའི་བར་སྲིད་ནི། རང་གང་དུ་སྐྱེ་འགྱུར་གྱི་མིའི་མངོན་དུས་ཀྱི་སྲིད་པའི་ཁ་དོག་དང་དབྱིབས་སོགས་ཀྱི་ཤ་ཚུགས་ཅན་དུ་འབྱུང་བར་ངེས་ཏེ། དེ་ནི་མངོན་དུས་དང་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པར་རིགས་གཅིག་པའི་ཕྱིར། སྔོན་དུས་ཀྱི་སྲིད་པ་གང་ཞེ་ན། དེ་ནི་སྐྱེ་སྲིད་གྲུབ་པའི་སྐད་ཅིག་མ་གཉིས་པ་ཕན་ཆད་ནས་འཆི་བའི་སྲིད་པའི་སྔོོན་རོལ་ཚུན་ཆད་ལ་འཇོག །གཞན་དུ་བཤད་པ་ནི། སྔོན་ཞེས་པ་སྔར་འདས་ལ་མི་འཇོག་སྟེ། དེའི་སྐད་དོད་དུ་པུཪྺ་ཞེས་ཡོད་ལ། དེ་ནི་ཤར་དང་མདུན་དང་སྔོན་སོགས་ལ་འཇུག་པས། ད་གདོད་མདུན་དུ་འབྱུང་རྒྱུའི་དོན་ཏེ་ཕྱི་མ་གང་དུ་སྐྱེ་འགྱུར་གྱི་སྣང་བ་ལ་བཤད་དོ། །མིའི་བར་སྲིད་ན་ཕན་ཚུན་རིགས་མཐུན་རྣམས་གཅིག་གིས་ཅིག་ཤོས་མཐོང་གི །རིགས་མི་མཐུན་མཐོང་བ་མིན་ཞིང་། སྐྱོན་བཅུ་གཅིག་དང་བྲལ་བའི་ལྷའི་མིག་རྣམ་པར་དག་པས་ཐམས་ཅད་མཐོང་ལ། སྐྱེས་ཐོབ་ཀྱིས་ནི་མི་མཐོང་ངོ་། །གཞན་དག་གོང་མའི་བར་སྲིད་ཀྱིས་འོག་མའི་བར་སྲིད་མཐོང་གི །འོག་མས་གོང་མ་མཐོང་བ་མིན་ཞེས་སྨྲ། དེ་རྫུ་འཕྲུལ་དང་ལྡན་ཏེ། ལས་ཀྱི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་། ཤུགས་དང་ལྡན་ཏེ། གང་དུ་བསམ་པའི་གནས་དེར་སྐད་ཅིག་གིས་བགྲོད་ནུས་པའི་ཕྱིར། དབང་པོ་ཀུན་ཚང་ཞིང་ཐོགས་པ་མེད་པ་དང་ལྡན་ཏེ། ལྕགས་ཀྱི་ཐོ་ལུམ་མེ་འབར་བའིི་ནང་ན་སྲིན་བུ་དམིགས་པའི་ཕྱིར། ཁོ་ན་རེ། སྔོན་དུས་ཀྱི་སྲིད་པ་ལ་གནས་པའི་གང་ཟག་ལ་དབང་པོ་ཐམས་ཅད་ཚང་བས་ཁྱབ་པར་ཐལ། བར་སྲིད་ལ་དེའི་ཕྱིར། མ་ཁྱབ་ན་སྔོན་དུས་སྲིད་འབྱུང་ཞེས་སོགས་དང་འགལ་ཞེ་ན། སྐྱོན་མེད་དེ། གཙོ་ཆེ་བ་ལ་དགོངས་ཀྱི་རྣམ་པ་མ་ལུས་པ་མཚུངས་པ་མིན་ཏེ། མིག་ཁྲ་རིག་གེ་བ་དང་། རྣ་བ་སྐྲོང་ངེ་བ་སོགས་ཡོད་མི་དགོས་པས་སོ། །མིའི་བར་སྲིད་གྲུབ་ན་མིའི་སྔོན་དུས་སུ་འགྲོ་བས་ཁྱབ་བམ་ཞེ་ན། ཁྱབ་སྟེ། མིའི་བར་སྲིད་གྲུབ་ནས་སྐྱེ་སྲིད་དུ་མ་ཕྱིན་བར་འགྲོ་བ་གཞན་དུ་མི་ལྡོག་པར་ངེས་པའི་ཕྱིར། མངོན་པ་གོང་མ་ལས། ཅི་སྟེ་ན་ལྡོག་གོ །དེ་ན་གནས་པ་ཡང་ལས་ག །སོག་གོ །ཞེས་ལྡོག་པར་བཤད་དོ། །འདོད་པའི་བར་སྲིད་དེ་ནི་ཟས་སུ་དྲི་ཟ་ཞིང་། གཟུགས་ཀྱི་བར་སྲིད་ནི་ཁམ་ཟས་ལ་འདོད་ཆགས་དང་བྲལ་བའོ། །ཚེ་ཚད་ནི། བཙུན་པ་ན་རེ། ངེས་པ་མེད་དེ། ཇི་སྲིད་སྐྱེ་བའི་ཚོགས་པ་མ་རྙེད་ཀྱི་བར་དུའོ། །ཞེས་དང་། དབྱིག་བཤེས་ནི། ཞག་བདུན་དུ་གནས་ཤིང་སྐྱེ་བའི་ཚོགས་པ་མ་རྙེད་ན་ཤི་ནས་དེ་ཉིད་དུ་སྐྱེ་བར་འདོད་པ་དང་། གོང་མ་ལྟར་ན། ཞག་བདུན་ཕྲག་བདུན་དུ་གནས་ཤིང་། བདུན་བདུན་ནས་འཆི་ཆུང་རེ་བྱེད་པ་དང་། བྱེ་སྨྲ་རྣམས་དུས་ཐུང་ངུར་གནས་ཏེ། ལས་ཀྱི་སྲིད་པ་ཚོལ་བ་ཡིན་པའི་ཕྱིར། ཞེས་བཞེད་དོ། །

གསུམ་པ་དེ་སྐྱེ་གནས་སུ་བགྲོད་ཚུལ་ལ། དངོས་དང་། སྐྱེ་གནས་སུ་འཇུག་པའི་དབྱེ་སྒོ་གཉིས། དང་པོ་ནི། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །དྲི་དང་གནས་ལ་མངོན་འདོད་གཞན། །དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན། །གཅིག་ནི་ཤེས་བཞིན་དུ་འཇུག་གོ །གཞན་ནི་གནས་པ་ཡང་གཞན་ནི། །འབྱུང་བའང་གཞན་ནི་ཐམས་ཅད་རྨོངས། །སྒོ་ང་ལས་སྐྱེས་རྟག་ཏུའོ། །ཞེས་པ་སྟེ། མངལ་སྒོ་ང་ལས་སྐྱེས་པ་ནི། བློ་ཕྱིན་ཅི་ལོག་ཏུ་གྱུར་པས་རྩེ་ཞིང་དགའ་བའི་རྣམ་པས་འགྲོ་བའི་ཡུལ་སྐྱེ་གནས་དེར་འགྲོ་བ་དང་། གཞན་དྲོད་གཤེར་སྐྱེས་ནི་དྲི་དང་། རྫུས་སྐྱེས་ནི་གནས་ལ་མངོན་པར་འདོད་པས་སོ། །གནས་ལ་མངོན་འདོད་ཇི་ལྟར་ཡོད་སྙམ་ན། དེ་ཡོད་དེ། གྲང་དམྱལ་གྱི་བར་སྲིད་གྲུབ་ཚེ། རེག་བྱ་ཤིན་ཏུ་ཚ་བས་ཉེན་ནས་གྲང་བའི་གནས་ཚོལ་བར་འདོད་པ་ན། གྲང་དམྱལ་གྱི་གནས་མཐོང་སྟེ། དེར་མངོན་པར་འདོད་པ་དང་། ཚ་དམྱལ་ལའང་དེ་བཞིན་དང་། འགྲོ་བ་གཞན་རྣམས་ཀྱང་རང་རང་གི་གནས་མངོན་པར་འདོད་པའི་ཚུལ་གྱིས་འཇུག་པའི་ཕྱིར། དེ་ཡང་དམྱལ་བའི་བར་སྲིད་གྲུབ་པ་ན་ལུས་སྤྱིའུ་ཚུགས་སུ་འགྲོ་བ་སྟེ། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་བཀུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་ལྷུང་བར་འགྱུར། །ཞེས་སོ། །ལྷ་རྣམས་ནི་སྟན་ལས་ལྡང་བ་བཞིན་གྱེན་དུ་འགྲོ་ཞིང་། མི་དང་དུད་འགྲོ་དང་ཡི་དྭགས་རྣམས་ཐད་ཀར་རོ། །ཁ་དོག་ནི་གོང་མར། དེ་ལ་མི་དགེ་བ་བྱེད་པའི་བར་མ་དོའི་སྲིད་པ་མངོན་པར་གྲུབ་པ། དཔེར་ན་ཕྱར་ནག་པོའམ་མཚན་མོ་མུན་པ་མུན་ནག་ཏུ་སྣང་བ་ལྟ་བུའོ། །དགེ་བ་བྱེད་པ་ནི། དཔེར་ན་སྣམ་བུ་དཀར་པོའམ། ཟླ་འོད་དང་བཅས་པས་མཚན་མོར་སྣང་བ་ལྟ་བུའོ། །ཞེས་དང་། སྲིད་པ་འཕོ་བའི་མདོར། དམྱལ་བའི་བར་དོ་སྡོང་དུམ་མེས་ཚིག་པ་ལྟ་བུ་དང་། ཡི་དྭགས་ཀྱིིི་ཆུ་ལྟ་བུ་དང་། དུད་འགྲོའི་དུ་བ་ལྟ་བུ་དང་། མི་དང་འདོད་ལྷའི་གསེར་ལྟ་བུ་དང་། གཟུགས་ཁམས་ཀྱི་ལྷའི་སྣམ་བུ་དཀར་པོ་ལྟ་བུ་ཡང་གསུངས་སོ། །ཞེས་སོ། །གཉིས་པ་ནི། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉི་ག །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །ཞེས་པ་སྟེ། མངལ་འཇུག་མཐའ་དག་བློ་ཕྱིན་ཅི་ལོག་ཏུ་ངེས་སམ་ཞེ་ན། མ་ངེས་སོ། །ཇི་ལྟར་ན། ཕྱིན་ཅི་མ་ལོག་པར་མངལ་དུ་འཇུག་ཚུལ་གསུམ་སྟེ། འཁོར་ལོས་སྒྱུར་བ་དང་། རང་བྱུང་རང་སངས་རྒྱས་དང་། རྫོགས་སངས་རྒྱས་གཉིས་རྣམས་སོ། །དེ་ཡང་གོ་རིམ་བཞིན། གཅིག་འཁོར་ལོས་སྒྱུར་རྒྱལ་ནི་ཤེས་བཞིན་དུ་འཇུག་ལ། གནས་པ་དང་འབྱུང་བ་མི་ཤེས་ཏེ། དེ་བསོད་ནམས་ཀྱི་ལས་རྒྱ་ཆེན་པོ་ཙམ་དང་ལྡན་པའི་ཕྱིར། གཞན་རང་སངས་རྒྱས་ནི་གནས་པ་ཡང་ཤེས་བཞིན་དུ་གནས་ལ། འབྱུང་བ་མི་ཤེས་ཏེ་ཡེ་ཤེས་ཀྱི་ཚོགས་ཙམ་རྒྱ་ཆེ་བའི་ཕྱིར། གཞན་རྫོགས་སངས་རྒྱས་ནི། འབྱུང་བའང་ཤེས་བཞིན་དུ་འབྱུང་སྟེ། ཚོགས་གཉིས་རྒྱ་ཆེ་བའི་ཕྱིར། དེ་ལས་གཞན་པའི་མངལ་སྐྱེས་ནི། འབྱུང་འཇུག་གནས་གསུམ་ཐམས་ཅད་ལ་རྨོངས་སོ། །སྒོང་སྐྱེས་དུས་རྟག་ཏུ་རྨོངས་པ་ཡིན་ཏེ། དེ་སྐྱེ་གནས་གཉིས་པ་ཅན་ཡིན་པའི་ཕྱིར།

གཉིས་པ་སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་ལ། དངོས་དང་། ཞར་ལ་སྲིད་པ་བཞིའི་ཁྱད་པར་ལ་དཔྱད་པ་གཉིས། དང་པོ་ལ། འཁོར་བར་འཇུག་ཚུལ་གྱི་སྒོ་ནས་མདོར་བསྟན། གྲུབ་པའི་འཁོར་བ་རྒྱས་པར་བཤད། ཉོན་མོངས་པ་གསུམ་དཔེས་མཚོན་ཚུལ་གྱི་སྒོ་ནས་བསྡུ་བའོ། །དང་པོ་ལ། འཁོར་བར་འཇུག་ཚུལ་དངོས་དང་། སྲིད་པའི་རྒྱུན་ཐོག་མེད་དུ་བསྟན་པ་གཉིས་། དང་པོ་ནི། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཉོན་མོངས་ལས་ཀྱི་མངོན་འདུ་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཞེས་པ་སྟེ། ཁོ་ན་རེ། སྐྱེ་བ་སྔ་མ་ནས་འདི་དང་། འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་ན། དེ་སྦྱོར་བའི་བདག་རྟག་གོ་ཞེ་ན། བདག་མེད་དེ་ཕུང་པོ་ཙམ་ལ་དེེར་འདོགས་པ་ཉིད་དོ། །འོན་ཀྱང་ཉིང་མཚམས་སྦྱོར་བ་འཐད་དེ་སྐྱེ་བ་སྔ་མར་ཉོན་མོངས་པས་ཀུན་ནས་བསླངས་ཏེ། ཟག་བཅས་ཀྱི་ལས་ཀྱི་མངོན་པར་འདུ་བྱས་པ་ལས་སྲིད་པ་བར་མའི་སེམས་ཀྱི་རྒྱུན་འབྱུང་། དེ་ལས་སྐྱེ་སྲིད་ཀྱི་སེམས་ཀྱི་རྒྱུན་བྱུང་བ་ཉིད་ཀྱིས་ན་མར་མེ་གཅིག་ལས་གཉིས་ཆད་བཞིན་དུ་མངལ་ལ་སོགས་པའི་སྐྱེ་གནས་བཞིར་འགྲོ་བའི་ཕྱིར། གཉིས་པ་ནི། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །ཞེས་པ་སྟེ། སྲིད་འཁོར་ཐོག་མ་མེད་ཅིང་ཐ་མ་མེད་དེ། སྔོོན་མ་རིག་པས་ཀུན་ནས་བསླངས་ཏེ། ཟག་བཅས་ཀྱི་ལས་བསགས་པས། ཡང་སྲིད་ཕྱི་མ་ཡང་དང་ཡང་དུ་ཇི་ལྟར་འཕངས་པ་བཞིན། སྐྱེ་བ་སྔ་མར་མ་རིག་པ་དང་ཟག་བཅས་ཀྱི་ལས་སྔོོན་དུ་སོང་བ་ལས། འདིར་རིམ་གྱིས་ཕུང་པོའི་རྒྱུན་འབྱུང་ཞིང་། འདིར་སྐྱེས་ནས་ལས་དང་ཉོན་མོངས་ཀྱི་སྟོབས་ཀྱིས་ཡང་སྲིད་ཕྱི་མར་འགྲོ་ལ། དེར་ལས་ཉོན་བསགས་པས་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ཕྱིར་རོ། །

གཉིས་པ་ལ། བྱེ་སྨྲ་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ལ། རྫོགས་ཚུལ། བསྡུ་བ། འཁོར་ཚུལ་ལོ། །དང་པོ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། སྲིད་པའི་འཁོར་ལོ་ཐོག་མ་མེད། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །ཞེས་པ་སྟེ། ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་པོ་དེ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ལྡན་ཏེ། མ་རིག་པ་ནས་རྒ་ཤིའི་བར་རོ། །བཅུ་གཉིས་པོ་འདི་ཆ་གསུམ་དུ་འདུས་ཏེ། འདས་མ་འོངས་ད་ལྟར་གྱི་ཆ་གསུམ་དུ་འདུས་པའི་ཕྱིར། དེ་ཡང་ཚེ་གསུམ་ལ་རྫོགས་ཏེ། སྐྱེ་བ་སྔ་མར་མ་རིག་པ་དང་འདུ་བྱེད་གཉིས་སྔོོན་དུ་སོང་བ་ལས། བར་དུ་རྣམ་ཤེས་ནས་ཚོར་བའི་བར་ལྔ་དང་། ཚེ་མཇུག་ལ་སྲེད་ལེན་སྲིད་པ་གསུམ་སྟེ་བརྒྱད་འབྱུང་། དེ་གསུམ་སྔོོན་དུ་སོང་བ་ལས་སྐྱེ་བ་ཕྱི་མར་སྐྱེ་རྒ་གཉིས་འབྱུང་བའི་ཕྱིར། ཐམས་ཅད་ཀྱི་སྐྱེ་བ་འདི་ལ་བར་གྱི་བརྒྱད་ཚང་བར་ཡོད་དམ་ཞེ་ན། མཐའ་གཅིག་ཏུ་མ་ངེས་ཏེ། རྫུས་སྐྱེས་མིན་པའི་གང་ཟག་ཚེ་ཡོངས་རྫོགས་དང་ལྡན་པ་ལ་ཡིན་གྱི། དུས་མིན་དུ་འཆི་བ་ལ་མ་ངེས་པའི་ཕྱིར། གཉིས་པ་ནི། སྔོོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་རིག་ཉོན་མོངས་སྔོོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་སྲིད་འབྲས་བུ་འབྱུང་གྱུར་པའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་པར་འདོད་ལོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །ཞེས་པ་སྟེ། སྔོན་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བཞིན་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་མ་རིག་པ་དང་། སྔོན་ལས་གསོག་པའི་སྐབས་ཀྱི་དེ་ལ་འདུ་བྱེད་དང་། ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བཞིན་པའི་སྐབས་ཀྱི་ཕུང་པོ་ལྔ་ནི་རྣམ་ཤེས་དང་། དེ་ཕན་ཆད་ཉིང་མཚམས་སྦྱོར་ནས་སྐྱེ་མཆེད་དྲུག་དོད་པ་ཚུན་ཆད་ཀྱི་དེ་ལ་མིང་གཟུགས་གང་རུང་དང་། དོད་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་དེ་མ་འདུས་པའི་སྐབས་ཀྱི་ལྔ་ནི་སྐྱེ་མཆེད་དང་། འདུས་པ་དེ་ནས་ཚོར་བ་བདེ་སྡུག་ལ་སོགས་པ་རྣམས་ཀྱི་རྒྱུ་ཤེས་ནུས་པ་ཚུན་ཆད་ཀྱི་དེ་ལྔ་ལ་རེག་པ་དང་། རྒྱུ་ཤེས་ནས་ནང་གི་ལོངས་སྤྱོད་འཁྲིག་པ་ལོངས་སྤྱོད་པར་ནུས་པ་ཚུན་ཆད་ཀྱི་དེ་ལྔ་ལ་ཚོར་བ་དང་། དེ་ནས་ཕྱིའི་ལོངས་སྤྱོད་དང་། ནང་གི་འཁྲིག་པ་ལ་ཆགས་པ་ཅན་གྱིས་ཡུལ་ཡོངས་སུ་འཚོལ་བ་ལ་ཞུགས་པའི་དེ་ལྔ་ནི་སྲིད་པ་དང་། དེ་ནས་ལོངས་སྤྱོད་རྣམས་འཐོབ་པར་བྱ་བའི་ཕྱིར་དུ་ཡོངས་སུ་རྒྱུག་པའི་སྐབས་ཀྱི་དེ་ལྔ་ནི་ཉེ་བར་ལེན་པ་དང་། རྒྱུག་པ་དེ་སྲིད་དུ་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པའི་སྐབས་ཀྱི་དེ་ལྔ་ནི་སྲིད་པ་དང་། ཡང་སྲིད་ཕྱི་མའི་ཉིང་མཚམས་སྦྱོར་བཞིན་པའི་དེ་ལྔ་ནི་སྐྱེ་བ་དང་། དེ་ཡན་ཆད་ནས་ཚོར་བའི་བར་གྱི་སྐབས་ཀྱི་དེ་ལྔ་ནི་རྒ་ཤིའི་རྟེན་འབྲེལ་ཡིན། འདི་ནི་རྟེན་འབྲེལ་ལ་སྐད་ཅིག་དང་རྒྱུན་ཆགས་དང་། འབྲེལ་བ་ཅན་དང་། གནས་སྐབས་པའི་རྟེན་འབྲེལ་བཞི་ལས་གནས་སྐབས་པར་འདོད་དེ། ཡན་ལག་དེ་དང་དེའི་སྐབས་ཀྱི་ཕུང་པོ་ལྔ་ལ་དེ་དང་དེའི་རྟེན་འབྲེལ་དུ་བཞག་པའི་ཕྱིར། ལོ་ནི་མ་རངས་པའི་ཚིག་གོ །འོ་ན་མ་རིག་པའི་རྟེན་འབྲེལ་ཞེས་སྨོས་མི་རིགས་ཏེ། དེ་ལ་ཕུང་པོ་ལྔ་ཀ་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་སྐབས་འདིར་མ་རིག་པ་གཙོ་བོ་ཡིན་པའི་ཕྱིར་ན་ཡན་ལག་ཕུང་པོ་གཞན་རྣམས་ལའང་དེ་སྐད་བསྒྲགས་པའ་ིཕྱིར། དཔེར་ན་རྒྱལ་པོ་འཁོར་བཅས་འབྱོན་པ་ལ་རྒྱལ་པོ་འབྱོན་ཞེས་བརྗོད་པ་བཞིན་ནོ། །གསུམ་པ་ནི། སྔོན་དང་ཕྱི་མཐར་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་པ་སྟེ། སྔོན་གྱི་མཐའ་དང་། ཕྱི་མཐའ་དང་། བར་མ་ད་ལྟར་དག་ལ་རྨོངས་པ་རྣམ་པར་ཟློག་པའི་ཆེད་ཡོད་པའི་ཕྱིར་ཏེ། དང་པོའི་དབང་དུ་བྱས་ནས་མ་རིག་པ་དང་འདུ་བྱེད་གཉིས། གཉིས་པའི་དབང་དུ་སྐྱེ་རྒ་གཉིས། གསུམ་པའི་དབང་དུ་བྱས་ནས་ལྷག་མ་བརྒྱད་བཞག་པའི་ཕྱིར། གཉིས་པ། ཉོན་མོངས་པ་གསུམ་དུ་བསྡུ་བ་དང་། རྒྱུ་འབྲས་གཉིས་སུ་བསྡུ་བའོ། །དང་པོ་ནི། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་པ་སྟེ། བཅུ་གཉིས་པོ་འདི་གསུམ་དུ་འདུས་ཏེ། ཉོན་མོངས་པ་དང་། ལས་དང་། གཞིའོ། །ཉོན་མོངས་པ་གསུམ་སྟེ། མ་རིག་པ་དང་། སྲེད་ལེན་ནོ། །ལས་གཉིས་ཏེ། འདུ་བྱེད་དང་། སྲིད་པའོ། །གཞི་བདུན་ཏེ། རྣམ་ཤེས་སོགས་ལྷག་མ་བདུན་ནི། ལས་ཉོན་གྱི་རྟེན་ཡིན་པའི་ཕྱིར། གཉིས་པ་ནི། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །ཞེས་པ་སྟེ། བདུན་གཞི་ཡིན་པ་དེ་བཞིན་དུ་འབྲས་བུའི་ཡང་ཡིན་ལ། ལྷག་མ་ལྔ་ནི་རྒྱུའི་རྟེན་འབྲེལ་ཞེས་བྱའོ། །ཡང་ཅིའི་ཕྱིར་ན། དབུས་སུ་རྒྱུ་གསུམ་དང་འབྲས་བུ་ལྔ་བཤད་ལ། སྔོོན་མཐར་རྒྱུ་བསྡུས་ཤིང་། ཕྱི་མཐར་འབྲས་བུ་བསྡུས་ཤེ་ན། དེ་ལྟར་བསྟན་པའི་དགོས་པ་ཡོད་དེ། སྔ་ཕྱིའི་མཐའ་གཉིས་ཀྱིས་རིམ་པ་བཞིན་རྒྱུ་འབྲས་མདོར་བསྡུས་པ་ནི། བར་མའི་རྒྱུ་འབྲས་རྒྱ་བསྐྱེད་པའི་རྗེས་སུ་དཔག་པ་ལས་སྔ་ཕྱིའི་རྒྱུ་འབྲས་ཀྱང་རྒྱས་པར་མཚོན་བྱེད་ཡིན་པའི་ཕྱིར། དེ་ཡང་སྔོོན་མཐའི་སྐབས་སུ་རྒྱུ་མདོར་བསྡུས་ཏེ། མ་རིག་པ་དང་འདུ་བྱེད་གཉིས་སུ་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། བར་མ་ལའང་རྒྱུ་གཉིས་ཡོད་ཚུལ་ཤེས་བྱེད་ཡིན་པས་སོ། །ཕྱི་མཐར་འབྲས་བུ་མདོར་བསྡུས་ཏེ་སྐྱེ་རྒ་གཉིས་སུ་བསྡུས་ནས་བསྟན་པའི་ཕྱིར། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། བར་མ་ལའང་དེ་གཉིས་ཡོད་ཚུལ་ཤེས་བྱེད་ཡིན་པས་སོ། །བར་མར་རྒྱུ་འབྲས་རྒྱས་པར་བཤད་དེ། འབྲས་བུ་ལ་རྣམ་ཤེས་ནས་ཚོར་བའི་བར་ལྔ་དང་། རྒྱུ་ལ་སྲེད་ལེན་སྲིད་པ་གསུམ་དུ་བཤད་པའི་ཕྱིར། དེ་ལྟར་བཤད་པ་ལ་དགོས་པ་ཡོད་དེ། སྔ་ཕྱིའི་མཐའ་གཉིས་ལའང་དེ་ལྟར་རུང་བར་ཤེས་བྱེད་ཡིན་པའི་ཕྱིར། གསུམ་པ་འཁོར་ཚུལ་ནི། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །ཅེས་པ་སྟེ། མ་རིག་པ་ལ་རྒྱུ་དང་། རྒ་ཤི་ལ་འབྲས་བུ་ཡོད་དམ་མེད། ཡོད་ན་ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་ཉམས། མེད་ན་འཁོར་བ་ལ་ཐོག་མཐའ་ཡོད་པར་འགྱུར་རོ་ཞེ་ན། ཡོད་ཀྱང་གྲངས་ངེས་མི་ཉམས་པའི་ཚུལ་འཆད་པ་ནི། ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་སྟེ། སྲེད་པ་ལས་ལེན་པའོ། །ཉོན་མོངས་པ་ལས་བྱ་བའི་ལས་ཉིད་དེ། ལེན་པ་ལས་སྲིད་པ་དང་། མ་རིག་པ་ལས་འདུ་བྱེད་དོ། །ལས་དེ་ལས་གཞི་སྟེ། འདུ་བྱེད་ལས་རྣམ་ཤེས་དང་། སྲིད་པ་ལས་སྐྱེ་བའོ། །གཞི་དེ་ལས་གཞི་སྟེ། རྣམ་ཤེས་ལས་གཟུགས་སོགས་དང་། སྐྱེ་བ་ལས་རྒ་ཤིའོ། །གཞི་ལས་ཉོན་མོངས་པ་སྐྱེ་སྟེ། ཚོར་བ་ལས་སྲེད་པའོ། །དེ་ལྟར་བཤད་པ་ནི། སྲིད་པའི་ཡན་ལག་ལུགས་འབྱུང་དུ་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །དེ་ལྟ་ནའང་ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་ཉམས་པ་དང་། ཐོག་མཐའ་ཡོད་པར་མི་འགྱུར་ཏེ། རྒྱུ་འབྲས་ཕན་ཚུན་ལྟོས་པས་ཚེ་རབས་སྔ་མ་སྔ་མའི་འབྲས་བུའི་རྟེན་འབྲེལ། ཕྱི་མ་ཕྱི་མའི་རྒྱུའི་རྟེན་འབྲེལ་དུ་འགྱུར་བས་སོ། །ཡང་མདོ་ལས། རྟེན་འབྲེལ་འབྱུང་བ་ཞེས་ཀྱང་བཤད་ལ། བྱུང་བ་ཞེས་ཀྱང་བཤད་པས། གཉིས་པོའི་ཁྱད་པར་ཅི་ཞེ་ན། འདིར་འབྱུང་བ་ཞེས་པ་ནི་རྒྱུའི་རྟེན་འབྲེལ་གྱི་དབང་དུ་ཡིན་ཏེ། དེ་ལས་འབྲས་བུའི་རྟེན་འབྲེལ་འབྱུང་བའི་ཕྱིར། བྱུང་བ་ནི་འབྲས་བུའི་རྟེན་འབྲེལ་ཡིན་པར་འདོད་དེ། དེ་རྒྱུའི་རྟེན་འབྲེལ་ལས་བྱུང་བའི་ཕྱིར་རོ། །

གཉིས་པ་མདོ་སྡེ་པའི་ལུགས་ལ། སྐབས་བབ་རྟེན་འབྲེལ་བཞིའི་རང་བཞིན་དང་། ལྷག་བཤད་འཆད་ལ་ལྟོས་པར་བསྟན་པའོ། །དང་པོ་ལ། མ་རིག་པ་དང་། མིང་དང་། རེག་པ་དང་། ཚོར་བའི་རྟེན་འབྲེལ་ལས། དང་པོ་ནི། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །ཀུན་སྦྱོར་སོགས་ཚིག་ཕྱིར་གལ་ཏེ། །ཤེས་རབ་ངན་པའོ་མིན་ལྟ་ཕྱིར། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་པ་སྟེ། རིག་པ་ཡེ་ཤེས་དང་འཛིན་སྟངས་དངོས་སུ་འགལ་བའི་སེམས་བྱུང་རྨོངས་པ་མ་རིག་པའི་མཚན་ཉིད་ཡིན། རིག་པ་བཀག་ཙམ་གྱི་མེད་དགག་ལ་མ་རིག་པར་འཇོག་པ་མི་འཐད་དེ། རིག་པ་ཡེ་ཤེས་དེའི་མི་མཐུན་ཕྱོགས་སུ་གྱུར་བའི་ཆོས་རྫས་གཞན་ཞིག་ལ་དེར་འཆད་དགོས་པའི་ཕྱིར། དཔེར་ན་མཛའ་བའི་མི་མཐུན་ཕྱོགས་རྫས་གཞན་ལ་མི་མཛའ་བ་དང་། བདེན་པའི་མི་མཐུན་ཕྱོགས་རྫས་གཞན་ལ་རྫུན་པ་དང་། སོགས་པས་ཆོས་མིན་དང་དོན་མིན་བཞིན་ནོ། །ཡང་དེ་མི་འཐད་དེ། མདོ་ལས་མ་རིག་པ་ནི། ཀུན་སྦྱོར་དང་། སོགས་པས་འཆིང་བ་དང་། ཕྲ་རྒྱས་དང་། ཆུ་བོ་དང་། སྦྱོར་བའི་ཚིག་གིས་བསྟན་ལ། རིག་པ་བཀག་ཙམ་དེ་དག་འོས་པ་མིན་པའི་ཕྱིར། གལ་ཏེ་ཤེས་རབ་ངན་པ་མ་རིག་པར་འདོད་དོ་ཞེ་ན། མི་འཐད་དེ། དེ་ལྟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ལྟ་བ་མ་རིག་པ་དེ་དང་མཚུངས་ལྡན་དུ་བཤད་པའི་ཕྱིར་དང་། ཤེས་རབ་དེ་དང་མ་རིག་པ་གཉིས་ཉོན་མོངས་བྱ་མོངས་བྱེད་དུ་བསྟན་པའི་ཕྱིར་རོ། །ཕྱི་མ་གྲུབ་སྟེ། མདོ་ལས། འདོད་ཆགས་ཀྱི་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་གྲོལ་ལོ། །མ་རིག་པའི་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མིང་ནི་གཟུགས་ཅན་མིན་ཕུང་པོ། །ཞེས་པ་སྟེ། གཟུགས་ཅན་མིན་པའི་ཕུང་པོ་བཞིས་བསྡུས་པའི་འདུས་བྱས་ནི། མིང་གི་རྟེན་འབྲེལ་ལོ། །གསུམ་པ་ནི། རེག་དྲུག་འདུས་ཏེ་འབྱུང་བ་ཡིན། །ལྔ་ནི་ཐོགས་པའི་རེག་པ་ཡིན། །དྲུག་པ་བླ་དྭགས་ཚིག་ཅེས་བྱ། །རིག་དང་མ་རིག་དང་གཞན་རེག །དྲི་མེད་ཉོན་མོངས་ཅན་ལྷག་མ། །གནོད་སེམས་རྗེས་སུ་ཆགས་པའི་རེག །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ཞེས་པ་སྟེ། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་ཡུལ་གྱི་འགྱུར་བ་རང་སྟོབས་ཀྱིས་སྤྱོད་པའི་སེམས་བྱུང་ལ་རེག་པའི་རྟེན་འབྲེལ་ཞེས་བྱ། དེ་ལ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་སོགས་དྲུག་ཡོད་པའི་ཕྱིར། དང་པོ་ལྔ་ནི། ཐོགས་པའི་རེག་པ་ཞེས་བྱ་སྟེ། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་རེག་པ་ཡིན་པའི་ཕྱིར། དྲུག་པ་ལ་བླ་དྭགས་ཀྱི་ཚིག་གི་རེག་པ་ཞེས་བྱ་སྟེ། བདག་རྐྱེན་ཡིད་དབང་ལ་བརྟེན་པའི་རེག་པ་ཡིན་པའི་ཕྱིར། མཚན་གཞིའི་སྒོ་ནས་དབྱེ་ན་གསུམ་སྟེ། རིག་པའི་དང་། མ་རིག་པའི་དང་། དེ་ལས་གཞན་པའི་རེག་པའོ། །མཚན་གཞི་རིམ་བཞིན། དྲི་མེད་ཀྱི་རེག་པ་དང་། ཉོན་མོངས་ཅན་གྱི་དང་། དགེ་བ་ཟག་བཅས་དང་། མ་བསྒྲིབས་ལུང་མ་བསྟན་གྱིས་བསྡུས་པའི་རེག་པའོ། །ཉོན་མོངས་ཅན་གྱི་རིག་པ་ལ་མཚུངས་ལྡན་གྱི་སྒོ་ནས་གསུམ་སྟེ། མ་རིག་པ་དང་། གནོད་སེམས་དང་། རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་རེག་པའོ། །ཡང་འབྲས་བུའི་སྒོ་ནས་དབྱེ་ན་གསུམ་སྟེ། བདེ་བ་མྱོང་འགྱུར་དང་། ལ་སོགས་པས་སྡུག་བསྔལ་དང་བཏང་སྙོམས་མྱོང་འགྱུར་གྱི་རེག་པའོ། །བཞི་པ་ལ། སྤྱིར་བསྟན་པ་དང་། ཡིད་ཚོར་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། དེ་ལས་བྱུང་བའི་ཚོར་བ་དྲུག །ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། །ཞེས་པ་སྟེ། རང་སྟོབས་ཀྱིས་ཉམས་སུ་མྱོང་བའི་སེམས་བྱུང་ཞིག་ལ་དེར་འཇོག །དབྱེ་ན། དེ་ལས་བྱུང་བའི་ཚོར་བ་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག་གོ །དེ་དག་ལས་དང་པོ་ལྔ་ནི་ལུས་ཚོར་ཞེས་བྱ་སྟེ། བདག་རྐྱེན་ལུས་དབང་གཟུགས་ཅན་པ་ལ་བརྟེན་པའི་ཚོར་བ་ཡིན་པའི་ཕྱིར། གཞན་ཕྱི་མ་ལ་སེམས་ཚོར་ཞེས་བྱ་སྟེ། བདག་རྐྱེན་ཡིད་དབང་ལ་བརྟེན་པའི་དེ་ཡིན་པའི་ཕྱིར། ཅི་རེག་ཚོར་རིམ་བཞིན་འབྱུང་ངམ། དུས་མཉམ་འབྱུང་ཞེ་ན། བྱེ་སྨྲ་ནི་དུས་མཉམ་འབྱུང་སྟེ། ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་སྨྲ། སློབ་དཔོན་ནི་རིམ་བཞིན་འབྱུང་བར་བཞེད་དོ། །གཉིས་པ་ལ། གྲངས་ཀྱི་སྒོ་ནས་མདོར་བསྟན། ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་རྒྱས་པར་བཤད། ངོ་བོའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། དེ་ཡིད་ཉེ་བར་རྒྱུ་བ་ལས། །རྣམ་པ་དག་ནི་ཡང་བཅོ་བརྒྱད། །ཅེས་པ་སྟེ། ཡིད་ཚོར་དེ་ཡིད་ཀྱི་ཡུལ་ལ་ཉེ་བར་རྒྱུ་བ་ལས། རྣམ་པ་དག་ནི་བཅོ་བརྒྱད་དེ། ཡུལ་གཟུགས་སོགས་དྲུག་ལ་དམིགས་པའི་ཡིད་དབང་དྲུག །ཡིད་མི་བདེ་དྲུག །བཏང་སྙོམས་དྲུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། འདོད་པ། གཟུགས། གཟུགས་མེད་ཀྱི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། འདོད་ན་ཐམས་ཅད་རང་དམིགས་ཅན། །སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །ཞེས་པ་སྟེ། འདོད་པ་ན་བཅོ་བརྒྱད་པོ་ཐམས་ཅད་ཡོད་ལ། དེ་ཐམས་ཅད་རང་སའི་ཡུལ་དྲུག་ལ་དམིགས་པ་ཅན་ནོ། །འདོད་པའི་ཡིད་ཚོར་གྱི་སྤྱོད་ཡུལ་གཟུགས་ཁམས་ཅན་ནི་བཅུ་གཉིས་ཏེ། དྲི་རོ་ལ་ཉེ་བར་རྒྱུ་བ་དྲུག་མ་གཏོགས་པའོ། །དེས་གོང་མ་གཟུགས་མེད་ལ་དམིགས་ཚེ་གསུམ་གྱི་སྤྱོད་ཡུལ་ཡིན་ཏེ། ཆོས་ལ་ཉེ་བར་རྒྱུ་བ་གསུམ་མོ། །གཉིས་པ་ལ། བསམ་གཏན་དང་པོ་གཉིས་ཀྱི་དབང་དུ་དང་། ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། གོང་མ་གསུམ་གྱི་བསམ་གཏན་ནི། །གཉིས་ན་བཅུ་གཉིས་འདོད་འགྲོ་རྣམས། །རང་ལ་དམིགས་བརྒྱད་གཟུགས་མེད་པ། །གཉིས་ཀྱིའོ། །ཞེས་པ་སྟེ། བསམ་གཏན་དང་པོ་གཉིས་ཀྱི་སས་བསྡུས་ལ་ཡིད་བདེ་དང་བཏང་སྙོམས་གཉིས་ཡོད་ཀྱི་ཡིད་མི་བདེ་མེད་པ་དེས་ན་བསམ་གཏན་དང་པོ་གཉིས་ནི་འདོད་པའི་ཡུལ་དྲུག་ལ་འགྲོ་ཞིང་དམིགས་ཚེ་བཅུ་གཉིས་ཏེ། ཡིད་མི་བདེ་དྲུག་མ་གཏོགས་པའོ། །དེས་རང་ས་གཟུགས་ཁམས་ལ་དམིགས་པའི་ཚེ་བརྒྱད་དེ། བཅུ་གཉིས་པ་དེ་ལས་དྲི་རོ་ལ་རྒྱུ་བ་བཞི་མ་གཏོགས་པའོ། །དེས་གཟུགས་མེད་པའི་ཡུལ་ལ་དམིགས་ཚེ་གཉིས་ཏེ། ཆོས་ལ་རྒྱུ་བའི་ཡིད་བདེ་དང་བཏང་སྙོམས་གཉིས་སོ། །གཉིས་པ་ནི། བསམ་གཏན་གཉིས་ན་དྲུག །དྲུག་གི་འདོད་པའོ་རང་གི་བཞི། །གོང་མ་གཅིག་གི་དམིགས་པ་ཡིན། །ཞེས་པ་སྟེ། བསམ་གཏན་ཕྱི་མ་གཉིས་ན་དྲུག་སྟེ། བཏང་སྙོམས་ཀྱི་ཉེ་རྒྱུ་དག་ཁོ་ནའོ། །དེ་དྲུག་གི་དམིགས་པ་ནི་འདོད་པའི་ཡུལ་དྲུག་ལ་དམིགས་པའོ། །དེས་རང་སའི་ཡུལ་ལ་དམིགས་ཚེ་བཞི་སྟེ། དྲི་རོ་མ་གཏོགས་པའོ། །དེས་གོང་མ་གཟུགས་མེད་ལ་དམིགས་ཚེ་གཅིག་སྟེ། ཆོས་ལ་རྒྱུ་བ་ཁོ་ན་ཡིན་ནོ། །གསུམ་པ་ལ། ཉེར་བསྡོགས་དང་། དངོས་གཞིའི་དབང་དུ་བྱས་པ་གཉིས། དང་པོ་ནི། གཟུགས་མེད་ཉེ་བར་བསྡོགས་ན་བཞི། །གཟུགས་འགྲོ་གོང་མར་འགྲོ་བ་གཅིག །ཅེས་པ་སྟེ། གཟུགས་མེད་ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ན་བཞི་སྟེ། གཟུགས་མེད་བསམ་གཏན་བཞི་པའི་ཡུལ་བཞི་ལ་འགྲོ་ཞིང་དམིགས་པའོ། །དེ་ན་གོང་མ་གཟུགས་མེད་པར་འགྲོ་ཞིང་དམིགས་པ་གཅིག་སྟེ། ཆོས་ལ་རྒྱུ་བ་ཁོ་ནའོ། །གཉིས་པ་ནི། དངོས་གཞི་ན་གཅིག་རང་ཡུལ་ཅན། །ཞེས་པ་སྟེ། གཟུགས་མེད་ཀྱི་དངོས་གཞི་ན་ཡིད་ཚོར་གཅིག་སྟེ། རང་སའི་ཡུལ་ཅན་གྱི་ཆོས་ལ་ཉེར་རྒྱུ་གཅིག་ཁོ་ནར་ངེས་པའི་ཕྱིར། གསུམ་པ་ནི། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། །བཤད་དང་འཆད་པར་འགྱུར་བ་གཞན། །ཞེས་པ་སྟེ། འདིར་བསྟན་ཡིད་ཚོར་བཅོ་བརྒྱད་པོ་ཐམས་ཅད་ཀྱང་ཟག་བཅས་ཡིན་ཏེ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ཡིན་པའི་ཕྱིར། གཉིས་པ་ལྷག་མ་བཤད་འཆད་ལ་ལྟོས་པ་ནི། སྐབས་འདིར་རྟེན་འབྲེལ་བཞི་ཁོ་ན་བསྟན་པའི་རྒྱུ་མཚན་ཡོད་དེ། རྣམ་ཤེས་དང་། སྐྱེ་མཆེད་དང་། གཟུགས་ནི་བཤད་ཟིན་པ་དང་། གཞན་འདུ་བྱེད་དང་། སྲིད་པ་ནི་ལས་བསྟན་དང་། སྲེད་ལེན་གཉིས་ཕྲ་རྒྱས་བསྟན་པས་འཆད་པར་འགྱུར་བའི་ཕྱིར་རོ། །

གསུམ་པ་ཉོན་མོངས་པ་དཔེས་མཚོན་ཚུལ་གྱི་སྒོ་ནས་དོན་བསྡུ་བ་ལ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དཔེ་ལྔས་མཚོན་ཚུལ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དཔེ་གསུམ་གྱིས་མཚོན་ཚུལ། གཞིའི་ཀུན་ནས་ཉོན་མོངས་པ་དཔེ་གཅིག་གིས་མཚོན་ཚུལ་ལོ། །དང་པོ་ནི། འདིར་ནི་ཉོན་མོངས་ས་བོན་བཞིན། །ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད། །ཅེས་པ་སྟེ། སྐབས་འདིར་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ས་བོན་བཞིན་ཏེ། ས་བོན་ལས་མྱུ་གུ་དང་སྡོང་པོ་ལ་སོགས་པ་འབྱུང་བ་བཞིན་དུ། དེ་ལས་ལས་དང་གཞི་རྣམས་འབྱུང་བས་སོ། །དེ་ཀླུ་བཞིན་ཏེ། ཀླུ་གང་ན་ཡོད་པར་མཚོ་མི་སྐམ་པ་བཞིན་དུ་ཉོན་མོངས་པ་ཡོད་ན་སྐྱེ་བའི་མཚོ་མི་སྐམ་པའི་ཕྱིར། དེ་ཤིང་གི་རྩ་བ་བཞིན་ཏེ། ཤིང་གི་རྩ་བ་མ་བཅད་ན་ཡལ་ག་སོགས་འབྱུང་བ་བཞིན་དུ། ཉོན་མོངས་པ་རྩ་བ་ནས་མ་སྤངས་ན་འཁོར་བར་སྐྱེ་བ་སོགས་འབྱུང་བའི་ཕྱིར། དེ་ལྗོན་ཤིང་བཞིན་ཏེ། ལྗོན་ཤིང་ལས་དུས་དུས་སུ་མེ་ཏོག་དང་འབྲས་བུ་འབྱུང་བ་བཞིན་དུ། དེ་ལས་ཀྱང་ལས་དང་གཞི་རྣམས་ཡང་ཡང་འབྱུང་བས་སོ། །དེ་འབྲས་ཀྱི་ཤུན་པ་བཞིན་དུ་འདོད་དེ། ཤུན་ལྤགས་མེད་པའི་འབྲས་ཀྱིས་མྱུ་གུ་བསྐྱེད་མི་ནུས་པ་བཞིན་དུ། ཉོན་མོངས་དང་བྲལ་བའི་ལས་ཀྱིས་ཀྱང་རྣམ་སྨིན་བསྐྱེད་མི་ནུས་པའི་ཕྱིར། གཉིས་པ་ནི། ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཞེས་པ་སྟེ། ལས་ནི་ཤུན་པ་དང་བཅས་པའི་འབྲས་དང་འདྲ་སྟེ། དེ་དང་བཅས་པའི་འབྲས་ཀྱིས་མྱུ་གུ་བསྐྱེད་ནུས་པ་བཞིན་དུ་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་རྣམ་སྨིན་བསྐྱེད་ནུས་པའི་ཕྱིར། དེ་བཞིན་དུ་དེ་སྨན་དང་འདྲ་སྟེ་ནུས་པ་ཕྱུང་ཟིན་པའི་སྨན་གྱིས་སླར་ནུས་པ་མི་འབྱིན་པ་བཞིན་དུ་རྣམ་སྨིན་ཕྱུང་ཟིན་པའི་ལས་ཀྱིས་སླར་རྣམ་སྨིན་མི་འབྱིན་པའི་ཕྱིར། དེ་མེ་ཏོག་བཞིན་ཏེ་མེ་ཏོག་འབྲས་བུའི་ཉེར་རྒྱུ་ཡིན་པ་བཞིན་དུ་ལས་ཀྱང་རྣམ་སྨིན་གྱི་ཉེར་རྒྱུ་ཡིན་པས་སོ། །གསུམ་པ་ནི། གཞི་ནི་བཟའ་བཏུང་གྲུབ་པ་བཞིན། །ཞེས་པ་སྟེ། གཞི་བདུན་ནི་བཟའ་བཏུང་གཡོས་གྲུབ་པ་བཞིན་ཏེ། དེ་ལོངས་སྤྱད་བྱ་ཁོ་ན་ཡིན་པ་བཞིན་དུ། བདུན་པོ་དེ་ཡང་ལས་ཉོན་གྱི་འབྲས་བུར་གྲུབ་ཟིན་པས་སླར་རྣམ་སྨིན་མི་འབྱིན་པའི་ཕྱིར།

གཉིས་པ་སྲིད་པ་བཞིའི་ཁྱད་པར་ལ་དཔྱད་པ་ནི། སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །གཞན་རྣམས་གསུམ་པོ་གཟུགས་མེད་གསུམ། །ཞེས་པ་སྟེ། སྲིད་པ་ལ་བཞི་སྟེ། བར་སྲིད་དང་། སྐྱེ་སྲིད་དང་། སྔོན་དུས་དང་། འཆི་སྲིད་དོ། །དེ་དག་ལས་སྐྱེ་བའི་སྲིད་པ་ནི་ཉོན་མོངས་པ་ཅན་ཁོ་ན་ཡིན་གྱི། དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་ནི་མེད་དོ། །དེ་ཡང་རང་གི་ས་པའི་ཉོན་མོངས་པ་ཀུན་གྱིས་ཉོན་མོངས་པར་བྱེད་དོ། །སྲིད་པ་གཞན་གསུམ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་ཡོད་དོ། །དེ་ཡང་འདོད་གཟུགས་གཉིས་ན་སྲིད་པ་བཞི་ཀ་ཡོད་ཅིང་། གཟུགས་མེད་ན་བར་སྲིད་མ་གཏོགས་པ་གསུམ་མོ། །

གསུམ་པ་སྐྱེས་པ་གནས་པའི་ཐབས་ལ། ཟས་ཀྱི་བྱེད་ལས་ཀྱི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་པ་སྟེ། སྔར་བཤད་པའི་འགྲོ་བ་ལྔ་ཟས་ཀྱིས་གནས་པ་ཡིན་ཏེ། མདོ་ལས། སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་པའོ། །ཞེས་སོ། །གཉིས་པ་ལ། གཟུགས་ཅན་གྱི་ཟས། དེ་མ་ཡིན་པའི་ཟས། བར་སྲིད་ཀྱི་མིང་གི་རྣམ་གྲངས་སོ། །དང་པོ་ནི། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །ཞེས་པ་སྟེ། ཁམ་དུ་བཅད་ཅིང་མིད་པའི་ཟས་གཅིག་ལ་འཇོག །དེ་ནི་འདོད་པ་ན་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེད་མཆེད་ནི་ཁམ་ཟས་མ་ཡིན་ཏེ། དེས་རང་གི་དབང་པོ་དང་ཕྲད་པའི་སྒོ་ནས་དབང་པོ་ལ་མི་ཕན་པའི་ཕྱིར་དང་། ཕན་ན་འདོད་ཆགས་དང་བྲལ་བ་གཞན་ལ་ཕན་རིགས་པ་ལས། དེས་འདོད་ཁམས་ལས་གྲོལ་བའི་ཕྱིར་མི་འོང་དང་། དགྲ་བཅོམ་ལ་མི་ཕན་པའི་ཕྱིར། གཉིས་པ་ནི། རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །ཞེས་པ་སྟེ། ཟག་པ་དང་བཅས་པའི་རེག་པ་དང་། སེམས་པ་དང་། རྣམ་ཤེས་གསུམ་ནི་ཟས་ཡིན་ཏེ། སྲིད་པ་གསོ་བྱེད་ཡིན་པའི་ཕྱིར། དེ་གསུམ་ནི་ཁམས་གསུམ་དག་ན་ཡོད། ཟག་མེད་ནི་ཟས་མིན་ཏེ། དེ་སྲིད་པ་ཟད་བྱེད་ཡིན་པའི་ཕྱིར། གསུམ་པ་ནི། ཡིད་ལས་བྱུང་དང་སྲིད་འཚོལ་དང་། །དྲི་ཟ་སྲིད་པ་བར་མ་དང་། །འགྲུབ་པའོ། །ཞེས་པ་སྟེ། བར་སྲིད་ལ་ཡིད་ལས་བྱུང་བ་ཞེ་བྱ་སྟེ། ཁུ་ཁྲག་ལས་བྱུང་བ་མིན་པར་ཡིད་ཙམ་ལས་བྱུང་བའི་ཕྱིར། སྲིད་འཚོལ་ཞེས་བྱ་སྟེ། སྐྱེ་སྲིད་འཚོལ་བར་བྱེད་པའི་ཕྱིར། འདོད་པའི་དེ་ལ་དྲི་ཟ་ཞེས་བྱ་སྟེ་ཟས་སུ་དྲི་ཟ་བའི་ཕྱིར། སྲིད་པ་བར་མ་ཞེས་བྱ་སྟེ། འཆི་སྲིད་དང་སྐྱེ་སྲིད་ཀྱི་བར་དུ་འབྱུང་བའི་ཕྱིར། འགྲུབ་པ་ཞེས་བྱ་སྟེ་སྐྱེ་སྲིད་འགྲུབ་པར་བྱེད་པའི་ཕྱིར། གསུམ་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། འདི་ལ་གནས་དང་ནི། །རྟེན་པ་རྒྱས་པའི་དོན་དུ་གཉིས། །སྲིད་གཞན་འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམ་བཞིན། །ཞེས་པ་སྟེ། ཟག་བཅས་ཀུན་སྲིད་པ་གསོ་བྱེད་མིན་ནམ་ཇི་ལྟར་བཞིར་གྲངས་ངེས་ཤེ་ན། གཙོ་བོར་བཤད་དེ་གོ་རིམ་བཞིན་དུ་ཚེ་འདི་ལ། གནས་དབང་བཅས་ཀྱི་ལུས་ནི། བརྟེན་པ་སེམས་བྱུང་རྒྱས་པའི་དོན་དུ་ཁམ་ཟས་དང་། རེག་པའི་ཟས་གཉིས་དང་། སྲིད་པ་གཞན་འཕེན་པ་དང་འགྲུབ་པའི་དོན་དུ་སེམས་པ་དང་། རྣམ་ཤེས་ཀྱི་ཟས་གཉིས་ཏེ་བཞི་བཞག་པའི་ཕྱིར།

བཞི་པ་གནས་པ་འཆི་སེམས་ལ། སེམས་གང་གིས་འཆི་བ་དང་། ཚོར་བ་གང་གིས་འཆི་བ་ཞར་བྱུང་དང་བཅས་པ། ལུས་ཀྱི་ཕྱོགས་གང་ནས་འཆི་བ། གནད་གཅོད་པའི་རྒྱུ་དང་བཞི། དང་པོ་ནི། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །རྣམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་པ་སྟེ། དགེ་རྩ་ཆད་པ་དང་། དེ་ཉིང་མཚམས་སྦྱོར་བ་དང་། འདོད་ཆགས་དང་བྲལ་བ་དང་། དེ་ལས་ཉམས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་རྣམས་ནི་ཡིད་ཤེས་ཀྱིས་བྱེད་པ་ཁོ་ནར་འདོད་དེ། དེ་དག་དབང་ཤེས་ཀྱིས་བྱེད་པ་མེད་པའི་ཕྱིར། གཉིས་པ་ནི། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །རྩེ་གཅིག་སེམས་མེད་ལ་དེ་མེད། །མྱ་ངན་འདས་ལུང་བསྟན་མིན་གཉིས། །ཞེས་པ་སྟེ། འཆི་འཕོ་བ་དང་སྐྱེ་བ་ཚོར་བ་བཏང་སྙོམས་ལ་ཡོད་ཀྱི་གཞན་ལ་མེད་དེ། ཚོར་བ་བཏང་སྙོམས་དེ་མི་གསལ་ཞིང་གཞན་དག་ནི་གསལ་བས་སོ། །ཡུལ་ལ་རྩེ་གཅིག་པའི་མཉམ་བཞག་དང་། སེམས་མེད་པའི་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་བཞིན་པའི་ངང་ནས། སྐྱེ་འཆི་བྱེད་པ་མེད་དོ། །ལྷག་མེད་དུ་འདའ་བ་ནི་ལུང་བསྟན་མིན་པའི་བྱེ་བྲག་སྤྱོད་ལམ་པའམ། རྣམ་སྨིན་སྐྱེས་བཏང་སྙོམས་པ་གཉིས་ལ་གནས་ན་འདའ་སྟེ། དེ་གཉིས་མི་གསལ་ཞིང་ཉམ་ཆུང་བས་སེམས་ཆད་པ་དང་ཆོས་མཐུན་པའི་ཕྱིར། གསུམ་པ་ནི། འོག་མི་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང་། །ལྟེ་བ་སྙིང་གར་ཡིད་འཆི་འཕོ། །ཞེས་པ་སྟེ། འོོག་ངན་སོང་གསུམ་དང་། མི་དང་། ལྷར་འགྲོ་དང་། མི་སྐྱེ་བ་དགྲ་བཅོམ་པ་རྣམས་རིམ་གྱིས་འཆི་ན། རིམ་བཞིན་རྐང་པ་དང་། ལྟེ་བ་དང་། ཕྱི་མ་གཉིས་ནི་སྙིང་གར་ཡིད་འཆི་འཕོའོ། །གཞན་དག་ནི། དགྲ་བཅོམ་པ་སྤྱི་བོ་རུ་ཟེར་རོ། །བཞི་པ་ནི། གནད་གཅོད་པ་ནི་ཆུ་སོགས་ཀྱིས། །ཞེས་པ་སྟེ། གནད་གཅོད་པ་ནི་ཆུ་སོགས་ཀྱིས་གཅོད་དེ། བད་ཀན་ཤས་ཆེ་ན་ཆུ་ཁམས་དང་། མཁྲིས་ཤས་ཆེ་ན་མེ། རླུང་ཤས་ཆེ་ན་རླུང་ཁམས་སྟོབས་རྒྱས་ནས་གནད་གཅོད་པས་སོ། །སས་གནད་གཅོད་པ་མེད་དེ། བསྐལ་པ་འཇིག་ཚེ་མེ་ཆུ་རླུང་གསུམ་གྱིས་འཇིག་གིསས་མི་འཇིག་པའི་ཕྱིར།

ལྔ་པ་སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་ནི། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་པ་སྟེ། མདོ་ལས། སེམས་ཅན་གྱི་ཚོགས་ནི་གསུམ་སྟེ། ཡང་དག་པ་དང་། ལོག་པ་དང་། མ་ངེས་པའོ། །ཞེས་གསུངས་པས། འཕགས་པ་རྣམས་ཡང་དག་ཉིད་དུ་ངེས་པ་སྟེ། བདག་མེད་མངོན་སུམ་དུ་རྟོགས་པའི་མྱང་འདས་མངོན་དུ་བྱེད་ངེས་པའི་ཕྱིར། མཚམས་མེད་ཀྱི་ལས་བྱེད་པ་དག་ལ་ལོག་པ་ཉིད་དུ་ངེས་པ་ཞེས་བྱ་སྟེ། མི་དགེའི་དབང་གིས་ངན་སོང་དུ་སྐྱེ་ངེས་པའི་ཕྱིར། དེ་ལས་གཞན་པའི་གང་ཟག་རྣམས་ནི་མ་ངེས་པ་ཞེས་བྱ་སྟེ། གོང་གི་གཏན་ཚིགས་དེ་དག་ལས་ལོག་པའི་ཕྱིར་རོ། །

གཉིས་པ་སྣོད་ཀྱི་འཇིག་རྟེན་བཤད་པ་ལ། སྡོམ་ཚིག་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། རྟེན་གྱི་དཀྱིལ་འཁོར་གསུམ་ངོས་བཟུང་། །བརྟེན་པ་རི་མཚོ་གླིང་གསུམ་བཤད། །ཚ་གྲང་དམྱལ་བའི་གནས་དང་ནི། །འདོད་དང་གཟུགས་ཁམས་ལྷ་ཡི་གནས། །སྟོང་གསུམ་ངོས་བཟུང་ལུས་ཚེའི་ཚད། །ཚད་དེ་གཞལ་བའི་ཐབས་དང་དགུས། །སྣོད་ཀྱི་འཇིག་རྟེན་མཐའ་དག་བསྟན། །ཅེས་པ་སྟེ།

གཉིས་པ་ལ་དགུ་ལས། དང་པོ་རྟེན་གྱི་དཀྱིལ་འཁོར་གསུམ་བཤད་པ་ལ་གསུམ་ལས། དང་པོ་རླུང་དཀྱིལ་ནི། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་པ་སྟེ། སྣོད་བཅུད་ཀྱི་འཇིག་རྟེན་གཉིས་ཡོད་པ་དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཆགས་པར་འདོད་པའི་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས་ཚུལ་ནི། སེམས་ཅན་སྤྱི་མཐུན་གྱི་ལས་ལས་རླུང་འཇམ་བུ་སྲ་ཁྲེགས་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན་ཚད་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ། རྒྱར་དཔག་ཚད་གྲགས་མེད་གཅིག་ཆགས་པའོ། །གཉིས་པ། དེའི་སྟེང་ཆུའི་དཀྱིལ་འཁོར་ཆགས་ཚུལ་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཞེས་པ་སྟེ། སེམས་ཅན་སྤྱི་མཐུན་གྱི་ལས་ལས་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་ཏེ་ཆར་གྱི་རྒྱུན་བབས་པ་ཞི་བ་གསལ་དག་གི་ཆུ་ཞེས་པ་ཟླ་བ་རྒྱས་པ་ལྟ་བུར་ཆགས་པའོ། །ཚད་ནི། ཆུ་དེའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་ཉི་ཤུ་སྟེ་ཉི་ཁྲི་ཡོད་པའོ། །གསུམ་པ་སའི་དཀྱིལ་འཁོར་ནི། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཞེས་པ་སྟེ། རྒྱུ་ནི་ཆུའི་འོག་རླུང་གི་དཀྱིལ་འཁོར་ལས་སྲུབ་བྱེད་ཀྱི་རླུང་ཞེས་བྱ་གཟིར་བའི་སྒྲ་དང་བཅས་པ་ཞིག་བྱུང་ནས། ཆུ་དེ་དག་ཀུན་ནས་བསྡུས་ཤིང་བསྲུབས་པ་ལས། གསེར་གྱི་ས་གཞི་མཚོ་ལ་དར་ཆགས་པ་ལྟར་གྲུབ་སྟེ། གྲུ་བཞི་ཁ་དོག་སེར་པོར་གྱུར་པ་ཞིག་གོ །ཞར་བྱུང་དཀྱིལ་འཁོར་ཕྱི་མ་གཉིས་ཀྱི་ཚད་ནི། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་གསུམ་འགྱུར་རོ། །ཞེས་པ་སྟེ། སྔར་གྱི་ཆུ་དཀྱིལ་དེ་ལས་དུས་ཕྱིས་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་དུ་གྱུར་ནས། ལྷག་མ་སུམ་འབུམ་ཉི་ཁྲི་དག་ནི་ཆུ་དེའི་སྟེང་དུ་འོ་མ་ལས་སྤྲིས་མ་ཆགས་པ་ལྟར་གསེར་གྱི་དཀྱིལ་འཁོར་དུ་གྱུར་ཅིང་། ཆུ་དང་ས་གཉིས་ཀའི་རྒྱར་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་ཕྱེད་དང་ལྔ་ཡོད་པའོ། །མཐའ་སྐོར་ཁོར་ཡུག་ཏུ་ཞེང་གི་སུམ་འགྱུར་ཡོད་པའོ། །

གཉིས་པ་བརྟེན་པ་རི་མཚོ་གླིང་གསུམ་བཤད་པ་ལ། དང་པོ་རི་བཤད་པ་ནི། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་ལྟ་ན་སྡུག་རི་དང་། །རྟ་སྣ་དང་ནི་རྣམ་འདུད་དང་། །མུ་འཁྱུད་འཛིན་རིའོ་དེ་ནས་ནི། །གླིང་རྣམས་ཡིན་ནོ་དེ་དག་གི །ཕྱི་རོལ་ན་ནི་ཁོར་ཡུག་སྟེ། །བདུན་ནི་གསེར་ཡིན་དེ་ལྕགས་སོ། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཆུ་ཡི་ནང་དུ་བརྒྱད་ཁྲི་དག །ནུབ་བོ་དེ་བཞིན་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། །དེ་དག་རྔམས་སུ་འཕང་དང་མཉམ། །ཞེས་པ་སྟེ། དེ་ལ་རི་དང་། མཚོ་དང་། གླིང་རྣམས་ལས། རིའི་རྒྱུ་ནི་གསེར་གྱི་ས་གཞིའི་སྟེང་དུ་སྨིན་པར་བྱེད་པའི་རླུང་གིས་ཆུ་དྭངས་པའི་དཀྱིལ་འཁོར་བསྲུབས་ཤིང་། ནམ་མཁའ་ལས་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་ལས་ཆུའི་རྒྱུན་རིང་དུ་བབས་པ་ལས་གྲུབ་བོ། །དེ་ཡང་ཁམས་འབྱེད་སྡུད་ཀྱི་རླུང་ལས་རི་རབ་ལྷུན་པོ་བྱེ་བ་ཕྲག་བརྒྱ། འབྲིང་འབྱེད་སྡུད་ཀྱི་རླུང་ལས་གསེར་གྱི་རི་བདུན་བྱེ་བ་ཕྲག་བརྒྱ། ཁམས་ཐ་མ་འབྱེད་སྡུད་ཀྱི་རླུང་ལས་ཕྱི་རོལ་ཁོར་ཡུག་ལྕགས་རི་དང་། གླིང་བཞི་གླིང་ཕྲན་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཆགས་པར་གྱུར་པ་ལས། དེ་ལ་དབུས་ཀྱི་ལྷུན་པོ་ནི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། ཤར་ཕྱོགས་དངུལ་ལས་གྲུབ་པས་དཀར་པོ། ཁ་ཅིག་ཤེལ་ལས་གྲུབ་པར་འདོད་པའང་ཡོད། ལྷོ་བཻཌཱུཪྱ་ལས་གྲུབ་པས་སྔོོན་པོ། ནུབ་པདྨ་རཱ་ག་སྟེ་ཆུ་ཤེལ་དམར་པོ་ལས་གྲུབ་པས་དམར་པོ། བྱང་གསེར་ལས་གྲུབ་པས་སེར་པོའོོ། །ཕྱོགས་བཞིའི་ནམ་མཁའི་མདོག་ཀྱང་དེ་དག་ཏུ་སོ་སོར་སྣང་ངོ་། །དེ་ཡང་རི་དགུ་དང་གླིང་བཅུ་གཉིས་པོ་ཐམས་ཅད་ཀྱང་གསེར་གྱི་ས་གཞིའི་སྟེང་ནས་སྐྱེས་པས་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་པར་ཀུན་གཅིག་ཅིང་། ལྷུན་པོ་ཆུ་ལས་བརྒྱད་ཁྲི་འཕགས་པས་དཔག་ཚད་འབུམ་དྲུག་ཁྲིའོ། །དེའང་ཤིན་ཏུ་མཛེས་ཤིང་ལྷུན་ཆགས་པས་རི་རབ་ལྷུན་པོ་ཞེས་བྱའོ། །ལྷུན་པོ་དབུས་ན་གནས་པ་ལ་གསེར་གྱི་རི་བདུན་གྱིས་གྲུ་བཞིར་བསྐོར་བ་ལས། རི་ནང་མ་གཉའ་ཤིང་འཛིན་ནི་ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲང་བའོ། །དེ་ནས་ཕྱི་རོལ་ཏུ་རིམ་པ་བཞིན། གཤོལ་མདའ་འཛིན་ནི་གཤོལ་མདའ་ལྟར་རྩེ་མོ་དྲང་བའོ། །སེང་ལྡན་ཅན་ནི་རྩེ་མོ་ན་སེང་ལྡན་གྱི་ནགས་ཡོད་པའོ། །ལྟ་ན་སྡུག་ནི་རྩེ་མོ་མཛེས་པའོ། །རྟ་སྣ་ནི་སྟེང་ན་བྲག་རྟའི་སྣ་བ་ལྟ་བུ་ལོགས་ངོས་སུ་ཆད་པ་གཅིག་ཡོད་པའོ། །རྣམ་འདུད་ནི་རྩེ་མོ་ནང་དུ་ཅུང་ཟད་འདུད་པའོ། །མུ་ཁྱུད་འཛིན་དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་འཁོར་ལོའི་མུ་ཁྱུད་བཞིན་བསྐོར་བས་དེ་སྐད་ཅེས་བྱའོ། །རི་ཐམས་ཅད་ཀྱང་ནང་མ་ལ་ཇི་ཙམ་འཕགས་པའི་ཕྱེད་ཕྱེད་ཀྱི་ཕྱི་མ་རྣམས་དམའ་བས་ཏེ། གསེར་རི་དང་པོ་ལ་དཔག་ཚད་བཞི་ཁྲི། གཉིས་པ་ལ་ཉི་ཁྲི། གསུམ་པ་ལ་ཁྲི། བཞི་པ་ལ་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་སྟོང་དང་ཕྱེད་དང་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་ཉི་ཤུ་རྩ་ལྔའོ། །ཞེང་དུ་སོ་སོ་ཆུ་ལས་གྱེན་དུ་འཕགས་པའི་སྤངས་ཇི་སྙེད་ཡོད་པ་དེ་སྙེད་དོ། །ཕྱིའི་ཁོར་ཡུག་གི་རི་ནི་ལྕགས་ལས་གྲུབ་པ་སྟེ། མུ་ཁྱུད་འཛིན་གྱི་ཕྱེད་དུ་སླེབས་པས་ཆུ་ནས་དཔག་ཚད་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་འཕགས་ཤིང་། ཞེང་དུ་དེ་སྙེད་དོ། །གཉིས་པ་མཚོ་ནི། དེ་དག་བར་བདུན་རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་མཚོ་ཆེན་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སོ། ཞེས་པ་སྟེ། རི་གླིང་ཀུན་གྱི་སྟེང་དུ་ནམ་མཁའ་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དུ་བབས་པས་རོལ་མཚོ་རྣམས་ཀྱང་གང་བར་བྱེད་ཅིང་། ས་ཆེན་པོའི་སྟེང་དུ་ཡང་ཆུས་ཀུན་ཏུ་ཁྱབ་པས་རྒྱ་མཚོ་གཅིག་ཏུ་གྱུར་པར་བྱེད་དོ། །རོལ་མཚོ་བདུན་ནི། ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་སྟེ། འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་སྟེ། །འཐུངས་ན་ལྟོ་བར་འཇམ་པ་དང་། །མགྲིན་པ་ལ་ཡང་མི་གནོད་དང་། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་པ་ལྟར་རོ། །མུ་ཁྱུད་འཛིན་ནས་ཕྱིའི་ཁོར་ཡུག་གི་བར་གྱི་རྒྱ་མཚོ་ནི་བ་ཚྭའི་ཆུའོ། །ཅིའི་ཕྱིར་རོལ་མཚོ་ཞེ་ན། ཀླུ་ཆེན་པོ་བརྒྱད་བསྐལ་བར་གནས་ཤིང་རྩེ་བ་དང་རོལ་བའི་གནས་ཡིན་པས་དེ་སྐད་ཅེས་བྱའོ། །ཀླུ་བརྒྱད་ནི། དགའ་བོ་དང་། ཉེར་དགའ་དང་། རྟའི་གཞི་དང་། བཏང་བཟུང་དང་། གཟི་ཅན་དང་། ཡུལ་འཁོར་སྲུང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་བོ། །དེ་དག་ཀྱང་ལྷ་མ་ཡིན་དང་གཡུལ་འགྱེད་པ་ན། བརྒྱ་བྱིན་གྱི་དམག་དཔུང་བྱེད་པ་སྐྱེ་བ་རྣམ་པ་བཞི་ཀ་ལས་སྐྱེའོ། །མཚོ་དེ་དག་གི་ཚད་ནི། མཚོ་ནང་མ་རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་ཐད་ཀ་ཞེང་ལ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །ཤར་ནུབ་ལྟ་བུའི་རྒྱ་མཚོའི་ཚད་ནི་ཕྱོགས་བཞི་རེ་རེའང་དེའི་ཉི་ཤུར་འགྱུར་རོ། །རོལ་མཚོ་དེ་ཡི་ནང་སྐོར་ནི་རི་རབ་ངོས་ལ་ཁོར་ཡུག་ཏུ་སུམ་འབུམ་ཉི་ཁྲི་ཕྱི་སྐོར་གཉའ་ཤིང་འཛིན་གྱི་ངོས་ལ་དཔག་ཚད་དགུ་འབུམ་དྲུག་ཁྲིའོ། །གཉའ་ཤིང་འཛིན་གྱི་ཕྱི་རོལ་མཚོ་གཉིས་པ་ལ་དཔག་ཚད་བཞི་ཁྲི{བཞི་}ཞེང་དུ་ཡོད་པས་རི་དེའི་སྲིད་དང་མཉམ་མོ། །ལྷག་མ་རྣམས་ཀྱང་ནང་གི་རིའི་སྲིད་དང་དེའི་ཕྱིའི་མཚོ་མཉམ་པ་ལས། གཤོལ་མདའ་འཛིན་གྱི་ཕྱི་རོལ་ལ་ཞེང་དུ་༼ཉི་ཁྲི༽། སེང་ལྡན་ཅན་གྱི་ཕྱི་རོལ་ཁྲི། ལྟ་ན་སྡུག་གི་ཕྱི་རོལ་ལ་ལྔ་སྟོང་། རྟ་སྣའི་ཕྱི་རོལ་ན་ཉིས་སྟོང་ལྔ་བརྒྱ། ཐ་མ་རྣམ་འདུད་ཕྱི་རོལ་མཚོ་ལ་སྟོང་དང་ཕྱེད་དང་སུམ་བརྒྱ་ཞེང་དུ་ཡོད་པ་དེ་ཙམ་སུམ་འགྱུར་རིང་ནས་རིང་ཚད་དུ་ཡོད་དོ། །དང་པོའི་ཞེང་ནི་རི་རབ་ཀྱི་ཕྱོགས་གཅིག་གི་ཁ་ཞེང་དང་མཉམ་ལ། ལྷག་མ་དྲུག་རི་དྲུག་གི་སྲིད་དང་མཉམ་པར་འདོད་པའོ། །མུ་ཁྱུད་འཛིན་ནས་མུ་ཁྱུད་འཛིན་ཆེན་པོའི་བར་ལ་རྒྱ་མཚོའི་ཁ་ཞེང་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཡོད་པའོ། །གསུམ་པ་གླིང་རྣམས་བཤད་པ་ལ་གཉིས་ལས། དང་པོ་གླིང་བཞི་གླིང་ཕྲན་བརྒྱད་སྤྱིར་བཤད་པ་ནི། དེ་ལ་ནི། །འཛམ་བུ་གླིང་དེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། །སྒྲ་མི་སྙན་བརྒྱད་གྲུ་བཞི་མཉམ། །དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །ཞེས་པ་སྟེ། ཕྱིའི་རྒྱ་མཚོ་ཆེན་པོ་དེ་ལ་གླིང་རྣམས་ཆགས་པའི་རྒྱུ་ནི། རྒྱ་མཚོའི་གཏིང་གི་རི་རབ་ཀྱི་ཕྱོགས་བཞིར་རྒྱ་མཚོ་ཆེན་པོར་ནང་བལྟས་པ་དང་། ཕྱིར་བལྟས་པའི་རླུང་གླིང་སོ་སོའི་དབྱིབས་དང་འདྲ་བ་ལངས་ནས། ཆུ་དེ་དག་བག་ལ་ཞ་བ་ཡོད་པ་བསྡུས་ནས་ཐུར་དུ་ཟུར་ཅིང་གྱེན་དུ་ཆུ་དང་ཁད་མཉམ་དུ་གནས་པ་ལས་ཅུང་ཟད་མཐོ་ཙམ་དུ་གནས་པར་བྱས་པའོ། །དུས་ནི་སྔར་བསྟན་པ་བཞིན་ཁམས་འབྱེད་སྡུད་ཐ་མའི་ཚེ་གྲུབ་བོ། །དེ་ལ་ཤིང་འཛམ་བུ་ཏྲི་ཤ་ཡོད་པས་འཛམ་བུའི་གླིང་སྟེ། དབྱིབས་སོ་ཁ་སྟེ་ཤིང་རྟའི་དབྱིབས་ལྟར་གནས་པའོ། །ངོས་རིམ་པ་གསུམ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་། ལྷོ་ཕྱོགས་ལྕགས་རིའི་ངོས་ཐུང་བ་ལ་དཔག་ཚད་ཕྱེད་དང་བཞི་ཡོད་པའོ། །འཛམ་བུའི་གླིང་གི་མི་རྣམས་ལས་ལུས་ཆེར་འཕགས་པས་ལུས་འཕགས་གླིང་སྟེ། དབྱིབས་ཟླ་བ་ཕྱེད་པ་ལྟ་བུ་ཟླ་གམ་ཁོད་མཉམ་པ་རི་རབ་ལ་བརྟེན་ཞིང་། འབུར་ཁོར་ཡུག་ལ་བསྟན་པའི་ངོས་གསུམ་འཛམ་གླིང་འདི་དང་འདྲ་བར་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་པ། འབུར་གྱི་ངོས་ཆུང་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ལོངས་སྤྱོད་འདོད་འཇོའི་བ་དང་། སྟོབས་ཆེན་གྱི་གླང་པོ་ཆེ་ལ་ཤས་ཆེར་སྤྱོད་པས་བ་གླང་སྤྱོད་གླིང་སྟེ། དབྱིབས་ཟླུམ་པོ་ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ། ཁ་ཞེང་ལ་སྟོང་ཕྲག་ཕྱེད་དང་གསུམ་ཡོད་པའོ། །ཤ་ཟའི་སྐད་དུ་སྨྲ་བའམ། འཆི་བའི་ཞག་བདུན་གྱི་གོང་ནས་ཁྱོད་འཆི་ཞེས་བྱ་བའི་སྒྲ་དཔག་བསམ་གྱི་ཤིང་ལས་བྱུང་བས་སྒྲ་མི་སྙན་གླིང་སྟེ། དབྱིབས་གྲུ་བཞིའི་ངོས་རེ་ལ་དཔག་ཚད་ཉིས་སྟོང་སྟེ་མཐའ་སྐོར་དུ་བརྒྱད་སྟོང་ཡོད་པའོ། །གླིང་ཕྲན་བརྒྱད་ནི། ཤར་གྱི་གླིང་ཆེན་གྱི་གཡས་གཡོན་ན་ལུས་དང་ལུས་འཕགས་ཆུང་ངུ་གཉིས། ལྷོའི་གླིང་ཆེན་གྱི་གཡས་གཡོན་ན་རྔ་ཡབ་དང་རྔ་ཡབ་གཞན་གཉིས། ནུབ་ཀྱི་གླིང་ཆེན་གྱི་གཡས་གཡོན་ན་གཡོ་ལྡན་དང་ལམ་མཆོག་འགྲོ་གཉིས། བྱང་གི་གླིང་ཆེན་གྱི་གཡས་གཡོན་ན་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་གཉིས་རྣམས་སོ། །དེ་རྣམས་ཀྱི་མདུན་རི་རབ་ལ་བསྟན་ཅིང་ཚད་གླིང་ཆེན་པོ་བཞི་པོ་དེའི་ཕྱེད་ཕྱེད་རང་རང་གི་གླིང་གཡོག་ལ་ཡོད་པའོ། །གཉིས་པ་འཛམ་བུའི་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ནི། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་པ་སྟེ། རྡོ་རྗེ་གདན་ནས་རི་ནག་པོ་དགུ་འདས་པ་ན། གངས་རི་དང་། སྤོས་ངད་ལྡན་པའི་བར་ན་མཚོ་མ་དྲོས་པ་དེའི་འགྲམ་ན་ཤིང་འཛམ་བུ་ཏྲི་ཤ་ཡོད་པ་འཛམ་བུ་གླིང་འདིའི་དབུས་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་བཞུགས་གནས་རྡོ་རྗེའི་གདན་དང་བཅས་པའོ། །དེ་ཡང་སྙིང་པོ་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པ་སྟེ། རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བླང་བའི་དབུས་མ་ལ་ཤིང་ཡོད་པ་ལ། རྭ་བཞི་ལ་མཆོད་རྟེན་རེ་རེ་ཡོད་པའི་བར་རྒྱང་གྲགས་ཕྱེད་པར་འདོད་ཅིང་། ཐེག་པ་ཆེན་པོ་ལྟར་ན་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཤིང་སྐྱེས་པ། རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་རེ་ཡོད་པ། བར་གྱི་ཐངས་སུ་རྒྱང་གྲགས་རེ་རེ་ཡོད་པ་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་བླ་ན་མེད་པའི་འཚང་རྒྱ་བའི་གནས་ཏེ། མེ་བདུན་ཆུ་གཅིག་ལ་སོགས་པས་ཀྱང་གནོད་པ་མེད་པར་གནས་པར་འདོད། ཤིང་གཅིག་བུ་དེ་ཉིད་དུས་སྔ་ཕྱི་མིང་འགྱུར་བས་ཤིང་སྟོང་གི་རྣམ་གྲངས་ཡོད་པ་ལྟར་བྱུང་སྟེ། སྔོན་འོད་སྲུང་སངས་རྒྱས་པ་ན་ནྱ་གྲོ་ཏའི་ལྗོན་པ། ད་ལྟ་ཤཱཀྱ་ཐུབ་པ་མྱ་ངན་འདས་པ་ན་མྱ་ངན་མེད་པ། མ་འོངས་པ་ན་བྱམས་པ་འཚང་རྒྱ་བའི་ཚེ་ཀླུ་ཤིང་མེ་ཏོག་ལ་སོགས་པའོ། །མཚོ་མ་དྲོས་པ་དེའི་ཤར་ན་དངུལ་གྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་བབས་ནས་བསྐོར་བ་ལན་བདུན་བྱས་ནས་འགྲོ་བ་དང་། ལྷོ་ན་གསེར་གྱི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་གསེར་གྱི་བྱེ་མ་འདྲེན་ཅིང་འགྲོ་བ་དང་། ནུབ་ན་བཻཌཱུཪྱའི་བྲག་རྟའི་ཁ་འདྲ་བ་ནས་བཻཌཱུཪྱའི་བྱེ་མ་འདྲེན་ཅིང་འགྲོ་བ་དང་། བྱང་ན་བྲག་སེང་གེའི་ཁ་འདྲ་བ་ནས་གཡུའི་བྱེ་མ་འདྲེན་ཅིང་བབས་ཏེ་འགྲོ་བ་དང་། མཚོ་དེའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་བྲག་གསེར་གྱི་བྱ་སྐྱིབས་བྱ་བ་ཡོད་དེ་ཚད་ཞེང་དུ་དཔག་ཚད་ལྔ་བཅུ་དང་འཕང་དུ་དཔག་ཚད་ཕྱེད་བཞི་དབྱིབས་མཛེས་ཤིང་ལྟ་ན་སྡུག་པ་རང་དང་མཚུངས་པའི་གསེར་གྱི་བྱ་སྐྱིབས་བརྒྱ་སྟོང་གིས་བསྐོར་བ། བྱ་སྐྱིབས་དེའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པ་ཞེས་བྱ་བ་སཱ་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་དེའི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་སྦྲང་རྩིའི་རོ་དང་ལྡན་པའི་ཆུས་གང་བ་ཞེང་དུ་དཔག་ཚད་ལྔ་བཅུ་དང་མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་པ་ཨུཏྤལ་ལ་སོགས་པའི་མེ་ཏོག་གི་སྡོང་བུ་གཤོལ་མདའ་ཙམ་དང་མེ་ཏོག་ཤིང་རྟའི་འཕང་ལོ་ཙམ། ལོ་མ་བ་གླང་གི་ཀོ་བ་ཙམ་དང་ལྡན་པ་ཁོར་ཡུག་ཏུ་རྫིང་བུ་བརྒྱ་སྟོང་གིས་བསྐོར་བ། སྔར་བཤད་པ་དེ་དག་གི་ཉེ་འཁོར་ན་ལྷ་རྣམས་ཀྱི་གླང་པོ་ཆེ་གཡུལ་ངོར་སྤྱོད་པ་རབ་བརྟན་འཁོར་གླང་པོ་ཆེ་བརྒྱ་སྟོང་དང་བཅས་ནས་དགུན་ཟླ་བཞིར་བྲག་གསེར་གྱི་བྱ་སྐྱིབས་དང་། དབྱར་ཟླ་བཞིར་ཤིང་སཱ་ལའི་ལྗོན་པའི་ཉེ་འཁོར་དུ་གནས་པའོ། །གཞན་ཡང་དབུས་ན་རྡོ་རྗེ་གདན། ཤར་ཕྱོགས་ན་འཕགས་པ་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་ཕྱག་ན་པདྨོའི་གནས་རི་བོ་གྲུ་འཛིན། ནུབ་ཕྱོགས་ན་མཁའ་འགྲོའི་གསང་མཛོད་ཨྱོན་གྱི་ཡུལ། བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གསུམ་གྱི་གནས་ཤམ་བྷ་ལ་ཡོད་པའོ། །

གསུམ་པ་ངན་སོང་གི་གནས་བཤད་པ་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང་། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཆུ་བུར་ཅན་སོགས་གྲངས་བརྒྱད་གཞན། །ཞེས་པ་སྟེ། འཛམ་བུ་གླིང་གི་ས་འོག་གངས་རི་ཏེ་སེའི་ཐད་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ཡོད་དོ། །ལྕགས་ཀྱི་ཁང་པ་དཔངས་དང་རྒྱར་དཔག་ཚད་ཉི་ཁྲི་ཡོད་པ་སྟེ། འཛམ་བུ་གླིང་ནས་དེའི་ས་གཞི་ལ་མ་ཐུག་པར་བཞི་ཁྲི་ཡོད་དོ། །དེའི་སྟེང་ཉི་ཁྲིའི་ཆ་ལ་རབ་ཏུ་ཚ་བ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། བདུད་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་གོང་དུ་བརྩེགས་མར་ཡོད་དོ། །དེ་དག་གི་བར་དཔག་ཚད་བཞི་སྟོང་བཞི་སྟོང་གིས་བཅད་པའོ། །ཚ་དམྱལ་དེ་བརྒྱད་ལས་ཐར་ཡང་སྡུག་བསྔལ་མྱོང་བའི་གནས་ལྷག་མ་ཉེ་འཁོར་བཞི་བཞི་སྟེ་བཅུ་དྲུག །དེ་རྣམས་ཀྱི་ངོས་བཞི་ན་མེ་མར་མུར། རོ་མྱགས་ཀྱི་འདམ། སྤུའི་གྲིའི་ལམ། ཆུ་བོ་རབ་མེད་རྣམས་ཡོད་པའི་ཕྱིར། ཚ་དམྱལ་བརྒྱད་པོ་དེ་རྣམས་ཀྱི་ཐད་ཀར་གཞན་གྲང་བའི་དམྱལ་བ་བརྒྱད་ཡོད་དེ། ཆུ་བུར་ཅན་དང་། དེ་བརྡོལ་བ་ཅན་དང་། ཨ་ཆུ་ཆུ་ཟེར་བ་དང་། ཀྱེ་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་སྟེ། ཚ་གྲང་གཉིས་པོ་ཕན་ཚུན་སྤེལ་ཏེ་གོང་ནས་གོང་དུ་ལས་ཅུང་ཟད་སྲབ་པ་ནས་སྐྱེ་བའོ། །ཡི་དྭགས་ཀྱི་རྩ་བའི་གནས་ནི་འཛམ་བུའི་གླིང་འདི་ཉིད་ལས་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་ཅིང་། ཡན་ལག་གི་གནས་ནི་ལྷ་དང་མིའི་གནས་ནའང་ཡོད་དོ། །དུད་འགྲོ་བྱིངས་ཀྱི་གནས་རྒྱ་མཚོ་ཆེན་པོ་ཡིན་ཞིང་། ཁ་ཐོར་བ་ནི་མིའི་ཡུལ་དང་འདོད་ལྷའི་གནས་ནའང་ཡོད་ཅིང་། བསྡུས་པར། སའི་ནང་དང་། ཐང་དང་། རི་དང་། ཤིང་དང་། ཆུ་དང་། ནམ་མཁའ་དང་། མིའི་ནང་ནའང་ཡོད་དོ་ཞེས་བཤད། མཐོ་རིས་ཀྱི་གནས་ལ། མི་རྣམས་ཀྱི་གནས་ནི་གླིང་བཞི་གླིང་ཕྲན་བདུན། རྔ་ཡབ་ཀྱི་གླིང་ཕྲན་སྲིན་པོ་གནས་པས་ཡི་དྭགས་ཀྱི་འགྲོ་བར་སྡུད་པའོ། །

བཞི་པ་ཉི་ཟླའི་འཆར་ཚུལ་བཤད་པ་ལ། དངོས་དང་། དུས་ཚིགས་ཀྱི་རྣམ་བཞག་གཉིས་ལས། དང་པོ་ནི། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ཞེས་པ་སྟེ། ལྷུན་པོའི་ཆུ་མཚམས་ཡན་གྱི་ཕྱེད། གཉའ་ཤིང་འཛིན་རིའི་རྩེ་དང་མཉམ་པ་ནས་འཆར་ལ། ཉི་དཀྱིལ་གྱི་ཚད་ཞེང་དུ་དཔག་ཚད་ལྔ་བཅུ་རྩ་གཅིག །མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ་རྩ་གསུམ་དང་བཅས་ཤིང་། རྔམས་སུ་དཔག་ཚད་ལྔ་དང་གཅིག་གི་དགུ་ཆ་ཡོད་པ་རྒྱུ་མེ་ཤེལ་ལས་གྲུབ་པ་སྟེང་གི་མཐའ་སྐོར་དུ་གསེར་གྱི་ར་བ་དཔག་ཚད་ཕྱེད་ཡོད་པས་བསྐོར་བའོ། །ཟླ་དཀྱིལ་ནི་རྒྱུ་ཆུ་ཤེལ་ལས་གྲུབ་ཅིང་ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཕྱེད་དང་ཉིས་བརྒྱ། རྔམས་སུ་དཔག་ཚད་ལྔ་དང་གཅིག་གི་དགུ་ཆ་ཡོད་པ་སྟེང་གི་མཐའ་སྐོར་དངུལ་གྱི་ར་བ་དཔག་ཚད་ཕྱེད་ཡོད་པས་སྐོར་བའོ། །དེ་གཉིས་ཀར་རིན་པོ་ཆེའི་ཐེམ་སྐས་དང་ལྷའི་སྐྱེད་ཚལ་སོགས་སུ་ལྷའི་བུ་བུ་མོ་རྣམས་རོལ་མོ་དང་གར་བསྒྱུར་བ་སོགས་བྱེད་པའོ། །ཉི་ཟླ་གཉིས་ཀྱིས་གླིང་ལ་བྱ་བ་བྱེད་ཚུལ་ནི། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པ་སྟེ། སྒྲ་མི་སྙན་དུ་ནམ་ཕྱེད་པ་དང་། ལུས་འཕགས་གླིང་དུ་ཉི་མ་ནུབ་པ་དང་། འཛམ་བུ་གླིང་དུ་ཉི་མ་ཕྱེད་པ་དང་། བ་གླང་སྤྱོད་དུ་ཉི་མ་འཆར་བ་རྣམས་དུས་གཅིག་ཏུ་ཡོད་པའོ། །

གཉིས་པ་དུས་ཚིགས་ལ་གཞུང་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་བཟློག །ཉིན་མཚན་རིང་བ་ཐང་གཅིག་གོ །ཉི་མ་ལྷོ་བྱང་བགྲོད་ཚེའོ། །ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་པ་སྟེ། དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དབྱར་ཟླ་གཉིས་པ་ནི་ཁྲུམས་ཀྱི་ཟླ་བ་ཡིན་ལ་དེའི་ཚེས་བརྒྱད་ལ་རགས་རྩིས་ཀྱི་དབང་དུ་སྟོན་ཉིན་མཚན་མཉམ་པ་དེ་ནས་ཉིན་མཚན་གོ་བཟློག་སྟེ་སང་ཉིན་ཚེས་དགུ་ནས་ཐང་རེས་མཚན་མོ་རིང་དུ་སོང་ནས་ཁྱིམ་ཞག་དགུ་བཅུ་འདས་པའི་དུས་སུ་དགུན་ཉི་བཟློག་པ་དང་། དགུན་ཟླ་བཞི་པ་ནི་དབོའི་ཟླ་བ་སྟེ་དེ་ལ་དཔྱིད་ཉིན་མཚན་མཉམ་པའི་ཕྱི་དེ་ནས་སྔར་བཞིན་ཉིན་མོ་རིང་དུ་སོང་སྟེ་དེ་ནས་ཁྱིམ་ཞག་དགུ་བཅུ་འདས་པའི་དུས་སུ་དབྱར་ཉི་མ་བཟློག་ཅིང་། དེ་ཡང་ལྷོ་བགྲོད་བྱང་བགྲོད་གཉིས་ཉིན་མཚན་ཐང་རེས་རིང་ཐུང་དུ་བགྲོད་པའོ། །ཟླ་བ་འཕེལ་འགྲིབ་འབྱུང་བ་ནི། ཚེས་བཅུ་དྲུག་ནས་གནམ་གང་གི་བར་ཟླ་བ་ཉི་མ་དང་ཇེ་ཉེ་ཇེ་ཉེར་སོང་བས་རང་གི་གྲིབ་མ་ཕ་རོལ་གྱི་ངོས་སུ་བབས་པས་འགྲིབ་པ་དང་། ཚེས་གཅིག་ནས་བཅོ་ལྔའི་བར་ཉི་མ་དང་ཇེ་རིང་ཇེ་རིང་ལ་སོང་བས་འཕེལ་བའོ། །ཡང་ན་ངོས་གཅིག་ཆུ་ཤེལ་དང་གཅིག་བཻཌཱུཪྱ་ཡིན་པས། འཕེལ་དུས་ཆུ་ཤེལ་ཐུར་ལ་ཇེ་གསལ་དུ་གྱུར་སྟོབས་ཀྱིས་བཻཌཱུཪྱ་ཇེ་བྲིར་གྱུར་ཏེ་བཅོ་ལྔ་ན་རྫོགས་པར་བླ་འོག་ལོག་ལ། བཅུ་དྲུག་ནས་འགྲིབ་དུས་བཻཌཱུཪྱ་ཐུར་ལ་ཇེ་ཆེར་གྱུར་པ་སྟེང་ལ་བཻཌཱུཪྱ་རིལ་འོག་ཏུ་སྣང་སྟེ། ནམ་མཁའ་དང་མི་རྟོག་འདྲེས་པས་མི་སྣང་བ་ཡིན་པར་ས་སྡེ་ལས་བཤད་དེ། དེ་ཉིད་ལས། ཟླ་བའི་དཀྱིལ་འཁོར་ནི་ཡུད་ཙམ་གྱིས་སྟེང་དུ་འཛུར་ནས་ཟླ་གམ་དུ་སྣང་སྟེ། དེའི་ཕ་རོལ་གྱི་ངོས་དེ་ཚུ་རོལ་གྱི་ངོས་དེས་སྒྲིབ་པའི་ཕྱིར་མི་སྣང་སྟེ། ཇི་ལྟ་ཇི་ལྟར་འཛུར་བ་དེ་བཞིན་དུ་དེ་ལྟ་དེ་ལྟར་ཤིན་ཏུ་གང་བར་སྣང་ངོ་། །མར་གྱི་ངོ་ལ་ཇི་ལྟ་ཇི་ལྟར་ཐུར་དུ་འཛུར་བ་དེ་ལྟ་དེ་ལྟར་བྲི་བར་སྣང་ངོ་། །ཞེས་སོ། །

གཉིས་པ་མཐའ་དཔྱད་པ་ལ། ལོ་འགོ་འཛིན་ཚུལ། དུས་ཚིགས་ཀྱི་དབྱེ་བ། ཞག་གསུམ་གྱི་རྣམ་དབྱེ་བཤད་པའོ། །དང་པོ་ལ། ལུགས་སྤྱིར་བཤད་པ་དང་། མི་འཐད་པའི་ཆ་བཀག་ནས་རང་གི་འཐད་ཕྱོགས་བཞག་པ་གཉིས། དང་པོ་ནི། སྤྱིར་འདུལ་མངོན་སྔ་རབས་པ་ཕལ་ཆེ་བ་དང་། ལྷག་པར་མཆིམས་ཆེན་པོ་རྗེས་འབྲང་དང་བཅས་པ་རྣམས་ནི། ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་ནས་དགུན་ཟླ་ར་བར་བཟུང་ནས་དེ་ནས་ལོ་འགོ་འཛིན་པར་བཤད། ཡང་པཎ་ཆེན་ཤཱཀྱ་ཤྲཱི་རྗེས་འབྲང་དང་བཅས་པ་ཁ་ཅིག་དང་། ཀུན་མཁྱེན་བུ་སྟོན་ཞབས་རྗེས་འབྲང་དང་བཅས་པ་ནི་ཟླ་བ་དགུ་པའི་བཅུ་དྲུག་ནས་ལོ་འགོ་འཛིན་པར་བཞེད། ཡང་མདོ་སྡེ་ནས་བཤད་པ་ལྟར་ན་ཧོར་ཟླ་གསུམ་པ་ནས་དབྱར་ཟླ་ར་བར་བྱས་ནས་དེའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པར་བཤད་དེ། མདོ་སྡེ་གསེར་འོད་དམ་པ་ལས། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམ་དུས་ནི་དྲུག །ཅེས་སོ། །རྒྱུད་སྡེ་ནས་བཤད་ཚུལ་ལ། གཙོ་བོར་དུས་འཁོར་ནས་དང་། རྡོ་རྗེ་མཁའ་འགྲོ་རྒྱ་མཚོ། བདེ་མཆོག་ཨ་བྷི་དྷ་ན་སོགས་ལས་བཤད་པའི་ཚུལ་རྣམས་ལས། དང་པོ་ལའང་། ལོ་གཅིག་ཁྱུད་འཁོར་གྱི་ལོ་འགོ་འཛིན་ཚུལ་དང་། ལོ་སྐོར་བཅུ་གཉིས་དང་ལོ་རྒན་དྲུག་ཅུའི་ལོ་འགོ་འཛིན་ཚུལ་དང་། དུས་བཞིའི་ལོ་འགོ་འཛིན་ཚུལ་སོགས་མང་དུ་ཡོད་པ་ལས། ད་རེས་ལོ་གཅིག་ཁྱུད་འཁོར་གྱི་ལོ་འགོ་འཛིན་ཚུལ་གྱི་དབང་དུ་བྱས་ནའང་། འཇིག་རྟེན་ཆགས་པའི་དབང་དུ་བྱས་པའི་ལོ་འགོ་འཛིན་ཚུལ་གཅིག །ཉི་ཁྱིམ་གཙོ་བོར་བྱས་པའི་ལོ་འགོ་འཛིན་ཚུལ་གཅིག །དགོས་པ་གཙོ་བོར་བྱས་པའི་ལོ་འགོ་འཛིན་ཚུལ་གཅིག་དང་གསུམ་ལས། དང་པོ་ནི། དབྱར་འབྲིང་ཀརྐ་ཊའི་ཟླ་བ་ནས་ལོའི་འགོ་འཛིན་ཏེ། དེའི་རྒྱུ་མཚན་འཇིག་རྟེན་ཆགས་ནས་ཆེར་མ་ལོན་པའི་སྟོན་དཔྱིད་ཉི་ཟླ་སོགས་མེད་པ་ན། ཐོག་མར་ཉི་མ་:ནམ་༼ནབས་༽སོའི་གཞི་གསུམ་ཀརྐ་ཊའི་ཁྱིམ་གྱི་དང་པོ་ནས་ལོངས་སྤྱོད་པ་སྐྱེས་པས། དུས་ཀྱི་དང་པོ་དབྱར་ཡིན་པར་བཤད་དོ། །གཉིས་པ་ནི། ཉི་མ་ལུག་ཁྱིམ་དུ་ཞུགས་པའི་དུས་ཁོ་ནར་ལོ་འགོ་འཛིན་ཏེ། དེའི་རྒྱུ་མཚན། གཟའ་སྐར་དང་དུས་རྣམས་ཉི་མའི་རྗེས་སུ་འབྲང་ཞིང་། དེའི་ཁྱིམ་གྱི་དང་པོ་ལུག་ཡིན་པའི་དབང་གིས་སོ། །གསུམ་པ་ནི། ནག་པ་ཟླ་བའི་ཚེས་གཅིག་ནས་ལོ་འགོ་འཛིན་པ་ཡིན་ཏེ། སྟོན་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྒྱལ་པོ་ཟླ་བ་བཟང་པོ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པས་སོ། །མཁའ་འགྲོ་རྒྱ་མཚོ་ལས་ནི། དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་ལོ་འགོ་འཛིན་ཏེ། རྒྱུད་དེ་ཉིད་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ནས། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནི་རིམ་པ་བཞིན་དུ་བཞག །ཅེས་སོ། །རྡོ་རྗེ་མཁའ་འགྲོ་ལས་ནི། དཔྱིད་ར་དབོའི་ཟླ་བ་ནས་ལོ་འགོ་འཛིན་ཏེ། རྒྱུད་དེ་ཉིད་ལས། དཔྱིད་ར་ཟླ་བ་ནས་བརྩམས་ནས། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་བཅུ་གཉིས་པོ་རྣམས་ནི། །རིམ་ནི་རིམ་པ་བཞིན་དུ་བཞག །ཅེས་བཤད་པས་སོ། །ཨ་བྷི་དྷ་ན་ནས་བཤད་ཚུལ་ཡང་འདི་དང་མཐུན་ཏེ། རྒྱུད་དེ་ཉིད་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ནས། །དམ་ཚིག་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་མེད་འཁོར་ལོ་གནས། །ཞེས་བཤད་པས་སོ། །གཙུག་ལག་ལས་བཤད་པའི་ལོ་འགོ་འཛིན་ཚུལ་གྱི་དབང་དུ་བྱས་ན། དཔྱིད་ཟླ་ར་བ་སྟག་གི་ཟླ་བ་ལ་ལོ་གསར་བྱེད་པ་ཐམས་ཅད་མཐུན། རྩིས་གཞུང་གསལ་སྒྲོན་གྱི་ནང་ན། ལྔ་པ་ལོ་ལ་ཟླ་བ་ནི། །བཅུ་གཉིས་དག་ཏུ་གནས་པ་ཡིན། །དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །རིམ་པ་བཞིན་དུ་ལ་ོཟླ་སྦྱར། །ཞེས་བཤད་ལས། དེ་ལྟ་ནའང་དཔྱིད་ཟླ་ར་བ་དེ་གང་ཡིན་ལ་མི་མཐུན་ཏེ། དེང་སང་གི་རྒྱ་རྩིས་པ་ཕལ་ཆེ་བ། རྩིས་གཞུང་བཀོལ་བུ་ཆུང་དང་། འབྱུང་བ་རིན་ཆེན་ཀུན་འདུས་དང་། འཕྲུལ་གྱི་བང་མཛོད་རྣམས་ཀྱི་ལུང་ལ་བརྟེན་ནས་ཟླ་བ་བཅུ་གཉིས་པ་རྒྱལ་གྱི་ཟླ་བ་ལ་ལོ་འགོར་བྱེད་ཀྱང་། མི་རིགས་ཏེ། ཧོར་ཟླ་དང་པོ་ལ་ལོ་གསར་བྱེད་པའི་དུས། རྒྱལ་པོ་རལ་པ་ཅན་གྱི་རྒྱ་དང་འཁྲུག་དུས་གཡོ་སྒྱུ་བྱས་ནས་ལོ་གསར་ཟླ་བ་གཅིག་གིས་སྔ་བསྣུར་ཏེ། དམག་བཏེག་པས། བོད་རྒྱལ་བ་ཡིན་པས། དེ་ནས་ཁ་འགྲེད་པའི་ལུགས་ཡིན་པའི་ཕྱིར་དང་། གང་ལ་རྟེན་བྱེད་ཀྱི་རྩིས་གཞུང་དེ་དག་ཀྱང་མཁས་པ་དག་མི་བཞེད་པའི་ཕྱིར་ཏེ། རྒྱ་ནག་རྩིས་ཀྱི་མདོ་བྱང་ལས། དཔྱིད་ཟླ་ར་བའི་བཅུ་གསུམ་ལ། །ཉི་མ་སྟག་ལ་ཞོན་ནས་ནི། །གཟའ་ནི་ཕུར་བུས་སྣ་དྲངས་ཏེ། །སྐར་མ་རྒྱལ་ལ་སྐྱ་བར་བྱེད། །ཅེས་ཚེས་བཅུ་གསུམ་ལ་རྒྱལ་ཡོད་པའི་ཟླ་བ་ལ་དཔྱིད་ར་སྟག་ཟླར་བཤད་ལ། དེ་ནི་ཟླ་བ་དང་པོ་ཆུ་ཟླ་འདི་ལས་གཞན་ལ་མི་འབྱུང་བའི་ཕྱིར། ལོའི་འགོ་ནི་ཧོར་ཟླ་དང་པོ་འདི་ཁོ་ན་ལ་བྱེད་པ་འཇིག་རྟེན་སྤྱི་གྲགས་དང་། གཙུག་ལག་གི་གཞུང་ལུགས་རྣམས་གུང་གཅིག་ཏུ་འགྲིག་པས་འཇིག་རྟེན་པ་དང་གོ་བསྟུན་པའི་ལོ་མགོའོ། །གཉིས་པ་མི་འཐད་པའི་ཆ་བཀག་ནས་རང་གི་འཐད་ཕྱོགས་བཞག་པ་ནི། མངོན་འདུལ་བའི་ལུགས་ལ་སྔར་བཤད་པ་དེ་དག་ཁས་བླང་དུ་མི་རུང་སྟེ། འདུལ་བའི་མདོ་ལས། ཟླ་བ་ཤོལ་འདོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བར་བྱའོ། །ཞེས་སོགས་གསུངས་པས། ཟླ་བའི་འཇོག་གཞི་མགོརྒྱལ། མཆུ། དབོ། ནག་པ། ས་ག །སྣྲོན། ཆུ་སྟོད། གྲོ་ཞུན། ཁྲུམས། ཐ་སྐར། སྨིན་དྲུག་སྟེ་ཉ་སྐར་བཅུ་གཉིས་ལ་མི་འགྱུར་བའི་གཟེར་འཇིག་རྟེན་པ་དང་གོ་བསྟུན་དགོས་པས་ཤོལ་མེད་པའི་དུས་སུ་བཅུ་གཅིག་པ་མགོའི་ཉ་བ་ནས་བཅུ་པ་སྨིན་དྲུག་གི་ཉ་བ་མངོན་སུམ་དུ་གྲུབ་ཅིང་། དེ་ལྟར་ན་བརྒྱད་པ་ཁྲུམས་ཟླ། དགུ་པ་ཐ་སྐར། བཅུ་པ་སྨིན་དྲུག་བཅས་ལ་ལོ་འགོ་བཟུང་ན། དབྱར་སྔ་ཕྱི་ཁས་ལེན་དང་སྲ་བརྐྱང་གདིང་དབྱུང་ལ་སོགས་པའི་དུས་མི་འགྲིག་སྟེ། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ལ་དབྱར་སྔ་མ་ཁས་ལེན་གྱི་དུས་དང་། ཧོར་ཟླ་བརྒྱད་པ་ཁྲུམས་ཀྱི་ཟླ་བའི་ཚེས་བཅུ་དྲུག་ལ་དབྱར་ཕྱི་མ་ཁས་ལེན་གྱི་དུས་ཡིན་པར་བཤད་དེ། འདུལ་བ་ཚིག་ལེའུར་བཅད་པ་ལས། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་གསུངས་པས་སོ། །དབྱར་སྔ་མ་ཁས་བླངས་པ་ལ་སྲ་བརྐྱང་གདིང་དབྱུང་འབྱུང་གི་ཕྱི་མ་ལ་མི་འབྱུང་བས་གདིང་བའི་དུས་ཧོར་ཟླ་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ལ་གཏིང་ནས་ཧོར་ཟླ་གཉིས་པ་དབོ་ཟླའི་བཅོ་ལྔ་ལ་དབྱུང་བར་བཤད་དེ། སྔ་མ་ལས། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་འདིང་བར་རྗེས་སུ་གནང་། །ཞེས་བཤད་པའི་ཕྱིར་རོ། །གཞན་ཡང་མདོ་སྡེ་དང་རྒྱུད་སྡེ་སོ་སོ་ནས་བཤད་པ་རྣམས་ཀྱང་སོ་སོའི་ཐེག་པའི་སྐབས་སུ་ཁས་ལེན་པ་འཐད་ཅིང་། ཐེག་པ་མཐོ་དམན་གྲུབ་མཐའ་བསྲེས་ནས་ཁས་བླང་དུ་མི་རུང་སྟེ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། དེས་ན་ཐེག་པ་སོ་སོ་ཡི། །རང་རང་ལུགས་བཞིན་བྱས་གྱུར་ན། །སངས་རྒྱས་བསྟན་ཡིན་མི་བྱེད་ན། །བསྟན་པའི་གཟུགས་བརྙན་ཡིན་པར་བཤད། །ཅེས་སོ། །སྐབས་འདིར་རང་ལུགས་ཀྱི་ལོ་འགོ་འཛིན་ཚུལ་ནི། མདོ་ཉི་མའི་སྙིང་པོ་ལས། ཟླ་བ་ཉ་ཚེ་ཟླ་རངས་གྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་གསུངས་པས། སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔས་ལོ་སྔ་མ་རྫོགས་ནས་དེའི་ཚེས་བཅུ་དྲུག་ནས་ལོ་ཕྱི་མའི་འགོ་འཛིན་ཏེ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་ཚིག་གཏེར་དུ། སྨལ་པོ་ཞེས་བྱ་ལོ་ཡི་འགོ །ཞེས་དང་། རྒྱལ་སྲས་མ་ལས། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་ཐོག་མ་ནི་དགུན་དག་སྟེ། ཟླ་བ་ཐམས་ཅད་ཀྱི་མར་ངོ་སྔ་སྟེ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དུས་ཚིགས་ཀྱི་དབྱེ་བ་ལ། གསུམ་དུ་དབྱེ་བ། བཞིར་དབྱེ་བ། ལྔར་དབྱེ་བ། དྲུག་ཏུ་དབྱེ་བ་རྣམས་ལས། དང་པོ་ནི། དགུན་དཔྱིད་དབྱར་གསུམ་དུ་ཕྱེ་ནས་དེ་རེ་རེ་ལ་ཟླ་བ་བཞི་བཞིར་བྱས་པའོ། །དེ་ལྟར་དབྱེ་བའི་དགོས་པ་ནི། ཕྱག་དར་ཁྲོད་པའི་གོས་ངོ་ཤེས་པའི་ཆེད་དུ་ཡིན་ཏེ། ཟླ་བ་བཞིར་ལོངས་སྤྱད་པའི་གོས་ལ་ཕྱག་དར་ཁྲོད་པའི་གོས་སུ་འཇོག་པའི་ཕྱིར་ཏེ། ས་ག་ལྷས། ཟླ་བཞི་ལ་སོགས་ལོངས་སྤྱད་པའི། །གོས་དེ་སྡོམ་བརྩོན་གྱིས་རྟོགས་ན། །ཞེས་གསུངས་པའི་ཕྱིར་རོ། །བཞིར་དབྱེ་བ་ནི། དགུན་དཔྱིད་དབྱར་སྟོན་བཞིར་བྱས་ནས། དེ་རེ་རེ་ལ་ཟླ་བ་གསུམ་གསུམ་དུ་འཇོག་སྟེ། མྱང་འདས་རྒྱ་འགྱུར་དུ། ཟླ་བ་གསུམ་ནི་དཔྱིད་ཀྱི་དུས། །ཟླ་བ་གསུམ་ནི་དབྱར་གྱི་དུས། །ཟླ་བ་གསུམ་ནི་སྟོན་གྱི་ཕྱོགས། །ཟླ་བ་གསུམ་ནི་དགུན་ཞེས་བྱ། །འདི་ནི་ལོ་གཅིག་ལས་བརྩམས་པས། །གསུམ་གསུམ་སོ་སོར་བཤད་པར་བྱ། །ཞེས་སོ། །དེ་ལྟར་དབྱེ་བའི་དགོས་པ་ནི། འཇིག་རྟེན་པ་དང་གོ་བསྟུན་པ་ཡིན་ཏེ། འཇིག་རྟེན་ན་དེ་ལྟར་གྲགས་པའི་ཕྱིར། གྲགས་ཀྱང་རྒྱ་དཔེ་ལ་དེའི་དངོས་དོན་གྱི་སྐད་དོད་མེད་དེ། ཚིག་གཏེར་ལས། འདི་ན་དཔྱིད་ཟླ་ར་བ་སོགས། །གསུམ་ཚན་བཞི་རུ་དབྱེ་སྟེ་སྨྲ། །ཞེས་སོ། །ལྔར་དབྱེ་བ་ནི། དགུན། དཔྱིད། དབྱར། དབྱར་ཐུང་ངུ་། དབྱར་རིང་པོ་དང་ལྔར་ཕྱེ་བ་སྟེ། འདུལ་བ་ལུང་ལས། དུས་ཚོད་ནི་ལྔ་སྟེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་སོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ། །དེའི་འོག་མ་ནི་ཟླ་བ་གཅིག་གོ །དེའི་འོག་མ་ནི་ཉིན་ཞག་གཅིག་གོ །ཐ་མ་ནི་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་བ་རྣམས་སོ། །ཞེས་སོ། །དེ་ལྟར་དབྱེ་བའི་དགོས་པ་ནི། དབྱར་སྔ་མ་ཁས་ལེན་གྱི་དུས་ངོ་ཤེས་པའི་ཕྱིར་རོ། །འོ་ན་དབྱར་ཐུང་ངུའི་ཉིན་ཞག་གཅིག་པོ་དེ་གང་ལ་ངོས་འཛིན་ན། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་གི་ཉིན་ཞག་གཅིག་པོ་དེ་ཡིན་ཏེ། འདུལ་བ་རྒྱ་ཆེར་འགྲེལ་ལས། དེ་ནི་ཉིན་ཞག་གཅིག་ཡིན་ཏེ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གོ །ཞེས་བཤད་པས་སོ། །དྲུག་ཏུ་དབྱེ་བ་ནི། དགུན་སྟོད་དགུན་སྨད་གཉིས། དཔྱིད་སྟོད་དཔྱིད་སྨད་གཉིས། དབྱར་དང་སྟོན་གཉིས་ཏེ་དྲུག་གོ །དེ་ལྟར་ཡང་མྱང་འདས་ལས། གཉིས་གཉིས་དུས་ཚིགས་གཅིག་བྱས་ནས། །ལོ་གཅིག་དུས་ཚིགས་དྲུག་ཏུ་འགྱུར། །ཞེས་སོ། །དེ་ལྟར་དབྱེ་བའི་དགོས་པ་ནི། ཞག་མི་ཐུབ་ཀྱི་གསོ་སྦྱོང་བཅུ་གཉིས་པ་ཤེས་པའི་ཆེད་དེ། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་སོ། །

གསུམ་པ་ལ། ཁྱིམ་ཞག །ཉིན་ཞག །ཚེས་ཞག་དང་གསུམ། དང་པོ་ལ། དགག་བཞག་གཉིས་ལས། དང་པོ་ནི། མཁས་པ་ཁ་ཅིག །ཁྱིམ་བཅུ་གཉིས་ནི་གཉའ་ཤིང་འཛིན་རིའི་རྩེ་མོའི་ཕྱོགས་རྣམས་སུ་བྲག་ལ་ཁྱིམ་བཅུ་གཉིས་ཀྱི་གཟུགས་དབྱིབས་ཡོད་པ་དེར་ཉི་མའི་འགྲོ་ལམ་བྱེད་པར་ཁྱིམ་ལ་ལོངས་སྤྱོད་པའི་ཐ་སྙད་འཇོག་པར་བཤད་པ་སོགས་ནི་མི་འཐད་དེ། སྒང་གཤོང་འཁོར་ལོ་སོགས་ཀྱི་རྣམ་བཞག་ཅུང་ཟད་ཀྱང་མ་མཐོང་བར་ཟད་དོ། །རང་ལུགས་ནི། ནམ་མཁའ་ལ་བགྲོད་བྱ་དང་བགྲོད་བྱེད་གཉིས་ཀྱི། དང་པོ་ནི་ཁྱིམ་བཅུ་གཉིས་ཏེ། གཞུ་དང་ཆུ་སྲིན་བུམ་པ་ཉ། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་དང་སྡིག །ཅེས་པ་ལྟར། དགུན་དུས་ཀྱི་ཁྱིམ་གསུམ། དཔྱིད་དུས་ཀྱི་ཁྱིམ་གསུམ། དབྱར་དུས་ཀྱི་ཁྱིམ་གསུམ། སྟོན་དུས་ཀྱི་ཁྱིམ་གསུམ་སྟེ། ཁྱིམ་དེ་དག་གི་ཐོབ་སྐལ་རྒྱུ་སྐར་ཉེར་བདུན་ལ་སྤྱོད་པ་ནི། ཁྱིམ་རེས་སྐར་གཉིས་རྐང་བཅས་རེར་སྤྱོད་པ་ཡིན་ཏེ། དེ་དག་གི་སྡོམ་ནི། སྣུབས་སྐར་ནས་བཟུང་ཆུ་སྨད་བཞི་ཆ་གཞུ། །ཆུ་སྨད་གཞི་གསུམ་མགོ་ཕྱེད་ཆུ་སྲིན་ཁྱིམ། །མགོ་ཕྱེད་ནས་བཟུང་ཁྲུམས་སྟོད་བཞི་གསུམ་བུམ། །ཁྲུམས་སྟོད་བཞི་ཆ་ནམ་གྲུ་རྫོགས་པ་ཉ། །ཐ་སྐར་ནས་བཟུང་སྨིན་དྲུག་བཞི་ཆ་ལུག །མགོ་ཕྱེད་གླང་དང་ནབས་སོའི་བཞི་གསུམ་འཁྲིག །སྐག་རྫོགས་ཀར་ཊ་དབོའི་བཞིའི་ཆ་སེང་། །ནག་ཕྱེད་བུ་མོ་ས་གའི་བཞི་གསུམ་སྲང་། །ས་གའི་བཞི་ཆ་སྣྲོན་རྫོགས་སྡིག་པའི་ཁྱིམ། །ཞེས་པ་ལྟར་རོ། །བགྲོད་བྱེད་ནི། གཟའ་བཅུ་སྟེ། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། མཇུག་རིང་། སྒྲ་གཅན། དུས་མེའོ། །དེ་ལ་སྤྱིར་ཁྱིམ་ཞེས་པ་ལྷ་གནས་པའི་གཞལ་མེད་ཁང་སྟེ། དེ་ཇི་ལྟར་བྱུང་ཚུལ་ནི་འདེགས་བྱེད་ཀྱི་བརྟན་གཡོའི་རླུང་ཇི་སྙེད་པ་སྐྱེས་པས་གཞི་རླུང་གི་འཁོར་ལོ་ཅན་རི་རབ་ཀྱི་སྟེང་ནས་གདུགས་ཕུབ་པ་ལྟ་བུའི་རྣམ་པར་གནས་པའི་སྟེང་དུ་ཁྱིམ་བཅུ་ག །ཉིས་པོ་ཆགས་ཤིང་། འཁོར་གཞིའི་ཁྱིམ་ཆགས་རྗེས། དེའི་སྟེང་རྒྱུ་སྐར་ཉེར་བརྒྱད་སྐྱེས་ཏེ་ཉི་མས་དེ་བརྒྱད་ལ་ལོངས་སྤྱོད་པས་ཉི་མའི་ཁྱིམ་ཞེས་བྱ་བ་སྟེ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེ་བྲག་སྐར་ཁྱིམ་གོ་ལ་ལའང་། །སྤྱི་དང་ཁྱད་པར་རྣམ་པ་གཉིས། །སྤྱི་ནི་ལྷ་ཡི་གཞལ་མེད་ཁང་། །འདེགས་བྱེད་བརྟན་གཡོའི་རླུང་ཇི་སྙེད། །སྐྱེས་ལས་རླུང་གི་འཁོར་ལོའི་དབྱིབས། །རི་རབ་སྟེང་ངོས་གདུགས་ཕུབ་བཞིན། །དེ་ལྟར་འཁོར་གཞི་ཁྱིམ་ཆགས་རྗེས། །དེ་སྟེང་རྒྱུ་སྐར་ཉེར་བརྒྱད་སྐྱེས། །ཞེས་བཤད་པ་ལྟར་རོ། །དེ་ཡང་ཁྱིམ་རེ་རེ་ལ་ཁྱིམ་ཞག་སུམ་ཅུ་སུམ་ཅུ། ཁྱིམ་ཞག་རེ་ལ་ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་ལྔ་བཅུ་རེ་ཡོད་པའོ། །གཉིས་པ་ཉིན་ཞག་ནི། ནམ་ལངས་ནས་ནམ་ལངས་ཀྱི་བར་ལ་འཇོག་སྟེ། འཛམ་བུའི་གླིང་འདིར་ད་ནང་སྐྱ་རེངས་ཤར་ནས་སང་སྐྱ་རེངས་མ་ཤར་ཙམ་གྱི་བར་ལ་ཉིན་ཞག་གཅིག་ཏུ་འཇོག་ལ། དེ་ཉིད་ལ་ཆུ་ཚོད་དྲུག་ཅུའམ་ཡུད་ཙམ་སུམ་ཅུ་ཡོད་པའོ། །གསུམ་པ་ཚེས་ཞག་ནི། ཟླ་བ་འཕེལ་འགྲིབ་ཀྱི་སྒོ་ནས་འཇོག་པ་ཡིན་ཏེ། ཟླ་བ་ཡར་ངོ་ལ་འཕེལ་ཆ་བཅོ་ལྔ་དང་། མར་ངོ་ལ་འགྲིབ་ཆ་བཅོ་ལྔ་ཡོད་ཅིང་། འཕེལ་ཆ་བཅོ་ལྔ་ཆ་གཅིག་གམ། འགྲིབ་ཆ་བཅོ་ལྔ་ཆ་གཅིག་ལ་ཚེས་ཞག་གཅིག་ཏུ་འཇོག་ལ། དེ་གཉིས་ཀྱི་ཡུན་ཚད་ལ་ཆུ་ཚོད་ལྔ་བཅུ་ང་དགུ་ཡོད་པའོ། །ཞར་བྱུང་ཞག་མི་ཐུབ་འབྱུང་ཚུལ་བཤད་པ་ནི། སྤྱིར་ཞག་མི་ཐུབ་ལ། ཚེས་ཞག་གིས་ཉིན་ཞག་གི་དོད་མི་ཐུབ་པའི་ཞག་མི་ཐུབ་གཅིག་དང་། ཚེས་ཞག་གིས་ཁྱིམ་ཞག་གི་དོད་མ་ཐུབ་པའི་ཞག་མི་ཐུབ་གཉིས་ལས། དང་པོ་ནི། ལོ་གཅིག་ལ་རགས་རྩིས་ཀྱི་དབང་དུ་བྱས་ཏེ། ཚེས་ཞག་སུམ་བརྒྱ་དོན་གཅིག་དང་། ཉིན་ཞག་སུམ་བརྒྱ་རེ་ལྔ་ཡོད་པའི་བར་ཁྱད་ལ་ཞག་དྲུག་བྱུང་བ་དེ་ཡིན་ལ། གཉིས་པ་ནི། ཚེས་ཞག་སུམ་བརྒྱ་དོན་གཅིག་དང་། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་པའི་བར་ཁྱད་ཞག་བཅུ་གཅིག་འབྱུང་བ་དེ་ཡིན། ཞག་མི་ཐུབ་འབྱུང་བ་ནི་སྔ་མའི་དབང་དུ་བྱས་ཏེ། ཟླ་བ་བཅུ་པ། བཅུ་གཉིས་པ། གཉིས་པ། བཞི་པ། དྲུག་པ། བརྒྱད་པ། རྣམས་ཀྱི་མར་ངོ་ལ་འབྱུང་སྟེ། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་དང་དབོ་དང་ས་ག་བཅས། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་གསུངས་པའི་ཕྱིར་རོ། །

ལྔ་པ་ལྷ་རྣམས་ཀྱི་གནས་བཤད་པ་ལ། ས་དང་འབྲེལ་བའི་གནས་དང་། མ་འབྲེལ་བའི་གནས་གཉིས་ལས། དང་པོ་ལའང་། རྒྱལ་ཆེན་རིགས་བཞི་པ་དང་། སུམ་ཅུ་རྩ་གསུམ་པའི་གནས་གཉིས་ལས། དང་པོ་ནི། འདི་ལ་བང་རིམ་བཞི་ཡོད་དོ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །རི་ནི་བདུན་པོ་དག་ལ་ཡང་། །ཞེས་པ་སྟེ། རི་རབ་འདི་ལ་ཆུ་མཚམས་ཡན་ལ་བང་རིམ་བཞི་ཡོད་ཅིང་། དེ་བཞིའི་བར་གྱི་ཐག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་པའི་བང་རིམ་རྣམས་ཕྱིར་འབུར་དུ་འཕགས་པའི་ཚད་དང་པོ་ལ་སྟོང་ཕྲག་བཅུ་དྲུག་དང་། གཉིས་པ་ལ་བརྒྱད་དང་། གསུམ་པ་ལ་བཞི་དང་། བཞི་པ་ལ་གཉིས་ཕྱིར་འཕགས་པའོ། །བང་རིམ་དང་པོ་ལ་ལག་ན་གཞོང་ཐོགས། གཉིས་པ་ལ་མེ་ཏོག་གི་ཕྲེང་བ་ཐོགས་པ། གསུམ་པ་ན་སྦྲང་ཆང་གིས་རྟག་ཏུ་མྱོས་པ། བཞི་པ་ན་རྒྱལ་ཆེན་རིགས་བཞི་པའི་ལྷ་རྣམས་གནས། དེ་དག་གི་འཁོར་ཤར་ན་དྲི་ཟ། ལྷོར་གྲུལ་བུམ། ནུབ་ན་ཀླུ་དབང་། བྱང་ན་གནོད་སྦྱིན་གྱི་རིགས་རྣམས་གནས་སོ། །སོ་སོའི་ཕོ་བྲང་གི་མིང་ལས་བཏགས་པ་ཤར་ན་ཡུལ་འཁོར་བསྲུང་། ལྷོ་ན་འཕགས་སྐྱེས་པོ། ནུབ་ན་སྤྱན་མི་བཟང་། བྱང་ན་ལྕང་ལོ་ཅན་གྱི་ཕོ་བྲང་ན་རྣམ་ཐོས་སྲས། ཕོ་བྲང་དེ་དག་གི་ཚད་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། ནང་གི་ས་གཞི་མཚོན་སྣ་བརྒྱས་བཀྲ་བར་བྱས་པ། རྐང་པ་བཞག་ན་ནེམ་ཞིང་། སྟེག་ན་སྤར་བ་མཉམ་པ། གསེར་གྱི་བྱེ་མ་བརྡལ་བ་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། ལྷའི་མེ་ཏོག་མནྡ་ར་བས་པུས་ནུབ་ཙམ་དུ་ཁེབས་ཤིང་། རིན་པོ་ཆེ་སྣ་བཞིས་བརྩེགས་པའི་རྫིང་ན་ཆུ་སྦྲང་རྩི་ལྟ་བུས་གང་བ། རྫིང་གི་འགྲམ་ན་མེ་ཏོག་དང་གོས་རྣམ་བཞི་འབྱུང་བའི་དཔག་བསམ་གྱི་ཤིང་དང་། ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག །དེ་ལ་གནས་པའི་བྱ་དང་། བུང་བ་སྙན་པར་སྒྲོག་པས་མཛེས་པ་སོགས་ལོངས་སྤྱོད་དཔག་ཏུ་མེད་པས་བརྒྱན་པའོ། །གཞན་ཡང་གཉའ་ཤིང་འཛིན་རིའི་སྟེང་གི་ཕྱོགས་བཞི་ན་རྒྱལ་ཆེན་བཞིའི་ཕོ་བྲང་ཡོད་ཅིང་། གསེར་གྱི་རི་བདུན་ལ་ཡང་རིགས་ཀྱི་ལྷའི་གྲོང་ཁྱེར་མཛེས་པར་བརྒྱན་ཞིང་། འཁོར་ཡུག་རིའི་རྩེ་མོ་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། ནགས་ཀྱི་ལྷ་ཡན་ཆད་རྒྱལ་ཆེན་རིགས་བཞིའི་ལྷར་གཏོགས་པས། དེ་དག་གི་གནས་རིགས་ཤིན་ཏུ་མང་ངོ་། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས། ཞེས་པ་སྟེ། དབུས་ཀྱི་ལྷུན་པོའི་སྟེང་ན་དབང་པོ་དང་ཉེ་དབང་གི་གནས། མ་འདྲེས་པ་དང་། ནོར་བུ་སྙིང་པོ་དང་། ཡོངས་འདུ་གནས་པ་དང་། རྣམ་མཛེས་གནས་པ་དང་། དགའ་བའི་ཚལ་གནས་པ་དང་། འཕྲེང་བ་འབར་བ་དང་། གཟི་བརྗིད་མཆོག་དང་། མཐོང་བར་སྤྱོད་དང་། འཁོར་ན་གནས་པ་དང་། རིགས་མཐུན་པ་དང་། ནོར་བུ་འཆང་བ་དང་། མདོག་བཟང་ཆེ་བ་དང་། ས་ལ་ཤིང་ཟུག་དང་། ནོར་བུ་སྣང་བ་དང་། ཆོས་བཟང་མདུན་པ་ལ་སོགས་པ་ལྷ་གནས་སུམ་ཅུ་རྩ་གསུམ་ན་གཙོ་བོ་ཉེ་དབང་སུམ་ཅུ་རྩ་གཉིས། ལྷའི་དབང་པོ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་སུམ་ཅུ་རྩ་གསུམ་ཞེས་བྱའོ། །རི་དབང་དེའི་རྩེ་མོའི་ཚད་ནི་ངོས་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད་པའོ། །རི་རབ་རྩེ་མོའི་མཚམས་བཞི་ན་ཁང་པ་བརྩེགས་པ་བཞི་ཡོད་དོ། །འཕངས་སུ་དཔག་ཚད་ཕྱེད་དང་ལྔ་པ། ངོས་རེ་ལ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་པ། ཁོར་ཡུག་ཏུ་བརྒྱ་ཡོད་པ་ན་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བའི་ལྷ་རིགས་གནས་སོ། །གཉིས་པ་རྒྱས་བཤད་ནི། དབུས་ན། གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། །དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །དེ་དག་གི་ནི་ངོས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང་། །བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །ལྷོ་ནུབ་མཚམས་ན་ཆོས་བཟང་ངོ་། །ཞེས་པ་སྟེ། རི་རབ་ཀྱི་དབུས་དེ་ན་བརྒྱ་བྱིན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། རྔམས་སུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ་གཞི་གསེར་ལས་གྲུབ་པ། ས་གཞི་འཇའ་ཚོན་ལྟར་བཀྲ་བ། རྐང་པ་བཞག་ན་ནེམ་པ་དང་། བཏེག་ན་སྤར་བར་བྱེད་པའི་མཉེན་པ་ཡོད་པ། གྲོང་ཁྱེར་དེའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པའོ། །དེའི་ཕྱི་རོལ་ངོས་བཞི་ན་ལྷའ་ིསྐྱེད་ཚལ་བཞི་ཡོད་དེ། ཤིང་རྟ་སྣ་ཚོགས་ཚལ་དང་། སླེབས་པ་ཙམ་གྱིས་ཤེས་པ་རྩུབ་པར་འགྱུར་བའི་ཚལ་དང་། ལྷའི་བུ་བུ་མོ་རྣམས་འདྲེས་ཤིང་འདོད་ཡོན་ལ་སྤྱོད་པའི་ཚལ་དང་། ཡིད་དགའ་བ་བསྐྱེད་པའི་ཚལ་དང་བཞིས་བརྒྱན་པ་ཡོད་པའོ། །ཤིང་རྟ་སྣ་ཚོགས་ཀྱི་ཚལ་དེ་ན་གླང་པོ་ཆེ་ཁྱད་པར་འཕགས་པ་ས་སྲུང་གི་བུ་གཟུགས་བཟང་ཞིང་མཛེས་པ་དཀར་བ། ཡན་ལག་བདུན་ལེགས་པར་གནས་པ། མགོ་དམར་བ། མཆེ་བ་དྲུག་པ། སྲིད་དུ་དཔག་ཚད་གཅིག་དང་། ཁོར་ཡུག་ཏུ་བདུན་ཡོད་པ། འཁོར་གླང་པོ་ཆེ་བརྒྱ་སྟོང་དང་ལྡན་པ། མགོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ཞིང་མགོ་རེ་ལ་མཆེ་བ་དྲུག་དྲུག་དང་། མཆེ་བ་རེ་ལ་རྫིང་བུ་བདུན་བདུན་དང་། རྫིང་བུ་རེ་ལ་པདྨའི་སྡོང་པོ་བདུན་བདུན་དང་། པདྨ་རེ་ལ་ལྷ་མོ་བདུན་བདུན་དང་། དེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་ལ་བསིལ་སྙན་འཁྲོལ་བ་བདུན་བདུན་དང་ལྡན་པར་སྤྲུལ་ཏེ། མགོ་དབུས་མ་ལ་དབང་པོ་དང་། གཞན་རྣམས་ལ་ཉེ་དབང་སོ་གཉིས་དང་། གླང་པོ་གཞན་རྣམས་ལ་འཁོར་རྣམས་ཞོན་ནས་གཡུལ་འགྱེད་པར་བྱེད་པའོ། །རྩུབ་འགྱུར་གྱི་ཚལ་ན། ཤིང་ལས་རིན་པོ་ཆེའི་གོ་ཆ་ཤིན་ཏུ་སྲ་བ་དང་། འཁོར་ལོ་དང་མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་འབྱུང་བ་ཡོད་པའོ། །འདྲེས་པའི་ཚལ་ན་འདོད་དགུ་འདྲེས་པར་འབྱུང་བ་དང་། རིན་པོ་ཆེའི་ཤིང་དང་མེ་ཏོག་དང་། ལྷའི་བུ་དང་བུ་མོ་ལ་སོགས་པ་འདྲེས་པར་གྱུར་པ་ཡོད་པའོ། །དགའ་བའི་ཚལ་ན་ལྷའི་བུ་མོ་དགའ་བས་བརྒྱན་པ་སྟེ། དེར་སྤྱོད་པས་ལྷག་པར་དགའ་བ་འཕེལ་བ་དང་། ཚལ་དེ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་གཟིམས་ཁྲི་རིན་པོ་ཆེའི་ཤིང་ལྗོན་པའི་ནང་ན་ཡོད་པའི་འོད་ཟེར་བརྒྱ་བྱིན་གྱིས་བཟོད་པས་ལྟ་བར་ནུས་པའི་ལོགས་ལ། ལྷ་རྣམས་ཀྱི་ཚེ་རབས་དང་། ལེགས་ཉེས་དང་། གཡུལ་དུ་འཇུག་པའི་ཚེ་གནོད་པས་རྫི་བར་ནུས་པ་དང་མི་ནུས་པའི་མཚན་མ་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟར་གསལ་བ་ཡོད་དོ། །ཕྱོགས་བཞིའི་ཚལ་བཞི་པོ་ལས་ཕྱི་རོལ་དུ་གཞལ་བའི་དཔག་ཚད་ཉི་ཤུས་བཅད་པའི་ས་ན་ཚལ་སོ་སོའི་མིང་དང་བཀོད་པར་མཐུན་པའི་ས་གཞི་བཟང་པོ་བཞི་ཡོད་དེ། ས་གཞི་སྣ་ཚོགས་ཞེས་བྱ་བ་དང་། འདྲེས་པ་ཞེས་བྱ་བ་དང་། རྩུབ་འགྱུར་ཞེས་བྱ་བ་དང་། དགའ་བ་ཞེས་བྱ་བ་དག་གོ །ལྟ་ན་སྡུག་གི་བྱང་ཤར་མཚམས་ན་ལྷ་རྣམས་འདུ་བའི་གཞི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་རི་རབ་ཀྱི་ས་གཞི་བརྟོལ་ནས་བྱུང་བ། དཔག་ཚད་ལྔ་ཐུར་དུ་ཟུག་ཅིང་རྒྱ་གྱེན་དུ་འཕགས་པ། ཡལ་ག་ཕྱོགས་བཞིར་དཔག་ཚད་ལྔ་བཅུ་ལྔ་བཅུར་གྱེས་པས་ཁྱབ་པ་མེ་ཏོག་རྒྱས་པའི་དྲི་བཟང་པོ་དཔག་ཚད་ལྔ་བརྒྱར་ལྡང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཡོད་པའོ། །ཤིང་དེའི་དྲུང་ན་རིན་པོ་ཆེ་ཨར་མོ་ནིག་ལྟར་དཀར་བའི་རྡོ་ལེབ་ཡོད་དེ། ལྷ་ཉུང་ངུར་འདུས་པས་ཀྱང་དེའི་སྟེང་ཡངས་པར་མི་མངོན་ལ། མང་པོས་ཀྱང་དོག་པར་མི་མངོན་པ་ཡོད་དོ། །དེའི་འགྲམ་ན་ལྷའི་བུ་དང་བུ་མོ་རབ་ཏུ་མང་པོ་དང་། ཡང་ཐོག་དང་། ཁང་པ་བརྩེགས་མ་དང་། ལྟད་མོའི་ས་དང་། བསིལ་ཁང་དང་། རྩེད་འཇོ་དང་། གླུ་གར་བྱེད་པའི་ལྷ་མོ་རབ་ཏུ་མང་པོ་དང་། རོལ་མོ་དང་སིལ་སྙན་སྒྲོག་པའི་ལྷ་མང་པོས་གང་བར་བྱས་པ་ཡོད་དོ། །གྲོང་ཁྱེར་དེའི་ལྷོ་ནུབ་ནས་དཔག་ཚད་ཕྱེད་དང་བཞི་དཔགས་པ་ན་ཆོས་བཟང་ལྷའི་འདུན་ས་ཡོད་དེ། དེ་ལ་ཅིའི་ཕྱིར་འདུན་ས་ཞེས་བྱ་ཞེ་ན། ལྷ་རྣམས་འདུས་ནས་ཡང་དག་པའི་བྱ་བའི་དོན་རྣམས་གྲུབ་པར་བྱ་བ་ལ་འདུན་ཞིང་བསྟོད་པ་ཉིད་དང་། རང་གི་དཔལ་ལས་ཉམས་པ་བསྲུང་བའི་ཕྱིར་བྱ་བ་དང་བྱ་བ་མ་ཡིན་པ་བགྲོ་བའི་གནས་དག་ཡོད་དོ། །

གཉིས་པ་ས་དང་མ་འབྲེལ་བའི་གནས་ནི། དེ་སྟེང་ལྷ་རྣམས་གཞལ་མེད་ཁང་། །ཞེས་པ་སྟེ། སུམ་ཅུ་རྩ་གསུམ་དེའི་སྟེང་ན་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཏེ། གཞལ་མེད་ཁང་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན་དུ་གནས་སོ། །དེ་དག་གི་རྒྱ་ཁྱོན་ཡང་སུམ་ཅུ་རྩ་གསུམ་ལས་ཉིས་འགྱུར་གྱིས་འཐབ་བྲལ་ཆེ་བ་ལྟར། གོང་མ་གསུམ་ལའང་མཚུངས་པར་བརྗོད་དོ། །ཞར་བྱུང་ལྷ་མ་ཡིན་གྱི་གནས་རིགས་བཤད་པ་ནི། འདི་ལྟར་ལུས་དང་རྫུ་འཕྲུལ་དང་ལོངས་སྤྱོད་འདོད་པའི་རང་བཞིན་ལྷ་དང་འདྲ་ཡང་། རིགས་དང་སྐལ་བ་ལྷ་དང་མི་འདྲ་བས་ལྷ་མ་ཡིན་ཞེས་བྱ་སྟེ། དེ་དག་གི་རྩ་བའི་གནས་རི་རབ་ཀྱི་ཆུ་མཚམས་མར་བཅད་ནས་གསེར་གྱི་ས་གཞི་ལ་ཐུག་པའི་ཁོང་སེང་ན་ཡོད་པའི་གནས་ཀྱང་གོང་མ་ལས་འོག་མ་བཟང་བར་ཡོད་པར་སྣང་ངོ་། །ཆུ་མཚམས་ཀྱི་ཁོང་སེང་ན་སྒྲ་གཅན་དང་། དེ་ནས་དེའི་འོག་ན་དཀར་ཕྲེང་གི་གོང་ན་མགུལ་འཕྲེང་ཅན་དང་གསེར་གྱི་ས་གཞི་ལ་ཐགས་བཟང་རིས་རྣམས་ཡོད་པའོ། །དེ་དག་ཏུ་སྐྱེ་བའི་རྒྱུ་ནི་འཕེན་བྱེད་ཡི་དྭགས་ཀྱི་ལས་ཀྱིས་འཕངས་ཀྱང་། རྫོགས་བྱེད་བསོད་ནམས་ཆ་མཐུན་ལྷའི་དགེ་བ་རྫོགས་པར་བྱས་པ་ལས་བྱུང་བའོ། །དེ་ཡང་གསེར་གྱི་ས་གཞིའི་སྟེང་ན་ལྷ་རྣམས་ཀྱི་འབྱོར་པ་ལྟ་བུའི་གནས་བཀོད། ལྷ་མ་ཡིན་མཆོག་རྣམས་ལ་ཡོད་པར་འཇིག་རྟེན་གདགས་པའི་མདོ་ལས། དེ་ཡང་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་གདམས་པ་ཅན་དང་། ལྟ་ན་སྡུག་ལྟ་བུའི་གྲོང་ཁྱེར་གསེར་ལྡན་དང་། དེ་བཞིན་དུ་འདུན་ས་ནོར་བཟང་དང་། སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་ར་བའོ། །ཞེས་སོ། །ཚལ་བཞི་པོ་དེ་དག་གི་ཕྱི་རོལ་ན་ས་གཞི་བཟང་པོ་མིང་ཡང་ཚལ་དེ་དག་དང་མཚུངས་ཏེ། ས་གཞི་བཟང་པོ་ཀུན་དགའ་ར་བ་ལ་སོགས་པའོ། །ཤིང་ཆེན་པོ་ཙི་ཏྲ་པ་ཏྲའོ། །རྡོ་ལེབ་ནི་ལྷ་མ་ཡིན་གྱི་རྡོ་ལེབ་རབ་ཏུ་བཟང་པོའོ། །སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ས་སྲུང་གི་བུ་ལྟ་བུ་ནི་གླང་པོ་ཆེ་རེ་རྩེ་གངས་བརྩེགས་དང་། གཡུལ་ངོར་སྤྱོད་པ་རབ་བརྟན་ལྟ་བུ་དང་། གཡུལ་གྱི་གླང་པོ་བཟོད་པར་དཀའ་བའོ། །རྟའི་མཆོག་ནི་སྤྲིན་གྱི་ཤུགས་ཅན་ལྟ་བུ་རྟའི་རྒྱལ་པོ་རབ་མྱུར་ཞེས་བྱ་བ་ཡོད་དོ། །དེ་དག་གི་གོང་ན་དཀར་ཕྲེང་གི་གནས་དང་། སྒྲ་གཅན་གྱི་གནས་དག་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་དང་འགྲན་པའི་དཔལ་དང་སྐལ་བ་བཟང་པོར་འབྱོར་པ་ཡིན་ནོ། །བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པའི་གནས་ནི། གཞན་འཕྲུལ་དབང་བྱེད་ནང་དུ་རྟོགས་པའི་གནས་གཞན་ཁྱད་པར་ཅན་ཡིན་ནོ། །ལྷ་མ་ཡིན་གྱི་ཁོངས་སུ་གཏོགས་པ་འགའ་ནི་འཛམ་བུའི་གླིང་དང་། གླིང་གཞན་དང་། རྒྱ་མཚོ་དང་། མུ་ཁྱུད་དང་། རི་རབ་ལ་སོགས་པ་ངེས་པ་མེད་པ་ན་ཡོད་དེ་བདུད་རིགས་ཀྱི་མི་མ་ཡིན་རྣམས་སོ། །ཞར་བྱུང་སེམས་ཅན་གྱི་ཁྱད་ཆོས་ལ། འདོད་པ་ལ་སྤྱོད་ཚུལ་ལྷའི་བུ་སྐྱེ་ཚུལ། འདོད་བདེ་བསྟེན་ཚུལ་དང་གསུམ། དང་པོ་ནི། འདོད་པ་སྤྱོད་པ་དྲུག་ཡིན་ནོ། །གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་པ་སྟེ། དེ་ཡང་གཞན་འཕྲུལ་དབང་བྱེད་ན། ལྷ་དང་ལྷ་མོ་དག་མཐོང་བས་ཡིད་གདུངས་པ་ན། ཕན་ཚུན་བལྟས་པ་ཙམ་གྱིས་གདུང་བ་དང་བྲལ་བར་འགྱུར་རོ། །འཕྲུལ་དགའ་ན་བགད་པ་ཙམ་གྱིས་སོ། །དགའ་ལྡན་ན་ཕན་ཚུན་གཅིག་ལ་གཅིག་འཇུས་པའམ། ལག་པ་རེག་པས་སོ། །མཚེ་མ་ན་གཉིས་གཉིས་འཁྱུད་པས་སོ། །དེ་ཡང་ལྟ་བ་ལ་དེ་ཉིད་གཅིག་པུའི་འདོད་ཆགས་ལས་མེད་དོ། །དགོད་པ་ལ་མཐོང་དགོས་པས་བལྟས་པ་དང་དགོད་པའི་འདོད་ཆགས་གཉིས་སོ། །ལག་བཅང་ལ་མཐོང་ནས་འགའ་ཞིག་རེག་པའི་ཕྱིར་བལྟས་པ། དགོད་པ། ལག་བཅངས་ཀྱི་འདོད་ཆགས་གསུམ་ལྡན་ནོ། །གཉིས་གཉིས་འཁྱུད་ལ་མཐོང་ནས་དགའ་བས་རེག་ཅིང་སྦྱར་བས་བཞི་ཀ་ལྡན་པའོ། །སུམ་ཅུ་རྩ་གསུམ་མན་ཆད་ན་བཞི་ཀ་ཡོད་པ་ཉིད་དོ། །གཉིས་པ་སྐྱེ་ཚུལ་ནི། བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་ཏུ་སྐྱེ་གཟུགས་ཅན་རྣམས། །ཀུན་རྫོབ་གོས་དང་བཅས་པ་ཉིད། །ཅེས་པ་སྟེ། འདོད་པའི་ལྷ་མོ་རྣམས་ལ་བུ་མངལ་ནས་བཙའ་བ་མ་ཡིན་ཏེ། དེ་དག་གི་པང་དུ་བྱིས་པ་ལོ་ལྔ་ལོན་ཙམ་ནས་ལོ་བཅུ་ལོན་པའི་བར་དག་ཏུ་རིམ་བཞིན་རྒྱལ་ཆེན་རིགས་བཞི་ལོ་ལྔ་ནས་གཞན་འཕྲུལ་དབང་བྱེད་བཅུ་པ་ལོན་པའི་ན་ཚོད་གོས་མེད་པར་གཅེར་བུར་འདོད་ཆགས་དང་བཅས་པས་དབང་པོ་ཚང་ཞིང་ཤེས་རབ་དང་ལྡན་པར་བཙས་ནས་སྔར་གྱི་ཚེ་རབས་རྗེས་སུ་དྲན་པ་ཡིན་ནོ། །བརྒྱ་བྱིན་ནི་རྫོགས་པར་སྐྱེ་བས་སྔ་ཕྱི་བརྗེས་པ་གཞན་གྱིས་མི་ཤེས་སོ། །གཟུགས་ཀྱི་ལྷ་རྣམས་ནི་ཐོག་མ་ཉིད་ནས་ལུས་ཀུན་རྫོགས་ཤིང་གོས་དང་བཅས་པ་ཉིད་དུ་སྐྱེ་སྟེ། དེ་རྣམས་འདོད་ཁམས་པ་དང་མི་འདྲ་བར་ངོ་ཚ་ཁྲེལ་ཡོད་ཤས་ཆེ་བའི་ཕྱིར་རོ། །གསུམ་པ་བདེ་བ་བསྟེན་ཚུལ་ནི། འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལ་ས་དགུ་ཡིན། །ཞེས་པ་སྟེ། འདོད་པ་ཇི་ལྟར་གནས་པ་དང་། རང་གིས་སྤྲུལ་བ་དང་། གཞན་གྱིས་སྤྲུལ་པ་ལ་དབང་བྱེད་པའི་སྐྱེ་བ་གསུམ་པོ་ནི། རིམ་བཞིན་འདོད་ལྷ་དང་པོ་བཞི་མིར་བཅས་པ་རྣམས་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཡིན་ལ། དབེན་པ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པ་དང་། དགའ་བ་མེད་པའི་བདེ་བ་ཅན་གྱི་སྐྱེ་བ་གསུམ་ནི། རིམ་བཞིན་བསམ་གཏན་དང་པོ་གསུམ་གྱི་སྐྱེ་བ་སྟེ། དེ་རེ་རེ་ལ་ས་གསུམ་གསུམ་སྟེ་དགུ་ཡོད་པའོ། །བཞི་པ་བར་གྱི་ཐག་ཚད་ནི། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། །རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། །དེ་དག་གོང་མ་མཐོང་བ་མེད། །ཅེས་པ་སྟེ། རྒྱལ་ཆེན་རིགས་བཞི་པའི་གནས་ནས་དེའི་འོག་མ་འདོད་ཁམས་འཛམ་བུ་གླིང་ལ་དཔག་ཚད་བཞི་ཁྲི་ཡོད་པ་དེ་བཞིན་དུ་དེའི་གོང་མ་སུམ་ཅུ་རྩ་གསུམ་གྱི་བར་ལ་ཡང་དེ་ལྟར་ཡོད་པའི་ཕྱིར་རོ། །གནས་འོག་མའི་གང་ཟག་རྣམས་ཀྱི་རང་སྟོབས་ཀྱིས་གནས་གོང་མ་རྣམས་སུ་བགྲོད་མི་ནུས་ཏེ། རྫུ་འཕྲུལ་དང་གཞན་ལ་བརྟེན་པ་མ་གཏོགས་པ་རྣམས་ཀྱིས་ས་གོང་མར་འགྲོ་བ་དང་མཐོང་བ་མེད་པའི་ཕྱིར་རོ། །

དྲུག་པ་སྟོང་གསུམ་ངོས་བཟུང་བ་ནི། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་པ་སྟེ། གླིང་བཞི་རི་རབ་འདོད་ལྷའི་གནས་དྲུག་ཚངས་པའི་འཇིག་རྟེན་དང་བཅས་པ་གཅིག་གི་མཐར་ཁོར་ཡུག་མུ་ཁྱུད་དཔག་ཚད་བཞི་འཕགས་པས་བསྐོར་བ་ཉི་ཟླས་བརྒྱན་པ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །གླིང་བཞི་པ་འཇིག་རྟེན་གྱི་ཁམས་དེ་ཉིད་སྟོང་མཐར་སུམ་ཅུ་རྩ་གསུམ་དང་མཐོ་ཁྱད་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པ་སྟོང་ལ་བར་མའི་འཇིག་རྟེན་ཏེ་གཞན་འཕྲུལ་དབང་བྱེད་དང་མཉམ་པའི་ལྕགས་རིས་ཀུན་ནས་བསྐོར་བའོ། །བར་མའི་འཇིག་རྟེན་སྟོང་བསྡོམས་པ་མཐར་ལྕགས་རིའི་མུ་ཁྱུད་ཆེན་པོ་ཚངས་རིགས་དང་པོའི་ལྷ་གནས་ཀྱི་ཚད་དང་མཉམ་པའི་མཐོ་ཁྱད་ཀྱིས་བསྐོར་བ་ནི་སྟོང་གསུམ་གྱི་འཇིག་རྟེན་ནོ། །སྟོང་གསུམ་གྱི་འཇིག་རྟེན་འདི་ཐམས་ཅད་སྟོང་ཐ་དད་པར་སྣང་ཡང་། འོག་གཞི་རླུང་གི་དཀྱིལ་འཁོར་གཅིག་གི་རང་བཞིན་ལ་རྩ་བ་བརྟེན་པ་གཅིག་པས་ཆགས་པ་ན། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། མཚམས་སུ་སྟེང་ནས་ཆར་བབ་པ་ལ་སོགས་པའི་རྐྱེན་གྱིས་རྡུལ་ཕྲན་འདུས་པ་ལས་ཆགས་ཏེ། གནས་པའང་དུས་གཅིག་དང་འཇིག་པའང་དུས་གཅིག་པ་ཡིན་ཏེ། འོག་གཞི་གཅིག་གི་རང་བཞིན་བརྟན་པ་དང་། གཡོ་བར་རྫས་གཅིག་ལ་དུས་གཅིག་ཏུ་མཚུངས་པའི་ཕྱིར་རོ། །

བདུན་པ་འགྲོ་བ་རྣམས་ཀྱི་ལུས་ཚེའི་ཚད་བཤད་པ་ལ། ལུས་ཚད་བཤད་པ་དང་། ཚེ་ཚད་བཤད་པ་གཉིས། དང་པོ་ལ། མིའི་ལུས་ཚད་དང་། ལྷའི་ལུས་ཚད་གཉིས། དང་པོ་ནི། འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་གླང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །ཅེས་པ་སྟེ། འཛམ་བུ་གླིང་པ་རྣམས་ཀྱི་ཚད་ནི་ཁྲུ་བཞི་པ་དང་། ཕལ་ཆེར་ཁྲུ་ཕྱེད་དང་བཞི་ཡིན་ལ། ཤར་ཁྲུ་བརྒྱད། བ་གླང་སྤྱོད་པ་ཁྲུ་བཅུ་དྲུག །སྒྲ་མི་སྙན་པ་ཁྲུ་སོ་གཉིས་ཞེས་བྱ་བ། ཕྱི་མ་ཉིས་འགྱུར་དུ་བསྐྱེད་པའི་ཕྱིར་རོ། །གཉིས་པ་ལྷའི་ལུས་ཚད་ལ་གཉིས་ལས། དང་པོ་འདོད་ལྷའི་ལུས་ཚད་ནི། འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །ཅེས་པ་སྟེ། རྒྱལ་ཆེན་རིགས་བཞི་པ་རྒྱང་གྲགས་བཞི་ཆ་ནས། གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར། རྒྱང་གྲགས་བཞི་ཆ་རེ་རེས་བསྐྱེད་པ་ཡོད་པས་སོ། །གཉིས་པ་གཟུགས་ཀྱི་ལྷའི་ལུས་ཚད་ནི། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་པ་སྟེ། གཟུགས་ཅན་དང་པོ་ཚངས་རིས་ལ་དཔག་ཚད་ཕྱེད་དང་། དེའི་གོང་མ་ཕྱེད་ཕྱེད་སྐྱེ་ཞིང་། འོད་ཆུང་པ་རྣམས་ཀྱི་ལུས་ཚད་དཔག་ཚད་གཉིས། དེའི་ལྟག་ཚད་མེད་འོད་ཡན་ཆད་ཀྱི་ལུས་ནི་འོག་མ་ལས་གོང་མ་ཉིས་འགྱུར་གྱིས་ཆེ་བས། སྤྲིན་མེད་པས་དཔག་ཚད་གསུམ་དོར་བས་བརྒྱ་ཉེར་ལྔ། འོག་མིན་པ་ཁྲི་དྲུག་སྟོང་གི་བར་དུ་ཡོད་པའོ། །

གཉིས་པ་ཚེ་ཚད་ལ། བདེ་འགྲོའི་ཚེ་ཚད། ངན་འགྲོའི་ཚེ་ཚད། མ་ངེས་པའི་འཆི་བ་ཡོད་མེད་ལ་དཔྱད་པ་དང་གསུམ། དང་པོ་ལ་གཉིས་ལས། མིའི་ཚེ་ཚད་ནི། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པ་སྟེ། སྒྲ་མི་སྙན་པ་ཚེ་སྟོང་། ནུབ་དང་ཤར་གཉིས་ན་དེའི་ཕྱེད་ཕྱེད་སྤངས་པ་སྟེ། ལྔ་བརྒྱ་དང་། ཕྱེད་སུམ་བརྒྱ། འཛམ་བུ་གླིང་འདིར་མ་ངེས་པ་སྟེ། མཐའ་མར་ལོ་བཅུ་དང་། བསྐལ་པ་དང་པོའི་ཚེ་ཚད་དཔག་ཏུ་མེད་པ་ཡོད་པའོ། །གཉིས་པ་ལྷའི་ཚེ་ཚད་ལ། འདོད་ལྷའི་ཚེ་ཚད། གཟུགས་ཀྱི་ཚེ་ཚད། གཟུགས་མེད་ཁམས་པའི་ཚེ་ཚད་དང་གསུམ། དང་པོ་ནི། མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེ་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་པ་སྟེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པའི་ལྷ་འོག་མ་རྒྱལ་ཆེན་རིགས་བཞི་པའི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཡིན་ཞིང་། གོང་མ་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་ལ་མི་ལོ་བརྒྱ། ཉིས་བརྒྱ་སོགས་དང་། རང་ལོ་གཉིས་ཀ་ཉིས་འགྱུར་དུ་བྱས་པས། མཐར་རང་ལོ་ཁྲི་དྲུག་སྟོང་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱལ་ཆེན་རིགས་བཞི་པ་ལ་ས་ཡ་དགུ། སུམ་ཅུ་རྩ་གསུམ་པ་ལ་བྱེ་བ་གསུམ་དང་ས་ཡ་དྲུག །འཐབ་བྲལ་བ་དུང་ཕྱུར་གཅིག །བྱེ་བ་བཞི། ས་ཡ་བཞི། དགའ་ལྡན་པ་དུང་ཕྱུར་ལྔ། བྱེ་བ་བདུན། ས་ཡ་དྲུག །འཕྲུལ་དགའ་བ་ལ་ཐེར་འབུམ་གཉིས། དུང་འཕྱུར་གསུམ། ས་ཡ་བཞི། གཞན་འཕྲུལ་དབང་བྱེད་པ་ཐེར་འབུམ་དགུ། དུང་ཕྱུར་གཉིས། བྱེ་བ་གཅིག །ས་ཡ་དྲུག་རྣམས་སུ་ཡོད་པའོ། །གཉིས་པ་གཟུགས་ཀྱི་ལྷའི་ཚེ་ཚད་ནི། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །ཞེས་པ་སྟེ། གཟུགས་ཀྱི་ལྷ་རྣམས་ལ་ཉིན་མཚན་གྱི་ཐ་སྙད་མེད་ཀྱང་རང་གི་ལུས་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱིས་བསྐལ་པས་འཇལ་བའི་ཕྱིར་རོ། །དཔེར་ན་ཚངས་རིས་པ་ལུས་དཔག་ཚད་ཕྱེད་ཡིན་པ་བཞིན་དུ་ཚེ་བསྐལ་པ་ཕྱེད་ཡིན་པ་མཚོན་ནུས་པའི་ཕྱིར་རོ། །གསུམ་པ་གཟུགས་མེད་ཀྱི་ལྷའི་ཚེ་ཚད་ནི། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །ཞེས་པ་སྟེ། གཟུགས་མེད་དང་པོའི་ཚེ་ཚད་བསྐལ་པ་སྟོང་ཕྲག་ཉི་ཤུ་དང་། ལྷག་མ་གསུམ་པོ་ཉི་ཤུ་རེས་ལྷག་པས་ལྷག་པ་ཡིན་པའི་ཕྱིར་རོ། །སྔར་བཤད་པའི་བསྐལ་པ་དེ་རྣམས་ངོས་བཟུང་བ་ནི། འོད་ཆུང་ནས་བཟུང་སྟེ་བསྐལ་ཆེན་དང་། དེའི་འོག་མ་ཚངས་ཆེན་སོགས་ནི། ཕྱེད་བསྐལ་ལ་བསྐལ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ངན་འགྲོའི་ཚེ་ཚད་ལ། དམྱལ་བ། དུད་འགྲོ། ཡི་དྭགས། གྲང་དམྱལ་གྱི་ཚེ་ཚད་དང་བཞི། དང་པོ་ནི། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་པ་སྟེ། ཡང་སོས་ལ་སོགས་པའི་དམྱལ་བ་དྲུག་གི་ཚེ་ཚད་རིམ་བཞིན་འདོད་ལྷ་རིགས་དྲུག་གི་ཚེ་ཚད་དང་། རང་གི་ཉིན་ཞག་མཉམ་ལ། ཞག་དེ་བགྲངས་པའི་དེ་རྣམས་ཀྱི་ཚེ་ནི་འདོད་ལྷ་རིགས་དྲུག་དང་ལོ་གྲངས་འདྲེན་ཚུལ་འདྲ་བའི་ཕྱིར་རོ། །རབ་ཏུ་ཚ་བ་དང་མནར་མེད་གཉིས་སྔ་མ་བར་བསྐལ་ཕྱེད་དང་། ཕྱི་མ་བར་བསྐལ་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་དུད་འགྲོའི་ཚེ་ཚད་ནི། དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ། །ཞེས་པ་སྟེ། དུད་འགྲོ་རྣམས་ཚེ་མཆོག་ཏུ་རིང་བ་བར་བསྐལ་གཅིག་ཐུབ་པའང་ཡོད་པའོ། །གསུམ་པ་ཡི་དྭགས་ཀྱི་ཚེ་ཚད་ནི། ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །ཞེས་པ་སྟེ། མིའི་ཟླ་བ་ལ་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་སྟེ། མི་ལོ་དང་སྦྱར་ན་ཁྲི་ལྔ་སྟོང་ཐུབ་པའོ། །བཞི་པ་གྲང་དམྱལ་གྱི་ཚེ་ཚད་ནི། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚད་ནི་ཉི་ཤུ་བསྒྱུར། །ཞེས་པ་སྟེ། ཏིལ་སྦྱངས་ཞེས་པ་འགྱུར་མ་དག་པར་བཤད་ལ། མ་གྷ་དྷའི་ཏིལ་ཁལ་བརྒྱད་ཅུ་ཤོང་པའི་སྣོད་དུ་ཏིལ་བརྫངས་པའི་ནང་ནས་མི་ལོ་ལྔ་བརྒྱ་རེ་ན་ཏིལ་ཉག་མ་གཅིག་རེ་ཕྱུང་པས་ཟད་པར་གྱུར་པ་ནི། ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། གཞན་ལྷག་མ་བདུན་ལ་ཉི་ཤུ་ཉི་ཤུས་འཕར་བ་ཅན་ནོ། །གསུམ་པ་མ་ངེས་པའི་འཆི་བ་ཡོད་མེད་དཔྱད་པ་ནི། སྒྲ་མི་སྙན་མ་གཏོགས་པར་འཆི། །ཞེས་པ་སྟེ། སྒྲ་མི་སྙན་པས་ལོ་སྟོང་ཐུབ་ཅིང་གཞན་རྣམས་དུས་མིན་དུ་འཆི་བ་ཡོད་པའི་ཕྱིར་རོ། །

བརྒྱད་པ་ཚད་དེ་གཞལ་བའི་ཐབས་ལ། འཇོག་གཞི་ངོས་བཟུང་བ་དང་། བསྐལ་པ་ངོས་བཟུང་བ་གཉིས། དང་པོ་ལ། དཔག་ཚད་རྒྱང་གྲགས་ངོས་བཟུང་བ་དང་། ལོ་ངོས་བཟུང་བ་གཉིས། དང་པོ་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་པ་སྟེ། གཟུགས་དང་། མིང་དང་། དུས་ཀྱི་ཆུང་ཐ་གསུམ་ལས། རྡུལ་ཕྲ་རབ་དེ་གཟུགས་ཀྱི་ཆུང་ཐ། ཡི་གེ་ལྟ་བུ་མིང་གི་ཆུང་ཐ། དུས་མཐའི་སྐད་ཅིག་མ་སྟེ་དུས་ཀྱི་ཆུང་ཐའོ། །ལུས་ཚད་གཞལ་བའི་རྒྱང་གྲགས་དང་། དཔག་ཚད་ངོས་བཟུང་བ་ནི། ཕྲ་རབ་ཀྱི་རྡུལ་དང་། རྡུལ་ཕྲན་དང་། དེ་བཞིན་དུ་ལྕགས་རྡུལ་དང་། ཆུ་རྡུལ་དང་། རི་བོང་གི་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། དེ་ལས་བྱུང་བ་ཤིག་དང་། དེ་བཞིན་དུ་ནས་དང་། སོར་ཚིགས་རྣམས་ནི་གོང་ནས་གོང་དུ་བདུན་དུ་འགྱུར་བར་ཤེས་པར་བྱ་བའོ། །ཁྲུ་ཚད། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་གང་སྟེ་འདོམས་གང་། གཞུ་འདོམས་དེ་དག་ལྔ་བརྒྱ་རྣམས་ལ་རྒྱང་གྲགས་ཏེ། དེ་ཙམ་གྲོང་ནས་འཕགས་པ་ལ་དགོན་པར་འདོད་པའོ། །དཔག་ཚད་ནི། སྔར་བཤད་པའི་རྒྱང་གྲགས་བརྒྱད་ལ་འཇོག་པའོ། །གཉིས་པ་ལོ་ངོས་བཟུང་བ་ནི། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པ་སྟེ། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེ་དག་དྲུག་ཅུ་ལ་ཐང་གཅིག་གོ །དེ་སུམ་ཅུ་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཉིན་ཞག་ཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག་གོ །དེ་ལྟར་ཡིན་ཏེ་སྔར་བཤད་པའི་གསུམ་པོ་དེ་གོང་ནས་གོང་དུ་སུམ་ཅུར་འགྱུར་བའི་ཕྱིར་རོ། །ཞག་མི་ཐུབ་དྲུག་དོར་བ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོར་འཇོག་པའོ། །གཉིས་པ་བསྐལ་པ་ངོས་བཟུང་བ་ནི། མདོར་བསྟན་པ་དང། རྒྱས་པར་བཤད་པ་གཉིས། དང་པོ་ནི། བསྐལ་པ་རྣམ་པ་མང་བཤད་པ། །ཞེས་པ་སྟེ། འཇིག་བསྐལ། སྟོངས་བསྐལ། ཆགས་བསྐལ། གནས་བསྐལ། བསྐལ་པ་ཆེན་པོ་སོགས་མང་དུ་བཤད་པས་སོ། །གཉིས་པ་ལ་ལྔ་ལས། དང་པོ་འཇིག་བསྐལ་ནི། འཇིག་པའི་བསྐལ་པ་དམྱལ་བ་ཡིས། །སྲིད་པ་མེད་ནས་སྣོད་ཟད་པ། །ཞེས་པ་སྟེ། དམྱལ་བའི་སྲིད་པ་མེད་པ་སྟེ། དེར་སེམས་ཅན་གསར་སྐྱེས་མེད་པ་ནས། སྣོད་ཟད་པའི་བར་ལ་འཇོག་པའོ། །གཉིས་པ་ཆགས་བསྐལ་ནི། ཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་པ་སྟེ། ཆགས་པའི་བསྐལ་པ་ནི་དང་པོ་རླུང་གི་དཀྱིལ་འཁོར་ཆགས་པ་ནས། དམྱལ་བའི་སྲིད་པ་གྲུབ་པའི་བར་ལ་འཇོག་པའོ། །གསུམ་པ་གནས་བསྐལ་ལ། བར་བསྐལ་གྱི་ཚད་ཡ་ཐོག་ལ་བཞག་པ། བར་གྱི་ཁུག་པ། མཐའི་མ་ཐོག །ཡར་འཕེལ་བཅུ་དགུའི་མཚམས། དེ་རྣམས་གནས་པའི་བསྐལ་པར་བསྟན་པའོ། །དང་པོ་ནི། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་པ་སྟེ། མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་འགྲིབ་སྟེ། ཚེ་ལོ་བཅུ་པའི་བར་ལ་བར་བསྐལ་དུ་འཇོག་པ་ཡ་ཐོག་རིང་མོ་ཞེས་གྲགས་སོ། །གཉིས་པ་ནི། དེ་ནས་ཡར་སྐྱེ་མར་འགྲིབ་པའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །ཞེས་པ་སྟེ། ཚེ་ལོ་བཅུ་པ་ནས་ཡར་སྐྱེ་སྟེ་བརྒྱད་ཁྲིའི་བར་དུ་འགྱུར་བ་དང་། བརྒྱད་ཁྲི་ནས་མར་འགྲིབ་སྟེ་བཅུ་པའི་བར་ལ་བསྐལ་བ་གཞན་ནི་བཅོ་བརྒྱད་འབྱུང་བས་བར་གྱི་ཁུག་པ་ཞེས་གྲགས་སོ། །གསུམ་པ་མཐའི་མ་ཐོག་ཡར་འཕེལ་བཅུ་དགུའི་མཚམས་ནི། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །ཞེས་པ་སྟེ། བར་གྱི་བསྐལ་པ་ཉི་ཤུ་ལས་གཅིག་གིས་ནི་ཡར་ལ་སྐྱེ་བ་ཁོ་ནར་འགྱུར་ཏེ་མར་ལ་མི་འགྲིབ་ཅིང་། དེ་ཡང་བརྒྱད་ཁྲིའི་བར་དུ་འཕེལ་བའོ། །བཞི་པ་དེ་རྣམས་གནས་བསྐལ་ཏུ་བསྟན་པ་ནི། དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །ཞེས་པ་སྟེ། དེ་ལྟར་བར་ཁུག་བཅོ་བརྒྱད་ལ་བར་བསྐལ་བཅོ་བརྒྱད་དོ། །ཡ་ཐོག་མ་ཐོག་གཉིས་ལ་བར་བསྐལ་རེ་རེ་སྟེ་བར་བསྐལ་ཉི་ཤུ་ནི་གནས་པའིི་བསྐལ་པར་བཤད་པའོ། །བཞི་པ་ཞིག་ནས་འདུག་པའི་བསྐལ་པ་ནི། ཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དག་མཉམ་མོ། །ཞེས་པ་སྟེ། དེ་ལྟར་འཇིག་རྟེན་ཆགས་པ་དང་ནི་འཇིག་པ་དང་ཞིག་ནས་འདུག་པ་དེ་དག་དུས་མཉམ་སྟེ། བར་བསྐལ་ཉི་ཤུར་ཆགས། ཉི་ཤུར་འཇིག །ཉི་ཤུར་སྟོངས་ནས་འདུག་པ་དག་གོ །ལྔ་པ་བསྐལ་ཆེན་ལ་གཉིས་ལས། དངོས་དང་། ཞར་ལས་གང་ཟག་གསུམ་གྱི་འབྱུང་ཚུལ་ལོ། །དང་པོ་ནི། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་པ་སྟེ། བར་བསྐལ་དེ་དག་བརྒྱད་ཅུ་ལ་བསྐལ་ཆེན་གྱི་ཚད་དུ་འཇོག་པའོ། །གཉིས་པ་ལ། སངས་རྒྱས། རང་སངས་རྒྱས། འཁོར་ལོས་སྒྱུར་རྒྱལ་འབྱུང་ཚུལ་དང་གསུམ། དང་པོ་ནི། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་མར་ནིའགྲིབ་པ་ཡི། །བརྒྱ་པའི་བར་ལ་དེ་དག་འབྱུང་། །ཞེས་པ་སྟེ། སངས་རྒྱས་འབྱུང་བ་ནི་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་འབྱུང་ཞིང་། གྲངས་མེད་དེ་ནི་གྲངས་གཏན་མེད་མིན་ཏེ། ལུང་བསིལ་བུ་ལས། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཆེན་པོའི་ཟླ་དང་བཅས་པ་ནི། །ཐེར་འབུམ་ཁྲག་ཁྲིག་རབ་ཀྲམ་དང་། །ཁྲམ་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །པད་སྟེང་དེར་འདྲེན་མཐའ་སྣང་དང་། །རྒྱུ་རིགས་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིད་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡའ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག །བར་དུ་བརྒྱད་ནི་མ་རྙེད་པས། །རང་གི་མིང་གང་རུང་བ་གཞུག །གྲངས་མེད་བར་དུ་བཅུ་འགྱུར་བསྒྲེས། །ཞེས་པ་ལྟར་རོ། །དུས་ནི་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་པ་ལས་མར་འགྲིབ་པའི་བརྒྱ་པའི་བར་དུ་དེ་དག་འབྱུང་བའོ། །གཉིས་པ་ལ་བྱུང་བའི་དུས་དང་། ཚོགས་བསགས་པའི་ཚད་གཉིས། དང་པོ་ནི། རང་སངས་རྒྱས་རྣམ་གཉིས་ཀ་ལ། །ཞེས་པ་སྟེ། དེ་ནི་ཡར་འཕེལ་མར་སྒྲིབ་གཉིས་ཀ་ལ་བྱུང་བའོ། །གཉིས་པ་ནི། བསེ་རུ་བསྐལ་པ་བརྒྱ་ཡིས་རྒྱུས། །ཞེས་པ་སྟེ། བསྐལ་པ་བརྒྱར་བྱང་ཆུབ་ཏུ་ཚོགས་བསགས་པ་ལས་བྱུང་བའོ། །གསུམ་པ་འཁོར་ལོས་སྒྱུར་རྒྱལ་འབྱུང་ཚུལ་ལ། ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ལ། འབྱུང་བའི་དུས། ཇི་ལྟར་འཁོར་ལོས་སྒྱུར་ཚུལ། སངས་རྒྱས་ཀྱི་མཚན་གྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ནི། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་ཕྱི། །ཞེས་པ་སྟེ། ཚེ་ལོ་དཔག་མེད་ནས་སྟོང་ཕྲག་བརྒྱད་ཅུ་ཡན་ལ་འབྱུང་གིདེ་མན་ཆད་ལ་མི་འབྱུང་བའོ། །གཉིས་པ་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་ཙམ་པས་རྒྱལ་གནོད་པ་མེད། །ཅེས་པ་སྟེ། འཁོར་ལོས་ས་ལ་དབང་བསྒྱུར་ཚུལ་ཡོད་དེ། གསེར་འཁོར་གྱི་རྒྱལ་པོས་གླིང་བཞི། དངུལ་འཁོར་གྱི་རྒྱལ་པོས་གླིང་གསུམ། ཟངས་འཁོར་གྱི་རྒྱལ་པོས་གླིང་གཉིས། ལྕགས་འཁོར་གྱི་རྒྱལ་པོས་གླིང་གཅིག་ལ་དབང་བསྒྱུར་བའོ། །གླིང་གཅིག་ཏུ་འཁོར་ལོས་སྒྱུར་རྒྱལ་གཉིས་ཅིག་ཅར་དུ་མི་འབྱུང་སྟེ། དེ་འགྲན་ཟླ་མེད་པའི་ཕྱིར་ཏེ། བསྟན་པ་གཅིག་ལ་དེའི་བདག་པོ་སངས་རྒྱས་གཉིས་མི་འབྱུང་བ་བཞིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཀུན་ལས་རྣམ་པར་རྒྱལ་ཚུལ་ཡོད་དེ། གསེར་འཁོར་རྒྱལ་པོ་རྒྱལ་ཕྲན་རྣམས་ཀྱི་ཕས་བསུས་ནས་འདུད། དངུལ་ནི། རང་ཉིད་དེར་འགྲོ་བས་འདུད། ཟངས་འཁོར་ནི་གཡུལ་བཤམས་པ་ཙམ་གྱིས་འདུད། ལྕགས་འཁོར་ནི་མཚོན་གདེངས་པ་ཙམ་གྱིས་འདུད་ཅིང་རང་ཉིད་རྒྱལ་ཡང་གཞན་ལ་གནོད་ཅིང་འཚེ་བ་མེད་པའོ། །གསུམ་པ་ནི། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཡིན། །ཞེས་པ་སྟེ། འཁོར་སྒྱུར་དང་། ཐུབ་པའི་མཚན་གྱི་ཁྱད་པར་ཡོད་དེ། ཕྱི་མ་ནི་རང་གི་ཡུལ་རྣམས་མ་འདྲེས་པར་གནས་པ་དང་། ཆ་ཤས་རྫོགས་པས་ཁྱད་པར་དུ་འཕགས་པའོ། །གཉིས་པ་སྤྱིའིི་དོན་ལ། འཁོར་ལོས་སྒྱུར་རྒྱལ་འབྱུང་བའི་རྒྱུ། དུས་ལ་དཔྱད་པ། ཇི་ལྟར་འབྱུང་ཚུལ། ཡོན་ཏན་གྱི་ཁྱད་པར་ལྡན་ཚུལ། དགོས་པ་ཅིའི་དོན་དུ་འཇིག་རྟེན་དུ་འབྱུང་བ་དང་ལྔ། དང་པོ་ནི། ཚོགས་གཉིས་ཀྱི་མཐུ་དཔག་ཏུ་མེད་པ་ལས་རྒྱལ་བའི་སྲས་པོ་རྣམས་སེམས་ཅན་གྱི་དོན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་འཛིན་པ་ཡིན་ཏེ། མདོ་སྡེ་ས་བཅུ་པ་ལས། ས་དང་པོ་ལ་གནས་པ་ཕལ་ཆེར་འཛམ་བུ་གླིང་པའི་དབང་ཕྱུག །སེར་སྣའི་དྲི་མ་དང་བྲལ་བ། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་སེལ་བའི་བདག་པོར་གྱུར་ཏོ། །ཞེས་སོ། །གཉིས་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རྫོགས་ལྡན་གྱི་དུས་མ་གཏོགས་དེ་ལས་ཕྱི་བར་མི་འབྱུང་སྟེ། ལོངས་སྤྱོད་ཕུན་སུམ་ཚོགས་པ་དེ་མི་རྫོགས་པའི་ཕྱིར་ཏེ། མདོ་དེ་ལས། མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བ་རྣམས་འབྱུང་ངོ་། །འོག་ཏུ་ནི་མ་ཡིན་ཏེ་དེ་བས་ཐུང་བའི་ཚེ་ནི་ཕུན་སུམ་ཚོགས་པ་དེའི་སྣོད་མ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དེ་ལྟར་ནའང་དུས་འོག་མ་རྣམས་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་མི་འབྱུང་བ་ནི་མ་ཡིན་ཏེ། འཕགས་པའི་ཡུལ་དུ་ཆོས་རྒྱལ་མྱ་ངན་མེད། རྒྱ་ནག་པོའི་ཡུལ་དུ་ཇིང་གིར། གངས་རིས་བསྐོར་བའི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། ས་ཐམས་ཅད་ལ་དབང་སྒྱུར་བར་བྱེད་པའི་འཁོར་ལོ་དེ་ནི་མགར་བ་ལ་སོགས་བཟོ་བོས་ཆེད་དུ་མ་བྱས་པར་བརྒྱ་བྱིན་གྱིས་སྦྱིན་ཞིང་། རྒྱལ་རིགས་ཀྱིས་སྤྱི་བོ་ནས་དབང་བསྐུར་བ། ཚེས་བཅོ་ལྔའི་དུས་ན་རྒྱལ་པོ་གསོ་སྦྱོང་ལ་གནས་པའི་ཚེ་རང་བཞིན་གྱི་འབྱུང་བ་ཞིག་སྟེ། རྒྱ་ཆེ་རོལ་པ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་རྣམ་པ་ཇི་ལྟ་བུ་དང་ལྡན་པར་གྱུར་ཅེ་ན། འདི་ལ་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ། གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔ་ལ་མགོ་ཁྲུས་བྱས་ཏེ། དབུ་གཟུངས་སུ་གནས་ཤིང་། སྟེང་གི་ཁྱམས་ན་བུད་མེད་ཀྱིས་ཀུན་ནས་བསྐོར་ཞིང་འདུག་པའི་ཚེ། ཤར་གྱི་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་ཡོད་པ་མུ་ཁྱུད་དང་ལྡན་པ་ལྟེ་བ་དང་བཅས་པ་གསེར་ལས་གྲུབ་པ། མགར་བས་མ་བྱས་པ་འཕང་དུ་ཤིང་ཏ་ལ་བདུན་ཙམ་དུ་འབྱུང་སྟེ་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཡོན་ཏན་གྱི་ཁྱད་པར་ནི། འཁོར་ལོས་སྒྱུར་བ་ཐམས་ཅད་ལ་རིན་པོ་ཆེ་སྣ་བདུན་འབྱུང་བ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། གཞོན་ནུ་དོན་ཐམས་ཅད་གྲུབ་པ་བཙས་པའི་དུས་ན་བྲམ་ཟེ་མཚན་མཁན་རྣམས་ལ་བསྟན་པའི་ཚེ། དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་ཁྱིམ་ན་གནས་པའི་ཚེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་མཆོག་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློོན་པོ་རིན་པོ་ཆེ་དང་བདུན་ནོ། །ཞེས་སོ། །རིན་ཆེན་བདུན་པོ་དེ་ལ་ཡོན་ཏན་ཁྱད་པར་ཅན་ཡོད་དེ། འཁོར་ལོ་ལ་ཡོན་ཏན་ལྔ། ནོར་བུ་ལ་ཡོན་ཏན་བརྒྱད། བུད་མེད་ལ་ཡོན་ཏན་ལྔ། ཁྱིམ་བདག་ལ་ཡོན་ཏན་བཞི། གླང་པོ་ལ་ཡོན་ཏན་བརྒྱད། རྟ་མཆོག་ལ་ཡོན་ཏན་བརྒྱད། བློོོན་པོ་ལ་ཡོན་ཏན་བརྒྱད་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྩིབས་སྟོང་དཔག་ཚད་ལྔ་བརྒྱ་པ། ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉིི་མ་གཅིག་ལ་ཐོགས་མེད་དུ་འགྲོ་བ། གླིང་གཞན་དང་རྒྱལ་ཆེན་བཞིིའི་གནས་ལ་ཕྱིན་པས་དཔུང་ཚོགས་གཞན་རྣམས་རྗེས་སུ་འབྲང་དགོས་པ། གཞན་མཐའ་དག་ངང་གིས་འདུ་དགོས་པ་སྟེ་ལྔ་ཡོད་པའོ། །གཉིས་པ་ཡོད་དེ། མུན་པ་ལ་དཔག་ཚད་བརྒྱའི་བར་དུ་འོད་འབྱུང་བ། ཆུ་མེད་པའི་སར་ཡན་ལག་བརྒྱད་ལྡན་གྱི་ཆུ་འབྱུང་བ། དོན་རྣམས་བསམ་པ་ཙམ་གྱིས་འགྲུབ་པ། ཁ་དོག་སྣ་ལྔ་དང་ལྡན་པ། དཔག་ཚད་བརྒྱ་ཚུན་དུ་ནད་མི་འབྱུང་བ། ཡུལ་དགོན་པ་སྐྱེད་མོས་ཚལ་རྣམས་ཕུན་སུམ་ཚོགས་པ། ཆར་བཟང་པོ་དུས་སུ་འབབ་པ། འགྲོ་བ་རྣམས་དུས་མིན་དུ་མི་འཆི་བ་རྣམས་ཡོད་པའོ། །གསུམ་པ་ཡོད་དེ། བསམ་པ་མཐུན་པ། བུ་མང་པོ་བཙའ་བ། རིགས་མཐུན་པ། སྲིད་མཐོ་བ། བུད་མེད་གཞན་ལ་ཕྲག་དོག་མི་བྱེད་པ་རྣམས་ཡོད་པའོ། །བཞི་པ་ཡོད་དེ། དཔག་ཚད་བརྒྱ་ཚུན་མཐོང་བ། ཡིད་གཞུངས་པ། ལྷའི་མིག་དང་ལྡན་པ། འབྱོར་པ་ཟག་པ་མེད་པ་རྣམས་ཡོད་པའོ། །ལྔ་པ་ཡོད་དེ། ཅང་ཤེས་པ། མཆོག་ཏུ་བཀའ་མཉན་པ། ཕ་རོལ་གྱི་སྡེ་ལས་རྒྱལ་བ། ནམ་མཁའ་ལ་འགྲོ་བ། རྫུ་འཕྲུལ་དང་ལྡན་པ། ཐམས་ཅད་ཐལ་ཀར་དུ་གྱུར་པ། ཡན་ལག་ཤིན་ཏུ་གནས་པ། གསེར་གྱི་རྒྱན་དང་ལྡན་པ་རྣམས་ཡོད་པའོ། །དྲུག་པ་ཡོད་དེ། ཁ་དོག་མཛེས་པ། དབྱིབས་ཕུན་སུམ་ཚོགས་པ། ཉིན་མ་གཅིག་ལ་འཛམ་བུ་གླིང་ལ་ལན་གསུམ་བསྐོར་ནུས་པ། ལུས་ལ་ནད་མེད་པ། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། བཞོན་ན་གུས་པར་བྱེད་པ། རྣམ་པར་འཕྲུལ་པའི་ཆོས་ཅན་རྣམས་ཡོད་པའོ། །བདུན་པ་ཡོད་དེ། ཤིན་ཏུ་རྫོགས་པ། དེ་བསགས་པ་དང་། མ་ཆགས་པ་དང་། ཆོས་མིན་པ་རྣམ་པར་སྤངས་པ་དང་། ཤིན་ཏུ་རིག་པར་བརྩམས་པ་དང་། ཡུལ་དང་དུས་ལྡན་པ་དང་། ཉོན་མོངས་པ་མེད་པ་དང་། སྐྱེ་བོ་རྣམས་ལ་རྣམ་པར་མི་འཚེ་བ་རྣམས་ཡོད་པའོ། །དེ་ཡང་མདོ་རྣམས་སུ་བློོོན་པོ་ལས་དམག་དཔོན་ཞེས་མིང་མ་བཤད་ཀྱང་། དོན་ལ་ཁྱད་མེད་དེ་དཔག་བསམ་འཁྲི་ཤིང་ལས། དེ་ནས་དེ་ཡི་རིན་ཆེན་བདུན། །དེ་ཚེ་འབྱུང་འགྱུར་འཁོར་ལོ་རྟ། །ནོར་བུ་གླང་པོ་བུད་མེད་དང་། །ཁྱིམ་བདག་དམག་དཔོན་སྔོན་འགྲོ་བ། །ཞེས་འབྱུང་བས་སོ། །ལྔ་པ་དགོས་པ་ཅིའི་ཕྱིར་དུ་འབྱུང་བ་ནི། མདོ་ལས། སྲོག་ཆགས་ཀུན་ལ་ཕན་པ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་བསྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །ཞེས་པ་ནས། རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །

དགུ་པ་སྣོད་བཅུད་ཀྱི་ཁྱད་ཆོས་ལ། དངོས་དང་། བསྐལ་པ་འཇིག་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། བསྐལ་པ་དང་པོའི་ཁྱད་པར། དེ་ལས་ཇི་ལྟར་འགྲིབ་པའི་ཚུལ། འགྲིབ་པའི་མཐར་ཇི་ལྟར་འབྱུང་ཚུལ་དང་གསུམ། དང་པོ་ནི། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་པ་སྟེ། སྔར་བསྐལ་པ་དང་པོར་བྱུང་བའི་སེམས་ཅན་རྣམས་ལ་རྗེས་འབངས་ཀྱི་ཐ་སྙད་མེད་དེ། གཟུགས་ཅན་གྱི་ལྷ་བཞིན་དུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་། རང་འོད་ཀྱིས་མུན་པ་སེལ་ཞིང་དགའ་བ་ཟས་སུ་ཟ་བ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་གསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབ། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །ཞེས་པ་སྟེ། བསྐལ་པ་དེ་རིམ་གྱིས་འགྲིབ་པ་ན་སྐྱེས་བུ་སྐམ་ཆགས་ཅན་ཞིག་གིས་སྦྲང་རྩི་ལྟ་བུའི་རོ་ལ་ཆགས་ཤིང་། དེ་ནས་གཞན་ཞིག་གིས་མ་རྨོས་པའི་ལོ་ཏོག་ལ་ལེ་ལོས་གསོག་འཇོག་བྱས། དེ་རྗེས་བདག་ཏུ་འཛིན་པ་དང་བཅས་པ་རྣམས་ཀྱིས་ཞིང་བཏབ་པས། གཅིག་གི་དེ་ལ་གཞན་གྱིས་ལོངས་སྤྱད་པས་ཕན་ཚུན་རྩོད་པར་གྱུར་པས། རང་བཞིན་བཟང་བ་ཞིག་གིས་དྲང་པོར་བགོས་པས་མང་པོས་བཀུར་བའི་རྒྱལ་པོ་བྱུང་བའོ། །དེ་ལྟར་འབྱུང་བའི་ཉེས་སྤྱོད་རྣམས་ཀྱང་ལས་ངན་ལ་བརྟེན་ནས་འབྱུང་སྟེ། དེར་མ་ཟད་ལས་ངན་པའི་ལམ་ལྷག་པོར་སྤྱད་པས་ཚེ་ཐུང་ངུར་གྱུར་ནས། མཐར་ལོ་བཅུ་རིང་མཐའ་བྱེད་པ་ལས་མི་ཐུབ་པ་ཡིན་པས་སོ། །གསུམ་པ་ནི། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམ་བཞིན། །ཞེས་པ་སྟེ། མཐར་ཇི་ལྟར་འབྱུང་བ་ནི། བཅུད་ཀྱི་བསྐལ་པ་ནི། མཚོན་གྱི་བསྐལ་པ་བར་མ་དང་། ནད་ཀྱི་བསྐལ་པ་བར་མ་དང་། མུ་གེའི་བསྐལ་པ་བར་མས་འཇིག་པའོ། །དེ་རྣམས་ཀྱི་ཡུན་ཚད་ནི། མཚོན་བསྐལ་ཞག་བདུན། ནད་བསྐལ་ཟླ་བ་བདུན། མུ་གེའི་བསྐལ་པ་ལོ་བདུན་འབྱུང་བའོ། །

གཉིས་པ་འཇིག་བསྐལ་བྱེ་བྲག་ཏུ་བཤད་པ་ལ། གང་གིས་འཇིག་པའི་རྐྱེན། གང་འཇིག་པའི་ངོ་བོ། འཇིག་པའི་རྒྱུ་མཚན། འཇིག་ཚུལ་དང་བཞི། དང་པོ་ནི། མེ་དང་ཆུ་དང་རླུང་དག་གི །འཇིག་པ་དག་ནི་ཡང་གསུམ་ཡིན། །ཞེས་པ་སྟེ། ཉི་མ་བདུན་གྱི་མེ་དང་། ཆར་པའི་ཆུ་དང་། རླུང་གིས་རབ་ཏུ་འཇིག་པ་དག་གོ །གཉིས་པ་ནི། བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམ་བཞིན། །ཞེས་པ་སྟེ། བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་སྟེ། གསུམ་པ་དེ་དག་གི་རྩེ་མོ་རེ་རེ་བཞག་སྟེ་ལྷག་མ་རྣམས་གོ་རིམ་བཞིན་དུ་འཇིག་པའོ། །གསུམ་པ་ནི། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་པ་སྟེ་འཇིག་པའི་རྒྱུ་མཚན་ནི། དེ་དང་དེའི་སེམས་ཅན་གྱི་ནང་གི་སྐྱོན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ། གཉིས་པ་ན་དགའ་བདེ་ཆུ་ལྟ་བུ། གསུམ་པ་ན་དབུགས་འབྱུང་རྔུབ་རླུང་གཡོ་བ་ལྟ་བུ་ཡོད་པ་དང་ཆོས་མཚུངས་པས་སོ། །བསམ་གཏན་བཞི་པ་ན་འཇིག་པ་དེ་གསུམ་མེད་དེ། ནང་གི་སྐྱོན་དང་བྲལ་བས་མི་གཡོ་བའི་ཕྱིར། འོ་ན་དེ་རྟག་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མི་རྟག་པ་ཡིན་པ་དང་། བཞི་པ་དེའི་གཞལ་མེད་ཁང་རྣམས་སྐར་མ་ལྟར་ཆད་ནས་མ་འདྲེས་པས་ན་སེམས་ཅན་དང་བཅས་ཏེ་ཅིག་ཅར་འབྱུང་ཞིང་འཇིག་པའི་ཕྱིར་རོ། །བཞི་པ་ནི། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་པ་སྟེ། མེ་ཡིས་བསྲེགས་པས་འཇིག་པ་བདུན། དེ་ནས་ཆུ་ཡིས་གཅིག་རིམ་པ་དེ་ལྟ་བུ་འབྱུང་བའི་ཆུ་བདུན་ཐལ་ནས་ནི། སླར་ཡང་མེ་ཡིས་བདུན་དེ་ནས་མཇུག་ཏུ་རླུང་གིས་འཇིག་པ་གཅིག་གིས་སོ། །སྨྲས་པ། སྣོད་བཅུད་འཇིག་རྟེན་སྣང་ཚུལ་ཡང་། །རྣམ་དཔྱོད་པིར་གྱིས་ཡིད་རྩིག་ངོས། །གསལ་བར་བྲིས་ཀྱང་བླང་དོར་དག །ཚུལ་བཞིན་བྱེད་པའི་སྐྱེ་བོ་དཀོན། །ཞེས་པ་ནི། བར་སྐབས་ཚིགས་སུ་བཅད་པའོ།། །།

ད་ནི་དགོས་དོན་ཁྱད་པར་ཅན་འགའ་ཞིག་ཞར་བྱུང་གི་ཚུལ་དུ་འཆད་དེ། དེ་ལ་གཟུགས་མེད། གཟུགས། འདོད་པའི་ཁམས་གསུམ་ལས། དང་པོ་ནི། དེར་སྐྱེ་བའི་རྒྱུ་ནི་བསམ་གཏན་བཞི་གོལ་བ་གྲུབ་པ་ལས་བྱུང་སྟེ། དེ་ཡང་བསམ་གཏན་བཞི་པོ་སྣང་ཡུལ་བཀག་པའི་གསལ་བ་ཙམ་སྟེ། ཡུལ་མི་གསལ་བློས་རྟོག་དཔྱོད་མེད་པ་དང་། ཡོད་པ་གཉིས་ཆར་མ་ཡིན་པའི་རོ་མྱོང་ལ་ཞེན་ཏེ་སྒོམ་པས་སྲིད་པའི་རྩེ་མོ་སྟེ་ཡོད་མིན་མེད་མིན་དུ་སྐྱེས་སོ། །གསུམ་པ། རྟོག་དཔྱོད་ཞི་བའི་དགའ་བདེས་གླན་པ་ཅི་ཡང་མི་དམིགས་པའི་ངང་དུ་ཡུལ་དང་བྲལ་བར་སྒོམ་པས་ཅི་ཡང་མེད་པའོ། །གཉིས་པ། དཔྱོད་པ་ཙམ་དང་བཅས་པའི་བསམ་གཏན་གསལ་བ་བྱུང་ཚོར་བཀག་པའི་རྣམ་ཤེས་ཙམ་དུ་སྒོམ་པས་རྣམ་ཤེས་མཐའ་ཡས་སུ་གོལ། དང་པོ། རྟོག་བཅས་རགས་པའི་འདུ་ཤེས་ནུབ་པ་ཡུལ་མི་གསལ་ནམ་མཁའ་ལྟར་དངོས་པོ་མེད་པར་སྒོམ་པས་ནམ་མཁའ་མཐའ་ཡས་སུ་གོལ་ལ། དེ་ལྟར་གོལ་བའི་བསམ་གཏན་བཞི་པོ་ཡང་། དང་པོ། རྩ་བའི་འོད་གསལ་སྙིང་པོ་ལས། འཁྲུལ་དུས་གོང་ནས་འོག་ཏུ་མཆེད་ལ། ཕན་ཚུན་འཁོར་དུས་སྔར་གྱི་རྟེན་ལ་བསྟིམ་པའི་སེམས་གཞི་གང་གྲུབ་པ་དེར་སྐྱེས་ནས། ཁ་གཅིག་གོང་མ་ཐོབ་པ་ལས། འོག་མ་རིམ་པས་ལྟུང་བ་ཤས་ཆེ་སྟེ། འཆི་ཁར་སྔར་གྱི་ཏིང་ངེ་འཛིན་གྱི་སྲི་རྩེ་ཞིག་ནས་ཅི་ཡང་མེད་པ་སོགས་འདུ་ཤེས་འོག་མ་རྣམས་ཤར་ནས་དེར་རོ་མྱང་པས་མཚུངས་ལྡན་གྱིས་སྐྱེ་བ་ཡིན། ས་དེ་རྣམས་སུ་ལྟུང་བ་ཐོད་རྒལ་ལམ་རིམ་པས་སྐྱེ་བ་ཡིན་ཏེ། ལས་བཟང་ངན་གྱི་འཕེན་པ་ཆེ་ཆུང་གི་ཁྱད་དོ། །ས་དེ་པའི་ཏིང་ངེ་འཛིན་ཐོབ་ནས། ལས་དེ་མ་ཟད་རིང་དེར་གནས་ལ། ལས་རྫོགས་ནས་འདོད་པ་དང་གཟུགས་ལ་སོགས་པར་འཕོ་ཞིང་ལྟུང་བ་ཡིན་ནོ། །གཟུགས་མེད་བཞིའི་རྟེན་ནི་གང་ན་ཡོད་ཅེ་ན། གཟུགས་ནས་གོང་དུ་སྤགས་པའི་ནམ་མཁའ་ལ་གནས་པར་བཀོད་པ་ཆེན་པོས་འཇིག་རྟེན་བཀོད་པའི་ལེའུ་ལས་འབྱུང་བ་བཞིན་སོ་སོར་བཤད་ན། མཁའ་དབྱིངས་ངང་ན་ཞིང་འདི་བཀོད་པའི་རྩེ་མོའི་ཆ་ལ་པད་མ་རྣམ་པར་བརྩེགས་པ་ཞེས་བྱ་བའི་ནམ་མཁའ་ལ་ཡོད་མིན་མེད་མིན་གྱི་ལྷ་རྣམས་བརྟེན་ནས་གནས་པ་ཐམས་ཅད་ནང་གི་ཏིང་ངེ་འཛེན་སྲིད་རྩེ་ངང་ལས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་གནས་སོ། །དེའི་འོག་ཏུ་དཔག་ཚད་སྟོང་ཕྲག་སུམ་ཅུ་ན་ཡིད་རྣམ་པར་རོལ་བའི་འཁོར་ལོ་ཅན་ཞེས་བྱ་བའི་ནམ་མཁའ་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་བསྐལ་ཆེན་དྲུག་ཁྲིར་ཏིང་ངེ་འཛིན་གྱི་དགའ་བདེ་ལ་རྩེ་གཅིག་ཏུ་གནས་སོ། །དེའི་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་འདས་པ་ན་ཡིད་རྣམ་པར་རོལ་བའི་འཁོར་ལོ་འཕྲོ་བ་ཞེས་བྱ་བའི་ནམ་མཁའ་ལ། རྣམ་ཤེས་མཐའ་ཡས་པའི་ལྷ་རྣམས་བསྐལ་ཆེན་བཞི་ཁྲིར་གནས་སོ། །དེའི་འོག་དཔག་ཚད་སྟོང་ཕྲག་གཅིག་ན། སྤྲིན་ཆེན་རྣམ་པར་རོལ་བ་ཞེས་བྱ་བའི་ནམ་མཁའ་ལ། ནམ་མཁའ་མཐའ་ཡས་པས་ལྷ་རྣམས་བསྐལ་ཆེན་ཉི་ཁྲིར་གནས་སོ། །འདི་དག་ནང་གི་བདག་ཉིད་ཏིང་ངེ་འཛིན་གྱི་དགའ་བདེ་ལ་སྤྱོད་པའོ། །དེ་ཡང་། ཁམས་གཞན་གྱི་གཟུགས་ལྟར་མེད་པའི་ཆ་ནས་དེ་ལྟར་བརྗོད་ཀྱང་། ཏིང་ངེ་འཛིན་གྱི་ལུས་ཙམ་ཡོད་པར་བསྟན། དེ་ཡང་གང་ཞེ་ན། འདོད་ཁམས་འགའ་ཞིག་ལྟར་འབྱུང་བ་གདོས་བཅས་ཤ་ཁྲག་གི་ལུས་སུ་མེད། གཟུགས་ཁམས་པ་ལྟར་སྣང་བ་འོད་ཀྱི་ལུས་སུ་ཡང་མེད་དོ། །ཡི་དྭགས་དང་བར་དོའི་སེམས་ཅན་ལྟར་གཟུགས་དང་མཚན་མེད་ཀྱི་རྨི་ལམ་ནང་ལྟར་ཡོད་སྙམ་སེམས་བརྟེན་ནས། ཡིད་བག་ཆགས་རྒྱུ་བའི་ལུས་སུ་ཡང་མེད་དམྱལ་བ་ལྟར་མྱོང་རིག་སྡུག་བསྔལ་གྱི་ལུས་སུའང་མེད་དེ་རྣམ་རྟོག་འགྱུ་བ་ནུབ་པས་ནང་གསལ་དྭངས་ལ་མི་གཡོ་བའི་ཏིང་ངེ་འཛིན་གྱི་ལུས་ལ་བརྟེན་ནས་གནས་པའོ། །དེ་ལ་ཐོས་པ་ཆུང་བའི་སྐྱེ་བོ་ཁ་ཅིག །གཟུགས་མེད་པའི་ལྷ་དག་ནམ་མཁའ་ལ་བརྟེན་པར་མི་རིགས་ཏེ། བརྟེན་ཆོས་གཟུགས་མེད་པའི་ཕྱིར་དང་། རྟེན་གཞི་ནམ་མཁའི་དབྱེ་བ་མི་འཐད་དེ། གཟུགས་མེད་པ་ལ་གནས་མེད་དེ། །ཞེས་གནས་མེད་པར་བཤད་པ་ཉིད་དང་། གཟུགས་མེད་གང་དུ་ཤི་བ་ན། །ཞེས་པས་གང་དུ་ཤི་ས་དེར་ནི་གནས་པ་ཁོ་ན་སྟེ། གཟུགས་ཀྱི་ཡ་རོལ་མི་དམིགས་སོ་ཟེར་རོ། །དེ་ལ་ལན་དུ་འདི་ལྟར་སྨྲ་སྟེ། ནམ་མཁའ་ལ་བརྟེན་པར་བཤད་པ་ཡིན་གྱིས་གནས་ཁས་བླངས་པའང་མ་ཡིན་ལ། ཏིང་ངེ་འཛིན་རྩེ་གཅིག་གི་ངང་དུ་རིག་པ་བརྟེན་པར་བཤད་པ་ཙམ་གྱི་ཆ་ནས། སྟོང་པ་ལྟར་སྣང་གི་ལུས་ཞེས་བརྗོད་ཀྱི་ཁ་དོག་དངོས་པོ་ལྟར་ཡོད་པ་སྒོ་ལྔའི་སྤྱོད་ཡུལ་བ་འདོད་པའང་མ་ཡིན་ནོ། །དེ་ཡང་གནས་ནི། ཕྱི་རོལ་གྱི་སྣང་བ་རི་དང་། ཐང་དང་། ཁང་ཁྱིམ་ལ་སོགས་པ། རེ་ཞིག་ཉེ་བར་སྤྱད་པའི་ཁང་ཁྱིམ་ལ་སོགས་པ་འདུག་གནས་སུ་དོན་བྱེད་པ་ལ་གྲགས་ལ། གཟུགས་ནི་ཡན་ལག་དང་། ཡན་ལག་གི་ཆ་ཤས་ཅན་འདུས་པར་སྣང་བ་ཙམ་ལ་ཐུན་མོང་དུ་གྲགས་པ་ལྟར་འདོད་པའི་ཕྱིར་ཏེ། འདིར་དེ་དག་ཁས་བླངས་པ་མེད་པས་གཟུགས་མེད་ཀྱི་ལྷ་དང་གཟུགས་དང་གནས་རང་མཚན་པ་འདོད་པ་མ་ཡིན་ནོ། །དེ་ལྟར་ཁས་བླངས་པར་སྐྱོན་དུ་འགྱུར་ན། སྒྲུབ་བྱེད་མགོ་སྙོམས་ཀྱི་རིགས་པས་གནོད་དེ། དེ་ལྟར་ན་ཁྱེད་ཅག་གི་ལུགས་ལའང་གཟུགས་ཡོད་པར་ཁས་བླངས་པར་འགྱུར་ཏེ། མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་འདོད་པའི་ཕྱིར་རོ། །གནས་ཀྱང་ཁས་བླངས་པར་འགྱུར་ཏེ། གང་དུ་ཤི་བའི་ས་ན་གཟུགས་མེད་པའི་ལྷ་དེ་དག་ཡོད་པར་འདོད་པའི་ཕྱིར་རོ། །དེས་ན་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཆ་ཏིང་ངེ་འཛིན་དེར་འདུས་པའི་རྟེན་ལ་སོ་སོ་རང་གི་རིག་པའི་རྒྱུད་བརྟེན་ནས། ཏིང་ངེ་འཛིན་གོང་དུ་བགྲོད་པའི་སྟོབས་དེས་ནམ་མཁའི་རིམ་པ་དེར་ངང་གིས་ཡ་རོལ་དུ་གནས་པ་ཡིན་ཏེ། ཁམས་གསུམ་ལས་གོང་མ་ཡིན་པའི་ཕྱིར་རོ། །གཉིས་པ་གཟུགས་ཁམས་ནི། དེར་སྐྱེ་བའི་རྒྱུ་སྔོན་བསམ་གཏན་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་། དགེ་བ་བཅུ་མ་ཉམས་པར་སྤྱད་པ་ལས། གནས་རིགས་གང་དུ་དྭངས་པ་འོད་ཀྱི་ལུས་གཞལ་ཡས་ཁང་དང་བཅས་གྲུབ་པས་གཟུགས་ཁམས་ཞེས་བྱའོ། །དེ་ཡང་བཀྲེས་པ་དང་། སྐོམ་པ་དང་། ཚ་བ་དང་། གྲང་བ་དང་། ནད་དང་། འཚེ་བ་དང་། རྒས་པ་དང་། རྒུད་པ་དང་། དབང་ཕྱུག་དང་མི་ལྡན་པའི་སྡུག་བསྔལ་མེད་པར་ཏིང་ངེ་འཛིན་དགའ་བས་ཉིན་མཚན་གྱི་རིས་སུ་མ་ཆད་པར་དུས་འདའ་བའོ། །འདི་ལ་བྱེ་བྲག་མི་འདྲ་བ་ཐ་དད་ཀྱང་སྔོན་གྱི་རྒྱུ་དང་། ད་ལྟའི་གནས་པ་ཏིང་ངེ་འཛིན་གྱི་གནས་ཚུལ་བཞི་ལ་ལྟོས་ནས། བསམ་གཏན་རིས་བཞིའི་ས་རིས་བཞིར་ཕྱེ་ལ། དེ་བཞི་ཡང་ཏིང་ངེ་འཛིན་གྱིི་ངོ་བོ་གཅིག་ཀྱང་གོམས་པའི་དབང་གསུམ་གྱིས་དབྱེ་བས་གནས་རིགས་གསུམ་གསུམ་ལོགས་པར་ཕྱེ་བ་ཡིན་ནོ། །དེའི་ཡང་བསམ་གཏན་བཞི་པ་ལ་འཕགས་པ་དང་། སོ་སོ་སྐྱེ་བོའི་གནས་གཞན་གཉིས་ལས། དང་པོ་ནི། རིགས་ལྔ་ཡོད་པའི་རྩེ་མོ་ནི། གཟུགས་མེད་དང་པོ་ནས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བ་ན། རིན་པོ་ཆེ་འཆིང་བུ་རྣམ་པར་བཀོད་ཅེས་བྱ་བའི་ནམ་མཁའ་ལ། ནམ་མཁའ་མཐའ་ཡས་པའི་སེམས་ཅན་མར་ཐིགས་པའི་ཚུལ་དུ་ལྷུང་བ་མཆེད་པ་ལས། སྣང་བ་འོད་ཀྱི་ལུས་ཕྱི་ནང་མེད་པར་ཟངས་ཐལ་བ་ཕན་ཚུན་དང་ཡས་མན་དུ་རྫུ་འཕྲུལ་གྱིས་འགྲོ་བའོ། །འཕགས་པའི་གནས་དེར་སྐྱེས་པའི་ལྷ་དེ་དག་གི་གནས་ནི། འོད་ཀྱི་རང་བཞིན་དྭངས་པའི་གཞལ་ཡས་ཁང་ལ་སོགས་འཇའ་ཚོན་ལྟར་སྣང་ཞིང་། གཟུགས་སུ་སྣང་བས་བསྡུས་པའི་གནས་འདི་རྩེ་མོ་ཡིན་ལ། དེའི་གོང་ན་གཟུགས་སྣང་གི་གནས་རིས་མེད་པས་འོག་མིན་ཞེས་བྱའོ། །ལྷ་དེ་དག་གི་ལུས་བོངས་ནི་དཔག་ཚད་ཁྲི་དྲུག་སྟོང་ཡོད་ལ། ཚེ་ཚད་ཀྱང་བར་བསྐལ་ཁྲི་དྲུག་སྟོང་ཐུབ་བོ། །དེའི་འོག་ཏུ་རིན་པོ་ཆེ་མཐོན་མཐིང་གིས་རྣམ་པར་སྤྲས་པའི་ནམ་མཁའ་ལ། འོག་མིན་ལས་མཆེད་པའི་ལྷ་དག་བརྟེན་པ་ནི་ཤིན་ཏུ་མཐོང་ཞེས་བྱའོ། །དེ་ཡང་ལྟ་བ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་ཞེས་བྱའོ། །ལུས་དཔག་ཚད་བརྒྱད་སྟོང་། ཚེ་བར་གྱི་བསྐལ་པ་བརྒྱད་སྟོང་ཐུབ་བོ། །དེའི་འོག་ཏུ་རིན་པོ་ཆེ་རྣམ་མཛེས་ཞེས་བྱ་བའི་ནམ་མཁའ་ལ། གྱ་ནོམ་སྣང་ཞེས་བྱ་བའི་ལྷ་ཡོད་དེ། ལུས་སེམས་ཉེ་བར་ཞི་བའི་བདེ་བ་གྱ་ནོམ་པ་ཡོད་པས་གྱ་ནོམ་སྣང་ཞེས་བྱ་བའོ། །ལུས་དཔག་ཚད་བཞི་སྟོང་པ། ཚེ་ཡང་བར་བསྐལ་བཞི་སྟོང་ཐུབ་བོ། །དེའི་འོག་ཏུ་རིན་པོ་ཆེ་ཟེ་བ་སྨུག་གུ་ཞེས་བྱ་བའི་ནམ་མཁའ་ལ། མི་གདུང་བའི་ལྷ་ཆགས་པ་ནི། ལུས་སེམས་ལ་འདོད་པའི་གདུང་བ་ཉེ་བར་ཞི་བས་དེ་སྐད་དུ་གྲགས་ལ། ལུས་བོངས་དཔག་ཚད་ཉིས་སྟོང་པ། ཚེ་ཡང་བར་བསྐལ་ཉིས་སྟོང་ཐུབ་པའོ། །དེའི་འོག་ཏུ་རིན་པོ་ཆེ་ཤེལ་གྱི་ཁང་བུ་བརྩེགས་པའི་ནམ་མཁའ་ལ། སྔར་བས་ལུས་བོངས་ཆུང་ཞིང་། འདོད་ཡོན་ལ་གདུང་བ་ཤས་ཆུང་བའི་མི་ཆེ་བའི་ལྷ་སྟེ། ལུས་བོངས་དཔག་ཚད་སྟོང་དང་། ཚེ་བར་གྱི་བསྐལ་བ་སྟོང་ཐུབ་པའོ། །དེ་ནས་སོ་སོའི་སྐྱེ་བོའི་གནས་གཞན་གསུམ་ནི། དེའི་འོག་ན་རིན་པོ་ཆེ་རབ་མཛེས་རྣམ་པར་བརྡལ་བའི་ནམ་མཁའ་ལ་འབྲས་བུ་ཆེ་བའོ། །སོ་སོ་སྐྱེ་བོའི་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་རྣམས་ཀྱི་མཆོག་གམ་རྩེ་མོར་གྱུར་པས་འབྲས་བུ་ཆེ་བའོ། །ལུས་དཔག་ཚད་ལྔ་བརྒྱ་པ། ཚེ་བར་བསྐལ་ལྔ་བརྒྱ་ཐུབ་པའོ། །དེའི་འོག་ཏུ་རིན་པོ་ཆེ་ཀ་ལི་མདོག་མཛེས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། བསོད་ནམས་སྐྱེས་ཏེ། དེའང་ཚད་མེད་བཞི་བསྒོམས་པའི་བསོད་ནམས་ལས་གཙོ་བོར་སྐྱེས་པས་བསོད་ནམས་སྐྱེས་སོ། །ལུས་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཚེ་ཡང་བར་བསྐལ་ཉིས་བརྒྱ་ལྔ་བཅུའོ། །དེའི་འོག་ཏུ་རིན་པོ་ཆེ་སྤྲིན་རྣམ་པར་སྟུག་པ་ཞེས་བྱ་བའི་ནམ་མཁའ་ལ། སྤྲིན་མེད་པའི་ཉི་མའི་སྣང་བ་དང་འདྲ་བས་ན་སྤྲིན་མེད་དེ། ལུས་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཚེ་བར་བསྐལ་བརྒྱ་ཉི་ཤུ་རྩ་ལྔའོ། །དེའང་འོད་ཀྱི་སྤྲིན་སྟུག་པའང་ཡིན་ལ། ཐ་མལ་གྱི་སྤྲིན་མེད་པ་ཡང་ཡིན་ནོ། །དེའི་འོག་ཏུ་རིན་པོ་ཆེ་འོད་རྣམ་པར་འབྱིན་པ་ཞེས་བྱ་བའི་ནམ་མཁའ་ལ། དགེ་བ་རྒྱ་ཆེར་རྒྱས་པའི་འབྲས་བུས་སྐྱེད་པའི་ཕྱིར་དགེ་རྒྱས་ཞེས་བྱ་སྟེ། ལུས་དཔག་ཚད་དྲུག་ཅུ་རྩ་བཞི། ཚེ་ཡང་བར་བསྐལ་དྲུག་ཅུ་རྩ་བཞིའོ། །དེའི་འོག་ཏུ་རིན་པོ་ཆེ་ཨིནྡྲ་ནི་ལས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། དགེ་རྩ་འབྲིང་དུ་སྤྱད་པ་ཚད་མེད་པའི་འབྲས་བུ་ལས་བྱུང་བས་ཚད་མེད་དགེ་ཞེས་བྱ་བ། ལུས་དཔག་ཚད་སུམ་ཅུ་རྩ་གཉིས་པ། ཚེ་བར་བསྐལ་སུམ་ཅུ་རྩ་གཉིས་ཐུབ་པའོ། །དེའི་འོག་ཏུ་རིན་པོ་ཆེ་པེ་ཏང་ཀི་ལིང་གིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ལས་དགེ་བ་ཆུང་དུ་སྤྱད་པའི་འབྲས་བུས་གྲུབ་པས་དགེ་ཆུང་དེ་ལུས་དཔག་ཚད་བཅུ་དྲུག །ཚེ་བར་བསྐལ་བཅུ་དྲུག་ཐུབ་པའོ། །དེའི་འོག་ཏུ་རིན་པོ་ཆེ་ཤྲི་གུ་ཊ་ཞེས་བྱའི་ནམ་མཁའ་ལ། ཁ་དོག་དང་འོད་ཟེར་ཤིན་ཏུ་གསལ་བས་འོད་གསལ་ཞེས་བྱ་བའི་ལྷ་ལུས་དཔག་ཚད་བརྒྱད། ཚེ་བར་བསྐལ་བརྒྱད་དང་བཅས་པའོ། །དེའི་འོག་ཏུ་རིན་པོ་ཆེ་ཀེ་ཀེ་རུས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། ལུས་ལ་འོད་ཚད་མེད་པ་ཡོད་པའི་ཕྱིར་ཚད་མེད་འོད་དེ། ལུས་དཔག་ཚད་བཞི་པ། ཚེ་བར་བསྐལ་བཞིའོ། །དེའི་འོག་ཏུ་རིན་པོ་ཆེ་དཔའ་བའི་འོད་ཀྱི་ནམ་མཁའ་ལ། གོང་མ་བས་འོད་ཟེར་འཕྲོ་བ་ཆུང་བས་འོད་ཆུང་སྟེ། ལུས་དཔག་ཚད་གཉིས་པ། ཚེ་བར་གྱི་བསྐལ་པ་གཉིས་སོ། །དེ་གསུམ་ནི་བསམ་གཏན་གཉིས་པའོ། །བསམ་གཏན་དང་པོའི་ལྷ་གནས་གསུམ་བཤད་པ་ནིི། དེའི་འོག་ཏུ་རིན་པོ་ཆེ་ཀེ་རུ་ཛའི་ནམ་མཁའ་ལ། འདོད་པའི་སྐྱོན་ཚངས་ཏེ་དག་ལ་འོག་མ་བས་ལུས་ཆེ་བས་ཚངས་ཆེན་ཏེ། ལུས་དཔག་ཚད་ཕྱེད་དང་གཉིས་པ། ཚེ་ཡང་བར་བསྐལ་ཕྱེད་དང་གཉིས་སོ། །འདིའི་རྒྱལ་པོ་ནི། རང་གི་གནས་ལས་མ་གཡོས་པར། འོག་མའི་ལྷ་གནས་ཀུན་ཏུ་སྤྲུལ་པ་སྟོན་པ་ཡོད་དོ། །དེའི་འོག་ཏུ་རིན་པོ་ཆེ་ས་མྱི་ཀའི་ནམ་མཁའ་ལ། ཚངས་པ་ཆེན་པོའི་མདུན་ན་འདོན་བྱེད་པས་ཚངས་པ་མདུན་ན་འདོན། འཁོར་ཡིན་པས་ཚངས་པ་ཀུན་འཁོར། ཚངས་པ་ཆེན་པོའི་བྱ་བ་འབའ་ཞིག་སྒྲུབ་པའི་གྲོགས་སུ་ཕན་པས་ཚངས་ལྷ་ཉེ་ཕན་ཞེས་བྱ་བའི་ལྷ། ལུས་དཔག་ཚད་གཅིག་པར་ཚེ་བར་བསྐལ་གཅིག་ཐུབ་པའོ། །དེའི་འོག་ཏུ་རིན་པོ་ཆེ་པི་ཏང་ཀ་ཞེས་བྱ་བའི་ནམ་མཁའ་ལ། སྡིག་པ་སྤངས་ཏེ་ཚད་མེད་བཞི་ལ་གནས་པས། ཚངས་པ་ཞེས་བྱ་བའི་ལྷ་ལུས་དཔག་ཚད་ཕྱེད་དེ་གཞུ་འདོམས་ཉིས་སྟོང་། ཚེ་བར་བསྐལ་ཕྱེད་དོ། །དེའང་འདི་དག་གི་ནམ་མཁའ་རྣམས་རིན་པོ་ཆེ་དེ་དག་གི་འོད་ཀྱི་མདོག་དང་མཚུངས་པས་ནམ་མཁའི་སྣང་བ་དཀར་པོ། སེར་པོ། དམར་པོ། ལྗང་ཁུ་ལ་སོགས་པར་སྣང་བ་ཡིན་ནོ། །དེ་རྣམས་སྐྱེ་བ་ཡང་གཞལ་མེད་ཁང་དང་བཅས་པ་ནམ་མཁའ་ལ་འཇའ་ཚོན་འཆར་བ་ལྟར། སྐད་ཅིག་ལ་རྫུས་ཏེ་སྐྱེ་བ་དང་། ཏིང་ངེ་འཛིན་གྱི་བདེ་བ་ལ་སྤྱོད་པས་ཁམ་གྱི་ཟས་དོན་མེད་པ་དང་། འདོད་ཁམས་ལྟ་བུའི་སྡུག་བསྔལ་མེད་པ་དང་། རྣམ་རྟོག་རགས་པ་མངོན་འགྱུར་ཁྲོ་བ་དང་འཁྲུག་པ་ལ་སོགས་པ་མེད་དེ། ཞི་གནས་ཀྱིས་བརླན་པའི་ཕྱིར་རོ། །དེའང་སྔོན་བྱམས་སོགས་ཚད་མེད་པ་རྣམ་པ་བཞིའི་རང་བཞིན་བསྒོམས་པའི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་པས་འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པའི་ཕྱིར། གནས་ངན་ལེན་གྱི་སྡུག་བསྔལ་ཡོད་པའོ། །ཁམས་གོང་མའི་ཏིང་ངེ་འཛིན་གྱི་ཚོར་བ་བདེ་བ་ལ་ཆགས་པ་དེ་དག་ལ་སྲིད་པའི་འདོད་ཆགས་ཞེས་བྱ་བ་ཡིན་ནོ། །གསུམ་པ་འདོད་པའི་ཁམས་ནི། དེ་ལ་འདོད་པའང་གཟུགས་སུ་ཡོད་པ་ལ། ཅིའི་ཕྱིར་བསམ་གཏན་གྱི་ལྷ་ཁོ་ན་ལ་གཟུགས་ཀྱི་སྒྲས་ཉེ་བར་བརྗོད་ཅེ་ན། འདི་ལྟར་གཟུགས་སུ་མཚུངས་ཀྱང་། དགེ་བ་ཟག་བཅས་ཀྱི་འབྲས་བུས་ཐོབ་པའི་གཟུགས་ཀྱི་མཆོག་ནི། བསམ་གཏན་གྱི་གཟུགས་འོད་གསལ་དྭངས་པ་མཆོག་ཡིན་ལ། རྣམ་སྨིན་སྐྱེས་དང་དེའི་ཡོན་ཏན་གྱི་ཆ་མི་མཚུངས་པའི་ཕྱིར་ན་དམན་པ་ལ་མེད་པ་དགག་པའི་སྒྲས་འདོད་པ་ལ་གཟུགས་ཀྱི་སྒྲ་ཉེ་བར་མ་སྦྱར་བ་ཉིད་དོ། །དེ་ལ་མཐོ་རིས་དང་། ངན་སོང་གཉིས་ལས། མཐོ་རིས་ལ་ལྷ་དང་མི་གཉིས་ལས་དང་པོ་ལྷ་ནི་འདོད་ལྷ་རིགས་དྲུག་ལས། དང་པོ་ནི། ཚངས་རིས་ལས་འོག་ཏུ་གཞལ་བ་ན་ཡོད་དེ། དཔག་བསམ་གྱི་ཤིང་རིན་པོ་ཆེས་རབ་ཏུ་བརྒྱན་པ་ཞེས་བྱ་བའི་ནམ་མཁའ་ལ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བྱེད་པས་སམ། སྤྲུལ་པའི་རྫས་རང་གིས་སྤྲུལ་ཡང་། གཞན་དུ་སྣང་བའི་འབྱོར་པར་གྱུར་པས། གཞན་སྤྲུལ་དབང་བྱེད་ཅེས་བྱ་བའོ། །ལུས་རྒྱང་གྲགས་ཕྱེད་གཉིས་ཏེ་གཞུ་འདོམས་ཕྱེད་དང་བརྒྱད་བརྒྱའོ། །ཚེ་ཚད་མིའི་ལོ་སྟོང་དྲུག་བརྒྱ་ལ་འདིའི་ཞག་གཅིག་ཏུ་བརྩིས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའོ། །ནམ་མཁའ་དཔག་བསམ་གྱི་སྒྲས་བརྗོད་པ་ནི། འདོད་དགུ་འབྱུང་བ་མཚོན་པ་སྟེ། ཤིང་མེད་དོ། །དེའི་འོག་ཏུ་དཔག་བསམ་གྱི་ཤིང་མཐོང་མཛེས་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ། རང་གི་སྤྲུལ་པ་ལ་དབང་བྱེད་པའི་ལོངས་སྤྱོད་ཡོད་པས་འཕྲུལ་དགའ་ཞེས་བྱ་ལ། ལུས་རྒྱང་གྲགས་གཅིག་དང་བཞི་ཆ་སྟེ། གཞུ་འདོམས་ལྔ་བརྒྱ་དང་བརྒྱ་ཉི་ཤུ་རྩ་ལྔའོ། །ཚེ་མི་ལོ་བརྒྱད་བརྒྱ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བརྒྱད་སྟོང་ངོ་། །དེའི་འོག་ཏུ་དཔག་བསམ་གྱི་ཤིང་མིག་མཛེས་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ། ཐེག་པ་ཆེན་པོའི་ཆོས་དང་ལོངས་སྤྱོད་གཉིས་ཀའི་དགའ་བ་དང་ལྡན་པས། དགའ་ལྡན་ཞེས་བྱ་བ་སྟེ་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་རྒྱལ་ཚབ་རེ་རྟག་པར་བཞུགས་པའི་གནས་གང་ཡིན་པའོ། །ལུས་རྒྱང་གྲགས་གཅིག་སྟེ་གཞུ་འདོམས་ལྔ་བརྒྱ། ཚེ་མི་ལོ་བཞི་བརྒྱ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བཞི་སྟོང་ངོ་། །དེའི་འོག་ཏུ་དཔག་བསམ་གྱི་ཤིང་ཡིད་འགྱུར་བ་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ། ལྷ་མ་ཡིན་པའི་འཐབ་རྩོད་དང་བྲལ་བས་འཐབ་བྲལ། ལྷ་ཁྱེའུ་བུ་མོ་གཉིས་པང་ནས་དུས་གཅིག་ལ་སྐྱེ་བས་མཚེ་མ་ཞེས་བྱ་སྟེ། ལུས་རྒྱང་གྲགས་གཅིག་ལ་ཆ་བཞིར་བྱས་པའི་ཆ་གསུམ་ཡོད་པ་སྟེ། གཞུ་འདོམས་སུམ་བརྒྱ་བདུན་ཅུ་རྩ་ལྔའོ། །ཚེ་མིའི་ལོ་ཉིས་བརྒྱ་ཞག་གཅིག་ཏུ་རྩིས་པའི་རང་ལོ་ཉིས་སྟོང་ཐུབ་པའོ། །འདོད་པའི་གནས་ཀྱི་ལྷ་གནས་འདི་རྣམས་ནི། བདུད་རྩིའི་ཟས་དང་། བཏུང་བ་དང་། ལྷའི་གོས་དང་། དཔག་བསམ་གྱི་ཤིང་ལས་གང་འདོད་པ་འབྱུང་བ་དང་། སིལ་སྙན་དང་། གླུ་གར་དང་། རྩེད་འཇོ་ལ་སོགས་པ་འདོད་པའི་ལོངས་སྤྱོད་ཚད་མེད་པ་ཡོད་དེ་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་མ་ལ་སོགས་པའོ། །ལོངས་སྤྱོད་པའི་གཙོ་བོ་ནི། ཡུལ་ཉེ་བར་སྤྱད་པ་རྣམས་ཀྱི་ནང་ནས་ཡོན་ཏན་མཆོག་ཏུ་བདེ་བ། ཁམ་གྱ ི་ཟས་དང་འཁྲིག་པའི་བདེ་བ་ཡིན་ལ། སྤྱོད་ཚུལ་སྔར་བཤད་པ་ལྟར་རོ། །ས་ལ་བརྟེན་པའི་ལྷའི་གནས་ཀྱང་རྣམ་པ་གཉིས་ལས། དང་པོ་ནི། དཔག་བསམ་གྱི་ཤིང་ཡོངས་འདུ་ས་རྟོལ་ཞེས་པས་བརྒྱན་པའི་གཞི་ལ། འཕྲེང་འབར་ལ་སོགས་པ་གནས་སུམ་ཅུ་རྩ་གསུམ་གྱིས་དབང་པོར་གྱུར་པའི་ཆ་ནས་སུམ་ཅུ་རྩ་གསུམ་ཞེས་བྱའོ། །ལུས་ཚད་རྒྱང་གྲགས་བཞི་ཆ་གཉིས་ཏེ། གཞུ་འདོམས་ཉིས་བརྒྱ་ལྔ་བཅུའོ། །མིའི་ལོ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་བོ། །འདོད་པ་ནི་མི་ལྟར་གཉིས་པོ་འཁྲིག་པས་སྤྱོད་དེ། ཁུ་ཁྲག་མི་འབབ་ཀྱང་རླུང་གཏད་པས་གདུང་བ་དང་བྲལ་བར་འགྱུར་རོ། །ས་ལ་སྤྱོད་པའི་གནས་གཉིས་པ་ནི། རི་རབ་ཀྱི་བང་རིམ་རྣམས་ལ། སུམ་ཅུ་རྩ་གསུམ་ནས་མཆེད་པའི་ལྷ་རྣམས་ཆགས་པས། ཕྱོགས་བཞིའི་བདག་པོར་གྱུར་པ་སྟེ་སྡེ་བཞིའི་ཁོངས་སུ་གཏོགས་པའི་ཆ་ནས་རྒྱལ་ཆེན་རིགས་བཞི་པའི་ལྷ་ཞེས་བྱའོ། །ཚེ་ཚད་མི་ལོ་ལྔ་བཅུ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །ལུས་རྒྱང་གྲགས་བཞི་ཆ་སྟེ། གཞུ་འདོམས་བརྒྱ་ཉི་ཤུ་རྩ་ལྔའོ། །འཁྲིག་པའི་སྤྱོད་ཚུལ་སུམ་ཅུ་རྩ་གསུམ་དང་འདྲ་བས། བདུད་རྩི་དང་། ཤིང་དང་། གོས་ལ་སོགས་པ་དཔག་ཏུ་མེད་དོ། །ལྷ་ཁ་ཅིག་ཉི་ཟླ་གཟའ་སྐར་གྱི་སྟེང་དུ་ལྷའི་གྲོང་ཁྱེར་ལ་སྤྱོད་པས་གླིང་བཞི་བསྐོར་བའོ། །དེའི་འོག་ཏུ་རི་རབ་ཀྱི་ཁོང་གསེང་ལ་གནས་པའི་ལྷ་མ་ཡིན་ནི། ལྷའི་རིགས་མ་རུངས་པ་འགའ་ལས་ཆད་པ་སྟེ། ཚེ་དཔལ་ལྷའི་རིགས་དཔལ་དང་བསྐལ་བ་བཟང་ལ་ངང་ཚུལ་དགེ་བས་ཆོས་ལ་མངོན་པར་དད་པ་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ནོར་དང་འབྱོར་པ་ཆེ་ལ་མཐུ་དཔལ་དང་རྫུ་འཕྲུལ་ཆེ་བ་དང་། རྩུབ་འགྱུར་བདུད་ཀྱི་རིགས་ནག་ཕྱོགས་ལ་དགའ་བ་དང་། གསོད་བྱེད་སྲིན་པོའི་རིགས་སེམས་ཅན་ལ་འཚེ་ཞིང་མཁའ་ལ་རྒྱུ་བ་ཡི་དྭགས་ཀྱི་ཕྱོགས་དང་མཐུན་པ་དང་། གདུག་པ་ཀླུའི་རིགས་ཕྱེད་མར་འགྱུར་བའི་ལུས་དང་ལོངས་སྤྱོད་དང་བདེ་སྡུག་ཡོད་ཅིང་བླུན་པར་གནས་པའོ། །འགྲོ་བའང་དེ་དག་གི་ཁོངས་སུ་གཏོགས་པར་བསྡུའོ། །དེའི་འོག་ཏུ་གླིང་དང་གླིང་ཕྲན་གྱི་འགྲོ་བའི་གཙོ་བོ་མི་ཡིན་པས། དེའི་རིམ་པ་བཤད་པ་ནི། སྔོན་བསྐལ་བ་དང་པོའི་མི་རྣམས་འོད་གསལ་ལས་མཆེད་པ་ནི། ཐུན་མོང་དུ་གྲགས་པའི་མདོ་སྡེ་དག་ལས། འོད་གསལ་གྱི་ལྷའི་རིགས་ནས་སེམས་ཅན་བསོད་ནམས་དམན་པ་དག་འོངས་པ་དེར་ཆགས་པ་ལས་མི་རྣམས་མཆེད་པར་འདོད་ལ། རྒྱུད་འགའ་ཞིག་ལས་དགའ་ལྡན་ནས་ལྷའི་བུ་གཉིས་པདྨ་ལས་རྫུས་ཏེ་སྐྱེས་པ། ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མ་མེད་པ་ཞེས་བྱའོ། །དེ་གཉིས་འཛམ་བུའི་གླིང་དུ་འོངས་པ་ལས་མཆེད་པར་བཤད་དོ། །འདི་གཉིས་འགལ་བ་མེད་དེ་འོད་གསལ་གྱི་ལྷའི་འགྲོ་བ་ཆགས་དུས་འཇིག་རྟེན་གྱི་ཁམས་འདིའི་ཡུལ་རྣམས་ལ་མིང་གཞན་དུ་གྲགས་ཏེ། ཡུལ་དགའ་ལྡན་བརྩེགས་པ་ཞེས་དེ་དག་ལ་ཚངས་རིགས་དེར་གྲགས་པ་ཡིན་ནོ། །དེའང་མི་མེད་པས་ལྷ་དང་མི་ཞེས་སོ་སོར་ཕྱེ་བ་མེད་དོ། །འཛམ་བུའི་གླིང་དུ་མི་རྣམས་མང་དུ་འཕེལ་ནས། རིང་ཞིག་སོང་སྟེ་འོད་ཀྱང་ཡལ། བསོད་ནམས་ཀྱང་བགས་ཀྱིས་བྲི་བ་ན། ཤར་ལུས་འཕགས་ཀྱི་གླིང་དུ་གོང་མའི་ལྷ་ལས་གཉིས་འོངས་པའི་འོག་ཏུ། མི་ཕལ་རྫུས་སྐྱེས་ཀྱི་ཚུལ་གྱིས་མཆེད་དོ། །དེ་ནས་བྱང་སྒྲ་མི་སྙན་པའི་མི་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་ལས་མཆེད་ནས་ཆགས་སོ། །དེ་ནས་ནུབ་ཀྱི་བ་གླང་སྤྱོད་དུ་ལྷ་ལས་མཆེད་ནས་མང་དུ་འཕེལ་ཏེ། སོ་སོའི་གླིང་ཕྲན་གྱི་མི་ཡང་མཆེད་དོ། །འགྲོ་བ་རྣམས་ཀྱིས་བསགས་པའི་དབང་གིས། འཛམ་བུ་གླིང་པའི་སྐྱེ་དགུ་རྣམས་ཚེ་ལོ་དང་པོ་དཔག་ཏུ་མེད་པ་ཐུབ་པ་ནས་བཟུང་སྟེ། བརྒྱད་ཁྲིའི་བར་དུ་སྐྱེས་པ་དང་བུད་མེད་ནར་སོན་པ་དག་གི་ལུས་ལ་རང་ཁྲུ་སུམ་ཅུ་རྩ་གཉིས་ཡོད་དོ། །དེ་ནས་ཉི་ཤུ་པ་དང། བཅུ་དྲུག་པ་དང་། བརྒྱད་པ་ནས་ཚེ་ལོ་བརྒྱ་པའི་ཚེ་ཁྲུ་བཞི་པར་འབྲི་སྟེ་དེང་སང་ལྔ་བཅུ་རྩ་བཞི་པའི་དུས་ནི་ཕྱེད་དང་བཞི་པ་ནས། མཐར་བཅུ་པའི་བར་དུ་ཐུང་བར་བྲིའོ། །ཚེ་ལོ་ཡང་དང་པོ་དཔག་མེད་ནས། མཐར་བཅུ་པའི་བར་དུ་ཇེ་ཐུང་དུ་བྲིའོ། །ཤར་གྱི་ལུས་འཕགས་ཀྱི་མི་རྣམས་རང་ཁྲུ་བརྒྱད་པ་སྟེ། ཚེ་ལོ་ཉིས་བརྒྱ་ལྔ་བཅུ་ཐུབ་པ། བ་གླང་སྤྱོད་པའི་མི་རྣམས་རང་ཁྲུ་བཅུ་དྲུག་པ། ཚེ་ལོ་ལྔ་བརྒྱ་ཐུབ་པ། སྒྲ་མི་སྙན་པ་རང་ཁྲུ་སུམ་ཅུ་རྩ་གཉིས་པ་དང་། ཚེ་ལོ་སྟོང་ངེས་པར་ཐུབ་པས་བར་མ་དོར་དུས་མ་ཡིན་པར་འཆི་བ་མེད་དོ། །འཆི་བའི་ཚེ་ཆེ་གེ་མོ་ཞེས་བྱ་བ་ད་སྟེ་ཚེ་ཞག་བདུན་ན་ཚེའི་དུས་བྱེད་དོ་ཞེས་བྱ་བའི་སྒྲ་ནམ་མཁའ་ལས་འབྱུང་བས་སྒྲ་མི་སྙན་ཞེས་པའི་ཐ་སྙད་བཞག་པའོ། །ཁྱད་པར་འཛམ་བུའི་གླིང་འདིར། སྔོན་བསྐལ་པ་དང་པོའི་ཚེ། ས་གཞི་གཅིག་ཏུ་གྱུར་པ་ལས། འགྲོ་བ་མེད་པའི་དུས་ན། འོད་གསལ་གྱི་ལྷ་བསོད་ནམས་ཆུང་ངུ་ཞིག་ཐིགས་པ་ལྟར་ཡས་བབས་པའི་འོག་ཏུ་རིང་མོ་ཞིག་ན། ཡང་ལྷ་ཞིག་བྱུང་བ་ལ་སྔ་མ་དེ་རབ་ཏུ་དགའ་བས་ཟླ་ཞེས་རབ་ཏུ་བོས་པའོ། །དེ་ནས་དེ་ཁོ་ན་ལྟར་མང་ཞིག་མཆེད་དོ། །དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་ལྟར་གཟུགས་བཟང་ཞིང་ལྟ་ན་སྡུག་པ་དབང་པོ་དང་ཡན་ལག་ཚང་བ། མཛེས་ཤིང་ཁ་དོག་གསལ་ལ་འོད་དང་བཅས་པ། ནམ་མཁའ་ལ་འགྲོ་ཞིང་ནམ་མཁའ་ལ་འདུག་པ་བསམས་པ་ཙམ་གྱིས་གང་འདོད་པར་ཕྱིན་པ། ཟས་སུ་དགའ་བདེ་ལ་སྤྱོད་ཅིང་ཉོན་མོངས་པ་མངོན་འགྱུར་མེད་པ། ཚེ་ལོ་དཔག་མེད་ཐུབ་ཅིང་། བདེ་བ་འབའ་ཞིག་ལ་སྤྱོད་པ་སྟེ། བསྐལ་པ་དང་པོ་ཞེས་བྱའོ། །དེའི་ཚེ་ན་ཁྱིམ་དང་། གནས་དང་། གྲོང་དང་། མཁར་མེད་པས་ས་གཞི་ཁད་མཉམ་དུ་གྱུར་པ། ཉི་ཟླ་གཟའ་སྐར་གྱི་རིམ་པས་ཕྱེ་བའི་དུས་ཚིགས། ལོ་དང་ཟླ་བ། ཉིན་མཚན་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཞེས་རིས་སུ་ཕྱེ་བ་མེད་ལ། དབང་པོའི་སྒོ་མ་དོད་པས་སྐྱེས་པ་དང་བུད་མེད་ཅེས་རིས་སོ་སོ་བ་མེད་པའི་ཕྱིར། འགྲོ་བ་དེ་དག་ཕན་ཚུན་སེམས་ཅན་ཞེས་བྱ་བའི་མིང་སྤྱིར་གནས་པ་བྱུང་ངོ་། །དེའི་ཚེ་ལྷ་དང་ཡོན་ཏན་ཕལ་དུ་མཚུངས་པར་ཡོད་པས། ལྷ་དང་མི་ཞེས་པའི་མིང་ཡང་མེད་དོ། །དེ་ནས་མི་ཞེས་ཐོགས་པའི་དུས་ནི། བསྐལ་པ་དང་པོའི་དུས་དེ་ཡུན་རིང་མོ་ཞིག་ཏུ་གྱུར་པའི་འོག་ཏུ། འགྲོ་བ་དེ་ཐམས་ཅད་ཀྱིས་ཐོས་པར་ནམ་མཁའི་དབྱིངས་ནས་མི་སྣང་ངོ་ཞེས་བྱ་བའི་སྒྲ་ཆེན་པོ་ལན་བདུན་དུ་གྲགས་པས། འགྲོ་བ་དེ་དག་གིས་བདག་ཅག་མིའོ་ཞེས་གྲགས་པ་ཡིན་ནོ། །དེའི་ཚེ་སྔར་བས་བསྐལ་པ་བཟང་པོ་ཉམས་པའི་དུས་འགོ་བཟུང་བས། བསོད་ནམས་བྲི། འོད་ཀྱང་ཆུང་ཞིང་། ཉོན་མོངས་པ་མངོན་འགྱུར་མེད་ཀྱང་བག་ལ་ཉལ་ལངས་པས། མངོན་གྱུར་ཀྱང་འབྱུང་དུ་ཉེའོ། །འོན་ཀྱང་ལུས་ཟངས་ཐལ་ལ། དབང་པོ་དང་ཡན་ལག་མཛེས་པར་ལྡན། ཕོ་མོའི་དབང་པོའི་སྒོ་མ་དོད་པའོ། །འདིའི་དུས་དང་མཉམ་དུ་གླིང་གཞན་གྱི་མི་ཡང་མཆེད་དོ། །དེ་ནས་ཚེ་ལོ་བྱེ་བ་རེ་ཐུབ་པ་ན། མི་རྣམས་འབྱུང་བ་བཞིའི་རྡུལ་ཕྲན་དྭངས་པ་འོད་ཀྱི་རང་བཞིན་དུ་འདུས་པའི་སྒོ་ང་ལས་སྐྱེ་བ་ཤ་སྟག་གོ །དེ་ཡང་ས་ལ་སོགས་པ་འབྱུང་བ་རེ་རེ་ཤས་ཆེ། གཞན་རྣམས་ཆུང་པས་གྲུབ་པ་དེ་དག་ལུས་བོངས་དང་ཁ་དོག་ཅི་རིས་སུ་བྱུང་ལ། ཆ་མཉམ་པ་ལས་མཛེས་ཤིང་ལྟ་ན་སྡུག་པའོ། །འོད་ནི་འདོམས་བདུན་ཚུན་ཆད་གསལ་ཞིང་གང་དུ་བསམ་སར་ལས་ཀྱི་རླུང་གི་ནམ་མཁའ་ལ་འགྲོ་བ་དང་། ཟས་སུ་འབྱུང་བའི་དྭངས་མ་དག་ཟ། གོས་མེད་པས་གཅེར་བུ་ཚ་གྲང་གི་སྡུག་བསྔལ་མེད་པ། གོས་མེད་པའི་སྟབས་ཀྱིས་ལུས་ལ་དྲེག་པ་ཆགས་པ་འཁྲུ་བའི་ཁྲུས་རྫིང་། དལ་ཞིང་འཇམ་ལ་རེག་ན་བདེ་བར་ཁྲུས་དང་གཙང་སྦྲ་སྤྱོད་ཅིང་། རང་བཞིན་གྱིས་དགེ་བ་བཅུ་ལ་གནས་པའོ། །དེ་ནས་ཚེ་ལོ་ས་ཡ་དྲུག་འབུམ་གྱི་དུས་ན་འབྱུང་བ་ཚ་བས་དྲོད་བྱས། གྲང་བས་རྐྱེན་བྱས་པས་དྲོད་གཤེར་ལས་སྐྱེ་བའོ། །འདི་ནས་ཚེ་ལོ་འབུམ་ལ་ཐུག་པར་འདོད་འཇོ་བ་ལས་ནམ་འདོད་པ་ན་བདུད་རྩི་ལྟ་བུའི་ཞོ་འབྱུང་བས་ལུས་གསོ་བའི་རྐྱེན་བྱེད་པ་དང་འགྲོ་བར་འདོད་པ་ན། ཅང་ཤེས་ཀྱི་རྟ་རང་ཉིད་གང་འདོད་དུ་ཕྱིན་པར་བྱེད་པ་ལ་སོགས་པའི་འདོད་ཡོན་རེ། མི་རེ་སྐྱེས་པ་དང་མཉམ་དུ་འབྱུང་ངོ་། །དེ་ཡང་ལ་ལ་ས་དང་། ཆུའི་མཚམས་དང་། ཤིང་གི་ལྗོན་པ་ལས་སྐྱེ་བ་ཡིན་ནོ། །ཚེ་ལོ་དགུ་ཁྲི་པ་ན། སྔར་བས་འབྱོར་པ་དང་བསོད་ནམས་བྲི་བས། མི་རེ་སྐྱེ་བ་དང་ཤིང་རེ་སྐྱེའོ། །ཤིང་དེའི་འབྲས་བུ་ཕུན་སུམ་ཚོགས་པ་ཟས་སུ་ཟ་ཞིང་། ལོ་མ་གསུམ་གྱོན་པའོ། །ཕོ་མོའི་མཚན་མ་མ་དོད་ལ། ཕན་ཚུན་མཐོང་ན་དགའ་བས་ལྟ་བའི་འདོད་ཆགས་ཙམ་གཏི་མུག་བག་ལ་ཉལ་ལངས་པ་ལས་བྱུང་ངོ་། །འདོད་ཆགས་བག་ལ་ཉལ་དངོས་སུ་ལངས་སུ་ཉེ་བའི་དུས་སོ། །རིང་ཞིག་ན་སྔར་ལས་ལོ་བརྒྱ་ལྔ་བཅུ་ཞིག་འདས་པ་ན། ཕན་ཚུན་མཐོང་བས་དགའ་བ་སྐྱེས་ཏེ། བརྩེ་བར་འདུ་བ་དང་གནས་པ་འབྱུང་སྟེ། སེམས་པ་དང་། རྟོག་པ་དང་། བགྲང་བ་ལ་སོགས་པའི་རྣམ་རྟོག་བྱུང་ངོ་། །འདི་དག་གི་དུས་ན་ང་རྒྱལ་དང་། ཕྲག་དོག་བག་ལ་ཉལ་ལངས་ཤིང་། ཞེ་སྡང་བག་ལ་ཉལ་གྱི་མཐུས། ཤིང་དེ་དག་བཅད་པས་ནུབ་པར་གྱུར་ཏེ། ཕོ་མོའི་དབང་པོ་སྲོལ་དོད་པ་ལས། འབུར་འབུར་པོ་དང་། ཤོང་བུ་ཙམ་ཞིག་སྟེ། དངོས་སུ་ནི་མེད་དོ། །དེའི་འོག་ཏུ་ལོ་ལྔ་བརྒྱ་འདས་པ་ན། ཚེ་དང་བསོད་ནམས་ཀྱང་བགས་ཀྱིས་བྲི་སྟེ། སྔོན་བསྐལ་པའི་ས་ཆགས་པའི་རྗེས་ལ། ཆུའི་རྒྱུན་བབས་པས་རོལ་མཚོ་དང་གླིང་རྣམས་གང་ནས། དེ་དག་གི་སྟེང་དུ་འོ་མའི་སྤྲིས་མ་བཞིན་ཆགས་པ་ནི་སའི་བཅུད་ཅེས་བྱ་སྟེ། མར་གསར་གྱི་ཁ་དོག་ལྟ་བུ་ལ། སྦྲང་རྩིའི་རོ་བཅུད་འདྲ་བ་ཡོད་པ་དེ་ལ། མཛུབ་མོས་བླངས་ཏེ་མྱངས་པས་སྲེད་པར་གྱུར་ན། ཟས་སུ་ཟ་ཞིང་། ཤིང་ལས་རས་བལ་འཇམ་པོ་བྱུང་བ་དག་གོས་སུ་གྱོན་ཏེ། དེའི་ཚེ་གཅིག་ལ་གཅིག་བགད་པས་ཚིམ་པའི་འདོད་ཆགས་ཀྱང་བྱུང་སྟེ། འགྲོ་བ་མང་དུ་མཆེད་དོ། །དེ་ནས་ཁམ་གྱ ི་ཟས་དེས་ལུས་འཁྲང་བ་དང་ལྕི་བར་གྱུར་ཏེ། ཉོན་མོངས་པ་སྐྱེས་པའི་དབང་གིས་འོད་ཉམས་ཏེ། འཇིག་རྟེན་འདིར་མུན་པ་བྱུང་ངོ་། །གཏི་མུག་བག་ལ་ཉལ་དངོས་སུ་ལངས་པའི་དུས་སོ། །འདི་ལྟར་འཇིག་རྟེན་དུ་མུན་པ་བྱུང་བ་དང་། ཉི་ཟླ་འཆར་བ་ཆོས་ཉིད་ཡིན་པས། འགྲོ་བ་རྣམས་སྤྱི་མཐུན་གྱི་བསོད་ནམས་ལས། ནམ་མཁའ་ལ་ནི་ཉི་མའི་དཀྱིལ་འཁོར་ཤར་བས། འདི་ནི་ལྷའི་འོད་ཡིན་ནོ་སྙམ་དུ་སེམས་ནས། མིང་ཉིན་པར་ཞེས་ཟེར་ཏེ། ཉི་མར་བཏགས་སོ། །དེ་ནུབ་པ་དང་མཚན་མོ་ཞེས་མིང་བཏགས་སོ། །དེ་ནས་ཟླ་བ་ཤར་བས་འདི་ཡང་དེའི་ཟླ་བོར་འདུག་ཟེར་ནས་ཟླ་བར་བཏགས་སོ། །ཟླ་བ་ཤར་བ་ན་བསིལ་དྲགས་པས་གྲང་བར་གྱུར་ཏེ། ཧ་ཅང་བསིལ་དྲགས་སོ་ཞེས་མཐུན་པར་སྨྲས་པས། འགྲིབ་པར་འགྱུར། ཡང་སྣང་བར་ཤོག་ཅེས་སྨྲས་པས་སྐྱེ་བར་གྱུར་ཏེ། སྟོད་སྨད་ཀྱི་ཚེས་ལ་སྐྱེ་བྲིར་གྱུར་ཏོ། །དེ་ནས་ཟས་མང་དུ་ཟ་བ་དག །ཁ་དོག་ངན་ལ། ཉུང་ངུ་ཟ་བ་དག་ཁ་དོག་བཟང་བས། ཁ་དོག་སྣ་ཚོགས་པར་ཡོད་པར་གྱུར་ཏེ། ངན་པ་ལ་དཔྱས་ཤིང་སྨད། བཟང་པོ་ལ་སྟོད་ཅིང་ང་རྒྱལ་བས་ཕྲག་དོག་པར་གྱུར་ཏེ། ང་རྒྱལ་དང་ཕྲག་དོག་མངོན་འགྱུར་སྐྱེས་པས། སྔར་གྱི་སའི་བཅུད་ནུབ་པར་གྱུར་ནས་སེམས་ཅན་དེ་དག་འདུས་ཏེ། ཀྱེ་མ་ཀྱེ་ཧུད་སའི་བཅུད་ཟེར་ཞིང་མྱ་ངན་བྱེད་དོ། །དེའི་འོག་ཏུ་སའི་ཞག་ཁ་དོག་དོང་ཀའི་མེ་ཏོག་ལྟར་དམར་བ་ལ། རོ་སྦྲང་རྩི་སྐོལ་བ་ལྟ་བུ་བྱུང་བ་ལ་ཡུན་རིང་དུ་སྤྱོད་དོ། །དེ་ཡང་མངོན་པའི་ང་རྒྱལ་སྐྱེས་པས་ནུབ་པ་ན་ཡང་སྔར་བཞིན་མྱ་ངན་བྱེད་དོ། །དེའི་འོག་ཏུ་མྱུ་གུའི་ཚལ་ཁ་དོག་ཀ་ཏམ་པུ་ཀའི་མེ་ཏོག་ལྟར་སེར་བ་ལ་ཡུན་རིང་དུ་ཟ་ཞིང་འདུག་གོ །དེ་ནི་ནང་བརྔས་ན་ནང་སྐྱེ། ནུབ་བརྔས་ན་ནུབ་སྐྱེ་བས། བརྔས་པ་མི་མངོན་པར་ཡོད་པ་ལས། སྔར་བཞིན་ནུབ་ནས་མྱ་ངན་བྱེད་དོ། །དེའི་འོག་ཏུ་མ་རྨོས་མ་བཏབ་པས་རང་སྐྱེས་པའི་འབྲས་ས་ལུའི་ཕུབ་མ་མེད་ཅིང་གཙང་ལ་ནང་བརྔས་ན་ནུབ་སྐྱེ་ལ། ནུབ་བརྔས་ན་ནང་སྐྱེ་བ་ལ་ཡུན་རིང་དུ་སྤྱོད་དོ། །དེ་ནས་ཟས་རགས་པ་དེས་ལུས་སྟོབས་དང་ལྡན་ཞིང་། བཤང་གཅིའི་ལམ་དང་། ཕོ་མོའི་དབང་པོའི་སྒོ་གསལ་པོར་དངོས་སུ་དོད་དེ། དེ་དག་སྦ་བའི་དོན་དུ་རས་བལ་ཐགས་སུ་བྱས་པའི་སྨད་དཀྲིས་དང་གོས་སུ་བྱེད་དོ། །དེའི་ཚེ་གཅིག་ལ་གཅིག་ཆགས་པས་འཁྱུད་པའི་འདོད་ཆགས་འབྱུང་སྟེ། དབང་པོའི་སྒོ་གཉིས་སྦྱར་ནས་འཁྲིག་པར་སྤྱད་པས། སེམས་ཅན་དང་ལྡན་པར་གྱུར་ཏེ། མངལ་ནས་སྐྱེ་བར་གྱུར་ཏོ། །དེ་ལྟར་འཁྲིག་པ་སྤྱོད་པ་ན། གཞན་དག་གི་མི་རིགས་པའི་སེམས་སྐྱེས་ཏེ་ས་རྡོས་འཕངས་པ་དང་ངན་དུ་སྨྲས་པས་ངོ་ཚ་བའི་སེམས་སྐྱེས་ཏེ། ཤིང་དང་རྡོ་ལ་སོགས་པས་ལོགས་སྐྱོར་རེ་ཁང་བུ་བྱས་པས། ངོ་ཚ་བའི་ཁྱིམ་ཞེས་མིང་དུ་གྲགས་སོ། །དེའི་ཚེ་གཤེར་བ་ཆར་སྐྱབ་པའི་ཕྱིར། སྟེང་ནས་འཇག་མས་བཀབ་པས། ཁྱིམ་ལ་སྔ་བ་འཇག་ཁྱིམ་སྤྱིལ་པོ་བྱུང་། དེ་ནས་འབྲས་ས་ལུའི་ཞིང་ལས་ཇི་ཙམ་དགོས་པ་བརྔ་བ་ལས། ལེ་ལོ་ཅན་ཞིག་གིས་སང་གི་སྐལ་བ་ཡང་དོ་ནུབ་ལེན་པའི་གསོག་འཇོག་བྱས་པས། དེ་ལ་ཐམས་ཅད་ཀྱིས་འགྲན་ནས་དེ་ལྟར་བྱས་སོ། །དེ་ཡན་ཆད་ནི་སྔོན་བསྐལ་པ་དང་པོ་ཞེས་དགེ་བཅུ་ལ་ངང་གིས་རྫོགས་པར་སྤྱོད་པས། རྫོགས་ལྡན་གྱི་དུས་སོ། །དེ་ནས་འཛམ་བུ་གླིང་འདིར་མི་རིགས་བཞིར་བྱུང་བ་ནི། འབྲས་ཀྱི་ཞིང་བཟང་ངན་ཀུན་ལ་རྐུ་བ་མི་རིགས་པ། ཆད་པ་བཅད་པ་དང་། ས་ལུ་ཕྱིར་འདྲེན་པ་དང་། ནང་དུ་འགུགས་པ་ལ་སོགས་ངན་པར་སྐྱེས་པ་དག་གིས་བྱས་ལ། བཟང་དུ་སྐྱེས་པ་དག །དལ་བར་འཁོད་པ་རིགས་པས། བདག་ཅག་རྣམས་འདུས་ལ། གཅིག་དཔོན་དུ་བསྐོ་བར་བྱའོ་ཞེས་བགྲོས་ཏེ། དེ་དག་གི་ནང་ནས་མི་རིགས་དང་ངང་ཚུལ་བཟང་ལ། གཟུགས་མཆོག་ཏུ་གྱུར་པ་ཞིག་རྒྱལ་པོར་བསྐོས་པས་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། །ལུང་ཁ་ཅིག་ལས། འབྲས་ཀྱི་ཞིང་ཟད་དུ་ཉེ་བ་ན། སོ་སོར་བགོས་པ་ན། མི་རང་བཞིན་བཟང་བ་ཞིག་བགོད་མཁན་བྱས་པ། ཁོ་རང་གི་སྐལ་བ་ཆད་པ་ལ་ཐམས་ཅད་མགུ་ནས། ཁྱོད་བདག་ཅག་རྣམས་ཀྱི་རྒྱལ་པོར་འོས་སོ་ཞེས་འབྲས་ཀྱི་སྙེ་མ་སོ་སོ་ནས་བསྡུས་ཏེ་བསྐོས་པར་བཤད་དོ། །དེ་ནས་མི་ཁ་ཅིག་ཁྱིམ་ནས་ཡིད་ཕྱིར་ཕྱོགས་པས་གཙང་སྦྲ་ལྷུར་ལེན་པ་དེ་ལ་བྲམ་ཟེ་ཞེས་བྱ་བའི་མིང་དུ་གྲགས་ཏེ། དེའི་རྒྱུད་དུ་གཏོགས་པ་རྣམས་ལ་བྲམ་ཟེའི་རིགས་ཞེས་བྱའོ། །ཁྱིམ་ན་གནས་པས་ཡོ་བྱད་འབྱོར་པས་ཕ་དང་མ་མཆོད་པ་ལ་གཙོ་བོར་བྱེད་པ་དེ་དག་རྗེའུ་རིགས་ཞེས་བྱ་སྟེ། དེའི་རྒྱུད་དུ་གཏོགས་པ་རྣམས་ལ་རྗེ་རིགས་སོ། །གང་དག་ཕ་ལ་ཕར་མི་འཛིན། མ་ལ་མར་མི་འཛིན་རིགས་ཀྱི་རྒན་རབས་ལ་རྒན་རབས་སུ་མི་འཛིན་པ། དེ་དག་ལ་མི་བཀུར་ཞིང་། རྐུ་བ་དང་ལོག་པར་གཡེམ་པ་ལ་སོགས་པ་ཆོས་མི་དགེ་བ་ལ་གཙོ་བོར་གདོལ་ཆོས་སུ་ངན་པར་སྤྱོད་པ་དེ་དག་ལ། དམངས་སམ་གདོལ་པའི་རིགས་ཞེས་ངན་པར་བྱས་སོ། །མཐོ་རིས་ཀྱི་འགྲོ་བ་བཤད་ཟིན་ཏོ། །

གཉིས་པ་ངན་སོང་གི་འགྲོ་བ་ནི། དེ་ཡང་སྔོན་གྱི་མཐོ་རིས་ཀྱི་རྟེན་ལ་ཞེ་སྡང་གི་ལས་གཙོ་བས་བསགས་པ་དེའི་ནང་ནས་དམྱལ་བ་རྣམས་ཀྱི་བདག་པོར་འགྱུར་བའི་ལས་བསགས་པ་ཞིག །ཐོག་མར་དམྱལ་བའི་གནས་སུ་གཤིན་རྗེའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་སེམས་ཅན་དམྱལ་བ་པའི་སྲུང་མ་རྣམས་ནི། སྤྲུལ་པའི་ཚུལ་དུ་བརྫུས་ཏེ་འབྱུང་ཞིང་། ཁྱི་དང་། བྱ་དང་། ཟངས་དང་། ཁྲོ་ཆུ་དང་། མེ་དང་། མཚོན་ལ་སོགས་པ་ཡང་སྤྲུལ་པར་འབྱུང་བར་འགྱུར་བའོ། །དེ་བཞིན་དུ་དམྱལ་བ་གཞན་རྣམས་ཀྱང་འབྱུང་བའོ། །ཡི་དྭགས་རྣམས་ནི་སྔོན་འདོད་ཆགས་ཀྱི་སྒོ་ནས། ཡི་དྭགས་མྱོང་བར་འགྱུར་བའི་ལས་བསགས་པ་དེ་དག་ལའང་། ཕྱིའི་སྒྲིབ་པ་ཅན་དང་།  ནངགིསྒྲིབཅན ་དང་། སྤྱི་མཐུན་ལས་ཀྱི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་དུ་སྣང་བས་སྡུག་བསྔལ་བ་ཡིན་ནོ། །སྔོན་གཏི་མུག་གི་སྒོ་ཀུན་ནས་དུད་འགྲོར་མྱོང་བར་འགྱུར་བའི་ལས་ཅན་རྣམས་ལ་གཅིག་ལ་གཅིག་ཟ་བ་དང་། བཀོལ་སྤྱོད་དང་། འཚེ་བ་དུ་མའི་རྣམ་པས། མཚོ་དང་། གླིང་བར་དང་། ལྷ་དང་མིའི་ཡུལ་ན་སྣང་བ་ཡིན་ནོ། །འདིར་སྐབས་འཕྲོས་ཀྱི་རྩོད་སྤོང་ནི། བློ་རབ་ཏུ་རྩིང་ལ་ཐོས་པ་རྒྱ་ཆུང་བ་དག །གནས་རིགས་དེ་འདྲ་མེད་དོ་ཞེས་སྨྲ་བ་ནི་རབ་ཏུ་བླུན་ཏེ། མེད་པ་དེ་གང་ལ་ཟེར། དོན་ལ་མེད་ཅེས་པའང་དོན་དམ་པར་མེད་པ་ལ་འདོད་ན། ད་ལྟར་གྱི་སྣང་བ་འདིའང་མེད་པར་མཚུངས་ལ། ཐ་སྙད་རྨི་ལམ་ལྟར། དེ་དག་ཀྱང་རང་གི་རྒྱུ་དང་རྐྱེན་གྱིས་ཇི་ལྟར་གསུངས་པ་ལྟར་ཡོད་དོ། །དེའང་བྱེད་པ་པོ་རང་གི་ལས་ལས་གཞན་དུ་མེད་པ་ཡིན་པས་མེད་པར་འགྱུར་བ་དེ་ནི་རིགས་པ་མ་ཡིན་ནོ། །འདི་དག་གི་གནས་རིགས་དོན་ལ་མེད་ན་ཐེག་པ་ཆེན་པོའི་ལུང་ཆེན་རྣམས་ལས། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་གཉིས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་སྣང་བས་སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་གནས་སུ་སྣང་བར་མཛད་པས་སོ་སོའི་སྡུག་བསྔལ་ཞི་བར་གསུངས་པ་དག་ཇི་ལྟར་དྲངས། ཡང་ཁ་ཅིག །སངས་རྒྱས་ཚེ་ལོ་བརྒྱད་ཁྲི་ནས་བརྒྱ་པའི་བར་ཁོ་ན་ལ་འབྱུང་ཞེས་པའང་། ཐོས་པའི་མིག་རྒྱང་ཐུང་བ་སྟེ། ཚེ་ལོ་དཔག་མེད་ཀྱི་དུས་ན་སངས་རྒྱས་རྣམ་པར་གཟིགས་བྱུང་བའི་ཕྱིར་དང་། འཇིག་རྟེན་གཞན་དག་ན་མགོན་པོ་ཚེ་མཐའ་ཡས་པ་ཚེ་ལོ་དཔག་མེད་ཀྱི་དུས་སུ་བྱོན་པ་ལ་སོགས་ཀྱིས་གནོད་དོ། །དེས་ན་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་གི་དང་པོ་འཁོར་བ་འཇིག་བརྒྱད་ཁྲི་ན་བྱོན་པ་ནས་བཞི་ཁྲི་ན་གསེར་ཐུབ། ཉི་ཁྲི་ན་འོད་སྲུང་དང་། བརྒྱ་པའི་དུས་འདིར་ཤཱཀྱ་ཐུབ་པ་བྱོན་པ་ནས། མཐར་མོས་པའི་བར་དུ་བརྩིས་པ་ཡིན་ནོ། །རྣམ་པར་གཟིགས་དང་། མར་མེ་མཛད་དང་། རིན་ཆེན་གཙུག་ཏོར་ཅན་གསུམ་ནི། དེའི་གོང་དུ་བྱོན་པས་བར་གྱི་སངས་རྒྱས་ཞེས་བྱ་སྟེ། དེ་ལྟ་བུ་ཕྱིས་ཀྱང་འབྱོན་པར་གསུངས་པས་མ་ངེས་པ་ཡིན་ནོ། །འོན་ཀྱང་དཔག་མེད་ལས་རིང་ཞིག་ན། མར་འགྲིབ་ཏུ་ཉེ་བའམ། གཅིག་འགྲིབ་ཀྱང་ད་དུང་དཔག་མེད་ཀྱི་མིང་ཡོད་པ་མན་ཆད་ལ་འབྱུང་ངོ་། །དེ་ལྟར་བསྐལ་པ་གནས་ནས་ཆགས་པའི་རིང་ལ་འཇིག་རྟེན་དུ་གྲགས་པའི་ཆོས་ཀྱི་ལུགས་ཚད་མེད་པ་བྱུང་ཡང་མདོར་བསྡུས་ཙམ་ཞིག་སྨོས་ན། དེ་ལ་སྡོམ་ནི། དེ་ལྟར་གནས་དུས་ཆོས་ཀྱི་བྱེ་བྲག་ཀྱང་། །འགྲོ་བ་དྲུག་དང་སྐྱེ་བ་རྣམ་པ་བཞི། །གཞི་དྲུག་དུས་བཅུའི་དངོས་པོ་བཅུ་བདུན་དང་། །ཡོ་བྱད་བཅུ་བཞི་རྗེས་སུ་སྤྱོད་པ་བརྒྱད། །ཅེས་པ་སྟེ། དེ་ལ་ལྷ་དང་། ལྷ་མ་ཡིན་དང་། མི་དང། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་སྟེ་འགྲོ་བ་དྲུག་གོ །སྒོ་ང་ལས་སྐྱེ་བ་དང་། མངལ་དང་། དྲོད་གཤེར་དང་། རྫུས་ནས་སྐྱེ་བ་སྟེ་སྐྱེ་བ་རྣམ་བཞིའོ། །གང་དག་ཁྱུང་དང་། ངང་པ་དང་། ཁྲུང་ཁྲུང་ལ་སོགས་པའི་སྒོ་ངའི་སྦུབས་རྡོལ་ནས་སྐྱེ་བ་ནི་སྒོང་སྐྱེས་ཏེ། བདུད་དང་། གནོད་སྦྱིན་དང་། ཆུ་བདག་ལ་སོགས་པ་དྲེགས་པ་ཅན་འགའ་ཞིག་ཡིན་ནོ། །དྲོད་གཤེར་ལས་སྐྱེ་བ་ནི། ས་དང་། ཤིང་དང་། རྡོ་ལ་སོགས་པའི་ནང་ནས་སྐྱེ་བ་སྟེ། གྲོག་བུར་དང་། ཕྱེ་མ་ལེབ་དང་། ཤིང་སྲིན་ལ་སོགས་པ་བཞིན་ནོ། །རྫུས་ཏེ་སྐྱེ་བ་ནི། པདྨ་ལ་སོགས་ལས་སྐྱེ་བའམ། ཕྱོགས་གང་དུ་འཇའ་ཚོན་ལྟར་སྐྱེ་མཆེད་དྲུག་ཚང་བའམ་མ་ཚང་བ་རྣམས་ཏེ། ཞིང་དག་པའི་བྱང་ཆུབ་སེམས་དཔའ་དང་། དམྱལ་བ་པ་རྣམས་དང་། ལྷ་རྣམས་དང་། དུད་འགྲོ་འགའ་ཞིག་དང་། ཡི་དྭགས་ཕལ་དང་། མི་ཁ་ཅིག་བཞིན་ནོ། །ཡོངས་སུ་བཟུང་བའི་གཞི་ནི་དྲུག་སྟེ། གནས་པའི་གཞི་དང་། རྟེན་པའི་གཞི་དང་། ཟས་ཀྱི་གཞི་དང་། བདེ་བའི་གཞི་དང་། སྣང་བའི་གཞི་དང་། ལུས་གནས་པའི་གཞིའོ། །ཁ་ཅིག་གཏམ་གྱི་གཞི་བསྣན་ཏེ་བདུན་དུ་འདོད་པའང་ཡོད། དུས་རྣམ་པ་བཅུ་ནི། བསྐལ་པ་དང་། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ཉིན་མོ་དང་། མཚན་མོ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། དུས་ཚིགས་སོ། །ཡོངས་སུ་བཟུང་བའི་དངོས་པོ་བཅུ་བདུན་ནི། བདག་དང་། ཕ་མ་དང་། བུ་ཚ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚན་དང་། ཞིང་དང་། ཁྱིམ་དང་། ཟོང་དགྲམ་པའི་དངོས་པོ་དང་། བསོད་ནམས་བྱ་བའི་དངོས་པོ་དང་། ལས་ཀྱི་མཐའ་ལ་སྦྱོར་བའི་དངོས་པོ་དང་། ནོར་ལ་སོགས་པའི་དངོས་པོའོ། །ལོངས་སྤྱོད་ཀྱི་ཡོ་བྱད་བཅུ་བཞི་ནི། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། རྒྱན་དང་། གླུ་བྲོ་དང་། བཞད་གད་པ་དང་། རོལ་མོའི་སྒྲ་དང་། སྤོས་དང་། མེ་ཏོག་ཕྲེང་རྒྱུད་དང་། བྱུག་པ་དང་། སྣོད་སྤྱད་དང་། སྣང་བ་དང་། ཕོ་མོ་དགའ་མགུར་སྤྱོད་པའོ། །རྒྱུན་གྱི་རྗེས་སུ་སྤྱོད་པ་བརྒྱད་ནི། སྤྱོད་ལམ་གཞན་ལ་ཡོངས་སུ་བརྟག་པ་དང་། གོས་ཀྱིས་དཀྲི་བ་དང་། ཁ་ཟས་བཟའ་བཏུང་དང་། ལུས་ཀྱིས་བསྙེན་བཀུར་བྱ་བ་དང་། གཉིད་ལོག་པ་དང་། འཁྲིག་པ་སྤྱོད་པ་དང་། དེ་དང་ལྡན་པའི་རྩོལ་བ་དང་། དེ་དང་ལྡན་པའི་གཏམ་རྣམས་སོ། །གཞན་ཡང་། འཇིག་རྟེན་སྤྱོད་བཅུ་གཏམ་གྱི་རྣམ་པ་གསུམ། །ཉེར་རྩོམ་ཉེར་གཉིས་དེ་བཞིན་སེམས་ཅན་རིས། །དྲུག་ཅུ་རྩ་གསུམ་དུས་བརྒྱད་འཇུག་པ་བཞི། །ཞེས་པས་འཇིག་རྟེན་གྱི་འཇུག་པ་བཅུ་ནི། སྨྲ་བ་དང་། གཏམ་བྱེད་པ་དང་། སོ་སོར་དགའ་མགུར་བྱེད་པ་དང་། བག་མ་མཐོང་བ་དང་། བག་མ་ལེན་པ་དང་། འབོད་པ་དང་། དབྱར་འདྲེན་པ་དང་། ལྷག་པར་ཟ་བ་དང་། འདུས་ཤིང་ཟ་བ་དང་། རྩོད་པ་བྱུང་བ་ལ་གཅིག་གི་གྲོགས་གཅིག་གིས་བྱེད་པའོ། །གཏམ་རྣམ་པ་གསུམ་ནི། ཡང་དག་པའི་ཆོས་དང་ལྡན་པ་དང་། ཆོས་དང་ལྡན་པ་མ་ཡིན་པ་དང་། དེ་ལས་གཞན་པའོ། །དང་པོ་ནི། འཕགས་པ་ཡོ་བྱད་སྟུངས་པ་ཅན་དང་ལྡན་པའི་གཏམ་དང་། སེམས་ཀྱི་སྒྲིབ་པ་སེལ་བའི་གཏམ་བྱེད་པ་གང་ཡིན་པ་སྟེ། འཁོར་བ་ནས་ངེས་པར་འབྱིན་པའི་གཏམ་རྣམས་སོ། །གཉིས་པ་ནི། གང་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཁ་ཟས་རང་འདོད་པ་དང་། ཉོ་ཚོང་ལ་སོགས་པ་ཟག་པ་འཕེལ་བའི་གཏམ་བྱེད་པའོ། །གསུམ་པ་ནི། ལུང་དུ་མ་བསྟན་པའི་བསམ་པས་ཀུན་ནས་བསླངས་པ་ངག་གི་ལས། མེ་དང་ཆུ་ལ་སོགས་པ་བརྗོད་པའི་གཏམ་བཞིན་ནོ། །ཉེས་རྩོམ་ཉི་ཤུ་རྩ་གཉིས་ནི་གཞལ་ལུགས་གསུམ་ལ་སྒྱུ་བྱེད་པ་དང་། སྲང་ལ་སྒྱུ་བྱེད་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་དང་ལོག་པའི་ལས་ལ་སྦྱོར་བ་དང་། འཐབ་པ་དང་། མཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། བཤེ་བ་དང་། ཁྲོ་བ་དང་། དམ་བཅའ་བ་དང་། སྡིག་པ་དང་། བརྡེག་པ་དང་། གསོད་པ་དང་། འཆིང་བ་དང་། གོ་རར་འཇུག་པ་དང་། གཅོད་པ་དང་། སྤྱུག་པ་དང་། གཡོ་བྱེད་པ་དང་། འདྲིད་པ་དང་། དྲག་ཤུལ་དང་། རྫུན་དུ་སྨྲ་བ་རྣམས་སོ། །སེམས་ཅན་གྱི་རིས་དྲུག་ཅུ་རྩ་གསུམ་ནི། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། བར་གྱི་སྲིད་པ་རྣམས་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་དང་། བྲམ་ཟེ་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། ངན་པ་དང་། འབྲིང་དང་། བཟང་པོ་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་དྲག་པོ་ཅན་རྣམས་དང་། དེ་མ་ཡིན་པ་རྣམས་དང་། སྡོམ་པ་ཅན་རྣམས་དང་། སྡོམ་པ་ཅན་མ་ཡིན་སྡོམ་པ་མེད་པ་ཡང་མ་ཡིན་པ་རྣམས་དང་། འདོད་ཆགས་དང་བྲལ་བ་དང་། དེ་དང་བྲལ་བ་མ་ཡིན་པ་དང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་བ་རྣམས་དང་། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་བ་རྣམས་དང་། གཉིས་ཀར་མ་ངེས་པའི་ཕུང་པོ་བ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ཁ་ཏོན་པ་དང་། ཞལ་ཏ་བྱེད་པ་དང་། གནས་བརྟན་དང་། བར་མ་དང་། གསར་བུ་དང་། མཁན་པོ་དང་། སློབ་དཔོན་དང་། ལྷན་ཅིག་གནས་པ་དང་། ཉེ་གནས་དང་། གློ་བུར་དུ་ལྷགས་པ་དང་། དགེ་འདུན་གྱི་ལས་བྱེད་པ་དང་། བརྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། ཡོ་བྱད་བསྙུངས་པ་དང་། མང་དུ་ཐོས་པ་དང་། མཁས་ཤིང་བསོད་ནམས་དང་ལྡན་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་དང་། འདུལ་བ་འཛིན་པ་དང་། མདོ་སྡེ་འཛིན་པ་དང་། མ་མོ་འཛིན་པ་དང་། སོ་སོ་སྐྱེ་བོ་དང་། བདེན་པ་མཐོང་བ་དང་། སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། འཁོར་ལོ་སྒྱུར་བ་རྣམས་སོ། །དུས་རྣམ་པ་བརྒྱད་ནི། མངལ་ན་གནས་པའི་དུས་དང་། བཙས་པའི་དུས་དང་། བྱིས་པའི་དུས་དང་། གཞོན་ནུའི་དུས་དང་། ལང་ཚོའི་དུས་དང་། དར་ལ་བབས་པའི་དུས་དང་། རྒས་པའི་དུས་དང་། འཁོགས་པའི་དུས་སོ། །མངལ་དུ་འཇུག་པ་བཞི་ནི། ཤེས་བཞིན་དུ་འཇུག་མ་ཤེས་པར་གནས་ཤིང་དུ་འབྱུང་བ་འཁོར་ལོས་སྒྱུར་བ། ཤེས་བཞིན་འཇུག་ཅིང་གནས་ལ་མི་ཤེས་པར་འབྱུང་བ་ཉན་ཐོས་དང་རང་སངས་རྒྱས། ཤེས་བཞིན་དུ་འཇུག་ཅིང་གནས་ཏེ་འབྱུང་བ་བྱང་ཆུབ་སེམས་དཔའ། མི་ཤེས་པར་འཇུག་ཅིང་གནས་ཏེ་འབྱུང་བ་དེ་དག་ལས་གཞན་པའི་འགྲོ་བ་རྣམས་སོ། །གཞན་ཡང་འཚོ་བ་དྲུག་དང་ཀུན་ནས་བསྲུང་བ་དྲུག །ང་རྒྱལ་བདུན་དང་རྒྱགས་པ་རྣམ་པ་བདུན། ཐ་སྙད་བདུན་དང་ཐ་སྙད་མང་པོའི་གཞི་ཞེས་བཤད་པ་ལ། འཚོ་བ་རྣམ་པ་དྲུག་ནི། ཞིང་ལས་དང་ཚོང་གི་ལས་དང་། ཕྱུགས་བཙའ་བ་དང་། ཞོ་ཤས་འཚོ་བ་དང་། ཡི་གེ་དང་ཤོད་འགོད་པ་དང་། རྩིས་ཀྱི་ལས་དང་། དེ་དག་ལས་གཞན་པ་བཟོའི་གནས་རྣམས་སོ། །ཀུན་ནས་བསྲུང་བ་དྲུག་ལ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་གྱི་ཚོགས་དང་། མཛའ་བཤེས་ཀྱི་ཚོགས་ཏེ། རང་གི་སྡེ་བསྲུང་བའོ། །སྡུག་བསྔལ་རྣམ་པ་བདུན་ནི། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་། མི་འདོད་པ་དང་འཕྲད་པ་དང་། སྡུག་པ་དང་བྲལ་བ་དང་། འདོད་པས་འཕོངས་པའོ། །ང་རྒྱལ་བདུན་ལ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །རྒྱགས་པ་བདུན་ལ། ནད་མེད་པས་རྒྱགས་པ་དང་། ལང་ཚོས་རྒྱགས་པ་དང་། གསོན་པས་རྒྱགས་པ་དང་། རིགས་ཀྱིས་རྒྱགས་པ་དང་། གཟུགས་ཀྱིས་རྒྱགས་པ་དང་། དབང་ཕྱུག་གིས་རྒྱགས་པ་དང་། ཐོས་པས་རྒྱགས་པའོ། །ཐ་སྙད་བཞི་སྟེ། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། མཐོང་བ་དང་། རྣམ་པར་ཤེས་པའི་ཐ་སྙད་ལས་ཐོས་པའི་ཐ་སྙད་ནི། གང་གཞན་ལས་ཐོས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །བྱེ་བྲག་འབྱེད་པའི་ཐ་སྙད་ནི། གང་དེས་མ་མཐོང་མ་ཐོས་པར་བདག་གིས་བསམས་ཤིང་ཉེ་བར་བཏགས་ནས། དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །མཐོང་བའི་ཐ་སྙད་ནི། གང་དེས་མིག་ལ་སོགས་པའི་མངོན་སུམ་དུ་བྱས་ནས། དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པའོ། །རྣམ་པར་ཤེས་པའི་ཐ་སྙད་ནི། གང་དེས་སོ་སོ་རང་གིས་རིག་པ་དང་། རྟོགས་པ་དང་། རིག་པ་དང་། མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ་གཞན་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །ཐ་སྙད་ཀྱི་གཞི་མང་པོ་རྣམས་ནི། ངེས་པའི་ཚིག་གི་གཞི་རྣམས་དང་། སྤྲོས་པའི་གཞི་རྣམས་དང་། དོན་བསྡུས་པའི་གཞི་རྣམས་དང་། ཞེས་ཀྱང་བྱ། རྣམ་པ་སྒྲིབ་པ་མེད་པའི་དོན་དང་། མི་རྟག་པ་དང་བྲལ་བའི་དོན་དང་། རྟག་པ་ཕྱིན་ཅི་མ་ལོག་པའི་དོན་དང་། བདེ་བ་དང་སྡུག་བསྔལ་དང་བྲལ་བའི་དོན་དང་། ཚོར་བ་དང་བྲལ་བ་མ་ཡིན་པའི་དོན་དང་། ཚོར་བ་དང་བྲལ་བའི་དོན་ཏོ། །ཐ་སྙད་ཀྱི་གཞི་རྣམས་ཀྱི་དོན་ནི་ཐ་སྙད་འདོགས་པའི་ཡུལ་དང་དོན་དུ་གཞལ་བྱ་གང་ཡིན་པ་དེ་ཡིན་ལ། ཐ་སྙད་ཀྱིས་ནི་འཇལ་བྱེད་དུ་རྣམ་པར་བཞག་པ་ཡིན་ཏེ། གཟུགས་འཛིན་མིག་ཤེས་མངོན་སུམ་ལ་ཨུཏྤལ་སྣང་དུས། ཕྱི་རོལ་གྱི་དོན་རང་ཚན། ཨུཏྤལའི་གཟུགས་དང་། དྲི་དང་། ཆེ་ཆུང་ལ་སོགས་པ་ཡུལ་དུ་སྣང་བའི་དོན་ནི་ཐ་སྙད་ཀྱི་གཞི་ཡིན་ལ། ཨུཏྤལར་ངེས་པའི་མིག་ཤེས་མངོན་སུམ་ཚད་མ་ནི། ཐ་སྙད་ཅེས་བྱ་བ་ཡིན་པ་བཞིན་ནོ། །གཞན་ཡང་། མཁས་པ་དྲུག་ཀའི་དངོས་པོ་དགུ། །འཁོར་གྱི་དངོས་པོ་བརྒྱད་སོགས་གྲགས། །ཞེས་བཤད་པས། མཁས་པར་བྱ་བའི་དོན་རྣམ་པ་དྲུག་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་བྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་ལ་མཁས་པར་བྱ་བའོ། །ཕུང་པོ་ནི་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །ཁམས་ནི་དྲུག་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད་ནས། རྣ་བ་དང་། སྣ་དང། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱི་སྐྱེ་མཆེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བཅུ་གཉིས་ཏེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ། །གནས་དང་གནས་མ་ཡིན་པ་ནི། འཁོར་བ་དང་དེའི་ལམ་ཀུན་འབྱུང་འབྲས་བུ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་རྣམས་སྤང་བྱ་ཁོ་ན་སྟེ་གནས་མ་ཡིན་པ་དང་། མྱ་ངན་ལས་འདས་པ་འགོག་བདེན་ནི་ཞི་བ་སྟེ། དེའི་རྒྱུ་{བདེ་}ལམ་བདེན་ཆ་དང་བཅས་པ་རྣམས། གཉེན་པོ་བླང་བྱ་ཁོ་ན་བས་གནས་ཞེས་བྱའོ། །དབང་པོ་ལ། འཕགས་པ་དང་། སོ་སོའི་སྐྱེ་བོ་གཉིས་ལས། དེ་ལ་གཟུགས་ཅན་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་སྟེ་རྣམ་པ་དྲུག་གོ །གཟུགས་ཅན་མ་ཡིན་པ་ནི་ཡིད་ལས་ཕྱེ་བར་འདོད་དེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་སོ། །རྣམ་པར་གྲོལ་བ་འཕགས་པའི་དབང་པོ་ལའང་། ལྷག་བཅས་ཀྱི་རྟེན་ལ་དབང་པོ་གཟུགས་ཅན་ལྔ་དང་། གཟུགས་ཅན་མ་ཡིན་པ་ལྔ། རྣམ་པར་གྲོལ་བའི་དབང་པོ་དང་བཅུ་གཅིག་གོ །ལྷག་མེད་ལ་གཟུགས་ཅན་ལ། གཟུགས་ཅན་མ་ཡིན་པ་ཐོབ་པ་ལས་མཉམ་པར་གནས་སོ། །ཚུལ་གཞན་ལས་དབང་པོའི་རྣམ་གཞག་ཉི་ཤུ་རྩ་གཉིས་ལས་ལྡན་ཚུལ་བརྩི་བ་ནི་ཉན་ཐོས་སྡེ་པས་རྣམ་པར་བཞག་པ་ཡིན་ལ། སྤྲོས་པ་ལ་དགའ་ན་དེའི་གཞུང་དུ་བལྟ་བར་བྱོས་ཤིག །སངས་རྒྱས་ཀྱི་བཀའ་དངོས་པོ་དགུ་ལ། སེམས་ཅན་གྱི་དངོས་པོ་ནི། གཟུགས་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ལོངས་སྤྱོད་ཀྱི་དངོས་པོ་ནི། སྐྱེ་མཆེད་བཅུ་གཉིས་སོ། །སྐྱེ་བའི་དངོས་པོ་ནི། རྟེན་འབྲེལ་ལུགས་མཐུན་ཡན་ལག་བཅུ་གཉིས་སོ། །གནས་པའི་དངོས་པོ་ནི། ཟས་བཞི་པོ་རྣམས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་དངོས་པོ་ནི། འཕགས་པའི་བདེན་པ་བཞིའོ། །སྣ་ཚོགས་ཀྱི་དངོས་པོ་ནི། ཁམས་ཚད་མེད་པ་རྣམས་སོ། །སྟོན་པའི་དངོས་པོ་ནི། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་སོ། །བསྟན་པར་བྱ་བའི་དངོས་པོ་ནི། དྲན་པ་ཉེར་བཞག་སོགས་ཆོས་སུམ་ཅུ་རྩ་བདུན་ནོ། །གང་ཞེ་ན། དྲན་པ་ཉེ་བར་བཞག་པ་བཞི་ནི། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་བཞག་པའོ། །ཡང་དག་སྤོང་བ་བཞི་ནི། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་དང་། སྐྱེས་པ་སྤང་བའི་ཕྱིར་དང་། དགེ་བ་མ་སྐྱེད་པ་བསྐྱེད་པའི་ཕྱིར་དང་། སྐྱེས་པ་གོང་དུ་སྤེལ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་པ་རྣམ་པ་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་དང་། སེམས་དང་། དཔྱོད་པ་དང་། ཏིང་ངེ་འཛིན་ཡང་དག་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི། དད་པ་ལ་སོགས་པ་ལྔའོ། །བྱང་ཆུབ་བདུན་ནི། དྲན་པ་དང་། ཆོས་རབ་ཏུ་རྣམ་འབྱེད་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། དགའ་བ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །འཁོར་གྱི་དངོས་པོ་བརྒྱད་ལ། རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དགེ་སྦྱོང་དང་། རྒྱལ་ཆེན་བཞིའི་རིགས་དང་། སུམ་ཅུ་རྩ་གསུམ་པ་དང་། བདུད་དང་ཚངས་པའི་འཁོར་རོ། །སོགས་པར་གྲགས་ཞེས་པའི་དོན་ནི། འདི་ཙམ་དུ་མ་ཟད། རྒྱལ་པོའི་བསྟན་བཅོས་དང་། ཁྱིམ་བདག་དང་། དེད་དཔོན་རྣམས་ཀྱི་རྒྱ་མཚོ་དང་ནོར་བུ་བརྟག་པ་ལ་སོགས་པའི་བསྟན་བཅོས་ནས། ཕྱི་རོལ་པ་དང་། ནང་པ་དང་། ཐུན་མོང་དུ་གྲགས་པའི་ཆོས་ལུགས་བསྐལ་པ་གནས་པའི་དུས་འདིར་བྱུང་བ་ཡིན་ནོ། །དེ་ལྟར་བསྐལ་པ་གནས་ནས་འགྲིབ་པ་རྣམས་ཀྱི་མཐར་ཐུག་པ་ན། མི་རྣམས་ཚེ་ལོ་རིང་ན་བཅུ་ཐུབ་པའི་དུས། བུ་བཙས་པ་ལ་ལོ་བཅུ་ཐུབ་པའི་སྨོན་ལམ་འདེབས་ཤིང་། བུ་མོ་བཙས་པ་ལོ་ལྔ་ན་ཁྱིམ་ཐབ་ལ་གཏོང་ལ། ལུས་བོངས་ནི་ཚེ་ལོ་བརྒྱ་པའི་མི་རྣམས་ཀྱི་མཐོ་གང་ཕྱག་གང་པའོ། །ཁ་ཟས་ཀྱི་མཆོག་ནི་ཀ་ཏྲ་པའོ། །གོས་ཀྱི་མཆོག་སྐྲའི་ལ་བའོ། །རྒྱན་གྱི་མཆོག་མཚོན་ཆའོ། །དེའི་དུས་སྦྲང་མ་ཡོད་ཀྱང་སྦྲང་རྩི་མི་འབྱུང་། འོ་མ་དང་ཞོ་ཡོད་ཀྱང་མར་མི་འབྱུང་། ཉུངས་ཀར་དང་རིལ་ཡོད་ཀྱང་མར་ནག་མི་འབྱུང་། བུར་ཤིང་དང་ཀ་རའི་ཤིང་ཡོད་ཀྱང་བུ་རམ་དང་ཀ་ར་མི་འབྱུང་། ལན་ཚྭ་གཏན་ནས་མི་འབྱུང་། རོ་དྲུག་གི་ཁ་བ་གཅིག་པོ་ལས་མངར་བ་དང་། སྐྱུར་བ་དང་། བསྐ་བ་དང་། ཚ་བ་དང་། རྩུབ་པ་ལྔ་མེད་དོ། །དེའི་དུས་ན་མི་རྣམས་ཀྱི་ནང་ན། ཕ་མ་དང་། རྒན་རབས་དང་། བྲམ་ཟེ་ལ་སོགས་པ་རིགས་མཆོག་ཏུ་གྱུར་པ་མི་བཀུར་ཞིང་། སྲོག་ཅོད་ལ་སོགས་པ་མི་དགེ་བའི་ལས་ལ་སྤྱོད་པ་དེ་དག་ལ་བསྟོད་ཅིང་བཀུར་བར་བྱེད་ལ། དགེ་བ་བྱེད་པ་སྲིད་ན་སྨོད་ཅིང་འཐིང་སླད་དུ་བྱེད་དོ། །འབྲས་དང་། ནས་དང་། གྲོ་དང་། མོན་སྲན་ལ་སོགས་པའི་འབྲུ་བཟང་པོ་རྣམས་ནི་ནུབ། ཞག་དྲུག་ཅུ་ན་སྨིན་པའི་འབྲུ་བྲ་བོ་གཅིག་པུ་སྐྱེ་བས་དེའི་ཁ་ཟས་ལ་ལོངས་སྤྱོད་དོ། །གོས་སུ་ལྭ་བ་གྱོན་ཞིང་། དར་དང་། གོས་དང་། རས་ལ་སོགས་པའི་སྲབ་འཇམ་བཟང་དགུ་ནི་མེད་དོ། །སྐྱེ་བོ་ངན་པ་རྣམས་ལ་བསྟོད་ཅིང་། བཟང་པོ་ལ་དམོད་པར་བྱེད་དོ། །དེ་ནས་དུས་ངན་པ་དེས་རིང་ཞིག་གནས་པ་ལས། དེའི་འོག་ཏུ་སྐྱོན་གསུམ་གྱིས་ཟད་པར་བྱེད་པ་ནི། མཚོན་དང་། ནད་དང་། མུ་གེའོ། །དེ་ལ་མཚོན་བསྐལ་ནི། མི་རྣམས་ཆོས་མ་ཡིན་པར་སྤྱོད་པས་གནོད་སེམས་སྐྱེས་ནས། ཕན་ཚུན་གཅིག་ལ་གཅིག་གསོད་པ་དང་། བརྡེག་འཚོག་ཏུ་སེམས་ཏེ་རྔོན་པ་བས་དགོན་པར་རི་དྭགས་མཐོང་བ་བཞིན་ནོ། །དེ་ནས་ལས་ངན་གྱི་སྣང་བས་དེ་དག་གིས་ཤིང་དང་། རྡོ་དང་། བོང་བ་དང་། དབྱུག་པ་སོགས་གང་བླངས་ཀྱང་མཚོན་ཆར་གྱུར་ཏེ་གཅིག་གིས་གཅིག་གསོད་པར་གྱུར་ཏོ། །གང་དག་ཤི་བ་དེ་དག་དམྱལ་བར་ལྷུང་སྟེ་འདིའི་དུས་དམྱལ་བ་ན་སེམས་ཅན་ཤིན་ཏུ་མང་ངོ་། །དེ་ནས་ནད་བསྐལ་ནི། མི་རྣམས་ཀྱིས་མི་དགེ་བ་སྤྱད་པས། ལྷ་མ་སྲིན་འཁྲུགས་ནས་ནད་ཀྱི་རྣམ་པ་དུ་མ་གཏོང་སྟེ། གསོར་མི་རུང་བའི་ནད་ཀྱིས་མང་པོ་འཆི་བར་འགྱུར་རོ། །དེ་ནས་མུ་གེ་ནི། མི་དེ་དག་གིས་མི་དགེ་བ་སྤྱད་པས། ཀླུ་རྣམས་འཁྲུགས་ཏེ་ཆར་དུས་སུ་མི་འབེབས་པས་ལོ་ཉེས་པར་འགྱུར་རོ། །དེའི་རྐྱེན་གྱིས་མུ་གེ་གསུམ་འབྱུང་བ་ནི། གབ་ཚེ་བ་དང་། རུས་གོང་དཀར་པོ་དང་། ཐུར་མས་འཚོལ་བ་ཞེས་བྱའོ། །དེ་ལ་གབ་ཚེ་བ་ནི། དེའི་དུས་ན་ནས་སམ། འབྲས་སམ། སྲན་མ་ལ་སོགས་པ་སྔོན་གྱི་དུས་ན་སྐྱེ་བའི་ལྷག་ཅུང་ཟད་རྙེད་པ་མཐོང་ན་ཡ་མཚན་དུ་བྱེད་ཅིང་། བྲ་བོ་ལ་སོགས་པའི་འབྲུ་ངན་དག་མཐོང་ནའང་། ཟ་མ་ཏོག་གི་ནང་དུ་བཅུག་ནས་སྲུང་བར་བྱེད་དོ། །བཀྲེས་པས་ཉམས་སྟོབས་མེད་དེ་ས་ལ་འགྱེལ་ནས་ལྡང་མི་ནུས་ལ། དེ་ཉིད་དུ་འཆི་བ་གང་ཡིན་པའོ། །རུས་གོང་དཀར་པོ་ནི། སྔོན་མི་ཤི་བསོད་ནམས་ཀྱི་རུས་གོང་དཀར་པོ་བསྡུས་ནས། འདི་ནི་ཁམ་གྱི་ཟས་ཟ་བ་རྣམས་ཀྱི་རུས་པ་ཡིན་ནོ་སྙམ་དུ་བསམ་ནས། ཆུ་མང་པོའི་ནང་དུ་བསྐོལ་ནས་འཐུང་བའོ། །ཐུར་མ་པ་ནི། འབྲུའི་ཟེ་ཀ་རྙེད་པ་བསྡུས་ཏེ་ཆུ་མང་པོའི་ནང་དུ་སྐོལ་ནས་འཐུང་ཞིང་། འབྲུ་དེ་ཐུར་མས་ཉབ་པར་བྱེད་པའོ། །དེ་ཡང་མཚོན་བསྐལ་ཞག་བདུན། ནད་བསྐལ་ཟླ་བ་བདུན་ཞག་བདུན། མུ་གེ་ལོ་བདུན་ཟླ་བ་བདུན་ཞག་བདུན་གྱི་བར་དུ་འབྱུང་བས་མི་རྣམས་ཟད་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ས་ལས། ཚེ་ལོ་སུམ་ཅུ་པ་ལ་མུ་གེ། ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་འབྱུང་བར་བཤད་དོ། །དེའི་ཚེ་ཤར་ནུབ་ཀྱི་གླིང་གཉིས་སུའང་དེ་དང་འདྲ་བ་ཙམ་བྱུང་ཞིང་། བྱང་གླིང་ན་གཏན་ནས་མི་འབྱུང་ངོ་། །ཚེ་ལོ་བཅུ་པ་ནས་གོང་དུ་ཇི་ལྟར་འཕེལ་བའི་ཚུལ་ནི། བསྐལ་བ་གསུམ་པོ་དེས་ཕལ་ཆེར་ཟད་པར་གྱུར་པའི་དུས་ན། འདི་ལྟར་དགེ་བ་ཅན་འགའ་ཞིག་ལུས་པ་ནི། ཆུའི་གླིང་ངམ། རི་ལྗོངས་སམ། བྲག་གི་བར་ལ་སོགས་པར་ཞུགས་ནས། ཞག་བདུན་གྱི་བར་དུ་ཆུས་འཚོ་ཞིང་འདུག་པ་ལས་ཕྱི་རོལ་དུ་འོངས་པ་ན། གཅིག་གིས་གཅིག་མཐོང་བ་ནས། ཕན་ཚུན་ཡ་མཚན་དང་དགའ་བ་དང་། བརྩེ་བའི་སེམས་སྔོན་མེད་པ་སྐྱེས་ཏེ། ཨེ་མ་མི་གསོན་པོ་དག་མཐོང་ངོ་། །ཞེས་སྨྲས་ཏེ། དེ་དག་འདུས་ནས་སླར་སྔོན་གྱི་ཉེས་པ་དག་གླེང་ཞིང་། དེ་དག་གི་རྒྱུ་མི་དགེ་བ་བྱས་པར་རིག་ནས་རང་རང་གི་རྒྱུད་སྡོམ་པ་ལ་འཇུག་པར་བྱེད་དོ། །དེའང་བྱམས་པའི་སྤྲུལ་པ་གཟུགས་དང་སྐྱེ་མཆེད་དང་ལང་ཚོས་བརྒྱན་ཅིང་། དེ་དག་ལས་ཅུང་ཟད་ཁྱད་པར་འཕགས་པ་ཞིག་སྤྲུལ་བ་དེ་ལ། གཞན་དག་གིས་དྲིས་པ། བདག་ཅག་ཚེ་ལོ་བཅུ་པའི་མིར་མཚུངས་པ་ལ། ཁྱོད་ནི་མཆོག་ཏུ་འཕགས་པ་རྒྱུ་ཅི་ལས་གྱུར། དེས་སྨྲས་པ། བདག་གིས་ནི་སྲོག་གཅོད་པ་སྤངས་པ་ལས་བྱུང་ངོ་། །དེ་དག་གིས་སྨྲས་པ། བདག་ཅག་ཀྱང་སྲོག་གཅོད་པ་སྤོང་ངོ་ཞེས་དམ་བཅས་པ་ལས། སྔོན་པས་ནད་མེད་ཅིང་ཟོ་མདོག་བདེ་བ་དང་སྟོབས་དང་ལྡན་པར་གྱུར་ཏོ། །དེའི་རྒྱུས་མི་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་པར་གྱུར་ཏོ། །ཡང་སྤྲུལ་པ་བྱུང་བ་ལ་སྔ་མ་ལྟར་དྲིས་པ། མ་བྱིན་ལེན་པ་སྤངས་པས་ཕན་ཡོན་གྱི་ཉི་ཤུ་པ་དེ་རྣམས་ཀྱི་བུ་དང་བུ་མོ་བཙས་པ་དེ་རྣམས་ཀྱིས་ཚེ་ལོ་བཞི་བཅུ་ཐུབ་པར་གྱུར་ཏོ། །འདི་ལྟར་སྤྲུལ་པ་རེ་རེས་རྐྱེན་བྱས་ཏེ། འདོད་པ་ལོག་པར་གཡེམ་པ་དང་། ཕྲ་མ་དང་། ངག་ཀྱལ་པ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། མི་རིགས་པའི་འདོད་པ། ཆོས་མ་ཡིན་པའི་ཆགས་པ། ལོག་པའི་ཆོས་ཏེ་གསུམ་བསྡོམས་པ་གཅིག་ཏུ་བརྩིས་པའི་ཕྱིན་ཅི་ལོག་ལྷག་མ་དགུ་སྤངས་ཤིང་། ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རིགས་ཀྱི་གཙོ་བོ་རྣམས་ལ་དེ་དག་ཏུ་མི་འཛིན་པའི་ཆོས་སྤངས་ཏེ། རིམ་གྲོ་ཆེར་བྱས་པས། མི་རྣམས་ཀྱི་ཚེ་ལོ་བརྒྱ་དང་། ཉིས་བརྒྱ་དང་། ལྔ་བརྒྱ་དང་། སྟོང་དང་། ཉིས་སྟོང་དང་། ཁྲི་དང་། ཉི་ཁྲི་དང་། བཞི་ཁྲི་དང་། བརྒྱད་ཁྲིའི་བར་དུ་གོང་ནས་གོང་དུ་འཕེལ་ལོ། །ཚེ་ལོ་གོང་དུ་འཕེལ་བ་ལྟར། གཟུགས་ཀྱང་ཉིས་འགྱུར་གྱིས་རིང་དུ་སོང་ལ། ནོར་དང་། འབྲུ་དང་། གོས་དང་། བཞོན་པ་ལ་སོགས་པའི་ལོངས་སྤྱོད་ཀྱང་ཉིས་འགྱུར་གྱིས་འཕེལ་ཏེ་དཔལ་དང་བསྐལ་བ་བཟང་པོར་གྱུར་ཏོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ལས། སྣོད་བཅུད་ཀྱི་འཇིག་རྟེན་བཤད་པའི་གནས་ཏེ་གསུམ་པའོ།། །།


previousགནས་གསུམ་པ་འཇིག་རྟེན་བསྟན་པའི་འགྲེལ་པ།next