Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of ཧ་ཅང་བྱེད་པ་
[Clear Hits]


  
  
  
  
  
  
  
  
  
 
རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ།
  
  
  
  
  
  


1 occurrence of ཧ་ཅང་བྱེད་པ་
[Clear Hits]

 
previousརྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ།next

རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ།

ཉམས་ལེན་གྱི་སྤྱོད་པ་ལ། དབང་དུ་བྱ་བ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་གཉིས། དང་པོ་ལ། རྒྱུ་རྣམ་ཀུན་གྱི་སྦྱོར་བ་དང་། འབྲས་བུ་རྩེ་མོའི་སྦྱོར་བ་གཉིས། དང་པོ་ལ། མདོའི་ལུང་དྲང་བ་དང་། མཚོན་བྱེད་ཀྱི་ཆོས་བཤད་པ་གཉིས། དང་པོ་ནི། གོང་གི་མཇུག་བསྡུ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི་ཉན་རང་དང་ཐུན་མོང་པའི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་གསུངས་སོ། །ཡང་གསོལ་བ། ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཡུམ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་གསུངས་པ་ཡིན་ནོ། །གསོལ་བ། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་གསུངས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། ཡུམ་འདི་གང་གི་རྣ་ལམ་དུ་གྲགས་པར་འགྱུར་བ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །ཞེས་སོགས་ཀྱིས་ནི་སྒོམ་པ་པོའི་གང་ཟག་བསྟན་ཏོ། །དེ་ལས་འཕྲོས་ནས། ཀཽ་ཤི་ཀ་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་སོགས་ཀྱིས་ནི་སྦྱོར་བ་ཉི་ཤུ་བཤད་པ་ཡིན་ནོ། །སྐབས་དེར་ཡུམ་གྱི་རྣལ་འབྱོར་དང་ལྡན་པ་ལ་བདུད་ཀྱི་བར་ཆད་མི་འཇུག་པ་ལས་འཕྲོས་ནས། ཤཱ་རིའི་བུས་གསོལ་བ། སུའི་མཐུས་དེ་ལ་བར་ཆད་མི་འཇུག་པ་ལགས། ཞེས་ཞུས་པའི་ལན་དུ། སངས་རྒྱས་ཀྱི་མཐུས་དེ་ལ་དེ་མི་འཇུག་པ་ཡིན་ནོ། །ཞེས་སོགས་ཀྱིས་ནི་སྦྱོར་བའི་ཡོན་ཏན་བཤད་དོ། །རབ་འབྱོར་གྱིས་གསོལ་བ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཡོན་ཏན་བརྗོད་པ་ནི་འདི་ལགས་ན། དེ་དག་ལ་བར་དུ་གཅོད་པ་ཇི་ལྟ་བུ་ཞིག་འབྱུང་བ་ལགས། ཞེས་པའི་ལན་གྱིས་ནི་སྐྱོན་ཞེ་དྲུག་བཤད་དོ། །སྐབས་དེར་སེལ་བྱེད་ཀྱི་གཉེན་པོ་བཤད་པའི་མདོར་དེ་བཞིན་གཤེགས་པ་རྣམས་ཀྱང་ཡུམ་འདིས་ནི་བདག་ཅག་བསྐྱེད་པའོ། །འཇིག་རྟེན་པ་རྣམས་སྟོན་པའོ། །ཞེས་རྒྱུན་དུ་དགོངས་སོ། །ཞེས་པའི་མདོ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། ཡུམ་འདིས་ཇི་ལྟར་ན་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པ་ལགས། འཇིག་རྟེན་གྱི་སྟོན་པ་ལགས། ཞེས་ཞུས་པའི་ལན་གྱིས་ནི་གཞི་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་བཤད་དོ། །དེ་ནས་ལྷའི་བུ་རྣམས་ཀྱིས་ཡུམ་ཟབ་མོ་འདིའི་མཚན་ཉིད་ཇི་ལྟ་བུ་ལགས། བཀའ་སྩལ་པ། འདིའི་མཚན་ཉིད་སྟོང་པ་ཉིད། མཚན་མ་མེད་པའོ། །ཞེས་སོགས་ཀྱིས་ནི་ལམ་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་བཤད་དོ། །ཡང་རབ་འབྱོར། དེ་བཞིན་གཤེགས་པ་རྣམས་ཡུམ་འདི་ལ་བརྟེན་ཅིང་གནས་སོ། །ཆོས་ལ་རིམ་གྲོར་མཛད་དོ། །ཞེས་སོགས་ཀྱིས་ནི་རྣམ་མཁྱེན་གྱི་སྦྱོར་བའི་ཤེས་མཚན་གསུངས་སོ། །དེ་ནས་རབ་འབྱོར་གྱིས་གསོལ་བ། ཡུམ་འདི་ནི་བྱ་བ་ཆེན་པོའི་ཉེ་བར་གནས་སོ། །ཞེས་སོགས་ཀྱིས་ནི་ཁྱད་མཚན་བཅུ་དྲུག་བཤད་དོ། །དེ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་མངོན་པར་རྫོགས་པ་འཚང་རྒྱ་བ་ནི་དཀའ་བར་བགྱིད་པའོ། །བཀའ་སྩལ་པ། དེ་དེ་བཞིན་ཏེ། འོན་ཀྱང་བྱང་སེམས་ཆེན་པོ་རྣམས། སེམས་ཅན་ལ་ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་དང་། སྐྱོབ་པའི་ཕྱིར་བྱང་ཆུབ་ཏུ་ཡང་དག་པར་བཞུགས་སོ། །ཞེས་སོགས་ཀྱིས་ནི་བྱེད་མཚན་བཅུ་གཅིག་བསྟན་ཏོ། །དེ་ནས་རབ་འབྱོར་གྱིས། ཡུམ་འདི་ནི་འཚོལ་བའི་བྱང་སེམས་ཀྱི་རྣམ་རྟགས་མཚན་མ་ཇི་ལྟ་བུ། ཞེས་ཞུས་ལན་དུ། ཆགས་སྡང་རྨོངས་གསུམ་རྣམ་པར་:གསལ་༼བསལ་༽བས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་ཀྱིས་ངོ་བོ་ཉིད་མཚན་བསྟན་ཏོ། །ངོ་བོ་ཉིད་མཚན་ལས་འཕྲོས་ནས། ཤཱ་རིའི་བུ་བྱང་ཆེན་དུ་སེམས་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་གཏོང་བ་ན་མཉམ་པར་འཇོག་ཅིང་མཚན་མར་མི་བྱེད་ན། མ་རྨས་མ་ཉམས་པར་འཚང་རྒྱ་བར་རིག་པར་བྱའོ། །ཞེས་སོགས་ཀྱིས་ནི་ཐར་པ་ཆ་མཐུན་བཤད་དོ། །དེ་ནས་རབ་འབྱོར་གྱིས། བྱང་ཆེན་ངེས་པར་འབྱུང་བ་འཚལ་བས་ཇི་ལྟར་གནས་པར་བགྱི། བཀའ་སྩལ་པ། སེམས་ཅན་རྣམས་ཀྱི་དྲུང་དུ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ། །ཞེས་སོགས་ཀྱིས་ནི། ངེས་འབྱེད་ཆ་མཐུན་བསྟན་ཏོ། །གོང་དུ་ཕྱིར་མི་ལྡོག་པ་ཞེས་པའི་ཚིག་མང་པོ་བྱུང་བ་ལས་འཕྲོས་ནས། རབ་འབྱོར་གྱིས། བྱང་ཆེན་ཕྱིར་མི་ལྡོག་པའི་རྣམ་རྟགས་མཚན་མ་གང་ལགས། ཞུས་པའི་ལན་གྱིས། སྦྱོར་མཐོང་གཉིས་ཀྱིི་ཕྱིར་མི་ལྡོག་པའི་རྟགས་རྣམས་བཤད་དོ། །དེ་ནས་རབ་འབྱོར་གྱིས། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གང་ལ་གནས་ནས་དྲན་པ་ཉེ་བར་བཞག་པ་སོགས་ཡོངས་སུ་རྫོགས་པར་མི་བགྱིད་པའི་གནས་ཟབ་མོ་རྣམས་བསྟན་ཏུ་གསོལ། ཞེས་པའི་ལན་གྱིས་ནི་སྒོམ་ལམ་ཟབ་པར་བསྟན་ལ། གང་གི་ཚེ་བྱང་ཆེན་ཟབ་མོ་འདི་ལ་སེམས་འཇལ་ངེས་པར་རྟོག་པར་འགྱུར་རོ། །ཞེས་སོགས་ཀྱིས་ནི། ཁྱད་གཞི་སྒོམ་ལམ་སྟོན་པ་ཡིན་ནོ། །དེ་ནས་རབ་འབྱོར་བྱང་སེམས་ཆེན་པོས་བསྐལ་པ་གང་གའི་བྱེ་མ་སྙེད་དུ་སྦྱིན་པ་སྦྱིན་ན་བསོད་ནམས་མང་དུ་འཕེལ་ལམ་གསོལ་བ། མང་ལགས་ཏེ། གཞལ་དུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས། མཚུངས་པ་མ་མཆིས་སོ། །ཞེས་སོགས་མདོ་ཚན་བཅོ་བརྒྱད་ཀྱིས་སྒོམ་ལམ་ལ་དགུར་ཕྱེ་བ་ཡིན་ནོ། །དེ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པའོ་ཞེས་གསུངས་ན། སྟོང་པ་ཉིད་ལ་ནི་གྲངས་མི་དམིགས། གཞལ་བ་མི་དམིགས། དོན་ནམ་ཡི་གེ་ཐ་དད་དུ་བགྱི་བ་མི་དམིགས་སོ། །ཞེས་པ་ནི་དབྱེ་བ་ལ་རྩོད་པ་སྟེ། དོན་ནི་དེ་དགུ་ཕྱེ་བ་མི་འཐད་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། ཞེས་པ་ཡིན་ལ། ལན་ནི། བཀའ་སྩལ་པ། དེ་དེ་བཞིན་ནོ། །ཞེས་གསུངས་པའི་དོན་དུ་འདོད་པའི་ལན་ཡིན་ལ། དེ་ནི་གྲངས་མེད་ལ་སོགས་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་ནི། བཀའ་སྩལ་པ། བརྗོད་པ་མེད་པའི་དོན་ལ་གྲངས་ཚད་ལ་སོགས་པར་བརྗོད་པ་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་ནོ། །ཞེས་གསུངས་པ་དེའི་དོན་ནི། ཀུན་རྫོབ་ཏུ་ནི་སོགས་རྐང་པ་གཉིས་སོ། །བཟོད་མ་ཡིན། ཞེས་པའི་མདོ་ལས་འཕྲོས་ནས། གསོལ་བ། བརྗོད་དུ་མེད་པའི་དོན་ལ་འཕེལ་འགྲིབ་མ་མཆིས་སོ། །བཀའ་སྩལ་པ། དེ་ལ་དེ་མེད་དོ། །གསོལ་བ། དེ་མ་མཆིས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་འཕེལ་འགྲིབ་མ་མཆིས་པར་འགྱུར་རོ། །ཞེས་པ་ནི། སྒོམ་པའི་ལམ་གྱི་བྱེད་ལས་ལ་རྩོད་པ་སྟེ། དོན་ནི་ཉམས་འཕེལ་གྱི་བྱ་བ་མི་སྲིད་པར་ཐལ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར། ཞེས་པ་སྟེ། དངོས་པོ་བརྗོད་དུ་མེད་པ་ལ། ཞེས་སོགས་རྐང་པ་བཞིའོ། །དེའི་ལན་ནི། བཀའ་སྩལ་པ། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོ་བའོ། །ཞེས་གསུངས་པ་དེའི་དོན་ནི། དོན་དམ་པར་ཉམས་ལེན་གྱི་བྱ་བ་མེད་ཀྱང་། ཀུན་རྫོབ་ཏུ་ཉམས་འཕེལ་གྱི་བྱ་བ་བྱེད་དེ་བྱང་ཆུབ་དེ་དོན་དམ་པར་སྟོང་པ་ཉིད་ཡིན་ཡང་། འཁྲུལ་ངོར་སེམས་ཅན་གྱི་དོན་མཛད་པ་བཞིན་ནོ། །ཞེས་འཆད་པ་ནི་བྱང་ཆུབ་ཇི་ལྟ་སོགས་སོ། །དཔེ་དེ་ལས་འཕྲོས་ནས། གསོལ་བ། སེམས་བསྐྱེད་པ་དང་པོས་སངས་རྒྱའམ། སླད་མས་སངས་རྒྱ། ཞེས་སོགས་ཀྱི་དོན་ནི། སེམས་བསྐྱེད་ཀྱི་བྱང་ཆུབ་མི་བསྐྱེད་དེ་སྔ་མ་ཁོ་ནས་དང་། ཕྱི་མ་ཁོ་ནས་དང་། སྔ་ཕྱི་རིམ་ཅན་དུ་འབྱུང་བས་མི་བསྐྱེད་པའི་ཕྱིར། ཞེས་རྩོད་པས་ནི། སེམས་ནི་སོགས་རྐང་པ་གཉིས་སོ། །དེའི་ལན་ནི། བཀའ་སྩལ་པ། འབྲུ་མར་མེ་སྦར་བས་སྙིང་པོ་ཚིག་པར་འགྱུར་ན། མེ་ལྕེ་དང་པོ་དང་འཕྲད་པས་སམ། ཕྱི་མ་དང་འཕྲད་པས་སྙིང་པོ་དེ་ཚིག །ཅེས་སོགས་གསུངས་ལ། དེའི་དོན་ནི། དེ་ལྟར་དཔྱད་པའི་ཚེ་དེས་དེ་མི་བསྐྱེད་པར་ཡང་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་ཀྱི་ཚེ། དེས་དེ་བསྐྱེད་པ་མར་མེའི་དཔེས་གྲུབ་བོ། །ཞེས་འཆད་པ་ནི། མར་མེའི་དཔེའི་ཞེས་སོགས། རྐང་པ་གཉིས་སོ། །དེ་ལས་འཕྲོས་ནས། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་ངོ་མཚར་ཏོ། །ཞེས་སོགས་ཀྱིས་ནི་ཟབ་མོ་བརྒྱད་བཤད་དོ། །དེ་ནས་ཤཱ་རིའི་བུས་སྨྲས་པ། བྱང་ཆེན་རྨི་ལམ་དུ་སྟོང་པ་ཉིད་ལ་སྙོམས་པར་འཇུག་ན། ཅི་ཤེར་ཕྱིན་རྣམ་པར་འཕེལ་ལམ། སྨྲས་པ། ཉིན་པར་འཕེལ་ན་རྨི་ལམ་དུའང་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ། །ཞེས་སོགས་ཀྱིས་ནི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བསྟན་ཏོ། །དེ་ནས་རབ་འབྱོར་གྱིས་གསོལ་བ། བྱང་ཆེན་ཇི་ལྟར་ན་ཕྱིན་དྲུག་རྫོགས་པར་བགྱིད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ལགས། བཀའ་སྩལ་པ། བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེན་པ་དང་། སྐོམ་པ་དང་། མལ་ཆས་ཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཞེས་སོོགས་ཀྱིས་ནི་ཞིང་དག་པའི་སྦྱོར་བ་བཤད་དོ། །དེ་ནས་རབ་འབྱོར་གྱིས། བྱང་ཆེན་ཇི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདྲིས་པར་བགྱི། ཞེས་པའི་ལན་གྱིས་ནི། ཐབས་ལ་མཁས་པའི་ཡུལ་རྣམ་པ་བཅུ་ངོས་བཟུང་བ་ཡིན་ལ། རབ་འབྱོར་འདི་ལ་བྱང་ཆེན་ཡུམ་ལ་སྤྱོད་པ་ན། འདི་ནི་འདྲིས་པར་བྱ་བའི་དུས་ཡིན་གྱི། མངོན་དུ་བྱ་བའི་དུས་མ་ཡིན་ནོ། །སྙམ་དུ་སོ་སོར་རྟོག་གོ་ཞེས་སོགས་ཀྱིས་ནི་ཐབས་མཁས་ཀྱི་སྦྱོར་བ་བཅུ་བཤད་དོ། །མདོར་ན་ཐབས་མཁས་ཀྱི་ཡུལ་ནི་ཡང་དག་པའི་མཐའ་འོ། །དེའི་སྦྱོར་བ་ནི་དེ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པར་ཤེས་ནས། དུས་སུ་མངོན་དུ་བྱེད་ཅིང་དུས་མ་ཡིན་པར་མི་བྱེད་པའི་རྣལ་འབྱོར་རོ། །ཐབས་ལ་མཁས་པ་ནི་རྫོགས་སྨིན་སྦྱང་གསུམ་ལྟ་བུའི་ཐབས་ཀྱི་ཁྱད་པར་རྣམ་པ་བཅུ། ཇི་སྐད་དུ། རབ་འབྱོར་སྐྱེས་བུ་དཔའ་ཞིང་བརྟུལ་ཕོད་པ་ཞེས་སོགས་ཀྱིས་བསྟན་པ་རྣམས་སོ། །

གཉིས་པ་ལ། བསྡུ་བ་སྤྱིར་བསྟན་པ་དང་། དཀའ་བའི་གནས་སོ་སོར་བཤད་པ་གཉིས། དང་པོ་ནི། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་འབེབས་པའི་གནས་སྐབས་ཀྱི་སྒོམ་རིམ་དང་། སྦྱོར་བ་རྒྱུད་ལ་སྐྱེས་པའི་གནས་སྐབས་ཀྱི་སྒོམ་རིམ་གཉིས་སུ་འདུས། འདི་དག་ལ། གཞུང་དང་སྦྱར་ཚུལ་དང་། ཉམས་སུ་ལེན་ཚུལ་གཉིས། དང་པོ་ནི། མཁྱེན་གསུམ་ཐོས་བསམ་གྱི་གཏན་ལ་ཕབ་པའི་དོན་སྦྱོར་བས་ཉམས་སུ་ལེན་ན། ཚུལ་ཇི་ལྟར་དུ་ཉམས་ལེན། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་ནི་གང་། ཉམས་ལེན་གྱི་སྦྱོར་བ་ལ་དབྱེ་ན་དུ། ཉམས་སུ་བླངས་པའི་འབྲས་བུ་ཡོན་ཏན་ཇི་ལྟ་བུ་སྙམ་ན། སྤྱིར་བསྒོམ་བྱ་རྣམ་པ་ལ། ནང་ཚན་གྱི་སྒོ་ནས་དབྱེ་ན་བརྒྱ་བདུན་ཅུ་རྩ་གསུམ་ཡོད་ཅིང་། ཡུལ་ཅན་མཁྱེན་གསུམ་དང་། ཡུལ་སྐྱེ་མེད་གསུམ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་འཆད་པ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་བསྟན་བཤད་གཉིས་ཀྱི་གཞུང་རྣམས་སོ། །ཉམས་སུ་ལེན་པ་པོའི་རྟེན་གྱི་གང་ཟག་དེ་ཡང་ཡོངས་འཛིན་རྫོགས་པའི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་མཉེས་པར་བྱས་པ་མཁྱེན་གསུམ་གྱི་གནས་ལུགས་རྟོགས་པའི་གང་ཟག་ཁྱད་པར་ཅན་ཞིག་གིས་ཉམས་སུ་ལེན་དགོས་སོ་ཞེས་སྟོན་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། ཞེས་སོགས་སོ། །ཉམས་ལེན་གྱི་སྦྱོར་བ་དེ་ལ་རྒྱས་པར་དབྱེ་ན་ཉི་ཤུ། བསྡུ་ན། རང་བཞིན་གྱི་སྦྱོར་བ་ལྔ། དེ་ཡང་བསྡུ་ན་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་འདུས་ཞེས་ཉམས་ལེན་གྱི་སྦྱོར་བའི་དབྱེ་བ་འཆད་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་སོ། །ཐེག་ཆེན་གྱི་སྦྱོར་བས་རྣམ་པ་བརྒྱ་བདུན་ཅུ་༼རྩ་༽གསུམ་ཉམས་སུ་བླངས་པ་ལ་བརྟེན་ནས། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་ཡོན་ཏན་བཅུ་བཞི་ཐོབ་པར་འགྱུར་རོ། །ཞེས་སྦྱོར་བའི་འབྲས་བུ་འཆད་པ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཞེས་སོགས་སོ། །ས་བདུན་པ་མན་ཆད་དུ་ཐེག་ཆེན་གྱི་སྦྱོར་བ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་སྐྱོན་བཞི་བཅུ་རྩ་དྲུག་འབྱུང་བས། དེ་དག་ཤེས་ནས་སྤོང་དགོས་སོ། །ཞེས་འཆད་པ་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །ཞེས་སོགས་སོ། །ཉམས་སུ་བླང་བྱའི་རྣམ་པ། ཉམས་སུ་ལེན་པ་པོའི་རྟེན་གྱི་གང་ཟག །ཉམས་ལེན་སྦྱོར་བའི་དབྱེ་བ། ཉམས་སུ་བླངས་བའི་འབྲས་བུ། ཡོན་ཏན་དེ་དག་དང་ལྡན་པའི་ཐེག་ཆེན་གྱི་སྦྱོར་བ་ཇི་ལྟ་བུ་སྙམ་ན། ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་ཉམས་ལེན་ཞིག་ལ་འཇོག་ཅེས་འཆད་པ་ནི། གང་གིས་མཚོན་དེ་མཚན་ཉིད་དུ། ཞེས་སོགས་བསྟན་བཤད་རྣམས་སོ། །ཐེག་ཆེན་གྱི་སྦྱོར་བ་རང་རྒྱུད་ལ་སྐྱེས་པའི་མ་མཐའི་ས་མཚམས་གང་ནས་བཟུང་སྙམ་ན། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཐོབ་པ་ནས་ཡིན་ནོ། །ཞེས་ཐར་པ་ཆ་མཐུན་གྱི་ངོ་བོ་འཆད་པ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོགས་སོ། །ཐར་པ་ཆ་མཐུན་རང་རྒྱུད་ལ་གོམས་པར་བྱས་པ་ལས་བསམ་སྦྱོར་ཕུན་སུམ་ཚོགས་པ་བཅུ་དགུའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་པའི་ངེས་འབྱེད་ཆ་མཐུན་གྱི་དམིགས་པ་དང་རྣམ་པ་འཆད་པ་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་སོ། །དེ་ལྟར་ངེས་འབྱེད་ཆ་མཐུན་རང་རྒྱུད་ལ་ཐོབ་པ་ལ་བརྟེན་ནས། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག །སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཟབ་མོ་བརྒྱད་ཀྱི་ཡོན་ཏན་ཐོབ་པར་འགྱུར་རོ། །ཞེས་རྟེན་ཕྱིར་མི་ལྡོག་པའི་གང་ཟག་འཆད་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་སོགས་བསྟན་བཤད་ཀྱི་གཞུང་རྣམས་སོ། །རྟེན་གྱི་གང་ཟག་དེས་རང་དོན་ཆོས་སྐུ་ཐོབ་ཕྱིར་དུ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཞན་དོན་གཟུགས་སྐུ་ཐོབ་ཕྱིར་དུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཕུན་ཚོགས་ཐོབ་ཕྱིར་དུ་ཐབས་ལ་མཁས་པའི་སྦྱོར་བ་སྒོམ་དགོས་སོ་ཞེས་འཆད་པ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་དང་། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་དང་། ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་སོགས་རྩ་འགྲེལ་རྣམས་སོ། །གཉིས་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་པའི་སྐབས་ནས་བསྟན་པའི་རྟེན་གྱི་གང་ཟག་དེས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་སྦྱོར་བ་ཉི་ཤུས་སྐྱོན་བཞི་བཅུ་རྩ་དྲུག་དང་བྲལ་བའི་ཚུལ་གྱིས་ཉམས་སུ་བླངས་པས། ཐར་པ་ཆ་མཐུན་གྱི་རྟོགས་པ་གོང་ནས་གོང་དུ་འཕེལ་ཏེ། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པའི་ཡོན་ཏན་བཅུ་བཞི་མངོན་དུ་བྱེད་པ་ནི་སྦྱོར་བ་ལ་འཇུག་ཚུལ་གཏན་ལ་འབེབས་པའི་ཉམས་ལེན་གྱི་རིམ་པའོ། །ཐར་པ་ཆ་མཐུན་རང་རྒྱུད་ལ་སྐྱེས་པའི་གང་ཟག་གིས་ངེས་འབྱེད་ཆ་མཐུན་གྱི་རྟོགས་པ་རང་རྒྱུད་ལ་སྐྱེད། སྦྱོར་མཐོང་སྒོམ་གསུམ་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་ཏེ། སྦྱོར་བ་གསུམ་ཉམས་སུ་བླངས་པ་ལ་བརྟེན་ནས། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་འབྲས་བུ་ཆོས་སྐུ། ཞིང་དག་པའི་སྦྱོར་བའི་འབྲས་བུ་གཟུགས་སྐུ། ཐབས་ལ་མཁས་པའི་སྦྱོར་བའི་འབྲས་བུ་ཕྲིན་ལས་ཕུན་སུམ་ཚོགས་པ་མངོན་དུ་བྱས་ཏེ། སེམས་ཅན་གྱི་དོན་མ་ལུས་པ་སྒྲུབ་པ་ནི་སྦྱོར་བ་རྒྱུད་ལ་སྐྱེས་པའི་སྒོམ་རིམ་གྱི་ཉམས་ལེན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་གནས་སྐབས་ཀྱི་སྒོམ་རིམ་ནི། བསྒོམ་བྱ་རྣམ་པ། སྒོམ་པ་པོའི་གང་ཟག །ཡུལ་ཅན་སྦྱོར་བ། སྦྱོར་བའི་སྔོན་འགྲོ། ཉེ་རྒྱུ་ཐར་པ་ཆ་མཐུན་དང་ལྔ། དང་པོ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་པས་བསྒོམ་བྱ་རྣམ་པ་ལ། མཚན་གཞི། མཚན་ཉིད། དབྱེ་བ། སྒོམ་ཚུལ། མདོ་དང་བསྟན་བཅོས་ལས་བཤད་ཚུལ་དང་ལྔ།

དང་པོ་ནི། དོན་རྣམ་དང་ཤེས་རྣམ་མཐའ་དག་གོ །

གཉིས་པ་ནི། བྱང་ཆུབ་སེམས་དཔས་བདེན་མེད་དུ་སྒོམ་པར་བྱེད་པའི་ཆོས།

གསུམ་པ་ལ། དོན་རྣམ་དང་། ཤེས་རྣམ་གཉིས། དང་པོའི་མཚན་ཉིད། བསྒོམ་བྱ་རྣམ་པ་གང་ཞིག །ཤེས་རྣམ་གྱི་རྟོགས་བྱར་གྱུར་པའི་ཡུལ། མཚན་གཞི། ཆོས་ཐམས་ཅད་དོ། །དབྱེ་ན། མཁྱེན་པ་གསུམ་གྱི་དོན་རྣམ་གསུམ།

གཉིས་པའི་མཚན་ཉིད། དེ་གང་ཞིག་རང་ཡུལ་དུ་གྱུར་པའི་དོན་རྣམ་འཛིན་བྱེད་ཀྱི་རིག་པ། མཚན་གཞི། ཤེས་པ་མཐའ་དག་གོ །

དབྱེ་ན། མི་མཐུན་ཕྱོགས་ཀྱི་ཤེས་རྣམ་དང་། གཉེན་པོ་ཕྱོགས་ཀྱི་ཤེས་རྣམ་གཉིས། དང་པོའི་མཚན་ཉིད། ཤེས་རྣམ་གང་ཞིག་རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་མཐའ་གཅིག་ཏུ་དོར་བར་བྱ་བ། མཚན་གཞི། གང་ཟག་གི་བདག་འཛིན་དང་། ཆོས་ཀྱི་བདག་འཛིན་ལྟ་བུ།

གཉིས་པའི་མཚན་ཉིད། དེ་གང་ཞིག །རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་རྒྱུད་ལ་བསྟེན་པར་བྱ་བ། མཚན་གཞི། ཐར་ལམ་མཐའ་དག་གོ །

དབྱེ་ན། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་ཤེས་རྣམ་དང་གསུམ། དང་པོའི་མཚན་ཉིད། བདེན་བཞིའི་གནས་ཚུལ་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དབྱེ་ན། རྩ་བར། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང་། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་པས། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་བདེན་ཏེེ་གསུམ་པོར་བཞི་བཞི་དང་། ལམ་བདེན་ལ་བཅོ་ལྔ་ཡོད་པ་ལས། སྡུག་བསྔལ་བདེན་པའི་བཞི་ནི། རྟག་པའི་རང་བཞིན་མེད་པས་མི་རྟག་པའི་རྣམ་པ་དང་། མི་སྐྱེ་བའི་རྣམ་པ་དང་། སྟོང་པའི་རང་བཞིན་མེད་པས་བདག་པོས་དབེན་པའི་རྣམ་པ་དང་། བདག་ཏུ་རྟོག་པས་མི་རྫི་བས་བདག་མེད་པའི་རྣམ་པ་དང་བཞིའོ། །ཀུན་འབྱུང་གི་བཞི་ནི། མིང་གཟུགས་ཀྱི་ཕུང་པོ་བསྐྱེད་པའི་གཞི་མ་ཡིན་པས་གནས་པ་མ་ཡིན་པའི་རྣམ་པ་དང་། སྐྱེ་འགག་འགྲོ་འོང་བྲལ་བས་ནམ་མཁའི་རྣམ་པ་དང་། རྟོག་དཔྱོད་དང་བྲལ་བས་སྒྲས་བརྗོད་དུ་མེད་པའི་རྣམ་པ་དང་། ཡང་སྲིད་འབྱུང་བའི་རྐྱེན་ཚོར་བ་སོགས་མིང་གཞིའི་ཕུང་པོ་མེད་པའི་རྣམ་པ་སྟེ་བཞིའོ། །འགོག་བདེན་གྱི་བཞི་ནི། ཆོས་ཐམས་ཅད་འགོག་པའི་ངོ་བོ་ཉིད་དུ་གནས་པས་འགྲོ་བ་མེད་པའི་རྣམ་པ་དང་། གཟོད་མ་ནས་ཞི་བས་དབྲོག་བྱའི་ཡུལ་མེད་པས་མི་འཕྲོག་པའི་རྣམ་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཡིན་པས་མི་ཟད་པའི་རྣམ་པ་དང་། གདོད་མ་ནས་མ་གྲུབ་ཅིང་སྐྱེ་འགག་མེད་པས་སྐྱེ་བ་མེད་པའི་རྣམ་པ་སྟེ་བཞིའོ། །ལམ་བདེན་གྱི་རྣམ་པ་དེ་ལ་དབྱེ་ན། ལམ་ཟག་བཅས་ཟག་མེད་གཉིས་དང་། ཟག་བཅས་གཅིག་སྟེ་གསུམ་ཡོད་པའི་དང་པོ་ལ་རྣམ་པ་བཞི། གཉིས་པ་ལ་ལྔ། གསུམ་པ་ལ་དྲུག་ཡོད་པ་ལས། དང་པོ་ནི་བྱེད་པ་པོར་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་བྱེད་པ་པོ་མི་དམིགས་པས་བྱེད་པ་པོ་མེད་པའི་རྣམ་པ་དང་། བདག་མ་དམིགས་པས་ཤེས་པ་པོ་མེད་པའི་རྣམ་པ་དང་། བཟང་ངན་ལ་བླང་དོར་གྱི་འཛིན་པའི་གཉེན་པོ་ཡིན་པས་ཆོས་ཚུལ་གྱིས་འཆི་འཕོ་བའི་རྣམ་པ་དང་། དེ་བཞིན་དུ་སྐྱེ་བའི་རྣམ་པ་དང་། རང་བཞིན་གྱིས་སྟོང་པའི་ཕྱིར་གཉེན་པོས་འདུལ་བ་མེད་པའི་རྣམ་པ་སྟེ་བཞིའོ། །གཉིས་པ་ནི། ངོ་བོ་ཉིད་མེད་པའི་མཚན་ཉིད་རྨི་ལམ་གྱི་སྣང་བ་ལྟ་བུའི་རྣམ་པ་དང་། རྒྱུ་ལས་མ་སྐྱེས་པའི་མཚན་ཉིད་སྒྲ་བརྙན་ཏེ་བྲག་ཆ་ལྟ་བུའི་རྣམ་པ་དང་། རང་བཞིན་གྱིས་མ་འགགས་པའི་མཚན་ཉིད་གཟུགས་བརྙན་ནམ་མིག་ཡོར་ལྟ་བུའི་རྣམ་པ་དང་། གཟོད་མ་ནས་ཞི་ཞིང་ཡུལ་མེད་པའི་མཚན་ཉིད་སྨིག་རྒྱུ་ལྟ་བུའི་རྣམ་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་སྒྱུ་མ་ལྟ་བུའི་རྣམ་པ་སྟེ་ལྔའོ། །གསུམ་པ་ནི། ཀུན་ནས་ཉོན་མོངས་པ་དུག་གསུམ་མེད་པའི་རྣམ་པ་དང་། རྟེན་ཉོན་མོངས་པའི་སེམས་ཅན་མེད་པས་དེས་སྤངས་པའི་རྣམ་པར་བྱང་བ་མེད་པའི་རྣམ་པ་དང་། མཁའ་ལྟར་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པ་མེད་པས་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་དང་། གཟུགས་དང་ཚོར་བ་སོགས་སུ་དམིགས་པའི་སྤྲོས་པ་མེད་པའི་རྣམ་པ་དང་། རང་གིས་རྟོགས་པ་ལ་རོ་མྱང་བའི་རློམ་སེམས་མེད་པའི་རྣམ་པ་དང་། ཆོས་དབྱིངས་འགྱུར་བ་མེད་པར་བརྟན་པས་མི་གཡོ་བའི་རྣམ་པ་དང་དྲུག་སྟེ་བཅོ་ལྔ་ནི་ལམ་བདེན་གྱི་རྣམ་པའོ། །དེ་རྣམས་ནི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ནོ། །འདིར་ཟག་པ་དང་བཅས་མ་བཅས་ཀྱི་དོན་མཉམ་བཞག་དང་། རྗེས་ཐོབ་ལ་བཏགས་པས་དོན་ལ་ཟག་མེད་དོ། །

གཉིས་པ་ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད། བདེན་བཞིའི་གནས་ཚུལ་ཆོས་ཀྱི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། དབྱེ་ན། རྩ་བར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པས་ཀུན་འབྱུང་བདེན་པ་ལ་བརྒྱད། ལམ་བདེན་ལ་བདུན། སྡུག་བསྔལ་བདེན་པ་ལ་ལྔ། འགོག་བདེན་ལ་བཅུ་དྲུག་ཡོད་པ་ལས། དེ་དག་གི་འཇོག་གཞི་ནི། ཀུན་འབྱུང་གི་བདེན་པ་སྤང་གཉེན་གྱི་སྒོ་ནས་དང་། ལམ་བདེན་དམ་བཅའ་དང་རྟགས་ཀྱི་སྒོ་ནས་དང་། སྡུག་བདེན་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་དང་། འགོག་བདེན་གྱི་རྣམ་པ་སྟོང་ཉིད་ཀྱི་སྒོ་ནས་སྟོན་པའོ། །དང་པོ་ཀུན་འབྱུང་གི་རྣམ་པ་བརྒྱད་ནི། ཀུན་འབྱུང་བདེན་པའི་རྒྱུ་ཡུལ་མངོན་པར་འདོད་པའི་འདུན་པའི་རྣམ་པ་དང་། མངོན་པར་ཞེན་པའི་འདོད་ཆགས་ཀྱི་རྣམ་པ་དང་། སྲིད་པ་ལ་མངོན་པར་དགའ་བའི་རྣམ་པ་དང་། དེ་གསུམ་གྱི་གཉེན་པོར་རིམ་བཞིན། འདོད་ཆགས་དང་བྲལ་བའི་རྣམ་པ་དང་། དེ་དང་བྲལ་བས་ཞེན་པས་མི་གནས་པའི་རྣམ་པ་དང་། མཚན་མ་ཉེ་བར་ཞི་བའི་རྣམ་པ་དང་། ཆགས་སོགས་འབྱུང་བའི་རྒྱུ་གཟུང་འཛིན་དུ་རྟོག་པའི་གཉེན་པོར་ཉོན་མོངས་པའི་རྒྱུ་གཉིས་སུ་འཛིན་པ་མེད་པའི་རྣམ་པ་དང་། ཉེས་པ་ཐམས་ཅད་ཀྱི་རྐྱེན་སེམས་ཅན་དུ་མངོན་པར་ཞེན་པའི་འཇིག་ལྟའི་གཉེན་པོར་སེམས་ཅན་མེད་པའི་རྣམ་པ་གཅིག་སྟེ་བརྒྱད་དོ། །གཉིས་པ་ལམ་བདེན་གྱི་རྣམ་པ་བདུན་ནི། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་གྱི་རྣམ་པ། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་ཞིང་སྤོང་བ་སྟེ་ལམ་གྱི་རྣམ་པ་གཉིས་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པར་ཤེས་པར་རིག་པའི་རྣམ་པ་དང་། ཇི་ལྟར་རིགས་པའི་རྒྱུ་མཚན་ཉན་རང་གི་ས་ལ་མཆོག་ཏུ་མི་འཛིན་པར་རིགས་པའི་རྣམ་པ་གཉིས་དང་། སྒྲུབ་པའི་ངོ་བོ་ཉིད་ཅིར་ཡང་རྣམ་པར་མི་རྟོག་པའི་རྣམ་པ་དང་། ཇི་ལྟར་སྒྲུབ་ཅེས་དྲིས་པ་ན། ཤེས་བྱ་ལ་མཐའ་མེད་པས་ཚད་མས་དཔག་ཏུ་མེད་པའི་གཞལ་དུ་མེད་པ་སྟེ། སྒྲུབ་པ་རྣམ་པ་གཉིས། ངོ་བོ་ཉིད་རྟོགས་པ་དེ་དང་དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་པའི་རྣམ་པ་གཅིག་སྟེ་བདུན་ནོ། །གསུམ་པ་སྡུག་བདེན་གྱི་རྣམ་པ་ལྔ་ནི། མི་རྟག །སྡུག་བསྔལ། སྟོང་། བདག་མེད་བཞིའི་རང་བཞིན་མ་གྲུབ་པའི་རྣམ་པ་བཞི་དང་། དེ་བཞིའི་མཚན་ཉིད་ཡང་མ་དམིགས་པས་སྤྱི་མཚན་གྱི་རྣམ་པ་གཅིག་སྟེ་ལྔའོ། །བཞི་པ་འགོག་བདེན་གྱི་རྣམ་པ་བཅུ་དྲུག་ནི། ནང་གི་བདག་ཉིད་ཅན་གྱི་དངོས་པོ་རྣམས་འགགས་པས་ན་ནང་སྟོང་པ་ཉིད་ཀྱི་རྣམ་པ་དང་། དེ་བཞིན་དུ་སྦྱར་ཏེ་ཕྱི་དང་། ཕྱི་ནང་གཉིས་ཀའི་དངོས་པོ་རྣམས་འགགས་པས་ཕྱི་དང་ནང་གཉིས་ཀའི་སྟོང་པ་ཉིད་ཀྱི་རྣམ་པ་གཉིས་དང་། སྟོང་པ་ཉིད་དུ་ལྟ་བ་ལ་མངོན་པར་ཞེན་པ་དགག་པས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་དང་། རྟག་པ་དང་། ཆད་པའི་མཐའ་དང་། འཁོར་བ་ཐོག་མ་དང་། ཐ་མ་དང་། དབུས་མེད་པ་དང་། བྱང་ཆུབ་ཀྱི་ཆོས་སོ་བདུན་སོགས་རྟོགས་པའི་ཆོས་དོར་བ་མེད་པ་ལ་མངོན་པར་ཞེན་པ་དགག་པས་རིམ་པ་བཞིན། ཆེན་པོ་སྟོང་པ་ཉིད་ཀྱི་རྣམ་པ་དང་དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱི་རྣམ་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་རྣམ་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྣམ་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་བརྒྱད་དང་། གྱ་ནོམ་པའི་རྣམ་པ་ནི། ཀུན་བཏགས་ཀྱི་བྱེད་པ་པོ་དགག་པས་འཕགས་པ་ཉིད་མཛད་པ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་གཅིག་དང་། ངེས་འབྱུང་གི་རྣམ་པ་ནི་ཡུལ་དུ་འཁྲུལ་བའི་བདག་ཉིད་གསུམ་འགོག་པ་སྟེ། གཟུགས་སོགས་ཆོས་ཐམས་ཅད་ཐ་སྙད་དུ་བཏགས་པར་དགག་པས་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། རང་དང་གཞན་གྱི་ངོ་བོ་ཉིད་དགག་པས་དངོས་པོ་མེད་པ་དང་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ་བཅུ་དྲུག་ནི་འགོག་བདེན་གྱི་རྣམ་པའོ། །

གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ནི། རྩ་བར། དྲན་པ་ཉེར་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་པས། དེ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། གཉིས་པ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་གཉིས། དང་པོའི་མཚན་ཉིད། རང་གི་རིགས་འདྲ་ཉན་རང་དང་བྱང་འཕགས་གང་རུང་གི་རྒྱུད་ལ་ཡོད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། རྒྱུ་ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་དང་། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་གཉིས། དང་པོའི་མཚན་ཉིད། རང་གི་རིགས་འདྲ་བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། སངས་རྒྱས་འཕགས་པའི་གཉེན་པོའི་ལམ་གསུམ། སྤྲུལ་པའི་ལམ་གསུམ། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལྔ། འཇིག་རྟེན་ལས་འདས་པའི་ལམ་དགུ། སྤོང་ལམ་གྱི་མིང་གིས་བཏགས་པའི་བདེན་བཞིའི་ཡུལ་ཅན་གྱི་ལམ་བཞི། སངས་རྒྱས་ཉིད་ཀྱི་ལམ་བཅུ་སྟེ་སུམ་ཅུ་རྩ་བཞིའོ། །གཉིས་པའི་མཚན་ཉིད། རང་གི་རིགས་འདྲ་ཉན་རང་གི་རྒྱུད་ལ་ཡོད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། བྱང་ཕྱོགས་སོ་བདུན། འདི་གཉིས་འགལ་བ་མ་ཡིན་ཏེ། སངས་རྒྱས་སའི་དྲན་པ་ཉེར་བཞག་:སྟེ་༼དེ་༽དེ་གཉིས་ཀ་ཡིན་པའི་ཕྱིར། ཡིན་ཁྱབ་མཉམ་མ་ཡིན་ཏེ། སངས་རྒྱས་སའི་ཐེག་ཆེན་སེམས་བསྐྱེད་དེ་དང་པོ་ཡིན་ཀྱང་གཉིས་པ་མ་ཡིན། སངས་རྒྱས་སའི་མི་སློབ་ལམ་དེ་གཉིས་པ་ཡིན་ཡང་དང་པོ་མ་ཡིན་པའི་ཕྱིར་རོ། །གཉིས་པའི་མཚན་ཉིད། རང་གི་རིགས་འདྲ་ཉན་རང་བྱང་སེམས་གཉིས་ཀའི་རྒྱུད་ལ་མེད་པའི་མཐར་ཐུག་གི་ཡེ་ཤེས། དབྱེ་ན། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་རིག་པ་བཞི། སངས་རྒྱས་སའི་ཆོས་མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་པ་དང་སོ་དགུའོ། །

གཉིས་པ་ལ། གཞི་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ། ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དང་གསུམ། དང་པོ་ལ། དངོས་པོ་ཡོངས་སུ་རྟོག་པའི་ལམ། རྩོལ་བ་ལས་བྱུང་བའི་ལམ། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ། མངོན་པར་རྟོགས་པར་སྦྱོར་བའི་ལམ། བདེན་པ་མངོན་རྟོགས་ཀྱི་ལམ། རྣམ་དག་ངེས་འབྱིན་གྱི་ལམ་དང་བདུན། དང་པོ་ནི། དྲན་པ་ཉེར་བཞག་སྟེ། དེའི་ངོ་བོ་ནི་ཤེས་རབ་ཡིན་ཏེ། མཛོད་ལས། དྲན་པ་ཉེར་བཞག་ཤེས་རབ་སྟེ། ཞེས་པས། ཆོས་ཀྱི་བདག་མེད་ལ་འཇུག་པའི་སྒོ་ནས། ལུས་ལ་གཙང་བ། ཚོར་བ་ལ་བདེ་བ། སེམས་ལ་རྟག་པ། ཆོས་ལ་བདག་ཏུ་ཕྱིན་ཅི་ལོག་པ་སྟེ། ཕྱིན་ཅི་ལོག་བཞིའི་གཉེན་པོར་ལུས་མི་གཙང་བ། ཚོར་བ་སྡུག་བསྔལ། སེམས་མི་རྟག་པ། ཆོས་ལ་བདག་མེད་པའི་གཉེན་པོར། དྲན་པ་ཉེ་བར་འཇོག་པ་སྟེ། དེ་ལྟར་བཞག་པས་རང་གི་ལུས་གནས་ངན་ལེན་གྱི་ཕུང་པོར་ཤེས་པས་སྡུག་བསྔལ་གྱི་མཚན་ཉིད་ཤེས། ཀུན་འབྱུང་གི་གཙོ་བོ་སྲེད་པ། དེའི་རྒྱུ་ཚོར་བ་སྡུག་བསྔལ་དུ་ཤེས་པས་ཀུན་འབྱུང་། རྟག་འཛིན་གྱི་སེམས་སྐྱེ་འཇིག་ཅན་དུ་ཤེས་ཏེ་བདག་ཆད་པར་དོགས་པ་མེད་པས་འགོག་བདེན་མངོན་དུ་བྱེད། རྣམ་བྱང་གི་ཆོས་བདག་མེད་དུ་ཤེས་པས་བདག་མེད་སྒོམ་པའི་ལམ་བརྟེན་པའོ། །དབུས་མཐའ་ལས། གནས་ངན་ལེན་རྒྱུའི་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ཞེས་སོ། །

གཉིས་པ་ནི། ཡང་དག་སྤོང་བ་བཞི་སྟེ། དེའི་ངོ་བོ་ནི་བརྩོན་འགྲུས་ཡིན་ཏེ། དྲན་པ་ཉེར་བཞག་སྒོམ་པས་སྤང་གཉེན་ཤེས་ནས་བླང་དོར་གྱི་གནས་ལ་བརྩོན་འགྲུས་བསྐྱེད་པ་སྟེ། མི་དགེ་བ་སྐྱེས་པ་ཡང་དག་པ་སྤོང་བ། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པའི་ཡང་དག་སྤོང་བ། དགེ་བ་མ་སྐྱེས་པ་བསྐྱེད་པའི་ཡང་དག་སྤོང་བ། དགེ་བ་སྐྱེས་པ་སྤེལ་བའི་ཡང་དག་སྤོང་བ་དང་བཞིའོ། །དེ་ལ་མདོ་ལས། གང་ཡིད་ལ་བྱེད་པ་ནི་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པ་ནི་དགེ་བའོ། །ཞེས་སོ། །

གསུམ་པ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། དེའི་ངོ་བོ་ནི་ཏིང་ངེ་འཛིན་ཡིན་ཏེ། མཛོད་ལས། རྫུ་འཕྲུལ་རྐང་པ་ཏིང་འཛིན་ཡིན། །ཞེས་པས། ཏིང་ངེ་འཛིན་དེའི་མི་མཐུན་ཕྱོགས་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་དགོས་པ་སྟེ། དབུས་མཐའ་ལས། ལེ་ལོ་དང་ནི་མན་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པས་ཉམས་ལེན་ལ་མི་སྤྲོ་བའི་ལེ་ལོ། བསྒོམ་བྱའི་ཚིག་དོན་བརྗེད་པ། བྱིང་རྒོད་ཀྱི་དབང་དུ་སོང་བ། དེ་གཉིས་བྱུང་ཚེ་གཉེན་པོ་མི་བསྟེན་པ་བྱིང་རྒོད་ཞི་ནས་ཀྱང་ཧ་ཅང་གཉེན་པོ་སྟོབས་ཆེ་ན་སྐྱོན་དུ་འགྱུར་བའོ། །དེ་དག་སེལ་བའི་འདུ་བྱེད་བརྒྱད་ནི། དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་པས་ལེ་ལོའི་གཉེན་པོར་སྒོམ་པ་ལ་ཡིད་འདུན་པ་དེ་གནས་དང་། དེ་ལ་གནས་པ་འབད་རྩོལ་གྱི་བརྩོན་འགྲུས་དང་། འདུན་པ་སྐྱེ་བའི་རྒྱུ་དད་པ་དང་། བརྩོན་འགྲུས་ཀྱི་འབྲས་བུ་སྒོ་གསུམ་ཤིན་སྦྱང་ཐོབ་པས་ལས་སུ་རུང་བ་དང་བཞིའོ། །དམིགས་པ་བརྗེད་པའི་གཉེན་པོར་ཚིག་དོན་མི་བརྗེད་པའི་དྲན་པ། བྱིང་རྒོད་གཉིས་འབྱུང་མི་འབྱུང་རྟོག་པའི་ཤེས་བཞིན་དང་། བྱུང་ཚེ་སྤོང་བའི་གཉེན་པོ་མངོན་པར་འདུ་ བྱེདཅང ་གཉེན་པོ་སྟོབས་ཆེ་བའི་གཉེན་པོར་བཏང་སྙོམས་འདུ་མི་བྱེད་པ་དང་བརྒྱད་དོ། །དེ་ལྟར་ན་འདུན་པ་བསྐྱེད་པ་ན་སེམས་རྩེ་གཅིག་ཏུ་ཟིན་པའི་འདུན་པའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་རྐང་པ། འབད་པ་དང་བརྩོན་འགྲུས་རྩོམ་པ་ན་སེམས་རྩེ་གཅིག་ཏུ་ཟིན་པའི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། སེམས་རབ་ཏུ་འཇོག་པ་ན་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་རྐང་པ། སེམས་རབ་ཏུ་འཛིན་པ་ན་དེ་ལ་སྤྱོད་པའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་རྐང་པ་དང་བཞིའོ། །

བཞི་པ་ནི། དབང་པོ་ལྔ་སྟེ། དེའི་ངོ་བོ་ནི། འཕགས་ལམ་ལ་དབང་བར་བྱེད་པའི་ཉེ་རྒྱུའི་བདག་ཉིད་དུ་གནས་པའོ། །དེ་ཡང་བྱང་ཆུབ་ལ་ཡིད་ཆེས་ཤིང་འདུན་པའི་དད་པ་ལ་དབང་བ་དང་། བྱང་སེམས་ཀྱི་སྤྱོད་པ་ལ་སྦྱོར་བའི་བརྩོན་འགྲུས་ལ་དབང་བ་དང་། ཐོས་པའི་དམིགས་རྣམ་མི་བརྗེད་པའི་དྲན་པ་ལ་དབང་བ་དང་། ཞི་གནས་ལ་སེམས་མི་འཕྲོ་བའི་ཏིང་ངེ་འཛིན་ལ་དབང་བ་དང་། ལྷག་མཐོང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་དབང་བ་སྟེ་ལྔའོ། །དེ་ལྟར་རྒྱན་ལས། བྱང་ཆུབ་སྤྱོད་དང་ཐོས་མཆོག་དང་། ཞི་གནས་ལྷག་མཐོང་དད་སོགས་ཀྱིས། །གཞི་ཡིན་པར་ནི་ཤེས་བྱ་སྟེ། །དོན་གྲུབ་བྱེད་པའི་སྐབས་ཀྱིས་སོ། །ཞེས་སོ། །

ལྔ་པ་ནི། སྟོབས་ལྔ་སྟེ། གོང་གི་ལྔ་པོ་དེ་སྟོབས་སུ་གྱུར་པས་དེའི་མི་མཐུན་ཕྱོགས་ཉམས་པར་བྱས་པ་སྟེ། རྒྱན་ལས། མི་མཐུན་ཕྱོགས་ཉམས་ཆུང་བས་ཀྱང་། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་པས། མ་དད་པ་འཇོམས་པས་དད་པའི་སྟོབས། ལེ་ལོ་འཇོམས་པས་བརྩོན་འགྲུས་ཀྱི་སྟོབས། བརྗེད་ངས་འཇོམས་པས་དྲན་པའི་སྟོབས། རྣམ་གཡེང་འཇོམས་པས་ཏིང་ངེ་འཛིན་གྱི་སྟོབས། གཏི་མུག་འཇོམས་པས་ཤེས་རབ་ཀྱི་སྟོབས་དང་ལྔའོ། །

དྲུག་པ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དེ་ཡང་དམིགས་རྣམ་མི་བརྗེད་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོ་ལྟ་བུ། རྣམ་རྟོག་གི་མཚན་མ་འཇོམས་པའི་ཆོས་རབ་ཏུ་རྣམ་འབྱེད་བྱང་ཆུབ་ཡན་ལག་ནི་གླང་པོ་ལྟ་བུ། མངོན་ཤེས་མྱུར་དུ་སྒྲུབ་པའི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་མཆོག་ལྟ་བུ། བསམ་པའི་དོན་གནས་འབྱོར་བ་ཐམས་ཅད་སྒྲུབ་བྱེད་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཡན་ལག་ནི་ཁྱིམ་བདག་ལྟ་བུ། རྣམ་རྟོག་ཐམས་ཅད་མི་རྟོག་པའི་ངང་དུ་གནས་པར་བྱེད་པའི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བློན་པོ་ལྟ་བུ། ལུས་སེམས་ལས་སུ་རུང་བའི་བདེ་བ་ཐོབ་པས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཡན་ལག་ནི་བཙུན་མོ་ལྟ་བུ། ཆོས་ཀྱི་སྣང་བ་འཕེལ་བས་རྟག་ཏུ་ལུས་སེམས་ཚིམ་པར་བྱེད་པའི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ནོར་བུ་ལྟ་བུའོ། །དེ་ལྟར་ཡང་རྒྱན་ལས། ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་སྒྱུར་དང་འདྲ་བར་འཇུག །རྟག་ཏུ་རིན་ཆེན་བདུན་ལྡན་པའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་སོ། །

བདུན་པ་ནི། འཕགས་ལམ་ཡན་ལག་བརྒྱད་དེ། དེ་ཡང་མཐོང་ལམ་གྱི་རྟོགས་པའི་ཡང་དག་པའི་ལྟ་བ་དེའི་ངང་དུ་འཇོག་ཅིང་ཐ་སྙད་བྱེད་པས་ཡང་དག་པའི་ལྟ་བ། མདོ་སྡེའི་དོན་མ་ལུས་པ་རྟོགས་པའི་ཆོས་ཀྱི་ཚིག་དོན་འཛིན་པའི་རྟོག་པ་ནི་ཡང་དག་པའི་རྟོག་པ། ངག་གི་སྐྱོན་སྤངས་པས་ངག་གི་ལས་རྣམ་པར་དག་པ་ནི་ཡང་དག་པའི་ངག །ལུས་ཀྱི་ལས་རྣམ་པར་དག་པས་ཡང་དག་པའི་ལས་ཀྱི་མཐའ། ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པས་ཡང་དག་པའི་འཚོ་བ། སྐྱོ་ངལ་མེད་པར་བསམ་གཏན་ལ་ཡུན་རིང་དུ་གནས་པ་ཡང་དག་པའི་རྩོལ་བ། བྱིང་རྒོད་མེད་པར་དགེ་བའི་དམིགས་རྣམ་ལ་གནས་པ་ཡང་དག་པའི་དྲན་པ། མངོན་ཤེས་སོགས་ཡོན་ཏན་མངོན་པར་སྒྲུབ་བྱེད་ཡང་དག་པའི་ཏིང་ངེ་འཛིན་ནོ། །

གཉིས་པ་ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་ལ། གཉེན་པོའི་ལམ་གསུམ། སྤྲུལ་པའི་ལམ། འཇིག་རྟེན་ལས་འདས་པའི་ལམ་དང་གསུམ། དང་པོ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་གསུམ་མོ། །དེ་ལ་དབྱེ་ན། རྣམ་ཐར་དང་པོ་སྟོང་བདག་མེད་རྟོགས་པའི་རྣམ་པ། གཉིས་པ་འགོག་ལམ་གྱི་རྣམ་པ་བརྒྱད་རྟོགས་པའི་རྣམ་པ། གསུམ་པ་སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་བདེན་པའི་བཞི་སྟེ་དྲུག་རྟོགས་པའི་རྣམ་པ་ཅན་ཏེ། ཀུན་བཏུས་སུ། སྟོང་པ་ཉིད་ཀྱི་རྣམ་པ་དུ་ཞེ་ན་གཉིས་སོ། །སྨོན་པ་མེད་པའི་རྣམ་པ་དུ་ཞེ་ན་དྲུག་གོ །མཚན་མ་མེད་པའི་རྣམ་པ་དུ་ཞེ་ན་བརྒྱད་དོ། །ཞེས་སོ། །

གཉིས་པ་ནི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར། ཁྱད་པར་སྡུག་པའི་རྣམ་ཐར། ནམ་མཁའ་མཐའ་ཡས་ལ་སོགས་པ་བཞིའི་རྣམ་ཐར། འགོག་པའི་རྣམ་པར་ཐར་པ་དང་བརྒྱད་དོ། །དེ་ལྟར་སྤྲུལ་ལམ་གྱི་དགོས་པ་ནི། རྣམ་ཐར་གསུམ་རིམ་བཞིན། སྤྲུལ་པ་པོ་རང་ཉིད་སྣང་བའི་སྒོ་ནས་རྫུ་འཕྲུལ་སྣ་ཚོགས་སྤྲུལ་པ། མི་སྣང་བའི་སྒོ་ནས་རྫུ་འཕྲུལ་སྣ་ཚོགས་སྤྲུལ་བ། ཡིད་དུ་འོང་མི་འོང་བའི་གཟུགས་ལ་སྤྲུལ་འདོད་མི་འདོད་ཀྱི་ཉོན་མོངས་སྤོང་བའི་ཆེད་དུ་ལྟ་བའོ། །

གསུམ་པ་ནི། འགོག་པའི་སྙོམས་འཇུག་སྟེ་དེའི་ངོ་བོ་ནི། ཟག་མེད་ཀྱི་ལམ་གྱིས་སྤྲོས་པ་ཅི་རིགས་བཀག་པའི་བདག་མེད་ལ་སྙོམས་པར་འཇུག་པའི་ཡེ་ཤེས་སོ། །དགག་བྱ་ནི། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་དགག་བྱ་གཉིས་ལས། དང་པོ་ནི། ཚོར་བ་གསུམ་དང་བདག་ཏུ་འཛིན་པའི་འདུ་ཤེས་སོ། །གཉིས་པ་ནི། དམན་པའི་ཡིད་བྱེད་དང་། མཚན་མར་འཛིན་པའི་སྤྲུལ་པའི་ཚོགས་ཏེ། འདི་ནི་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བཤད་དོ། །དབྱེ་བ་ལ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་དང་། ཡང་དག་མཐའ་ལ་སྙོམས་པར་འཇུག་པ་གཉིས་ལས། དང་པོ་ནི། ཐུན་མོང་པ་སྟེ། ཉན་ཐོས་ལ་ཡང་ཡོད་པའི་ཕྱིར། གཉིས་པ་ནི། ཐུན་མོང་མ་ཡིན་པ་སྟེ། ཐེག་ཆེན་འཕགས་པ་ཁོ་ན་ལ་ཡོད་པའི་ཕྱིར། དེ་ལ་དང་པོ་ནི། ཉོན་མོངས་པའི་རྒྱུར་གྱུར་པའི་ཚོར་བ་འགོག་པའོ། །ཟག་མེད་ཀྱི་ཚོར་འདུ་ནི་མི་འགོག་སྟེ། འཕགས་པའི་མཉམ་བཞག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཐུན་མོང་མ་ཡིན་པའི་དགག་བྱ་རྣམས་འགོག་གོ །གནས་སྐབས་གང་དུ་ཐོབ་པ་ནི། སྙོམས་འཇུག་དང་པོ་ནི། ཉན་རང་གི་སྒོམ་ལམ་ནས་ཐོབ་ལ། བྱང་སེམས་ཀྱི་ས་དང་པོར་ཐོབ་བོ། །སྙོམས་འཇུག་གཉིས་པ་ནི། ས་དྲུག་པ་ནས་ཐོབ་སྟེ། དེར་མཚན་མར་འཛིན་པ་འགོག་པའི་ནུས་པ་ཐོབ་པའི་ཕྱིར། སྔ་རོལ་དུ་མ་ཐོབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་བ་མེད་པའི་ཕྱིར། བདུན་པ་ནས་ཐབས་ཀྱི་ཕར་ཕྱིན་ཐོབ་པས་ཇི་ལྟར་འདོད་པ་བཞིན་འཇུག་ནུས་ཤིང་། བརྒྱད་པ་ནས་མངོན་དུ་འགྱུར་ཏེ། མཚན་མར་འཛིན་པའི་སྤྲོས་པ་འགགས་པའི་ཆོས་ཉིད་ལ་རྩོལ་མེད་དུ་འཇོག་པའི་ཕྱིར་རོ། །

གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ནི། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པ་རིག་པ་དང་། མ་འདྲེས་པའི་ཡོན་ཏན་དང་། དེ་བཞིན་ཉིད་དང་། རང་བྱུང་དང་། སངས་རྒྱས་ཉིད་ཀྱི་རྣམ་པ་དང་བདུན་ལས། དང་པོ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཉོན་མོངས་པ་དང་རྣམ་བྱང་མཁྱེན་པའི་སྟོབས། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་སྟེ་བྱང་ཆུབ་གསུམ་དུ་བགྲོད་ལམ་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུའོ། །དེ་ལྟར་ཡང་རྒྱུད་བླ་ལས། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་པར་སྨིན་དང་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་སོ། །

གཉིས་པ་ནི། མི་འཇིགས་པ་བཞི་སྟེ། ཇི་ལྟ་ཇི་སྙེད་ཀྱི་ཆོས་མ་ལུས་པ་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་དང་། ཐར་པ་ཐོབ་པ་ལ་སྒྲིབ་པས་འགོག་པར་བྱེད་དགོས་སོ་ཞེས་བར་དུ་གཅོད་པ་ལ་མི་འཇིགས་པ་དང་། སྤང་བྱ་སྤངས་པའི་འགོག་པ་ཐོབ་པ་ལ་མི་འཇིགས་པ་དང་། ངེས་འབྱུང་གི་ཐེག་པ་གསུམ་གྱི་ལམ་སྟོན་པ་ལ་མི་འཇིགས་པ་སྟེ། རྒྱུད་བླ་མ་ལས། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་སོ། །

གསུམ་པ་ནི། སོ་སོར་ཡང་དག་པ་རིག་པ་བཞི་སྟེ། ཆོས་སོ་སོར་ཡང་དག་པ་རིག་པ། དོན་སོ་སོར་ཡང་དག་པ་རིག་པ། ངེས་པའི་ཚིག་སོ་སོར་ཡང་དག་པ་རིག་པ། སྤོབས་པ་སོ་སོར་ཡང་དག་པ་རིག་པ་བཞིའོ། །

བཞི་པ་ནི། མ་འདྲེས་པའི་ཡོན་ཏན་བཅོ་བརྒྱད་དེ། སྐུའི་སྤྱོད་པ་འཁྲུལ་པ་མི་མངའ་བ། གསུང་ཅ་ཅོ་མི་མངའ་བ། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ། ཐ་དད་པ་ཉིད་དུ་བཟུང་ནས་བླང་དོར་གྱི་འདུ་ཤེས་མི་མངའ་བ། སོ་སོར་མ་བརྟགས་པའི་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པ་མ་འདྲེས་པ་དྲུག་དང་། ཆོས་སྟོན་པའི་འདུན་པ་ཉམས་པ་མི་མངའ་བ། གདུལ་བྱའི་བྱ་བ་སྒྲུབ་པའི་བརྩོན་འགྲུས་ཉམས་པ་མི་མངའ་བ། མི་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ། ཆོས་ཉིད་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཉམས་པ་མི་མངའ་བ། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་སྟེ་རྟོགས་པ་མ་འདྲེས་པ་དྲུག་དང་། སྐུའི་ཕྲིན་ལས་རྣམས་ཡེ་ཤེས་མངོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ། གསུང་གི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ། ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ་སྟེ་ཕྲིན་ལས་མ་འདྲེས་པ་གསུམ་དང་། འདས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། མ་འོངས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཏེ་ཡེ་ཤེས་མ་འདྲེས་པ་གསུམ་སྟེ་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །

ལྔ་པ་དེ་བཞིན་ཉིད་ཀྱི་རྣམ་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་དེ་ཉིད་ལ་སངས་རྒྱས་ཀྱིས་བཤད་ཅེས་སྨོས་ཅེ་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་གཞན་དོན་དུ་དེ་བཞིན་ཉིད་སྟོན་པར་མཚུངས་པའི་ཕྱིར་རོ། །

དྲུག་པ་རང་བྱུང་གི་རྣམ་པ་ནི། སློབ་དཔོན་གཞན་ལ་རག་མ་ལས་པར་གཟུགས་སོགས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཡེ་ཤེས་སོ། །

གཉིས་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་འདིར་བསྟན་སྦྱོར་བ་རྣམས་སྒོམ་པ་པོའི་རྟེན་གྱི་གང་ཟག་ལ། མཚན་ཉིད། དབྱེ་བ། བསྟན་ཚུལ་དང་གསུམ། དང་པོ་ནི། ཤེར་ཕྱིན་ལ་ཐོས་བསམ་སྒོམ་གསུམ་གང་རུང་གིས་འཇུག་པའི་རྒྱལ་སྲས། གཉིས་པ་ལ། གཞུང་ཉན་པའི་གང་ཟག །ཚིག་བློ་ལ་འཛིན་པའི་གང་ཟག །དོན་མི་བརྗེད་པར་འཛིན་པའི་གང་ཟག །སྒོམ་བྱུང་གི་སྒོ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་གང་ཟག་དང་བཞི་ཡོད། གསུམ་པ་ནི། ཚིག་དང་པོས་གཞུང་ཉན་པའི་གང་ཟག་བསྟན། སངས་རྒྱས་བསྟན་ལ་སོགས་པས་ལེན་པའི་སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པས་གཉིས་པ་བསྟན།

གསུམ་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པས་ཐེག་ཆེན་གྱི་སྦྱོར་བ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། ཐབས་ཤེས་ཁྱད་པར་ཅན་གཉིས་དང་ལྡན་པའི་རིགས་སུ་གནས་པའི་སེམས་དཔའི་རྣལ་འབྱོར།

གཉིས་པ་ལ། རང་བཞིན་གྱི་སྦྱོར་བ་དང་། གནས་སྐབས་ཀྱི་སྦྱོར་བ་གཉིས། དང་པོ་ལ། མི་གནས་པའི་སྦྱོར་བ། མི་སྦྱོར་བའི་སྦྱོར་བ། ཟབ་པ་གཞི་ཤེས་ཀྱི་སྦྱོར་བ། གཏིང་དཔག་དཀའ་བ་ལམ་ཤེས་ཀྱི་སྦྱོར་བ། ཚད་མེད་པ་རྣམ་མཁྱེན་གྱི་སྦྱོར་བ་དང་ལྔ། དང་པོའི་མཚན་ཉིད། ཡུལ་གཟུང་བ་ལ་བདེན་ཞེན་འགོག་པའི་སེམས་དཔའི་རྣལ་འབྱོར། གཉིས་པའི་མཚན་ཉིད། ཡུལ་འཛིན་པ་ལ་བདེན་ཞེན་འགོག་པའི་སེམས་དཔའི་རྣལ་འབྱོར། ཕྱི་མ་གསུམ་གྱི་མཚན་ཉིད་རིམ་བཞིན། གཞིའི་ཆོས་ཉིད་ཟབ་མོ་རྟོགས་པའི་སེམས་དཔའི་རྣལ་འབྱོར། ལམ་གྱི་ཆོས་ཉིད་གཏིང་དཔག་དཀའ་བ་རྟོགས་པའི་སེམས་དཔའི་རྣལ་འབྱོར། རྣམ་པའི་ཆོས་ཉིད་ཚད་མེད་པ་རྟོགས་པའི་སེམས་དཔའི་རྣལ་འབྱོར། འདི་རྣམས་ལ་རང་བཞིན་གྱི་སྦྱོར་བ་ཞེས་བྱ་སྟེ། ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཁྱབ་བྱེད་དུ་གནས་པའི་ཕྱིར། གཉིས་པ་ལ། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ། ལུང་བསྟན་པའི་སྦྱོར་བ། ཕྱིར་མི་ལྡོག་པའི་སྦྱོར་བ། ངེས་པར་འབྱུང་བའི་སྦྱོར་བ། བར་ཆད་མེད་པའི་སྦྱོར་བ། བྱང་ཆུབ་ལ་ཉེ་བའི་སྦྱོར་བ། མྱུར་དུ་བྱང་ཆུབ་པའི་སྦྱོར་བ། གཞན་དོན་གྱི་སྦྱོར་བ། འཕེལ་མེད་འགྲིབ་མེད་ཀྱི་སྦྱོར་བ། མི་དམིགས་པའི་སྦྱོར་བ། གཟུགས་སོགས་ཀྱི་རྣམ་པ་འགོག་པའི་སྦྱོར་བ། རྣམ་པར་མི་རྟོག་པའི་སྦྱོར་བ། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་སྦྱོར་བ། རྣམ་པར་དག་པའི་སྦྱོར་བ། ས་མཚམས་ཀྱི་སྦྱོར་བ་དང་བཅོ་ལྔ། འདི་རྣམས་ལ་གནས་སྐབས་ཀྱི་སྦྱོར་བ་ཞེས་བྱ་སྟེ། ས་མཚམས་སོ་སོར་ངེས་པའི་སྦྱོར་བ་ཡིན་པའི་ཕྱིར། དེ་ཡང་དང་པོ་ཚོགས་ལམ། དེ་ནས་རིམ་བཞིན་དྲོད་སོགས་བཞི། བྱང་ཆུབ་ལ་ཉེ་བ་ས་དང་པོ། མྱུར་དུ་བྱང་ཆུབ་པ་ས་གཉིས་པ་ནས་བདུན་པའི་བར། གཞན་དོན་གྱི་སྦྱོར་བ་ནས་མི་རྟོག་པའི་སྦྱོར་བའི་བར་ས་བརྒྱད་པ། འབྲས་བུ་རིན་ཆེན་སྦྱིན་བྱེད་ས་དགུ་པ། རྣམ་དག་སྦྱོར་བ་ས་བཅུ་པ། ས་མཚམས་ཀྱི་སྦྱོར་བ་ཚོགས་ལམ་ནས་རྒྱུན་མཐའི་བར་དུའོ། །

བཞི་པ་ལ། བླང་བྱ་ཡོན་ཏན་དང་། དོར་བྱ་སྐྱོན་གཉིས་ལས། དང་པོ་ནི་བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཞེས་པས་ཐེག་ཆེན་སྦྱོར་བའི་ཡོན་ཏན་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། རང་རྒྱུ་ཐེག་ཆེན་གྱི་སྦྱོར་བ་ངོ་བོ་ཇི་ལྟ་བ་བཞིན་དུ་སྒོམ་སྟོབས་ཀྱིས་ཐོབ་པའི་དགེ་ལེགས། གཉིས་པ་ལ། ས་མཚམས་དང་། འབྲས་བུའི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། བྱང་སེམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ་གནས་སྐབས་དང་། སངས་རྒྱས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ་མཐར་ཐུག་གོ །གཉིས་པ་ལ་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན། སངས་རྒྱས་ཀྱི་དགོངས་ཞིང་མཁྱེན་པའི་ཡོན་ཏན། སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པའི་ཡོན་ཏན། བྱང་ཆུབ་ལ་ཉེ་བར་གྱུར་པའི་ཡོན་ཏན། དོན་ཆེན་པོ་སངས་རྒྱས་དང་འཕྲད་པའི་ཡོན་ཏན། ཤེར་ཕྱིན་སྤྱད་པའི་ཡོན་ཏན། ཟག་མེད་ཀྱི་ཡོན་ཏན་རྫོགས་པའི་ཡོན་ཏན། ཆོས་སྨྲ་བའི་སྐྱེས་བུར་གྱུར་པའི་ཡོན་ཏན། བདུད་ཀྱི་ལས་ཀྱིས་མི་བརྫི་བའི་ཡོན་ཏན། ཐུན་མོང་མ་ཡིན་པའི་དགེ་རྩ་བསྐྱེད་པའི་ཡོན་ཏན། དམ་བཅས་པའི་དོན་འགྲུབ་པའི་ཡོན་ཏན། འབྲས་བུ་རྒྱ་ཆེན་པོ་འཛིན་པའི་ཡོན་ཏན། སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན། ཤེར་ཕྱིན་ངེས་པར་ཐོབ་པའི་ཡོན་ཏན་དང་བཅུ་བཞིའོ། །གསུམ་པ་ནི། ཐེག་ཆེན་གྱི་ཚོགས་ལམ་སྐད་ཅིག་མ་གཉིས་པ་ནས་སངས་རྒྱས་སའི་བར་དུའོ། །

གཉིས་པ་ཐེག་ཆེན་སྦྱོར་བའི་སྐྱོན་ལ། མཚན་ཉིད། དབྱེ་བ། ས་མཚམས། སེལ་བྱེད་ཀྱི་གཉེན་པོ་དང་བཞི། དང་པོ་ནི། ཐེག་ཆེན་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་བདུད་ལས། གཉིས་པ་ནི། རྩ་བར། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ་ཞེས་པས། འགལ་རྐྱེན་ཉེར་གནས་ཉེར་གསུམ་དང་། མཐུན་རྐྱེན་མ་ཚང་བ་ཉེར་གསུམ་སྟེ་བཞི་བཅུ་རྩ་དྲུག་ནི། ཚེགས་ཆེན་པོས་འཐོབ་པ་དང་། སྤོབས་པ་ཧ་ཅང་མྱུར་བ་དང་། ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་དང་། རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པ་སོགས་དང་། ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་དང་། རྒྱུ་ལ་མངོན་ཞེན་ཉམས་པ་དང་། གྱ་ནོམ་པའི་རོ་མྱང་བ་ཉམས་པ་དང་། ཐེག་མཆོག་ཀུན་ཏུ་འཛིན་པ་ཉམས་པ་དང་། རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་སྟེ་བཅུ་ཚན་དང་པོའོ། །རྒྱུ་འབྲས་འབྲེལ་བ་ཉམས་པ་དང་། གོང་ན་མེད་པ་ཉམས་པ་དང་། ཡུལ་རྣམ་པ་མང་པོ་ལ་རྣམ་རྟོག་གི་སྤོབས་པ་འབྱུང་བ་དང་། ཡི་གེར་འབྲི་བ་ལ་མངོན་པར་ཞེན་པ་དང་། དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་། ཡི་གེ་མེད་པ་ལ་མངོན་པར་ཞེན་པ་དང་། ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང་། རྙེད་བཀུར་དང་ཚིགས་བཅད་ཀྱི་རོ་མྱང་བ་དང་། ལམ་མ་ཡིན་པས་ཐབས་ལ་མཁས་པ་འཚོལ་བ་སྟེ། བཅུ་ཚན་གཉིས་པའོ། །ཉན་པ་པོ་དང་འཆད་པ་པོ་དག་འདུན་པ་དང་སྙོམས་ལས་ཀྱིས་ཉམས་པ་དང་། དེ་གཉིས་འདུན་པའི་ཡུལ་ཐ་དད་པས་ཉམས་པ་དང་། དེ་འདོད་ཆེ་ཆུང་མ་ཡིན་པ་ཉིད་ཀྱིས་ཉམས་པ་དང་། ཉན་པ་པོ་སྦྱངས་ཡོན་དང་ལྡན་ལ་འཆད་པ་པོ་དེ་དང་མི་ལྡན་པ་དང་། ཉན་པ་པོ་དགེ་བའི་ཆོས་ཉིད་དང་། འཆད་པ་པོ་དེ་མ་ཡིན་པའི་ཆོས་ཉིད་དང་། ཉན་པ་པོ་གཏོང་བ་དང་། འཆད་པ་པོ་སེར་སྣ་བྱེད་པ་དང་། ཉན་པ་པོ་ཟང་ཟིང་སྦྱིན་འདོད་པ་དང་། འཆད་པ་པོ་དེ་མི་ལེན་པ་དང་། ཉན་པ་པོ་མགོ་སྨོས་པས་གོ་བ་དང་། འཆད་པ་པོ་རྣམ་པར་སྤྲོས་པས་གོ་བ་དང་། ཉན་པ་པོ་མདོ་སྡེ་ལ་སོགས་པའི་ཡན་ལག་བཅུ་གཉིས་མངོན་པར་ཤེས་པ་དང་། འཆད་པ་པོ་དེ་མི་ཤེས་པ་དང་། ཉན་འཆད་གཉིས་ཕྱིན་དྲུག་དང་མི་ལྡན་པ་སྟེ་བཅུ་ཚན་གསུམ་པའོ། །དེ་བཞིན་དུ་ཉན་འཆད་གཉིས་པོ་ཐབས་ལ་མཁས་པ་དང་ཐབས་མ་ཡིན་པ་ལ་མཁས་པ་དང་། གཟུངས་ཐོབ་པ་དང་མ་ཐོབ་པ་དག་དང་། ཡི་གེར་འབྲི་འདོད་པ་དང་མི་འདོད་པ་དག་དང་། འདོད་པའི་ཡོན་ཏན་ལ་འདུན་པ་དང་། དེས་མཚོན་གནོད་སེམས་སོགས་སྒྲིབ་པ་ལྔ་དང་བྲལ་བ་དང་། འཆད་པ་པོ་མ་བྲལ་བ་དང་། གཞན་དོན་དུ་ངན་སོང་གི་འགྲོ་བར་སྐྱེ་བ་ལ་ཡིད་ཕྱིར་ཕྱོགས་པ་དང་། བདེ་འགྲོ་ལ་ཡིད་བདེ་བ་སྟེ་གཉིས་དང་། འཆད་པ་པོ་དང་ཉན་པ་པོ་སྔ་ཕྱི་གང་རུང་འབྲེལ་བས་གཅིག་པུ་ལ་དགའ་བ་དང་། ཉན་པ་པོ་འཁོར་མང་བ་ལ་མངོན་པར་དགའ་བ་ཉིད་དང་། འཆད་པ་པོ་ཉན་པ་པོའི་རྗེས་སུ་འབྲེལ་བའི་གོ་སྐབས་མི་འབྱེད་པ་དང་། ཉན་པ་པོ་རྗེས་སུ་འབྲང་འདོད་པ་དང་། དེ་བཞིན་དུ་ཟང་ཟིང་ཅུང་ཟད་འདོད་པ་དང་། དེ་སྦྱིན་པར་མི་འདོད་པ་ཉིད་དང་། སྲོག་གི་བར་ཆད་དུ་འགྱུར་བ་དང་། མི་འགྱུར་བའི་ཕྱོགས་སུ་འགྲོ་འདོད་པ་དང་མི་འདོད་པ་སྟེ་བཅུ་ཚན་བཞི་པའོ། །དེ་བཞིན་དུ་མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་འདོད་མི་འདོད་དང་། ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་འདོད་མི་འདོད་དང་། ཁྱིམ་ལྟ་བས་ཡིད་མི་བདེ་ཞེས་བྱ་བ་གསུམ་དང་། བདུད་ལས་ཀྱིས་འབྱེད་པའི་སྦྱོར་བ་དང་། བཅོས་མ་ཉེ་བར་སྒྲུབ་པ་དང་། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་དགའ་བ་བསྐྱེད་པ་གཞན་གསུམ་སྟེ་སྐྱོན་བཞི་བཅུ་རྩ་དྲུག་གོ །གསུམ་པ་ནི། ལམ་མ་ཞུགས་ནས་ས་བདུན་པའི་བར་དུའོ། །བཞི་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ། སེམས་ཅན་སྨིན་པའི་ཐབས་མཁས། སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་བཞིན་ཉམས་སུ་ལེན་པའི་སྦྱོར་བ། སངས་རྒྱས་ཀྱིས་བྱིན་གྱིས་རླབས་པའི་ནུས་པ་སྟེ་རྒྱུ་བཞིས་སེལ་ལོ། །

ལྔ་པ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་པས་ཐར་པ་ཆ་མཐུན་ལ། ལུས་རྟེན། སེམས་རྟེན། ཐར་པ་ཆ་མཐུན་གྱི་རང་བཞིན་དང་གསུམ། དང་པོ་ལ། རང་སྟོབས་ཀྱིས་སྐྱེ་བའི་རྟེན་དང་། གཞན་སྟོབས་ཀྱིས་སྐྱེ་བའི་རྟེན་གཉིས། དང་པོ་ནི། གླིང་གསུམ་གྱི་མིའི་རྟེན་ལ་དངོས་སུ་སྐྱེ་སྟེ། མཛོད་ལས། ཐོས་བསམ་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་སོ། །གཉིས་པ་ནི། འདུ་ཤེས་མེད་པ་དང་། གཟུགས་མེད་ཁམས་པ་མ་གཏོགས་པའི་འགྲོ་བ་གཞན་ཐམས་ཅད་ལ་དངོས་སུ་སྐྱེའོ། །གཉིས་པ་ནི། འདོད་སེམས་རྩེ་གཅིག་པ་དང་། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་དངོས་སུ་སྐྱེ། གཟུགས་མེད་ཀྱི་སེམས་ལ་དངོས་སུ་མི་བསྟེན་ཏེ། འདི་དག་གཙོ་བོར་ལུང་གི་མཐུ་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། གསུམ་པ་ལ། མཚན་ཉིད། དབྱེ་བ། ཐོབ་པའི་རྒྱུ། ཡོན་ཏན་གྱི་ཁྱད་པར་དང་བཞི། དང་པོ་ནི། ཐེག་པ་རང་ལུགས་ཀྱི་སྦྱོར་ལམ་མ་སྐྱེས་གོང་གི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་རིགས་སུ་གནས་པའི་ཐེག་ཆེན་སྐྱེས་བུའི་མངོན་རྟོགས། དབྱེ་ན། ཆུང་འབྲིང་ཆེ་གསུམ།

གསུམ་པ་ནི། མཛོད་འགྲེལ་ལས། གང་ལ་འཁོར་བའི་ཉེས་དམིགས་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བརྗོད་པའི་གཏམ་ཐོས་ནས། སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འཁྲུག་ཅེས་བྱེད་པ་དེ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། དབྱར་མྱུ་གུ་སྐྱེ་བ་ལ་གཡུལ་གྱི་གསེབ་ན་ས་བོན་ཡོད་པ་ཤེས་པ་བཞིན་ནོ། །ཞེས་སོ། །བཞི་པ་ལ། སྤྱིར་བསྟན་པ་དང་། དོགས་པ་གཅོད་པ་གཉིས། དང་པོ་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ། དེའི་ཡན་ལག་ཏུ་དབང་པོའི་སྒོ་ཆགས་སོགས་ལ་སྡོམ་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། རྒྱུད་ཡོངས་སུ་སྨིན་པའི་ཁྱད་པར་ཡན་ལག་བཅུ་གཉིས་ཀྱི་གསུང་རབ་ལ་ཐོས་བསམ་གྱི་རྣལ་འབྱོར་ལ་བརྩོན་པ་དང་། ངོ་བོའི་ཁྱད་པར་ཐོས་བསམ་སྒོམ་གསུམ་གྱི་དགེ་རྩས་བསྡུས་པ། བྱེད་ལས་ཀྱི་ཁྱད་པར་གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པ་མྱུར་དུ་འགྲུབ་པར་བྱེད་པའི་ཡོན་ཏན་དང་ལྡན་ནོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་དོན། ཐེག་པ་གསུམ་གྱི་ཚོགས་ལམ་གསུམ་ལས། ཐེག་ཆེན་ཚོགས་ལམ་ལ། དབང་པོ་རྣོ་རྟུལ་གཉིས་ལས། དང་པོས་བླ་མེད་རྟོགས་པར་སླ་སྟེ། དབང་པོ་རྣོ་བས་བླ་མེད་བྱང་ཆུབ་ལས་ཕྱིར་ལྡོག་དཀའ་བའི་ཕྱིར། དེ་ཡིན་ན་ཕྱིར་མི་ལྡོག་པས་མ་ཁྱབ་སྟེ། དེ་དང་མ་ངེས་པའི་རིགས་ཅན་གྱི་གཞི་མཐུན་ཡོད་པའི་ཕྱིར། དབང་རྟུལ་གྱིས་དེ་ལ་ལྟོས་ནས་བླ་མེད་བྱང་ཆུབ་ཐོབ་དཀའ་སྟེ། གནས་སྐབས་བླ་མེད་བྱང་ཆུབ་ལས་ཕྱིར་ལྡོག་སྲིད་པའི་ཕྱིར། དེ་ཡིན་ན་ཕྱིར་ལྡོག་པས་མ་ཁྱབ་སྟེ། དེ་དང་ཐེག་ཆེན་དུ་རིགས་ངེས་པའི་གཞི་མཐུན་ཡོད་པའི་ཕྱིར། གཉིས་པ་སྦྱོར་བ་རྒྱུད་ལ་སྐྱེས་པའི་གནས་སྐབས་ཀྱི་སྒོམ་རིམ་ལ། རྒྱུད་ཡོངས་སུ་སྨིན་པའི་ངེས་འབྱེད་ཆ་མཐུན། རྟེན་ཕྱིར་མི་ལྡོག་པའི་གང་ཟག །བསྒོམ་བྱ་སྦྱོར་བའི་ངོ་བོ་དང་གསུམ། དང་པོ་ནི། སྐབས་དང་པོར་བཤད་ཟིན། གཉིས་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་སོགས་ཀྱི་སྐབས་སུ། གང་ཟག་གང་ཕྱིར་མི་ལྡོག་པ་དང་། ཡུལ་གང་ལས་ཕྱིར་མི་ལྡོག་པ་དང་། རྒྱུ་གང་གིས་ཕྱིར་མི་ལྡོག་པ་དང་། ཕྱིར་མི་ལྡོག་པའི་རྟགས་ཀྱི་རང་བཞིན་དང་བཞི། དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ལ། མ་མཐའི་ས་མཚམས་ངོས་བཟུང་བ་དང་། འདིར་བསྟན་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་༼རྒྱུའི་༽ཆོས་ཅན་ངོས་བཟུང་བ་གཉིས། དང་པོ་ལ། དངོས་དང་། ཕྱིར་མི་ལྡོག་གི་རྟགས་ཐོབ་མ་ཐོབ་ལ་དཔྱད་པ་གཉིས། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ཀྱང་ཕྱིར་མི་ལྡོག་པ་ཡོད་དེ། ཐེག་ཆེན་དུ་རིགས་ངེས་པའི་ཚོགས་ལམ་པ་དབང་རྣོན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་དུ་འཇུག་མི་སྲིད་པའི་ཕྱིར། འོན་ཀྱང་དེ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་མི་འཇོག་སྟེ། རང་གི་སྤྱོད་པ་དང་འཚམས་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་གཞན་ངོར་གཙོ་བོར་སྟོན་མི་ནུས་པས་རང་ལས་རྟོགས་པ་དམའ་བའི་གང་ཟག་ཕྱིར་མི་ལྡོག་པར་ངེས་དཀའ་བའི་ཕྱིར། དེས་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ས་མཚམས་ངེས་འབྱེད་ཆ་མཐུན་ནས་ཡོད་དོ། །དེ་ཡང་མདོ་ལས། རྣམ་པ་དེ་དག་དང་། རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོ། །དེ་ཡང་མ་ངེས་པའི་རིགས་ཅན་ལ་སྦྱོར་ལམ་པ་དབང་རྣོན། མ་དག་སར་དབང་འབྲིང་། དག་སའི་བྱང་སེམས་མཐའ་དག་གིས་ཐོབ་བོ། །

གཉིས་པ་ནི། བསམ་སྦྱོར་གཉིས་ཀྱི་སྒོ་ནས་དམན་པའི་ལམ་དུ་འཇུག་མི་སྲིད་པའི་རྟོགས་པ་ཁྱད་པར་ཅན་དང་ལྡན་ན། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་ཁྱབ་ཅིང་། རང་རྒྱུད་ཀྱི་རྟོགས་པ་དང་རྗེས་མཐུན་གྱི་སྤྱོད་པ་ཁྱད་པར་ཅན་གདུལ་བྱ་གཞན་ངོར་གཙོ་བོར་སྟོན་ནུས་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དོན་ནོ། །དེའི་དང་པོ་ནི་འདིར་བསྟན་གྱི་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ཆོས་ཅན་དུ་གཟུང་བྱ་མ་ཡིན་ཏེ། དེ་ཕྱིར་མི་ལྡོག་པར་རྟགས་ཀྱིས་བསྒྲུབ་མི་ནུས་པའི་ཕྱིར། གཉིས་པ་ལ། རིགས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་ནི། རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །བཟོད་པ་དང་ནི་མོས་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་པ་ལྟར་རིགས་སད་བྱེད་ཀྱི་རྐྱེན་བཞི་དང་ལྡན་པས་དམན་ལམ་དུ་དཀྲིར་མི་ཐུབ་པའོ། །རྟོགས་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་ནི། སྟོང་ཉིད་སྒོམ་བྱུང་གི་སྒོ་ནས་གཙོ་བོར་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྟོབས་ཀྱིས་ཐེག་ཆེན་གྱི་རྟོགས་པ་འདོར་མི་སྲིད་པའོ། །འདི་ལ་ནང་གི་ཡོངས་འཛིན་ཞེས་ཀྱང་བྱའོ། །འདི་དག་ཀྱང་འདིར་བསྟན་གྱི་ཆོས་ཅན་དུ་གཙོ་བོར་གཟུང་བྱ་མ་ཡིན་ཏེ། ཕྱིར་ལྡོག་གམ་སྙམ་པའི་དགོས་པ་ཤས་ཆུང་བའི་ཕྱིར། དེས་ན་མ་ངེས་པའི་རིགས་ཅན་གྱི་སྦྱོར་ལམ་པ་དབང་རྣོན་དང་། མ་དག་ས་ལ་གནས་པའི་བྱང་སེམས་དབང་འབྲིང་ནི། འདིར་བསྟན་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ཆོས་ཅན་དུ་གཙོ་བོར་གཟུང་བྱ་ཡིན་ཏེ། དེ་དག་ཕྱིར་ལྡོག་གམ་སྙམ་པའི་དོགས་པ་ཤས་ཆེ་བ་དང་། ཕྱིར་མི་ལྡོག་པར་རྟགས་ཀྱིས་སྒྲུབ་ནུས་པའི་ཕྱིར། གཉིས་པ་ནི། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ཏུ་འཇུག་མི་སྲིད་པའི་ཐེག་ཆེན་གྱི་སྐྱེས་བུ། ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། ཕྱིར་མི་ལྡོག་པའི་རྟགས་རང་རྒྱུད་ལ་ཐོབ་པའི་རྒྱལ་སྲས་འདིར་དངོས་བསྟན་གྱི་དེའི་མཚན་ཉིད།

གསུམ་པ་ལ། ཕྱིར་མི་ལྡོག་པའི་བྱང་སེམས་སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་དང་གསུམ། མཚན་ཉིད་རིམ་བཞིན། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པ་གང་ཞིག །ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ལ་གནས་པའི་གང་ཟག །དེ་གང་ཞིག །ས་དང་པོ་ལ་གནས་པའི་རྒྱལ་སྲས། དེ་གང་ཞིག །རྗེས་ལ་མངོན་རྟོགས་ལ་གནས་པའི་རྒྱལ་སྲས། དེ་དག་ལ་དབྱེ་ན། ཕྱིར་མི་ལྡོག་པའི་རྟགས་ཐོབ་མ་ཐོབ་གཉིས། གཉིས་པ་ལ། བྱང་ཆུབ་ཙམ་ལས་ཕྱིར་མི་ལྡོག་པ། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། འཇིག་རྟེན་ལས་འདས་པའི་ས་ལས་ཕྱིར་མི་ལྡོག་པ། འབད་རྩོལ་མེད་པའི་ས་ལས་ཕྱིར་མི་ལྡོག་པ་དང་བཞི། དང་པོ་ཚོགས་ལམ་ནས་ཡོད། གཉིས་པ་ཐེག་ཆེན་སྦྱོར་ལམ་ནས་ཡོད། གསུམ་པ་ས་དང་པོ་ནས་ཡོད། བཞི་པ་ས་བརྒྱད་པ་ནས་ཡོད་དོ། །དེ་ལས་འདིར་བསྟན་ནི་གཉིས་པ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་དབང་དུ་བྱས་ནས་བཞག་གོ །

གསུམ་པ་ལ་བསམ་པ་དང་། སྦྱོར་བའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་གཉིས། དང་པོ་ལ། ངོ་བོ་དང་། ས་མཚམས་གཉིས། དང་པོ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་ཉམས་པའི་དོགས་པ་ཙམ་ཡང་མེད་པའི་བསམ་པ་ཁྱད་པར་ཅན་དང་ལྡན་པའོ། །གཉིས་པ་ནི། ཚོགས་ལམ་པ་དབང་རྣོན་ནས་ཀྱང་ཐོབ་ཅིང་མ་ངེས་པའི་རིགས་ཅན་ལ། སྦྱོར་ལམ་པ་དབང་རྣོན། མ་དག་ས་དབང་འབྲིང་ཡན། དག་ས་ལ་གནས་པའི་བྱང་སེམས་མཐའ་དག་གིས་ཐོབ་སྟེ། གནད་ཀྱི་ཟླ་འོད་དུ། འདིར་དབང་པོ་རབ་ཀྱི་ཞེས་སོགས་གསུངས་སོ། །

གཉིས་པ་ལ། ངོ་བོ་དང་། ཐོབ་པའི་ས་མཚམས་གཉིས། དང་པོ་ནི། ཕྱིའི་ཡོངས་འཛིན་དགེ་བཤེས་དང་། ནང་གི་ཡོངས་འཛིན་ཐབས་མཁས་གཉིས་ཀྱིས་ཟིན་པའི་སྟོབས་ཀྱིས་ཐེག་ཆེན་གྱི་སྤྱོད་པ་ཁྱད་པར་ཅན་འདོར་མི་སྲིད་པའོ། །གཉིས་པ་ནི། རིགས་ངེས་མ་ངེས་ཐམས་ཅད་ཀྱིས་ཐེག་ཆེན་གྱི་སྦྱོར་ལམ་ནས་ཐོབ་སྟེ། འདི་དག་ཐེག་ཆེན་སྦྱོར་ལམ་པ་ཐེག་དམན་སྦྱོར་ལམ་པ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་སུ་བཤད་པའི་ཕྱིར།

བཞི་པ་ལ། མཚན་ཉིད། དབྱེ་བ། རྟགས་སུ་འགྱུར་ཚུལ་དང་གསུམ། དང་པོ་ནི། རང་གང་ལ་ལྡན་པའི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་གནས་སྐབས་སུ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པའི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཡོན་ཏན་ནོ། །

གཉིས་པ་ལ། རྟེན་གྱི་གང་ཟག་དེའི་མཚན་གཞི། རྒོལ་བའི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་དང་གསུམ། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕྱིར་མི་ལྡོག་པའི་གཏན་ཚིགས་གང་ཞིག །རང་གང་ལ་ལྡན་པའི་བྱང་སེམས་སྦྱོར་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པ། གཉིས་པ་ལ། ངོ་བོ། ཡོན་ཏན། ཡུལ་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། མཉམ་བཞག་རྗེས་ཐོབ་ཀྱི་རྟོགས་པ་དེ་དང་ལྷན་ཅིག་ཏུ་འཇུག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ནོ། །གཉིས་པ་ནི། ཐེག་ཆེན་གྱི་ཡོན་ཏན་ཁྱད་པར་ཅན་ཐོས་པ་ལས་བ་སྤུ་གཡོ་བ་ལ་སོགས་པ་ལུས་ཀྱི་ཡོན་ཏན་གྱི་རྣམ་པས་བསྡུས་པའི་ཕྱིར་མི་ལྡོག་པའི་གཏན་ཚིགས་སོ། །དེ་ལས་ཡུལ་ཁྱད་པར་ཅན་ལ་གསོལ་བ་འདེབས་པའི་ངག་གི་ཡོན་ཏན་གྱིས་བསྡུས་པའི་ཕྱིར་མི་ལྡོག་པའི་གཏན་ཚིགས། དེ་དག་ལས་ཆོས་ཚུལ་བཞིན་དུ་སྒྲུབ་པའི་ཉམས་ལེན་གྱི་སྤྱོད་པ་ཚད་མས་བསྡུས་པའི་ཕྱིར་མི་ལྡོག་པའི་གཏན་ཚིགས་སོ། །གསུམ་པ་ལ། དྲོད་ཀྱིས་བསྡུས་པའི་རྟགས་བཅུ་གཅིག །རྩེ་མོས་བསྡུས་པའི་རྟགས་དྲུག །བཟོད་པས་བསྡུས་པའི་རྟགས་གཉིས། ཆོས་མཆོག་གིས་བསྡུས་པའི་རྟགས་གཅིག་སྟེ་ཉི་ཤུ་ཡོད།

གཉིས་པ་ལ། མཚན་ཉིད་ནི། ཕྱིར་མི་ལྡོག་པའི་གཏན་ཚིགས་གང་ཞིག །རང་གང་ལ་ལྡན་པའི་བྱང་སེམས་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པ། མཚན་གཞི་ནི། བྱང་སེམས་མཐོང་ལམ་པ་དབང་འབྲིང་གི་རྒྱུད་ཀྱི་མཉམ་བཞག་གི་རྟོགས་པ། དེའི་འབྲས་བུར་གྱུར་པའི་རྗེས་ཐོབ་ཀྱི་མཁྱེན་པ། དེ་དང་ལྷན་ཅིག་ཏུ་འཇུག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ལྟ་བུའོ། །དབྱེ་ན། ངོ་བོ། ཡོན་ཏན། ཡུལ་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་གཉིས་སྔ་མ་དང་འདྲ། གསུམ་པ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་གཏན་ཚིགས་བཅུ་དྲུག་གོ །

གསུམ་པ་ལ། མཚན་ཉིད་ནི། ཕྱིར་མི་ལྡོག་པའི་གཏན་ཚིགས་གང་ཞིག །རང་གང་ལ་ལྡན་པའི་བྱང་སེམས་སྒོམ་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ནུས་པ་དང་ལྡན་པ། མཚན་གཞི་ནི། བྱང་སེམས་སྒོམ་ལམ་པ་དབང་འབྲིང་གི་རྒྱུད་ཀྱི་སོགས་གོང་བཞིན་ནོ། །དབྱེ་ན་གསུམ་ལས་སྔ་མ་གཉིས་གོང་དང་འདྲ། གསུམ་པ་ལ། སྐྱེ་བ་ཟབ་པའི་གཏན་ཚིགས། འགག་པ་ཟབ་པའི་གཏན་ཚིགས། དེ་བཞིན་ཉིད་ཟབ་པའི་གཏན་ཚིགས། ཡུལ་ཟབ་པའི་གཏན་ཚིགས། ཤེས་པ་ཟབ་པའི་གཏན་ཚིགས། ཉམས་ལེན་གྱི་སྤྱོད་པ་ཟབ་པའི་གཏན་ཚིགས། གཟུང་འཛིན་གཉིས་སུ་མེད་པ་ཟབ་པའི་གཏན་ཚིགས། ཐབས་མཁས་ཟབ་པའི་གཏན་ཚིགས་དང་བརྒྱད་དོ། །གཉིས་པ་ལ། རང་བཞིན་གྱི་གཏན་ཚིགས། འབྲས་བུའི་གཏན་ཚིགས། མ་དམིགས་པའི་གཏན་ཚིགས་དང་གསུམ། དང་པོ་ནི། བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། རང་གི་སེམས་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་ཐེག་པ་གཞན་གྱིས་བར་མ་ཆོད་པར་འབྱུང་རུང་ཡིན་ཏེ། རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་ཐེག་པ་གཞན་གྱིས་བར་མ་ཆོད་པར་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་གི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་སོ། །གཉིས་པ་ནི། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་མཉམ་བཞག་གི་རྟོགས་པ་ཁྱད་པར་ཅན་སྔོན་སོང་ཡིན་ཏེ། རང་དོན་ཡིད་བྱེད་ཀྱི་བསམ་པས་མ་གོས་ཤིང་སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། དཔེར་ན་དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པ་བཞིན་ནོ། །དེ་ཡང་ས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་དཔོག་པ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་པ་ལྟར་རོ། །གསུམ་པ་ནི། བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གང་ཟག་ཡིན་ཏེ། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཐེག་དམན་ལམ་དུ་འཇུག་མི་སྲིད་པའི་རྒྱལ་སྲས་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །

གསུམ་པ་གཞུང་གིས་བསྟན་ཚུལ་ནི། ལུས་རྣམ་བཞག་ཏུ། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་པའི་སྐབས་ཀྱི་ཕྱིར་མི་ལྡོག་པའི་དགེ་འདུན་ལ་དབྱེ་ན་དུ། དེ་ཕྱིར་མི་ལྡོག་པའི་གཏན་ཚིགས་གང་གིས་སྒྲུབ་ཅེ་ན། དེ་ལ་ཕྱིར་མི་ལྡོག་པའི་བྱང་སེམས་སྦྱོར་མཐོང་སྒོམ་གསུམ་ལས། དང་པོ་འཆད་པ་ནི། ངེས་འབྱེད་ཡན་ལག་ལ། བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པས་བསྟན། དེ་ཉིད་རྒྱས་པར་འཆད་པ་ནི། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་སོགས་བཤད་དོ། །དེ་ཡང་། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ཞེས་པས་གཏན་ཚིགས། ངེས་འབྱེད་ཡན་ལག་ལ་གནས་པའི། །ཞེས་པས་ཆོས་ཅན། ཕྱིར་མི་ལྡོག་པ། ཞེས་པས་བསྒྲུབ་ཆོས། མཚན་ཉིད་འདི་ཞེས་པས་དེའི་ཁྱབ་པ་བསྟན་ཅིང་། དེ་བཞིན་དུ་རྒྱས་བཤད་ལ་ཡང་ཤེས་པར་བྱའོ། །གཉིས་པ་ནི། མཐོང་ལམ་ལ། བྱང་ཆུབ་སེམས་དཔའ་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཉིད་རྒྱས་པར་བཤད་པ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་བསྟན་བཤད་རྣམས་སོ། །དེ་ཡང་། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །ཞེས་པས་གཏན་ཚིགས། བྱང་ཆུབ་སེམས་དཔའ་ཞེས་པས་ཆོས་ཅན། མི་ལྡོག་པའི་ཞེས་པས་བསྒྲུབ་ཆོས། མཚན་ཉིད་ཡིན་པར་ཤེས་པར་བྱ། ཁྱབ་པ་སྒྲུབ་པ་བསྟན། གསུམ་པ་ནི། སྒོམ་ལམ་ལ། བྱང་ཆུབ་སེམས་དཔའ་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། འོ་ན། སྒོམ་ལམ་གྱི་ངོ་བོ་ནི་གང་། དབྱེ་ན་དུ། དེའི་རྟགས་ཀྱི་མཚན་གཞི་ཇི་ལྟ་བུ་སྙམ་ན། ཐེག་ཆེན་གྱི་སྒོམ་ལམ་ཐེག་དམན་གྱི་སྒོམ་ལམ་ལས་ཡུལ་རྟོགས་ཚུལ་གྱི་སྒོ་ནས་ཟབ་པའི་ཁྱད་ཆོས་འཆད་པ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། ཞེས་སོགས་སོ། །ངོ་བོ་འཆད་པ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི་ཞེས་སོགས་སོ། །གྲངས་ངེས་འཆད་པ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོ། །དེ་ལ་རྩོད་སྤོང་འཆད་པ་ནི། གྲངས་མེད་ལ་སོགས། ཞེས་སོགས་སོ། །ཐེག་ཆེན་གྱི་སྒོམ་ལམ་གྱི་སྤང་བྱ་ཉམས་པ་དང་། གཉེན་པོ་འཕེལ་བའི་བྱ་བ་མི་བྱེད་པར་ཐལ། དེ་དོན་དམ་པར་བདེན་སྟོང་ཡིན་པའི་ཕྱིར། ཞེས་པའི་སྐབས་ཀྱི་བྱེད་པ་ལ་རྩོད་སྤོང་འཆད་པ་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། ཞེས་སོགས་སོ། །ཐེག་ཆེན་སེམས་བསྐྱེད་ཀྱིས་བླ་མེད་བྱང་ཆུབ་སྒྲུབ་པ་མི་འཐད་པར་ཐལ། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་ཀྱང་དེ་ཐོབ་པར་མི་ནུས། མང་པོ་ལྷན་ཅིག་ཏུ་ཚོགས་པས་ཀྱང་ཐོབ་པར་མི་ནུས། ཕན་ཚུན་ལྟོས་ནས་ཀྱང་དེ་ཐོབ་པར་མི་ནུས་པའི་ཕྱིར། ཞེས་མཐར་ཐུག་གི་བྱེད་པ་ལ་རྩོད་སྤོང་དཔེའི་སྒོ་ནས་འཆད་པ་ནི། མར་མེའི་དཔེ་ཡི། ཞེས་སོགས་སོ། །རྩ་བར་དངོས་སུ་མེད་ཀྱང་། བློ་ལྡན་སྒོམ་པའི་ལམ་གནས་པ། །ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན། །ཞེས་པས་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཁ་བསྐངས་ཏེ་བསྟན་པ་ཡིན་ནོ། །

དབང་སོགས་བཅས་པ་ཡི། ཞེས་སོགས་གསུངས་པས། ཀུན་ནས་ཉོན་མོངས་པའི་དབང་པོ་དང་། རྣམ་བྱང་གི་དབང་པོ་གཉིས་ལས། དང་པོ་ནི། དབང་པོ་ལ་བརྟེན་ནས་གཟུང་འཛིན་སྐྱེ་བའི་རྒྱུ་གང་ལ་ཞེན་པའི་ཡུལ་དང་དེ་ལ་ཞེན་པ་འགོག་པའི་ཚུལ་བཤད་པ་ལ། མདོ་དྲང་བ་དང་། དེའི་དོན་བཤད་པ་གཉིས། དང་པོ་ནི། བརྒྱད་སྟོང་པ་ལས། འཐབ་མོའི་གཏམ་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བདག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་བློན་པོ་དང་བློན་པོ་ཆེན་པོའི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས། ཞེས་གསུངས་སོ། །གཉིས་པ་ནི། མདོར་འཐབ་མོ་ཞེས་སོགས་དང་། བསྟན་བཅོས་སུ། གཡུལ་འགྱེད་པ། ཞེས་པས་སྤང་གཉེན་མཚོན། གྲོང་གི་སྒྲས་དབང་པོ་མཚོན། གྲོང་ཁྱེར་གྱི་སྒྲས་དབང་རྟེན་འབྱུང་བ་མཚོན། གྲོང་བརྡལ་གྱི་སྒྲས་ཡུལ་མཚོན། བདག་གི་སྒྲས་རྣམ་ཤེས་མཚོན། བློན་པོ་དང་བློན་པོ་ཆེན་པོའི་སྒྲས་སེམས་སེམས་བྱུང་མཚོན་ཞིང་། བསྡུ་ན། དབང་པོ། དབང་རྟེན། ཡུལ། རྣམ་ཤེས་བཞིར་འདུས་སོ། །མིག་སོགས་དབང་པོ་དྲུག །སྲོག་དབང་། ཕོ་མོའི་དབང་པོ། ཚོར་བ་བདེ་སྡུག །ཡིད་བདེ་མི་བདེ། བཏང་སྙོམས་རྣམས་སོ། །མཚན་ཉིད་རིམ་བཞིན། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་རྡུལ་དྭངས་པ་མིག་དབང་གི་མཚན་ཉིད། དབྱེ་ན། རྟེན་བཅས་དང་། དེ་མཚུངས་ཀྱི་མིག་དབང་གཉིས། དེས་ཕྱི་མ་བཞི་པོ་ལ་རིགས་འགྲེ། རང་འབྲས་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་གཙོ་བོ་རྣམ་རིག་དྲུག་པའི་མཚན་ཉིད། མཚན་གཞི་རྣམ་ཤེས་ཚོགས་བརྒྱད་ལྟ་བུའོ། །ཚེ་གཅིག་གི་ཕུང་པོའི་རིགས་འདྲ་གནས་པ་ལ་གཙོ་བོར་དབང་བྱེད་པའི་ལྡན་མིན་འདུ་བྱེད་ཀྱིས་བསྡུས་པའི་དབང་པོ་སྲོག་དབང་གི་མཚན་ཉིད། དེ་དང་ཚེ་མིང་གི་རྣམ་གྲངས། བྱེད་ལས་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་དོ། །ལུས་དབང་གི་ཆར་གཏོགས་ཀྱི་དབང་པོ་གང་ཞིག །རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་ཕོ་ཉིད་དུ་མཚོན་པར་བྱེད་པའི་རིགས་གནས། ཕོ་དབང་གི་མཚན་ཉིད། དེས་མོ་དབང་ལ་འགྲེ། ཕྱི་མ་ལྔ་པོ་བསྡུ་ན་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དུ་འདུ་སྟེ། ཡིད་བདེ་མི་བདེ་གཉིས། ཚོར་བ་བདེ་སྡུག་གཉིས་སུ་འདུས་པའི་ཕྱིར། དེ་གསུམ་གྱི་མཚན་ཉིད་རིམ་བཞིན། རང་སྟོབས་ཀྱིས་སིམ་པར་ཉམས་སུ་མྱོང་བའི་སེམས་བྱུང་། རང་སྟོབས་ཀྱིས་གདུང་བར་ཉམས་སུ་མྱོང་བའི་སེམས་བྱུང་། རང་སྟོབས་ཀྱིས་བཏང་སྙོམས་སུ་ཉམས་སུ་མྱོང་བའི་སེམས་བྱུང་། འདི་དག་ལ་ལུས་ཚོར་དང་སེམས་ཚོར་གཉིས་སོ། །གཉིས་པ་ལ་བརྒྱད་ལས་མཚན་ཉིད་རིམ་བཞིན། རྣམ་བྱང་གི་དབང་པོ་གང་ཞིག །དགེ་བའི་དམིགས་པ་ལ་ཡིད་ཆེས་པའི་དད་པ་མཚུངས་ལྡན་དང་བཅས་པ་དད་དབང་གི་མཚན་ཉིད། དེས་བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་བཞི་ལའང་འགྲེ། ཐེག་པ་རང་ལུགས་ཀྱི་ལམ་རྗེས་ཤེས་ཀྱི་རྟོགས་པ་མ་ཐོབ་པའི་རྣམ་བྱང་གི་དབང་པོ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་མཚན་ཉིད། ཐེག་པ་རང་ལུགས་ཀྱི་ལམ་རྗེས་ཤེས་ཐོབ། འབད་རྩོལ་གྱི་མཚན་མ་དང་བཅས་པའི་སྒོ་ནས་ཐེག་པ་རང་ལུགས་ཀྱི་བསླབ་བྱ་ལ་བསླབ་དགོས་པའི་རྣམ་བྱང་གི་དབང་པོ་ཀུན་ཤེས་པའི་དབང་པོའི་མཚན་ཉིད། འབད་རྩོལ་གྱི་མཚན་མ་དང་བཅས་པའི་སྒོ་ནས་ཐེག་པ་རང་ལུགས་ཀྱི་བསླབ་བྱ་ལ་བསླབ་མི་དགོས་པའི་རྣམ་བྱང་གི་དབང་པོ་ཀུན་ཤེས་བསྲུང་བའི་དབང་པོའི་མཚན་ཉིད། དེ་ལྟར་ཡང་མདོ་ལས། དབང་པོ་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་བསྲུང་བའི་དབང་པོའོ། །དེ་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྣང་བ་མེད་ཅིང་དུལ་བར་བྱེད་པ་གང་ཡིན་པ་དང་། འདི་ནི་མི་ཤེས་པ་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་རྣམས་ཀྱི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྟེ། འདི་དག་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །ཀུན་ཤེས་བསྲུང་བའི་དབང་པོ་གང་ཞེ་ན། མི་སློབ་པའི་གང་ཟག་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྣང་བ་མེད་ཅིང་དུལ་བར་བྱེད་པ་གང་ཡིན་པ་སྟེ། འདི་ནི་ཀུན་ཤེས་བསྲུང་བའི་དབང་པོ་ཞེས་བྱའོ། །ཞེས་སོ། །དེ་ཡང་འདོད་པའི་སས་བསྡུས་ལ་དབང་པོ་བཅུ་དགུ་ཡོད་དེ། ཟག་མེད་ཀྱི་དབང་པོ་གསུམ་མ་གཏོགས་པ་ཡོད་པའི་ཕྱིར། གཟུགས་ཀྱི་སས་བསྡུས་ལ་བཅོ་ལྔ་ཡོད་དེ། བཅུ་དགུའི་སྟེང་ནས། ཕོ་མོའི་དབང་པོ་སྡུག་བསྔལ་དང་ཡིད་མི་བདེ་བཞི་མ་གཏོགས་ཡོད་པའི་ཕྱིར། གཟུགས་མེད་ན་བརྒྱད་ཡོད་དེ། སྲོག་ཡིད་བཏང་སྙོམས་གསུམ་དང་། དད་སོགས་དབང་པོ་ལྔ་ཡོད་པའི་ཕྱིར། གཏན་དབབ་བསྡུ་བ་ལས། སྡུག་བསྔལ་གྱི་དབང་པོ་གཟུགས་ཀྱི་སས་བསྡུས་ཡོད་པར་ཡང་བཤད་དོ། །

གསུམ་པ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་གསུངས་པས། སྦྱོར་བ་གསུམ་གྱི་རང་བཞིན་དང་། དེ་ལས་འཕྲོས་པའི་དོན་གཉིས། དང་པོ་ལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ཞིང་དག་པའི་སྦྱོར་བ། ཐབས་མཁས་སྦྱོར་བ་དང་གསུམ། དེ་གསུམ་གྱི་མཚན་ཉིད་རིམ་བཞིན། འཁོར་འདས་རང་བཞིན་མེད་པར་མཉམ་པ་ཉིད་དུ་སྒོམ་པའི་དག་སའི་ཡེ་ཤེས། སྣོད་བཅུད་ཀྱི་ཞིང་དག་པ་རབ་འབྱམས་འབའ་ཞིག་ཏུ་སྒོམ་པའི་དག་སའི་རྣལ་འབྱོར། དབྱེ་ན། སྣོད་དང་། བཅུད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས། ཐབས་མཁས་ཀྱི་ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་ནས་སྒོམ་པའི་དག་སའི་རྣལ་འབྱོར། དབྱེ་ན། དགྲ་ལས་འདས་པའི་ཐབས་མཁས་སྦྱོར་བ། མི་གནས་པའི་ཐབས་མཁས་སྦྱོར་བ། གཞན་དོན་བྱེད་པའི་ཐབས་མཁས་སྦྱོར་བ། ཐུན་མོང་མ་ཡིན་པའི་ཐབས་མཁས་སྦྱོར་བ། མ་ཆགས་པའི་ཐབས་མཁས་སྦྱོར་བ། མི་དམིགས་པའི་ཐབས་མཁས་སྦྱོར་བ། མཚན་མ་མེད་པའི་ཐབས་མཁས་སྦྱོར་བ། སྨོན་པ་མེད་པའི་ཐབས་མཁས་སྦྱོར་བ། ཞིང་དག་པའི་ཐབས་མཁས་སྦྱོར་བ། ཕྱིར་མི་ལྡོག་པའི་གཏན་ཚིགས་ཀྱི་ཐབས་མཁས་སྦྱོར་བ། ཚད་མེད་པའི་ཐབས་མཁས་སྦྱོར་བ་དང་བཅུ། ས་མཚམས་ས་བརྒྱད་པ་ཡན་ཆད་ན་ཡོད་དེ། ས་བདུན་པ་མན་ཆད་ཀྱི་བྱང་སེམས་ལ་སློབ་པའི་དགེ་འདུན་དང་། དག་སའི་བྱང་སེམས་ལ་མི་སློབ་པའི་དགེ་འདུན་གྱི་ཐ་སྙད་མཛད་ཅིང་། སྦྱོར་བ་གསུམ་པོ་འདི་མི་སློབ་པའི་དགེ་འདུན་གྱི་རྒྱུད་ལ་སྐྱེས་ནས་སྒོམ་པར་བཤད་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དེ་བས་ན་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བསྟན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བཤད་པར་བྱ་བ་ཡིན་པས། ཞེས་སོ། །

གཉིས་པ་ལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་། ཐབས་མཁས་སྦྱོར་བ་ལས་འཕྲོས་པའི་དོན་གཉིས་ལས། དང་པོ་ལ། འཁོར་འདས་ཀྱི་རང་བཞིན་དང་། དེ་ལ་ཀླན་ཀ་སྤངས་པ་གཉིས། དང་པོ་ལ། དཔེས་མཚོན་ཚུལ། ངོ་བོ་ངོས་བཟུང་བ། མཉམ་པའི་དོན་དང་གསུམ། དང་པོ་ནི། འཁོར་བ་རྨི་ལམ་དང་། མྱང་འདས་ཉིན་པར་གྱི་སྒྲས་དཔེ་བསྟན་པ་ཡིན་ཏེ། མདོ་ལས། འདི་དག་འཁྲུལ་བའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་འཁྲུལ་པའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །ཅེས་སོ། །གཉིས་པ་ནི། སྡུག་བསྔལ་བདེན་པ་གང་ཞིག །ཉོན་མོངས་པ་མ་སྤངས་པའི་གནས་སྐབས་ཀྱིས་བསྡུས་པ་འཁོར་བའི་མཚན་ཉིད། དབྱེ་ན། སྣོད་དང་བཅུད་ཀྱིས་བསྡུས་པའི་འཁོར་བ་གཉིས། ས་མཚམས་ཐེག་དམན་གྱི་སྒོམ་ལམ་སྐད་ཅིག་ཐ་མ་དང་། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གི་བར་དུ་ཡོད། ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་མྱང་འདས་ཀྱི་མཚན་ཉིད། དབྱེ་ན། ཐེག་པ་ཆེ་ཆུང་གི་མྱང་འདས་གཉིས། གསུམ་པ་ནི། འཁོར་འདས་གཉིས་རང་བཞིན་མེད་པར་སྤྲོས་བྲལ་ཟུང་འཇུག་ཏུ་མཉམ་པའོ། །གཉིས་པ་ནི་གོ་སླའོ། །

གཉིས་པ་ལ། བདུད་བཞི་སོ་སོའི་མཚན་ཉིད་དང་། བཅོམ་པའི་ས་མཚམས་གཉིས་ལས། དང་པོ་ནི། བདུད་བཞིའི་ནང་ཚན་གང་ཞིག །རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས། ཕུང་པོའི་བདུད་ཀྱི་མཚན་ཉིད། དེ་དང་སྡུག་བསྔལ་བདེན་པ་དོན་གཅིག །དེ་གང་ཞིག །སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པའི་ངོ་བོར་གནས་པ། ཉོན་མོངས་པའི་བདུད་ཀྱི་མཚན་ཉིད། དེ་གང་ཞིག །རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་འཆི་བའི་རྟེན་འབྲེལ། འཆི་བདག་བདུད་ཀྱི་མཚན་ཉིད། དེ་གང་ཞིག །ཟག་མེད་ཀྱི་དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་འདོད་ལྷའི་བར་ཆད་ཀྱི་རིགས་གནས། ལྷའི་བུའི་བདུད་ཀྱི་མཚན་ཉིད། དེ་ཡང་ལྷའི་བུའི་བདུད་ནི། བདུད་སྔ་མ་གསུམ་ལས་འདའ་བའི་ཕྱིར་དུ་བརྩོན་འགྲུས་རྩོམ་པ་ལ་བར་དུ་གཅོད་བྱེད་ཅིག་སྟེ། མདོ་དྲན་པ་ཉེར་བཞག་ལས། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ཆུང་མ་དང་བཅས་པས་འདོད་པའི་སེམས་ཅན་རྣམས་ལ་མེ་ཏོག་གི་མདའ་ལྔ་འཕངས་པས་འདོད་པའི་ཡོན་ཏན་ལྔ་ལ་སྦྱོར་བར་བྱེད་པ་སྟེ་ཞེས་གསུངས་ལ། དེ་ནི་གཟུགས་ཅན་གྱི་རྒྱན་དུ་བྱས་པ་ཡིན་གྱི་ངེས་པའི་དོན་ལ། རང་རང་གི་སེམས་རྒྱུད་ལ་གནས་པའི་བརྒྱལ་བར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། འདོད་པ་ལ་འདུན་པར་བྱེད་པ་དང་། ཕྲག་དོག་དང་། སེར་སྣ་ལ་མེ་ཏོག་གི་མིང་གིས་བཏགས་ཤིང་། འདོད་པའི་འདོད་ཆགས་དང་། རྣམ་འཚེ་ལ་ནི་བདུད་སྡིག་ཏོ་ཅན་ཆུང་མ་དང་བཅས་པའི་མིང་དུ་བཏགས་སོ། །དེ་ཡང་ཉོན་མོངས་པ་དེ་དག་གི་རང་ལྡོག་ནས་བཤད་ན། ཉོན་མོངས་པའི་བདུད་དང་ཁྱད་པར་མི་ཕྱེད་པས་དེ་དག་གི་བྱེད་ལས་ལྷའི་བུའི་བདུད་ཅེས་བྱ་ལ། གཟུགས་ཁམས་ལ་འདི་མེད་དེ། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཉིས་པ་ལ། ཉན་ཐོས་དང་། ཐེག་ཆེན་གྱིས་བཅོམ་ཚུལ་ལོ། །དང་པོ་ནི། ཐེག་དམན་གྱི་མཐོང་ལམ་ནས་ལྷའི་བུའི་བདུད་བཅོམ་པ་སྟེ། དེར་དཀོན་མཆོག་མངོན་པར་རྟོགས་པ་རང་རྒྱུད་ལ་ཐོབ་པའི་ཕྱིར་ཏེ། བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཕྱིར། ཐེག་དམན་གྱི་དགྲ་བཅོམ་ཐོབ་ཙམ་ནས་ཉོན་མོངས་པའི་བདུད་བཅོམ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཟད་པར་སྤངས་པའི་ཕྱིར། བསམ་གཏན་བཞི་པའི་རབ་མཐའ་ཐོབ་པའི་ཐེག་དམན་དགྲ་བཅོམ་གྱིས་འཆི་བདག་གི་བདུད་བཅོམ་སྟེ། དེས་སྐུ་ཚེ་འདོར་ལེན་ལ་དབང་ཐོབ་པ་མཛོད་འགྲེལ་ལས་བཤད་པའི་ཕྱིར། ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་བཅོམ་སྟེ། དེར་སྡུག་བསྔལ་བདེན་པ་ཟད་པར་སྤངས་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་ཀྱང་བདུད་བཞི་བཅོམ་པ་ཡོད་དེ། ལྷག་མེད་མྱང་འདས་ཀྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་པ་དེ་དེ་ལྟར་ཡིན་པའི་ཕྱིར། གཞན་དུ་ཐེག་ཆེན་གྱི་སྦྱོར་ལམ་ནས་ལྷ་བདུད་བཅོམ་པ་ཡོད་དེ། དེར་དཀོན་མཆོག་མངོན་པར་རྟོགས་པ་རང་རྒྱུད་ལ་ཐོབ་པའི་ཕྱིར། ཉོན་མོངས་པ་དང་འཆི་བདག་གི་བདུད་ས་དང་པོ་ནས་བཅོམ་སྟེ། དེར་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་འཆི་སྤངས་པའི་ཕྱིར། ཕུང་པོའི་བདུད་ས་བདུན་པའི་བར་དུ་འགྲོ་བ་སྲིད་དེ། ལས་ཉོན་གྱི་དབང་གིས་བྱུང་བའི་བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་གྱི་རིགས་འདྲ་ས་བདུན་པའི་བར་དུ་འགྲོ་བ་ཡོད་པའི་ཕྱིར། དམན་ལམ་སྔོན་དུ་མ་སོང་བ་ལ་ས་དང་པོ་ནས་བཅོམ་པ་སྲིད་དེ། ས་དང་པོའི་རྗེས་ཐོབ་ལ་གནས་པའི་གང་ཟག་གིས་ལས་ཉོན་གྱི་དབང་གིས་བྱུང་བའི་ཕུང་པོ་དོར་ནས་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་པ་ཡོད་པའི་ཕྱིར། ས་བརྒྱད་པ་ཐོབ་ནས་ངེས་པར་བཅོམ་སྟེ། དེར་ཚེ་འདོར་ལེན་མ་བྱས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་སྒྱུར་ཐོབ་པའི་སྟོབས་ཀྱིས་སྔར་གྱི་ཟག་བཅས་ཀྱི་ལུས་ཟག་མེད་དུ་གནས་གྱུར་པའི་ཕྱིར། དེས་ན་མ་དག་སར་ཟག་བཅས་ཀྱི་གཟུགས་ཕུང་གི་རིགས་འདྲ་འདོར་བ། སྐྱེ་བ་འཕོ་བ་ལ་རག་ལས་པ་དང་། ས་བརྒྱད་པའི་རྟོགས་པ་ཐོབ་པའི་སྐབས། ཚེ་འདོར་ལེན་མ་བྱས་ཀྱང་ནང་གི་རྟོགས་པའི་སྟོབས་ཀྱིས་ཟག་བཅས་ཀྱི་གཟུགས་ཕུང་ཟག་མེད་དུ་གནས་བསྒྱུར་ཏེ་སྐྱེ་བ་འཕོ་ལེན་ལ་མ་ལྟོས་པ་ནི་གནད་ཡིན་ནོ། །མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་པར་གསལ་བ་ལས། རྣམ་རྫོགས་སྦྱོར་བ་བཤད་པའི་སྐབས་ཏེ་བཞི་པའོ།། །།


previousརྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ།next