Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
ཏྲེ་བོ་དཔོན་གྱི་དོགས་སེལ།
  
 
  
  
  
  


5 occurrences of ཁྲོལ་བུ་
[Clear Hits]

 
previousཏྲེ་བོ་དཔོན་གྱི་དོགས་སེལ།next

ཏྲེ་བོ་དཔོན་གྱི་དོགས་སེལ།

༈ ཏྲེ་བོ་དཔོན་གྱི་དོགས་སེལ། ཡང་གསང་དྲག་པོའི་བཟླས་པའི་སྐབས་འཁོར་སྔགས་སོགས་དཀྱུས་གཅིག་ཏུ་བཟླ་བ་ལས་གཙོ་འཁོར་ཐ་དད་དུ་བཟླ་མི་དགོས་ཤིང་། ཀརྨ་སིདྡྷི་དང་ཡ་མཱནྟ་ཀ་སོགས་ཀྱི་བར་ཧཱུྃ་མི་དགོས། བསྙེན་ཚད་དམིགས་བསལ་མེད་ཕྱིན་འབྲུ་བཅོ་ལྔ་ཡན་ལ་འབྲུ་འབུམ་གྱི་གྲངས་བསྙེན་དང་། དེ་ལས་ཡིག་འབྲུ་མང་བ་རྣམས་ལ་འབུམ་ཕྲག་གསུམ་སོགས་ཀྱིས་ཀྱང་གྲངས་བསྙེན་གྱི་བྱ་བ་འགྲུབ་ཀྱང་། སྤྱིར་འདོད་དོན་གྱི་སྙིང་པོ་བསྒྲུབ་བྱ་ལ་ལྟོས་མོད་འོན་ཀྱང་བསྙེན་པ་ཁོ་ན་འབུམ་གསུམ་ཙམ་གྱིས་ཁྱབ། གོང་དུ་ཀརྨ་གུ་རུ་བསྙེན་པ་དྲག་པོར་བཙན་འཇུས་མི་བྱེད་པར་དགོངས་པ་ཡིན་གཤིས། གུ་རུ་ཞི་བ་གཞན་དང་གཏེར་གསར་གུ་དྲག་ལྟ་བུ་སྔོན་དུ་སོང་ཡང་ཁྱབ། ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་ཏུ་གཉིད་འཐུག་གི་འོད་གསལ་འཛིན་པའི་གནད་ཤོག་ཆུང་གཉིས་པོ་འདི་ཡིན། ཨ་ཏིའི་མུན་ཁྲིད་ཀྱི་རླུང་གནད་ཐོད་རྒལ་སྣང་ཁྲིད་དང་བྱེད་ལས་མཚུངས་པས་རླུང་སྣ་ནས་མི་གཏོང་བར། མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་དུ་རྒྱུ་བ་སྙོམས་པ་ལས་ཕྱིར་འཛིན་ལ་གཙོ་བོར་བྱ་སྟེ། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་མི་གཡོ་བར་འཆིང་བའི་གནད་ཡིན། རིག་འཛིན་ཐུགས་ཐིག་གི་ཁྲིད་རིམ་རྫོགས་ཆེན་དང་མཐུན་པས་མཚན་མོའི་རྣལ་འབྱོར་དབང་པོ་གནད་བསྡུ་སོགས་ཨ་ཏི་སོགས་དང་མཚུངས་ཤིང་བསྐྱེད་རིམ་གྱི་སྐབས་ནི་ལས་བྱང་ནས་བཤད་པའི་ཉེར་བསྡུ་བཞིན་བྱས་པས་ཁྱབ། ཁྲོས་ནག་གི་ནང་སྒྲུབ་འཁོར་ལོ་ལྔའི་སྐབས་འཁོར་ལོ་ལྔའི་དབུས་སུ་དཔའ་བོ་འབྲུ་ལྔ་ཞེས་པ་ཧ་རི་ནི་ས་ཡིན་ཏེ། གོང་དུ་བསྒོམ་བྱ་འཆད་སྐབས་ཁྱད་པར་འཁོར་ལོ་ལྔའི་རྩའི་དབུས་སུ་ཁམས་བྱང་ཆུབ་སེམས་ཀྱི་དྭངས་མ་དཔའ་བོ་འབྲུ་ལྔའི་རང་བཞིན་མཁའ་འགྲོ་མ་ལྔའི་ངོ་བོར་གནས་པར་བཤད་ཅེས་གསུངས་ཤིང་། འདིར་ཨ་ཧ་རི་སོགས་ལ་དཔའ་བོ་དང་དཔའ་མོ་ཞེས་ཡི་གེ་ལ་ངེས་པར་འབྱུང་། གཙོ་འཁོར་གྱི་མངོན་རྟོགས་སྤྱི་བོའི་སངས་རྒྱས་མཁའ་འགྲོ་གཙོ་འཁོར་ལྔ་དཀར་པོ་ཡིན་པ་སོགས་སྐུ་མདོག་གི་ཁྱད་པར་ཆེ་ལ་ཕྱག་མཚན་ཐམས་ཅད་གྲི་ཐོད་ཁ་ཊྭཱཾ་གའོ། །བཟླས་པའི་སྐབས་སོ་སོའི་ཐུགས་ཀར་སྔགས་ཕྲེང་བསྒོམ་དགོས་པའི་དམིགས་བསལ་མ་བཤད་པའི་རང་རིག་གི་ཐུགས་ཀར་ས་བོན་ཙམ་བསྒོམ་པས་ཁྱབ། བཟླ་བྱའི་སྔགས་ནི་རྒྱུན་དུ་ངག་བཟླས་ཀྱི་སྔགས་གཙོ་ཆེ། རླུང་དང་སྦྱོར་ཚེ་འབྲུ་ལྔ་ཤམ་ཅན་བཟླ། དེ་དུས་སྲོག་རླུང་གི་རྟར་འདྲེན་ལུགས་རླུང་ཕྱིར་འབྱིན་ཚེ་འབྲུ་ལྔ་རང་སྒྲ་དང་བཅས་ཏེ་སྣ་བུག་གཡས་ནས་འཐོན་ཏེ་ཕྱིར་སྤྲོ། རླུང་ཕྱིར་འཛིན་གྱི་ཚེ་སྣང་སྲིད་འབྲུ་ལྔ་རང་སྒྲ་སྒྲོག་པས་གང་བ་ལ་སེམས་བསྲེ། ནང་དུ་རྔུབ་ཚེ་ཕྱི་རོལ་གྱི་འབྲུ་ལྔ་རང་སྒྲ་སྒྲོག་བཞིན་དུ་སྣ་བུག་གཡོན་ནས་ཞུགས། སྙིང་གི་ཨ་ལ་སིབ་སིབ་ཐིམ་པ་ལ་སེམས་གཏད་ནས་རླུང་ནང་དུ་འཛིན་པ་ཡིན་པས་འདིར་སྒྲ་གདངས་ཡིད་ཡུལ་དུ་གྲགས་པ་ལས་ཆེད་དུ་ཡིད་བཟླས་བྱ་མི་དགོས་མོད། དམིགས་པས་འཆུན་ཞིང་ཤུགས་ཆེ་ན་རླུང་ཕྱི་ནང་དུ་འཛིན་པའི་ཚེ་འབྲུ་ལྔ་ཤམ་ཅན་ཡིད་བཟླས་བྱས་པས་ཀྱང་ཆོག་གོ །ཨཱ་ལི་ཀཱ་ལི་རབ་ཏུ་སྦྱར་བའི་ༀ་ཞེས་པ་ཨཱ་ལི་དབྱངས་ཀཱ་ལི་གསལ་བྱེད་དེ། དབྱངས་ཨཱ་དང་ཨུ་སྦྱར་བའི་ཨོ་ལ་གསལ་བྱེད་མ་སྦྱར་བས་ༀ་ཡིག་སྟེ་སྔགས་ཀྱི་འགོ་འདྲེན་དུ་ཐོག་མར་སྦྱར་རོ། །གསལ་བྱེད་ཧ་དབྱངས་ཨཱུ་ལ་སྦྱར་ཞིང་གསལ་བྱེད་མས་བརྒྱན་པའི་ཧཱུྃ་དང་། གསལ་བྱེད་ཕ་ཡིག་དབྱངས་ཨ་ལ་སྦྱར་གསལ་བྱེད་ཊས་བརྒྱན་པའི་ཕཊ་གཉིས་ཀྱིས་བསྟེམས་ཏེ། ༀ་ཡིག་ནི་ཡེ་ཤེས་ལྔའི་ཡི་གེས་སྔགས་བྱིན་གྱིས་བརླབ་ཅིང་ཧཱུཾ་གིས་ཐུགས་བསྐུལ་ཞིང་ཕཊ་ཀྱིས་ལས་ལ་སྦྱོར་བ་ཡིན་ནོ། །ཆྒཻ་ཨཱ་ཀཪྵ་ཡ་སོགས་འབྲུ་ལྔ་དང་ཙིཏྟ་སོགས་ཀྱི་བར་དུ་བསྟེམས་པ་རང་ཡིན། རྫོགས་རིམ་སྐབས་རྡོ་རྗེ་བཞི་བསྡོམས་ཀྱི་ལུས་གནད་ཅེས་པ་འཁོར་ལོ་བཞིའི་བྱེད་བཅིངས་ཀྱིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གནད་འཆིང་བའི་དོན་ཡིན་པས་ཆོས་བདུན་གྱི་ལུས་གནད་ལས་གཞན་དུ་མེད། ཐུགས་སྒྲུབ་སྨིན་ལམ་དབང་དང་ཚོགས་ལས་སོགས་གཞུང་ཆེན་ལ་ཞལ་འཕངས་པ་ལྟར་བླངས་པས་རང་སྐྱ་ཐུབ་པའི་ཆ་ལག་ཚང་བར་འགྱུར་བའི་ཕྱིར། གང་ལས་བླང་བྱའི་གཞུང་དེའི་སྒོས་ཆོས་གཞན་རྣམས་ལེན་དགོས་སམ་སྙམ་པའི་དོགས་པ་མི་དགོས་ཏེ། བླ་མེད་སྨིན་གྲོལ་གྱི་ལམ་གྱི་ཆ་རྐྱེན་རྒྱུད་གང་དང་གང་དུ་མ་ཚང་བ་གསང་བ་སྤྱིའི་མན་ངག་ནང་མཐུན་ནས་ཁ་སྐོང་བ་ལས་རྒྱུད་སྡེ་རེ་རེར་ཐམས་ཅད་ཚང་བ་མི་འབྱུང་བ་བཞིན་ཏེ། གང་དུ་ཆོ་ག་ཡོད་གྱུར་ལ། །ཆོ་གའི་བྱ་བ་མེད་གྱུར་ན། །གསང་བ་སྤྱི་རྒྱུད་བཞིན་དུ་བྱ། །ཞེས་རྒྱུད་ལས་གསུངས་པས་མཚོན་ནོ། །རང་གི་རྩ་བའི་ཡི་དམ་གུ་དྲག་ལྟ་བུ་ཡིན་པ་ལ་བྱད་དང་རྦོད་གཏོང་གི་མཚན་མ་ཤར་ན་རྩ་བའི་ཡི་དམ་གཉེན་པོར་མི་འགྱུར་བ་མིན་ཡང་། གཤིན་རྗེ་གཤེད་ལ་ཕྲིན་ལས་ཀྱི་བསྒྱུར་ཁ་བྱས་པས་རྩ་བའི་ལྷ་དེའི་ཕྲིན་ལས་རྣོ་མྱུར་གྱི་བོགས་འབྱིན་པའི་ཐབས་ཡོད་དེ། གཞི་མདའ་གཞུ་ལ་བརྟེན་ཀྱང་ཁྱད་པར་མདེའུས་ལས་བྱེད་པ་དང་མཚུངས་སོ། །འོན་ཀྱང་གསང་སྔགས་འཇུག་པ་ཡེ་ཞུགས་ཀྱི་དཀྱིལ་འཁོར་ཡེ་ནས་ལྷའི་ངོ་བོར་ངོ་འཕྲོད་ན་འཁོར་འདས་མཉམ་པ་ཉིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་རྫོགས་པའི་ཕྱིར། སྣང་སྲིད་འཁོར་འདས་དགྲར་ལངས་ཀྱང་། འདི་ལ་འཇིགས་པ་ཡོད་མིན་ནོ། །ཞེས་གསུངས་པ་ལྟར་སྲིད་ཞི་མཉམ་ཉིད་ཀྱི་རྣལ་འབྱོར་རྗེ་བཙུན་ཆེན་པོས་དོན་དེ་ལ་དགོངས་པའོ། །འོན་ཀྱང་བསྐྱེད་རྫོགས་སོགས་སོ་སོ་ལ་གདེང་ཆུབ་པའི་རྣལ་འབྱོར་གྱིས་ལས་ཚོགས་བསྒྲུབ་པ་ལ་ཡང་མྱུར་བུལ་ཡོད་པར་གྲགས་ཏེ། དཔེར་ན་རྭ་ལོས་ལས་གློ་བུར་དུ་བསྒྲུབ་པ་སྦྱིན་སྲེག་ཐབ་རྫས་བཅའ་བ་སོགས་དགོས་པ་དང་། གྲུབ་ཆེན་ཨོ་རྒྱན་པས་རྫོགས་རིམ་རླུང་སྦྱོར་གྱི་བསྒྱུར་ཁ་ཙམ་གྱིས་ཀྱང་ལས་དེ་དང་དེ་སྐད་ཅིག་ལ་འགྲུབ་པར་བཤད་པ་བཞིན་ནོ། །སྤྱིར་ཡི་དམ་གྱི་ལྷ་ཐམས་ཅད་ངོ་བོ་ཆོས་ཉིད་ཀྱི་དབྱིངས་སུ་རྣམ་དབྱེར་མེད་ཀྱང་གདུལ་བྱ་གང་དང་གང་གི་གཉེན་པོར་བཞེངས་པའི་ལྷ་དེ་ཕྲིན་ལས་མྱུར་བ་སྔར་བརྗོད་པ་ལྟར་རོ། །ཉང་གི་དྲག་དམར་ལས་སྔགས་ནུས་གྲུབ་ཚུལ་རྣམས་སྔགས་ཀྱི་གདུལ་བྱ་དབང་པོ་རྣོ་རྟུལ་གང་ཡིན་ཡང་སྒོ་གསུམ་རྩེ་གཅིག་པས་གཏེར་ཕུར་ཚུགས་པའི་ཉམས་ལེན་རྩེ་གཅིག་པ་རྣམས་ལ་དེ་ལྟར་འགྲུབ་པ་གདོན་མི་ཟ་སྟེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་:ཐུན་མོང་༼བླུན་པོ་༽དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་སོགས་གསུངས་པ་བཞིན་ནོ། །


previousཏྲེ་བོ་དཔོན་གྱི་དོགས་སེལ།next