Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
ལེགས་བཤད་ཉི་མའི་སྙིང་པོ་ལས། སྐར་ནག་རྩིས་ཀྱི་དྲི་ལན་སྐོར་ཕྱོགས་བསྡུས་བཞུགས།
 
  
  
  
  


5 occurrences of ཁྲོལ་བུ་
[Clear Hits]

 
previousལེགས་བཤད་ཉི་མའི་སྙིང་པོ་ལས། སྐར་ནག་རྩིས་ཀྱི་དྲི་ལན་སྐོར་ཕྱོགས་བསྡུས་བཞུགས།next

ལེགས་བཤད་ཉི་མའི་སྙིང་པོ་ལས། སྐར་ནག་རྩིས་ཀྱི་དྲི་ལན་སྐོར་ཕྱོགས་བསྡུས་བཞུགས།

༄༅། །དྲི་ལན་སྐོར་རྨོངས་པའི་མུན་སེལ་ལེགས་བཤད་ཉི་མའི་སྙིང་པོ་ལས། སྐར་ནག་རྩིས་ཀྱི་དྲི་ལན་སྐོར་ཕྱོགས་བསྡུས་བཞུགས། ལེགས་བཤད་བཻཌཱུར་དཀར་པོའི་ཟབ་དོན་གྱི་དཀའ་གནད་འགའ་ཞིག་ལ་གོ་ཕྱོགས་ཀྱི་དོགས་སེལ་ཞུ་རྒྱུ་དད་པའི་མེ་ཏོག །བི་ཛ་ཡཱསྟུ། རྣམ་ཀུན་མཆོག་ལྡན་སྟོང་ཉིད་མཁའ་དབྱིངས་སུ། །འགྱུར་མེད་བདེ་ཆེན་ཆ་ཤས་རྫོགས་པའི་དཔྱིད། །ཀུན་ཏུ་ཐུགས་རྗེའི་འོད་དཀར་སྤྲོ་མཛད་པ། །དང་པོའི་སངས་རྒྱས་རྒྱུ་སྐར་དབང་པོར་འདུད། །༡མཁྱེན་བརྩེའི་འཇའ་རིས་འཁྱུག་པའི་ལྡིང་ཁང་ནས། །ལྟ་བས་མི་ངོམས་རབ་མཛེས་ཟུར་ཕུད་ཅན། །ཤེས་བྱའི་དེ་ཉིད་གསུང་མཁས་འཇམ་པའི་དབྱངས། །བློ་གྲོས་མི་ཟད་སྟེར་དེ་ཀུན་ཏུ་བསྔགས། །༢བྱང་ཆུབ་མཆོག་གི་ཐུགས་བསྐྱེད་རྩ་བ་བརྟན། །ཚོགས་གཉིས་མེ་ཏོག་རྣམ་གྲོལ་དྲི་བསུང་སྤྲོ། །སྐལ་བཟང་བུང་བ་བྱེ་བས་བསྟེན་པའི་ཞིང་། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་རྒྱལ། །༣ཞབས་རྟེན་ནོར་བུའི་ཁྲི་ཡི་ཐེམ་སྐས་ལ། །མཐའ་ཡས་རྒྱལ་ཕྲན་འབུམ་གྱིས་རབ་བཏུད་ཅིང་། །ཀུན་མཁྱེན་ཡེ་ཤེས་གཟིགས་པའི་སྤྱན་ཡངས་པ། །འཇམ་མགོན་གཉིས་པ་ཆོས་ཀྱི་རྒྱལ་པོས་སྐྱོངས། །༤གང་ཐུགས་གཡའ་བྲལ་དྭངས་པའི་མེ་ལོང་ངོས། །ཤེས་བྱའི་གཟུགས་བརྙན་བརྒྱ་ཕྲག་འཆར་བ་ཅན། །བགྲང་བྱེད་བཻཌཱུར་དཀར་པོའི་དོ་ཤལ་ཕྲེང་། །དཔྱོད་ལྡན་སྙིང་ག་མཛེས་བྱེད་ནོར་བུ་བྱུང། །༥དེ་ཚེ་གང་གསུང་ལེགས་བཤད་རྒྱ་མཚོ་ཆེར། །རྟོགས་འདོད་མེ་ཁྱེར་སྲིན་བུས་ཉིན་བྱེད་དམ། །བྱིས་བློའི་འོལ་སྤྱིས་མཁའ་དབྱིངས་གཞལ་བ་ལྟར། །རྨོངས་པའི་རང་རྟགས་གསལ་མོད་དེ་ལྟ་ནའང་། །༦བཀའ་ལུང་གནང་བའི་ཅོད་པཎ་སྤྱི་བོ་ལ། །ལྷུངས་ཚེ་བ་སྤུ་འདར་བའི་དད་ཤུགས་ཀྱིས། །རླན་བྲལ་པདྨོ་ལྟར་དུད་ཞབས་པད་ལ། །ལན་བརྒྱར་ཕྱག་བྱས་སྤྱི་བརྟོལ་བསྐྱེད་དེ་གསོལ། །༧གང་ཡང་རིང་མོ་ཉིད་ནས་བླ་ན་མེད་པའི་ལེགས་སྤྱད་ཀྱི་མཐུ་དཔུང་བཙན་པོས། ཀུན་ཏུ་དྲེགས་པས་བརླམས་པའི་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་རང་དབང་མེད་པར་རང་རང་གི་རལ་པའི་ནོར་བུས་ཞབས་རྟེན་པདྨའི་ཡུ་བ་ལ་མངོན་པར་བཏུད་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་། གཙུག་ལག་ལུགས་གཉིས་ཀྱི་དཔལ་འབྱོར་དབྱར་གྱི་ཆུ་བོ་དང་འགྲན་པ་བཞིན་སྤྱོད་པས་ནོར་འཛིན་གྱི་ཁོར་ཡུག་ཆེན་པོ་དགེ་བཅུའི་བཀའ་ཁྲིམས་ཀྱིས་སྐྱོང་བའི་མི་རྗེ་སའི་བདག་པོ་ཆེན་པོའི་གོ་འཕང་ཀུན་ཏུ་མི་ནུབ་པའི་སྙན་གྲགས་ཀྱི་བ་དན་དཀར་པོ་རྣམ་པར་གཡོ་བས་ཕྱོགས་ཀྱི་འཁོར་ལོར་ཁྱབ་པར་གྱུར་ཅིང་། ཁྱད་པར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་གཏེར་ཆེན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཐམས་ཅད་གཟིགས་པ་ཆེན་པོའི་ཕྲིན་ལས་ཀྱི་འཁོར་ལོ་སྒྱུར་བའི་བྱེད་པོར་ལྷ་སྲས་མུ་ཁྲི་བཙན་པོ་ཉིད་སླར་ཡང་གངས་ཅན་པ་རྣམས་ཀྱི་རྗེར་བྱོན་པར། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་རྡོ་རྗེའི་ཚིག་གིས་ལུང་བསྟན་པ་གསལ་པོར་བརྙེས་པ་ལྟར། དེ་ལྟ་བུའི་སྔོན་གོམས་ཀྱི་མཐུ་དཔལ་ཕུན་སུམ་ཚོགས་པ་ཡང་སྲིད་འདིར་སད་པས་རྒྱལ་བའི་གསུང་རབ་མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་གཟིགས་པ་ལྷག་པར་མངའ་བའི་ཀུན་མཁྱེན་མིའི་དབང་པོ་ཉིད་ཀྱིས་དྲི་མ་མེད་པའི་མཁྱེན་རབ་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། ད་དུས་ཀྱི་སྐྱེ་བོ་ཤེས་རབ་ཀྱི་མིག་ལོང་བ་རྣམས་ལ་ལྷག་པར་ཐུགས་བརྩེ་བའི་སྦྱོར་བརྩོན་གྱི་རྐྱེན་རྨད་དུ་བྱུང་བའི་ལེགས་ཚོགས་ཀྱི་རྟེན་འབྲེལ་གཅིག་ཏུ་འཛོམ་པའི་ཆུ་གཏེར་ཆེན་པོ་བསྲུབས་པ་ལས་འཇིག་རྟེན་གྱི་མུན་པ་སེལ་བ་ལ་ཉི་མ་ལྟར། སྔ་ན་མེད་པའི་ལེགས་བཤད་ཀྱི་སྣང་བ་རྒྱ་ཆེར་འཆར་བའི་རྩིས་ཀྱི་བསྟན་བཅོས་རིན་ཐང་མེད་པའི་རིན་པོ་ཆེ་བཻཌཱུར་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར་ཞེས་མཚན་དོན་དང་མཐུན་པ་འདི་ཉིད་མཛད་དེ། ཉེ་ལམ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་ཕྱག་ཏུ་སྩལ་བ་ལས། ཁོ་བོས་ཀྱང་བསོད་ནམས་ཀྱི་སྐལ་བ་མི་དམན་པས་མཚམས་སྦྱར་ཏེ་མཇལ་བའི་སྐལ་བཟང་ཉམས་སུ་མྱོང་བ་ན། དད་པ་དང་། འདུན་པ་དང་། དང་བའི་སྤུ་ལོང་ཅི་ཡང་ཞིག་གཡོས་ཤིང་། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པ་ལྟ་བུའི་དགའ་བདེ་དཔག་ཏུ་མེད་པ་ཐོབ་པར་གྱུར་ལགས། གང་གི་རྨད་བྱུང་མཛད་པར་དད་པ་དང་། །སྔོན་མེད་ལེགས་བཤད་ཐོས་པའི་དགའ་བ་དག །ཡར་ངོའི་ཟླ་དང་དབྱར་གྱི་ཆུ་བོ་བཞིན། །འདི་ན་ཕན་ཚུན་འགྲན་པ་ཉིད་དུ་གྱུར། །དེང་གསེར་གྱི་གཉའ་ཤིང་ལྟར་ལྕི་ཞིང་། རི་གཟར་གྱི་རྦབ་ལྟར་ལྡོག་ཏུ་མེད་པའི་བཀའ་ལུང་གི་ཟུར་ལས་བརྩེ་བའི་དབྱིངས་ནས་མ་བསྐྱུད་པའི་བཀའི་གནང་བ་ཐོབ་པ་བཞིན་དུ། ཞབས་རྡུལ་ལ་ཡན་ལག་མཆོག་གིས་ལན་བརྒྱར་བཏུད་པ་སྔོན་དུ་འགྲོ་བས་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྡུལ་གྱིས་མི་གོས་པ་བཞིན་དུ། གང་གསུང་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོར་མ་དག་སོམ་ཉིའི་རྙོག་མ་དང་བྲལ་བར་གོར་མ་ཆག་ནའང་ལོང་བའི་མདུན་དུ་གཟུགས་ཀྱི་སྣང་བ་མི་འགྲོ་བ་ལྟར། བདག་སོགས་རྨོངས་པ་རྣམས་ཀྱིས། ཟབ་བརླིང་དཔག་དཀའི་ཚིག་དོན་རྣམ་པར་བཀྲ་བའི་རི་དྭགས་ཐེ་ཚོམ་གྱི་རྒྱ་ལ་འཐུམས་པར་གྱུར་པ་ཅུང་ཟད་མཆིས་པ་དག །གང་གི་རྣམ་འབྱེད་མཁྱེན་རབ་ཀྱི་རལ་གྲི་རྣོན་པོས་བཅད་དུ་གསོལ་ཅེས་སྙིང་ནས་གསོལ་བ་འདེབས་པའི་རིམ་པ་ལ། ༡༽ཐོག་མར། རྒྱལ་བ་མཉམ་མེད་ཤཱཀྱའི་ཏོག །ཤར་དུ་ཞལ་ཕྱོགས་སོགས་དང་། ཡ་མཚན་དུས་ལ་ཤར་ཟླ་བ། །ལྷོ་ལ་དུས་མེ་ནུབ་ཉི་མ། །སྒྲ་གཅན་བྱང་ཡོད་སྲིད་གསུམ་གྱི། །རྣམ་པར་རྒྱལ་བའི་དུས་ཆེན་ལ། །ཞེས་སྟོན་པ་ཞལ་ཤར་གཟིགས་ཀྱི་གཡས་སུ་དུས་མེ་དང་། གཡོན་དུ་སྒྲ་གཅན་གདོང་། རྒྱབ་ཏུ་ཉི་མ། མདུན་དུ་ཟླ་བ་གནས་པའི་དུས་སྦྱོར་ལ་རྒྱུད་གསུངས་པར་བཞེད་པ་འདི་ནི། རྩ་རྒྱུད་ཀྱི་ལུང་ནཱ་རོ་པས་དབང་མདོར་བསྟན་གྱི་ཊཱི་ཀར་དྲངས་པ་ལས། མདུན་དུ་ཟླ་བ་ཉ་བ་སྟེ། །རྒྱབ་ཏུ་ཡང་ནི་ཉི་མའོ། །གཡོན་གྱི་མུན་ཅན་གདོང་པ་ལ། །གཡས་ཀྱི་མཇུག་མར་གནས་པ་ན། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །ཞེས་བྱ་བདུད་ནི་འཇོམས་པའི་དུས། །དེར་ནི་སྟོན་པ་ཤར་གྱི་ཞལ། །རིན་ཆེན་སེང་གེའི་ཁྲི་ལ་བཞུགས། །ཞེས་གསུངས་པའི་དགོངས་དོན་དཔྱིས་ཕྱིན་པའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་མོད་ཀྱི། འོན་ཀྱང་གྲུབ་པའི་མཐའ་ལས་བརྩམས་ཏེ་ཡར་ལོག་གི་རྩི་བ་བྱས་པ་ན། སྣར་མའི་སྟེང་དུ་སྒྲ་གཅན་གདོང་གནས་པ་ནས། གཡས་སྐོར་དུ་སྐར་མ་གསུམ་ཕྱིན་པ་དབྱུ་གུའི་སྟེང་ན་ཉི་མ་དང་དུས་མེས་འཁྱུད་པའི་སྣྲོན་ནས་གཡས་སྐོར་དུ་བཞི་ཕྱིན་པ་ནག་པའི་སྟེང་ན་ཟླ་བ་གནས་པ་རི་མོར་འཆར་བའི་ཕྱིར། འདི་དང་། ཕུག་ལུགས་ཀྱི་གཏན་རྩིས་གཉིས་སྒྲིག་པར་མ་ནུས་པས། ཞལ་ལུང་གི་གཏན་རྩིས་རྣམས་རང་ལུགས་རྣམ་དག་ཏུ་བཞེད་པ་དང་ཇི་ལྟར་མི་འགལ་སྙམ་པའི་ཐེ་ཚོམ་དུ་གྱུར་ལགས། ༢༽ཡང་། ལྷུན་པོའི་དཔངས་སུ་འབུམ་ཕྲག་གཅིག །རྡོ་རྗེའི་རང་བཞིན་བསིལ་རིའི་སྟེང་། །ཞེང་དུ་དཔག་ཚད་ལྔ་ཁྲི་ལྡན། །ཞེས་རི་རབ་ཀྱི་རྭ་དང་བསིལ་རི་འཕྲད་པའི་ཚད་དང་། ལྷུན་པོའི་སྟེང་གི་ཞེང་ཚད་ནི། །ཕྱོགས་བཞི་གང་འཇལ་དཔག་ཚད་གྲངས། །འབུམ་ཕྲག་གཅིག་གི་ཞེང་ལྡན་པ། །ཞེས་བསིལ་རི་དང་རྭ་འཕྲད་པ་དེ་ནས་ཀྱང་ཇེ་ཆེར་སོང་བའི་ལྷུན་པོའི་སྟེང་གི་ཞེང་ལ་དཔག་ཚད་འབུམ་དུ་མཛད་པ་འདི་ཐུན་མོང་མ་ཡིན་པའི་དགོངས་པར། ༧བཀའ་ལན་རིན་པོ་ཆེར་འཁྲུལ་སྣང་གཡའ་སེལ་དུ་ཕྱི་ནང་གི་དག་སྦྱོར། ལུང་རིགས་ཀྱི་འཐད་པ་དང་བཅས། ལེགས་བཤད་ཀྱི་སྐྱེས་རྒྱ་ཆེར་སྩལ་ནའང་། ད་དུང་ཁྲོན་པའི་སྦལ་པ་ལྟར་ལེགས་བཤད་ཀྱི་རྒྱ་མཚོར་བརྒལ་མ་མྱོང་བའི་བློ་ཆུང་དག་ལ་དོགས་པ་འདི་སྐྱེ་བའི་གནས་སྲིད་དེ། རྒྱུད་ལས། སྟེང་ཚད་ལྔ་ཁྲིར་བཤད་པ་དེ་རི་རབ་ཀྱི་རྭ་བསིལ་རི་དང་འཕྲད་པར་གསུངས་པ་འདི་དང་། བྱང་བགྲོད་མཐར་ཐུག་གི་ཚེ་ཉི་མའི་གདུང་བྱེད་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་གྱིས་རེག་པའི་ས་གཉིས་གནད་གཅིག་དགོས་ཏེ་ཉི་དཀྱིལ་ལས་སའི་ཕྱེད་ལས་ནང་དུ་མི་འདའ་ཞིང་། དེ་ནས་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ནང་དུ་གཞལ་བ་ན་རི་རབ་ཀྱི་ཞེང་ཚད་ལྔ་ཁྲིར་བཤད་པའི་ཕྱི་མཐའ་དེ་གནས་པས། དེ་དང་ཐུག་འགྲོ་བ་གོ་ལའི་རི་མོས་སྟོན་པའི་ཕྱིར་དང་། དེ་ནས་ཀྱང་ཇེ་ཆེར་རྒྱས་པའི་ལྷུན་པོའི་སྟེང་གི་ཞེང་ཚད་དཔག་ཚད་འབུམ་གྱི་བྱ་སྐྱིབས་སུ་སའི་དཀྱིལ་འཁོར་ཡོངས་རྫོགས་ཚུད་འགྲོ་བར་ས་དཀྱིལ་གྱིས་ཚད་ཀྱིས་ཤེས་ནུས་ཤིང་། ལྷུན་པོའི་སྟེང་མགྲིན་པའི་འོག་གི་ས་ཁྱོན་དེ་ནས་སྐར་ཁྱིམ་འཁོར་དགོས་པའང་། འགྲེལ་ཆེན་ལས། དེ་ཉིད་དུ་གཟའི་ཚོགས་རྣམས་འཁོར་ཏེ། གཟའི་ཚོགས་ཀྱི་གནས་དེ་ནས་སྟོང་ཕྲག་དང་ནི་ཉི་ཤུ་ལྔ་ལྷུན་པོའི་མགྲིན་པ་སྟེ། ཞེས་དང་། དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ། ཞེས་སོགས་ཀྱིས་སྟོན་པས། རྒྱུ་མཚན་དེ་དག་གི་ཕྱིར། སྐར་ཁྱིམ་འཁོར་དང་བཅས་པ་བྱང་ལས་སའི་ཕྱི་མཐའ་དང་ཁད་མཉམ་པའི་ལྷུན་པོའི་སྟེང་གི་ཁ་ཁྱེར་ནས། ལྷོ་རྟ་གདོང་གི་མེ་ལ་ཐུག་པའི་བར་གྱི་དཔང་ཚད་སྟོང་ཕྲག་ལྔ་བཅུའི་ཁྱོན་གྱི་ཆུའི་དཀྱིལ་འཁོར་ལ་འཁོར་དགོས་པར་སོང་བས། ཉི་དཀྱིལ་གྱིས་སྐར་ཁྱིམ་ལས་ཀྱང་ནང་དུ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་འདས་ནས་{ལས་}སའི་ཕྱེད་ལ་ཐུག་གི་བར་འོང་དགོས་ཏེ། ཉི་མའི་གདུང་བྱེད་དང་སྐར་ཁྱིམ་གྱི་གོ་ལའི་ཚད་བཤད་མ་ཐག་པ་དེའི་ཕྱིར་རོ་སྙམ་པའི་དོགས་པ་དང་། དེར་མ་ཟད། སྐར་ཁྱིམ་གྱི་འགྲོ་ལམ་དེ་ལྟ་ན། འོག་ཏུ། བསིལ་བའི་རི་བོ་ནས་བཟུང་སྟེ། །མེ་དཀྱིལ་བར་དུ་སྐར་ཁྱིམ་རྣམས། །གཡས་བསྐོར་རྒྱུ་ལམ་རགས་པར་ཡིན། །ཞེས་སོགས་དང་ནང་འགལ་དུའང་མི་འགྱུར་རམ་སྙམ་པའི་ཡིད་གཉིས་ཀྱི་དྲྭ་བར་ཚུད་པར་རྣམ་འབྱེད་ཀྱི་མཚོན་གྱིས་བཅད་དུ་གསོལ། ༣༽ཡང་། ཚེ་ཚད་སྐྲ་རྩེ་དབུགས་གྲངས་ཀྱིས། །འདྲེན་ཚུལ་མི་འདྲ་རང་ལོ་བརྒྱར། །འདོད་ལྷ་མས་རིམ་བསྐལ་ཆུང་ནི། །གཅིག་ནས་དྲུག་གི་བར་དུའོ། །ཞེས་པས་ཚེ་ཚད་ཐམས་ཅད་རང་ལོ་བརྒྱར་ངེས་པ་དང་། འདོད་ལྷའི་ཚེ་ཐུང་ཚད་བསྐལ་ཆུང་དུ་གསུངས་ནས། འོག་ཏུ། འདོད་ལྷའི་ཞག་གཅིག་ལ། མི་ལོ་གཅིག་དང་དེ་ཡི་ལོར། །མི་ལོ་སུམ་བརྒྱ་དྲུག་ཅུའོ། །ཞེས་པས་འདོད་ལྷའི་ཞག་གཅིག་ལ་མི་ལོ་གཅིག་དང་། མི་ལོ་སུམ་བརྒྱ་དྲུག་ཅུ་ལ་ལོར་མཛད་ཅིང་། ལོ་དེ་བརྒྱས་བསྒྱུར་བས་ཚེ་ཚད་སུམ་ཁྲི་དྲུག་སྟོང་ལས་མ་བྱུང་ཞིང་། བསྐལ་ཆུང་འཇལ་བའི་ཚད་རྣམ་པར་འཇོག་པ་ན། ཆུ་ཞེང་དཔག་ཚད་གཅིག་མཉམ་པའི། །དོང་དེ་སྐྲ་རྩེས་བཀང་བ་ན། །མི་ལོ་བརྒྱ་རེར་སྐྲ་རྩེ་རེ། །ཕྱུང་བས་སྟོང་པ་བསྐལ་ཆུང་གི །ཞག་བྱས་དེ་ཉིད་སུམ་ཅུ་ལ། །ཟླ་བ་དེ་ཡང་བཅུ་གཉིས་ལོར། །བརྩིས་པའི་ལོ་བརྒྱ་བསྐལ་ཆུང་ཚད། །ཅེས་གསུངས་པ་ལྟར། ལོ་བརྒྱ་བརྒྱ་ན་སྐྲ་རྩེ་རེ་ཕྱུང་ནས་སྟོངས་པ་བསྐལ་ཆུང་གི་ཞག་གཅིག་ཏུ་བརྩིས་པ་ན། སྔར་གྱི་སུམ་ཁྲི་དྲུག་སྟོང་གི་ཚེ་ཚད་ལ་སྐྲ་རྩེ་སུམ་བརྒྱ་དྲུག་ཅུ་ལས་ཕྱུང་མ་ཐུབ་བམ་སྙམ་པའི་དོགས་པ་དང་། རྒྱུད་འགྲེལ་ལས་དེ་གཉིས་ཀ་གསུངས་འདུག་ལགས་ནའང་། ཕྲ་དབུགས་རྒྱུ། ཞེས་སོགས་ཀྱིས་བསྟན་པའི་ལྷའི་དབུགས་ཚད་དེ་རང་གི་ཚེ་ཚད་སྟོན་བྱེད་ཀྱི་གཞུང་མིན་པར་སྔ་རབས་པ་རྣམས་འཆད་གདའ་བས་ཇི་ལྟར་འཐད། མཁྱེན་རབ་མཁའ་ལྟར་ཡངས་པས་བཅད་དུ་གསོལ། ༤༽ཡང་། དེ་ཡང་ཁྱིམ་རེའི་ཐད་ཀ་རུ། །དཔག་ཚད་འབུམ་ཕྲག་གཅིག་དང་ནི། །ཉི་ཁྲི་ལྔ་སྟོང་དང་ལྡན་ལ། །ཞེས་དཔག་ཚད་འབུམ་དང་ཉི་ཁྲི་ལྔ་སྟོང་ཉི་མའི་རྒྱུ་ལམ་ཟླུམ་བསྐོར་གྱི་ཐད་ཀའི་ཚད་དེ་ཉིད་ཡིན་པར་སྣང་བས། དེ་ཁྱིམ་རེའི་ཐད་ཀར་ཇི་ལྟར་འགྱུར་སྙམ་པ་དང་། ༥༽ཡང་། ལེའུ་གཉིས་པར། དཔྱིད་ར་སྟག་གི་ཚེས་གཅིག་སྟག །ནམ་ལངས་ཡོས་ནས་ལོ་འགོ་འཛིན། །ཞེས་བཤད་མགོ་ཟླ་སྟག་ཐོག་མ། །ཡིན་ཕྱིར་སྟག་ཡོས་འབྲུག་སྦྲུལ་དང་། །རྟ་ལུག་སྤྲེའུ་བྱ་ཁྱི་ཕག །བྱི་བ་གླང་བཅས་རིམ་པ་བཞིན། །ཕོ་ལོ་མོ་ལོའི་རྣམ་གཞག་སྟེ། །དེ་ལ་ཤིང་མེ་ས་ལྕགས་ཆུས། །གཉིས་གཉིས་འབྱུང་བས་ཟིན་པ་དེ། །ལོ་རྒན་དྲུག་ཅུར་གྲགས་པ་ཡིན། །ཞེས་གསུངས་པའི་དངོས་བསྟན་ལ། རྩོམ་བྱེད་ཟླ་བ་ལོར་སོང་བ་ལྟ་བུ་དང་། ཤུགས་བསྟན་ལ་ལོ་སྐོར་གྱི་འགོ་ཡང་སྟག་ནས་འཛིན་དགོས་པ་ལྟ་བུས་ཅུང་ཟད་འཆད་དཀའམ་སྙམ་པའི་དོགས་གནས་དང་། ༦༽ལེའུ་གསུམ་པར། ཝཱ་རཱ་ཎཱ་སིར་བདེན་པ་བཞིའི། །ཆོས་འཁོར་ཐོག་མ་བསྐོར་བ་དང་། །མུ་སྟེགས་སྟོན་པ་དྲུག་པོ་སོགས། །ངོ་མཚར་ཆོ་འཕྲུལ་དུ་མ་ཡིས། །བཏུལ་བ་ཕྱིན་གྱི་ལོ་ཡིན་ལ། །ཞེས་བདེན་བཞིའི་ཆོས་འཁོར་དང་། ཆོ་འཕྲུལ་བསྟན་པ་ལོ་ཁོངས་གཅིག་ཏུ་གནང་བ། མཛངས་བླུན་སོགས་སུ་ལོ་ཚིགས་ཀྱི་ངེས་པ་གསལ་བ་མ་མཐོང་ཞིང་། ལ་ལ་དག་བཅོམ་ལྡན་འདས་དགུང་ལོ་ལྔ་བཅུ་བཞེས་པའི་ཚེ་ཆོ་འཕྲུལ་བསྟན་པར་བཞེད་པ་སོགས་ཁུངས་དག་མི་དག་ཅི་འདྲ་ནའང་། ཆོ་འཕྲུལ་གྱི་དུས་འོད་མའི་ཚལ་ནས་རིམ་པར་སེར་སྐྱ་དང་མཉན་ཡོད་ཀྱི་བར་ལྗོངས་རྒྱུར་གཤེགས་ཤིང་། ཆོ་འཕྲུལ་ལྟ་བའི་འཁོར་འདུས་ཚུལ་སོགས་ལ་བརྟགས་ན། སངས་རྒྱས་ནས་ལོ་བདུན་འདས་པ་ན་སེར་སྐྱར་ཡབ་སྲས་མཇལ་བའི་དུས་སོགས་ཀྱི་རྗེས་ཐོག་ཏུ་བྱུང་བར་གདོན་མི་འཚལ་ལམ་སྙམ་པའི་དོགས་པ་དང་། ༧༽སྲོང་བཙན་ས་གླང་ལ་འཁྲུངས་ནས་ཉེར་བཞི་འདས་པའི་ཆུ་གླང་ལ་ར་ས་བཏབ། དེ་ནས་བདུན་ཅུ་དོན་བདུན་འདས་པའི་ལྕགས་རྟར་ཁྲི་སྲོང་འཁྲུངས་པར་མཛད་པའང་ལོ་གྲངས་ཅུང་ཟད་ཉུང་ངམ་སྙམ་དུ་དོགས་ཏེ། འཇམ་དཔལ་རྩ་རྒྱུད་ལས། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །ཞེས་གསུངས་པ་ལྟར། སྲོང་བཙན་གྱི་ལོ་གྲངས་བརྒྱད་ཅུ་ཕྲི། ལྷག་ཉི་ཤུ་རྩ་གཅིག་གི་རིང་ལ། མང་སྲོང་། འདུས་སྲོང་། མེས་ཨག་ཚོམ་སྟེ་རྒྱལ་རབས་གསུམ་དང་། སྲོང་བཙན་ལོ་གྱ་གཉིས་བཞུགས་ཤིང་། ལུང་བསྟན་གྱི་དོན། སྲས་གུང་སྲོང་གིས་རྒྱལ་སྲིད་ཅུང་ཟད་མཛད་པ་ལ་འཆད་པ་ལྟར་ན། རྒྱལ་རབས་གསུམ་པོ་ལ་ལོ་བཅུ་དགུ་ལས་ཀྱང་མ་བྱུང་བའི་ཕྱིར་རོ་སྙམ་པ་དང་། སློབ་དཔོན་སྲིན་ཡུལ་དུ་ཐེགས་པ་རྡོ་རྗེའི་སྐུ་བརྙེས་པའི་ཀྱང་སྒྲས་སྐུ་དངོས་ཀྱིས་མ་ཐེགས་པ་འདྲ་ཞིག་ཏུ་འགྲོའམ་སྙམ་པའི་དོགས་པ་སྐྱེ་བའི་གནས་སུ་གྱུར་ལགས། ༨༽ལེའུ་བཞི་པར། གྲུབ་རྩིས་ཀྱི་དྷྲཱུ་བ་ཀ་སྔར་མ་གྲགས་པའི་སྒྲུབ་ཚུལ་འདི་ནི་གྲུབ་པའི་མཐའ་ལས་བརྩམས་ཏེ་དུས་བཞི་སྟོང་རྩིས་ཀྱི་གནད་དཔྱིས་ཕྱིན་པར་དགོངས་པའི་ལེགས་བཤད་ངོ་མཚར་རྨད་དུ་བྱུང་བར་འཁུམས་ལགས་པས། དཔལ་ལྷུན་གྲུབ་རྒྱ་མཚོའི་ཐུགས་ཀྱི་ཁེངས་པའི་རི་བོ་ཡང་བསྙིལ་བར་གྱུར་ཏོ་སྙམ་དུ་རྣམ་དཔྱོད་དང་ལྡན་པ་རྣམས་ཅིས་མི་རྟོག །འོན་ཀྱང་ལེགས་བཤད་ཀྱི་སྒོ་འདི་ལ་བརྟེན་ཏེ། བྱ་སླར་མོས་པ་ལ་རི་མོ་ཚེགས་ཆུང་བའི་ཆེད། ཉི་མ་ལྕགས་གླང་གི་མཐར་སྟོང་པར་ཞུགས་ནས་ལོ་ཉེར་ལྔ་འདས་པའི་ཟླ་དག །༣༠༩བུ་ག་མཁའ་མེ་མདའ་རོས་བསྒྱུར་བ་ལ། ཆུ་མཁའ་ཀླུས་དོར་ལྷག་བུག་ཀླུ་རི་བོ་སྟེར་བའམ། དེས་ཆུ་མཁའ་ཀླུར་ཕྲི་ལྷག་བཅོ་ལྔས་དམན་པ་གང་བདེ། ཟླ་དག་མདའ་རོས་བསྒྱུར་བའི་རྗེས་ཐོགས་སུ་བགྱིས་ན། རི་མོ་ཚེགས་ཆུང་བའི་དོགས་པ་ཕྲ་མོ་དང་། དེར་མ་ཟད། གཟའ་ཉི་རིལ་ཆ་ཐམས་ཅད་ཐོག་མར་སོ་སོའི་འཁོར་གྲངས་ཀྱིས་བསྒྱུར་རྗེས་རྩིས་འཕྲོ་བསྲེས་ནའང་ཚེགས་ཆུང་བས་བྱ་སླ་ཞིང་། གྲུབ་འབྲས་རི་མོ་གཅིག་ཏུ་འཆར་བ་འདྲ་སྙམ་པ་ཇི་ལྟར་རིགས། ཆོས་ཀུན་རྣམ་པར་གཟིགས་པའི་མཁྱེན་རབ་རྨད་དུ་བྱུང་བས་བཅད་དུ་གསོལ། ༩༽ལེའུ་དྲུག་པར་གཟའ་ལྔ་ཉིན་ཞག་མ་གནས་ལྔའི་སྒྲུབ་ལུགས་ཁྱད་པར་ཅན་དང་། ལེའུ་བདུན་པར་གཟའ་ལྔ་ཚེས་སྤྱོད་མའི་རྩིས་འཕྲོ་སྐྱོན་འདོན་ལ་ལྟོས་མི་དགོས་པའི་སྐྱོན་ཕྲ་མོས་ཀྱང་མ་གོས་པར་མ་ཟད། བྱ་སླ་བའི་ཆེད་དུ། རྟག་ལོངས་དང་རྩིས་འཕྲོ་བསྲེས་ནས་འཁོར་ལོར་ཕྲི་བས་ངེས་བྲལ་གྱི་དྷྲཱུ་བ་དཀར་ལྷག་གྱུར་འདོར་བའི་ཆོ་ག་ཁྱད་འཕགས་དང་། ལེའུ་བརྒྱད་པར། འདས་ཞག་གི་རྗེས་འབྲང་ལྷག་མེད་དུ་དག་པ་དང་། འཁྲིག་པའི་བགོད་གཞི་རགས་པ་ལ་སྦྱིན་པའི་ལས་ཁོ་ནས་སོ་སོའི་བགོད་གཞི་འཆར་བ། དུམ་ལྔའི་འབྲས་བུ་སོགས་སྔར་མ་གྲགས་པའི་ལེགས་བཤད་རྨད་དུ་བྱུང་བ་དཔྱོད་ལྡན་གཞན་རྣམས་ཀྱིས་ལོ་བརྒྱར་དཔྱད་ནའང་སྤྱོད་ཡུལ་དུ་མ་གྱུར་པའི་བཞག་པ་མཛད་པ་ནི་བཀའ་དྲིན་གྱི་ཕུལ་དུ་གྱུར། ༡༠༽གཟའ་འཛིན་གྱི་སྐོར་ལ་བརྩེ་ཆེན་སྤྱན་རས་ནས་མ་དོར་བའི་བསླབ་སྟོན་རིན་པོ་ཆེ་སྤྱི་བོར་ཕེབས་ནང་ལྟར་ཕྲན་བུ་སློབ་དཔོན་མེས་པོ་མཁས་པའི་དབང་པོ་དེ་ཉིད་སྔར་གཟའ་འཛིན་གྱི་རི་མོ་མཛད་པ་རྣམས། ཕྲིན་ལས་པའི་འཁྲུལ་མེད་མཛུབ་ཚུགས་དང་། ཉི་མ་ལ་ཅུང་ཟད་མི་འདྲ་བ་གཉིས་དང་། ཟླ་འཛིན་ལ་གྲོང་སྟོད་པར་སྩལ་བའི་ཤོག་གཅིག་མ་རྣམས་དང་། གོང་མའི་མྱོང་རྩིས་ཀྱི་མན་ངག་དུམ་བུ་དང་། མྱོང་བྱང་གི་གའུ་ལེ་རྣམས་གོ་བསྡུར་ཏེ་མཛད་སྲོལ་ཡོད་འདུག་ཅིང་། ཕྱིས་ཀོང་པོ་འབུམ་རམས་པའི་ཡི་གེ་ཕྱག་ཏུ་འབྱོར་རྟིང་གྲུབ་རྩིས་དང་བསྟུན་ན་འདི་བཙན་པ་ཡོང་འདྲ་གསུང་བ་ཙམ་ལས། དེ་ནས་སྤྱན་མི་གསལ་བ་སོགས་ཀྱིས་ཕྱག་ལེན་དུ་བཏབ་པའི་མྱོང་བྱང་གི་གའུ་ལ་སོགས་མི་འདུག་པ་དང་། ཕྲན་བུས་རི་མོ་སྦྱང་དུས་སྐུ་ན་སྨིན་ཆེས་པས་ཕྱག་དཔེ་མན་ངག་ཐོར་བུ་རྣམས་ཞལ་སློབ་རྣམས་ཀྱིས་ཁྱེར་བས་རྒྱུན་ཆད་གྲུབ་འདུག་ཅིང་། དེ་དུས་གཟའ་འཛིན་གྱི་དུས་དང་འགྲིག་པ་ཞིག་ཀྱང་མ་བྱུང་བས། མྱོང་རྩིས་སྔ་མ་འདྲའི་སྟེང་ནས་རི་མོའི་ངོ་འཕྲོད་ཞུས་པ་ལས། ཕྱིས་ལེ་ལོའི་ཞགས་པ་དམ་པོས་རྟག་ཏུ་བཅིངས་ཏེ། རང་གིས་རི་མོ་རྒྱག་པ་དང་། སྒོ་ཡིག་སྦྱོར་བ་སོགས་མ་འགྲུབ་པར་མ་ཟད། མི་ཤེས་བཞིན་དུ་གཡར་ཁྲལ་འཚལ་བའི་གསར་རྩིས་དེར་ཡང་། ཆོས་རྗེ་ཕྲིན་ལས་པའི་ཕྱི་རྩོམ་དང་། ཀོང་པོ་འབུམ་རམས་པའི་ཡི་གེ་ལ་གཞི་བྱས། ཡི་གེ་གཞན་རྣམས་ནས་ཀྱང་ཁྲ་བཀོད་ཀྱི་ཚུལ་དུ་བཏབ་སྟེ་ལམ་ཙམ་བྱས་རྟིང་། འགྲེལ་བར་ཁས་བླངས་པ་ལྟར་ཕྱིས་འགྲུབ་པ་ཞིག་བྱུང་ན། གོང་མའི་མྱོང་བྱང་གི་རི་མོ་དང་། ཕུག་པ་ལྷུན་གྲུབ་དཔལ་གྱི་ཁྱད་འཕགས་ཞལ་གདམས། དུས་འཁོར་བ་སྟག་སྐྱབས་དང་ཕྲིན་ལས་པའི་ཞལ་གདམས་དུས་རམས་པས་ཡི་གེར་བཏབ་པ་སོགས་དང་། རང་གིས་རི་མོ་འགའ་ཤས་རྒྱག་རྒྱུ་བྱུང་ན་གྲུབ་རྩིས་ལྟ་བུར་ཕབ་སྟེ་མི་འཆུགས་པར་བྱས་པའི་ལྷན་ཐབས་ཤིག་བྱའམ་སྙམ་པ་མ་གྲུབ་ཅིང་། གཙང་ཆུང་ཆོས་གྲགས་པའི་མྱོང་བྱང་སོགས་མན་ངག་ཁྱད་པར་ཅན་རྣམས་སྔར་མཇལ་བའི་སྐལ་བ་མ་མྱོང་ལགས། ཁྱད་པར་ཉི་བུལ་བསྲེས་པའི་ལག་ལེན་སོགས། དཔལ་མགོན་ཕྲིན་ལས་པའི། ཀུན་གྱི་དགའ་སྟོན་དག་ཏུ་འགྱུར། །ཞེས་དང་། གཟུང་འཛིན་སྒྲིབ་པ་དག་གྱུར་ཅིག །ཅེས་པའི་མཐའ་ཅན་དུ་སྣང་བའི་ཡིག་ཆ་གཉིས་དང་། དུས་རམས་པའི་ངོ་མཚར་སྣང་བ། ཆོས་རྫོང་རབ་འབྱམས་པའི་མན་ངག་དུམ་དུམ་ཁྲིགས། ཀོང་པོ་འབུམ་རམས་པའི་ཡིག་ཆ་སོགས་ཕྲིན་ལས་པའི་དངོས་སློབ་རྣམས་ཀྱི་ཡི་གེ་དང་། གོང་མའི་མྱོང་བྱང་གི་གའུ་ལེ། མཚུར་ལུགས་ལེ་དྲུག་མ་སོགས་མང་པོར་འདུག་པ་ལྟར་ཚད་ཐུབ་ཏུ་བཟུང་སྟེ་བཀོད་པ་ལས། ཤེས་རབ་མཐུ་ཆུང་བའི་དབང་གིས་སྔོན་ཆད་དོགས་པ་ཙམ་ཡང་མ་ཞུགས་རུང་། ད་ལམ་ཆགས་ཐོགས་མེད་པའི་མཁྱེན་པས་ཆོད་དེ། ནམ་དུའང་དག་འགྲོ་བའི་རི་མོའི་དཔེར་བརྗོད་བཅས་གནང་བ་བཀའ་དྲིན་ལྷག་པར་བསྐྱངས། དེ་དང་དགོངས་པ་མཐུན་པ་བྱམས་པ་གླིང་པའི་ཡིག་ཆར་ཡང་། རི་མོའི་ཆོ་ག་དེ་ལྟར་བྱས་ན། ཉི་ཟླས་སྒྲ་གཅན་གྱི་མགོ་མཇུག་བར་གསུམ་གྱི་ལུས་ཀྱི་གནས་གང་དུ་སླེབས་ནའང་། ཐིག་ལེ་བཞི་བརྩེགས་སུ་འཆར་བའི་ཕྱིར། ཞེས་སོགས་གསུངས་འདུག་པའི་ཡིག་ཆ་དེ་སྔ་མོ་ནས་ལག་ཏུ་ཡོད་རུང་། ད་ལམ་མ་གཏོགས་རྩིང་པོའི་བློས་སྔོན་ཆད་རྟོག་པ་མ་ཞུགས་ལགས། དེར་མ་ཟད་འཕགས་བློ་མ་ཐོབ་ཅིང་། ཤེར་བརྩོན་མཐུ་ཆུང་བའི་སྟོབས་ཀྱིས་གསར་རྩིས་ཆུང་ངུ་དེར་ཚིག་དོན་ལ་ནོངས་པའི་ཆ་ཡོད་འགྲོ་བ་དངོས་པོའི་གཤིས་ལགས་པ་དང་། དེའི་སྟེང་ལེ་ལོར་འཆེལ་བས་ཀློག་ཞུས་ཙམ་ལས། རི་མོ་ཚང་མ་ལག་ཏུ་བླངས་པའི་ཞུས་དག་སོགས་ཀྱང་མ་གྲུབ་པ་ནས་འགལ་ཆར་གྱུར་པ་རྣམས་མས་བུ་ལ་ཇི་ལྟ་བ་བཞིན་དུ་བརྩེ་བས་བཟོད་བཞེས་ཐུགས་རྗེས་འཛིན་པ་ཞུ་ཞིང་། བསྟན་བཅོས་རིན་པོ་ཆེ་འདིར་བཞག་པ་མཛད་པའི་གཟའ་འཛིན་གྱི་མན་ངག་རྣམས་ནི། རྒྱུད་འགྲེལ་གྱི་དགོངས་དོན་གསེར་གྱི་གཞི་མ་ལ་མན་ངག་ཉམས་མྱོང་གི་ཕྲ་བཏབ་པ་ལྟར། རྣམ་པར་མཛེས་པས་དཔྱོད་ལྡན་ཀུན་གྱི་གཙུག་གི་རྒྱན་གཅིག་པུ་ལྟ་བུར་གྱུར་ལགས་པས་ལེགས་པར་བཤད་པའི་རྗེས་སུ་ཡི་རང་བ་ལན་བརྒྱ་ཕྲག་བརྩེགས་ཏེ་དབུལ་བའི་གནས་སུ་ཁ་ཙམ་མ་ཡིན་པར་མཐོང་ལགས། འོན་ཀྱང་དོགས་པའི་སྒྲོག་ཕྲ་མོ་ཆོད་པའི་གསོལ་བ་འདེབས་རྒྱུར། བཀའ་ལན་རིན་པོ་ཆེར། ཐིག་ལེ་བཞི་ཤར་ནམ་དུའང་འོང་ཚུལ་སྩལ་བ། ན་ནིང་ཟླ་བ་བརྒྱད་པ་ཕྱི་མའི་སྟོང་ལ་རྩེ་ཐང་སོགས་སུ་སྒོ་ཡིག་སྦྱོར་མི་ཡང་བྱུང་འདུག་པ་ལྟར། མཇུག་གིས་ཉི་མར་སྦྱངས་པར་འཛིན་པའི་རི་མོ་ཤར་ཡང་། དེ་དུས་ཉི་བུལ་བསྲེས་པར་མཇུག་བསྣོན་གྱེད་དོར་གྱི་ཆོ་གས་མ་དག་པ་ལྟར་མ་ཟིན་པའི་མྱོང་གྲུབ་དང་། ཉ་སྟོང་མ་ཡིན་པར་སྟོངས་པའང་ཚིགས་མཚམས་ཀྱི་དུས་གནད་སོགས་རྟེན་འབྲེལ་མ་ཚོགས་པས་མ་ཟིན་པ་མ་གཏོགས། ཟླ་བ་དང་སྒྲ་གཅན་གདོང་མཇུག་ཕྲད་པ་ཟླ་རེ་བཞིན་འབྱུང་བས། ཉ་སྟོང་མ་ཡིན་པའི་ཚེས་གཞན་ལའང་ཆོ་ག་བགྱིས་ན་འཛིན་ངེས་ཀྱི་རི་མོ་ཤར་བ་སྲིད་པ་འདྲ་སྙམ་པའི་དོགས་པ་དང་། སཱུཪྱ་མཐོ་དམན་སྣ་ཚོགས་བྱེད། །སྒྲ་གཅན་རྟག་ཏུ་མཐོ་དམའ་མེད། །ཅེས་དང་། ཉི་རྐང་གཟུགས་ལ་སྤྱོད་པའི་ཚེ། །མི་བསླུ་འཛིན་པའི་རི་མོ་སྟེ། །ཞེས་སོགས་གསུངས་པའི་དགོངས་དོན། ཤོང་སྟོན་ཆེན་པོས། དཔལ་ལྡན་སྒྲ་གཅན་འགྲོས་ལ་ནི། །རྐང་པ་མེད་ཕྱིར་མགྱོགས་བུལ་སྤངས། །ཞེས་སོགས་དང་། བུ་ལུགས་པ་རྣམས་ཉི་རྐང་སྔ་ཕྱི་གང་ཡིན་ཡང་། རྐང་པ་དུས་ལ་སྤྱོད་པའི་ཚེ། །འཛིན་པའི་རི་མོ་ཤར་ན་ཡང་། །འཛིན་པ་ནམ་མཁའི་མེ་ཏོག་འདྲ། །རི་བོང་ཅན་ལ་སྤྱོད་པའི་ཚེ། །ཡིད་ཆེས་དོན་ལ་བསླུ་མི་སྲིད། །རྐང་པ་རྒྱ་མཚོ་ལ་སྤྱོད་དུས། །འཛིན་པ་དེ་ནི་བསྐལ་དོན་འདྲ། །ཞེས་པ་དང་དགོངས་པ་གཅིག་ཏུ་འབབ་ཅིང་། དེའི་གོ་དོན་ཡང་། སྒྲ་གཅན་རྟག་ཏུ་མཉམ་པའི་ལམ་ཁོ་ནར་འགྲོ་བའི་ཕྱིར། རྒྱུ་མཚན་དེས། ཉི་མ་ལྷོ་བྱང་གི་བགྲོད་མཐའ་གཉིས་ལ་འཛིན་དཀའ་བ་དང་། མཉམ་པ་ལ་འཛིན་ན་མི་བསླུ་ཞེས་པའི་དོན་དུ་འགྱུར་བའི་ཕྱིར། འདི་ལྟར་སྒྲ་གཅན་ལ་བགྲོད་མཐའ་མ་བཞེད་ན། འགྲེལ་ཆེན་ལས། ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་། ལྷོར་འགྲོ་བ་ཡོད་དེ། ཞེས་གསུངས་པའི་ཐམས་ཅད་ཅེས་པའི་ཡོངས་གཅོད་ཀྱིས་སྒྲ་གཅན་ལའང་ལྷོ་བྱང་གི་བགྲོད་པ་ཡོད་དགོས་པར་དོགས་ཤིང་། བགྲོད་མཐའ་ལ་འཛིན་པའི་སྔར་གྱི་མྱོང་བྱང་ཡང་མཐོང་ལ། ཉི་རྐང་གཟུགས་ལ་སྤྱོད་དུས་ཀྱང་མ་ཟིན་པ། ན་ནིང་ཁྲུམས་ཟླ་ཕྱི་མའི་ཉི་འཛིན་གྱི་རི་མོ་བཞིན་ནོ་སྙམ་དུ་དོགས་པ་སྐྱེ་བའི་གནས་སུ་གྱུར་ལགས། ༡༡༽ཡང་ལེའུ་བཅུ་པར། ལུག་ལ་རེ་མིག་སུམ་ཅུ་དང་། །ཁྱིམ་གཞན་རྣམས་ལ་སོ་གཅིག་ཡིན། །ཞེས་གནང་བ། གོང་མ་རྣམས་ཀྱིས། ཐོག་མར་སྤེལ་དུས་རེ་མིག་སོ་གཅིག་པ་དེ་རྩ་སྒྲུབ་བྱས་རྟིང་། ཕྱིས་འཛིན་དུས་ཞག་རེའི་རྐང་པའི་འཕེལ་འགྲིབ་ཀྱིས་ལག་རྩིས་ལ་སྐྱོན་ཆེར་མི་ཡོང་བར་དགོངས་ཏེ། གོ་བ་ལ་ཕན་ཕྱིར་ཉི་བར་གྱི་ཁྱིམ་གྱི་རྫོགས་ཚད་དང་། ཚེས་ཞག་གི་བཅུ་གསུམ་ཆ་གཅིག་པོ་མ་རྫོགས་པའི་ཆ་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ཉ་ཁྱིམ་དུ་རེ་མིག་སུམ་ཅུ་མཛད་པར་གོར་མ་ཆག་ནའང་། ད་ལམ་ཕྲ་ཞིང་ཕྲ་བའི་གནས་ལ་རྣམ་འབྱེད་ཀྱི་མཁྱེན་པའི་ཕུལ་གྱིས་ལེགས་པར་གཟིགས་ཏེ། སྔར་མདའ་དུས་སྦྱངས་པའི་རེ་མིག་སྤེལ་ལུགས་ཀྱི་ཕྱག་ལེན་ཐུན་མོང་མ་ཡིན་པ་ལྟར། ཁྱིམ་སོ་སོའི་རྐང་པའི་རྫོགས་མཚམས་ལ་རེ་མིག་སྤོ་ཚུལ་གནང་བ་འདི་ནི་ལེགས་བཤད་རྨད་དུ་བྱུང་བར་མཐོང་ལགས་ཤིང་། གཞན་ཡང་གཟའ་ལྔ་ཚེས་སྤྱོད་མ་གཙོ་བོར་གྱུར་པའི་རེ་མིག་སྔར་མ་གྲགས་པ་མང་དག་སྤེལ་བའི་མན་ངག་སྩལ་ཏེ། ཇི་སྙེད་པའི་གཟུགས་ལ་སྤྱོད་པའི་ཤེས་རབ་ཀྱི་མིག་ལོང་བ་རྣམས་ལ་ལེགས་བཤད་གནད་ཀྱི་གསེར་ཐུར་ལྟ་བུར་གྱུར་ལགས་པ་བཀའ་དྲིན་ལྷག་པར་ཆེ། ༡༢༽ཡང་ལེའུ་བཅུ་གསུམ་པར། གནམ་སྒོ་བཅུ་ལ་ཁྲོམ་རྩིས་ཁྱུང་པོའི་ཡང་འགྱུར་ལས། བཅུ་གསུམ་སྤྱི་ཡི་གནམ་སྒོ་ཡིན། །ཞེས་སོགས་ཀྱིས་མདོར་བསྟན་ནས། བཅུ་གསུམ་པོ་དེ་གང་ཞེ་ན། དེ་འཆད་པའི་རྒྱས་བཤད་དུ། ར་བ་བཞི་ཡི་གནམ་སྟོང་དང་། །འབྲིང་པོ་བཞི་ཡི་ཉི་ཤུ་དང་། །ཐ་ཆུང་བཞི་ཡི་ཚེས་བཅུ་རྣམས། །འདི་རྣམས་སྤྱི་ཡི་གནམ་སྒོ་སྟེ། །ཞེས་སོགས་གསུངས་པ་ལྟར། གཏན་ལེ་རྙིང་པ་རྣམས་སུ་འདི་ལྟར་འབྱུང་ཡང་། འདིར་ཟླ་བ་རྡོ་རྗེ་བཞིན་གྱི། ཚེས་བཅུ། ཉི་ཤུ། གང་ལ་སྟོང་གསུམ་ལ་སྤྱིའི་གནམ་སྒོ་སོགས་སྦྱར་བ་དང་། ར་བ་བཞིའི་གནམ་སྟོང་སོགས་གཉན་པའི་དབང་གིས་ཡི་གེ་ཤུར་མའི་རྟགས་སོགས་གནང་འདུག་ལགས་པར་འགལ་ཆ་ཅི་ལ་སྲིད་ཀྱང་སྔར་གྱི་ལག་ལེན་དང་མ་མཐུན་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་དོགས་པ་སྐྱེ་བའི་གནས་དང་། གཏན་ལེར་བོད་ཡུལ་རང་གི་ཉིན་མཚན་གྱི་ཚད་གཙང་མ་གནང་བ་ཤིན་ཏུ་ལེགས་པར་གྱུར་ནའང་། རྟེན་འབྲེལ་ཤོག་ཁྲར་ལག་ལེན་རྙིང་པ་ལྟར་ལས་མ་འགྱུར་བ་འགལ་ཆར་འགྱུར་རམ་སྙམ་པ་དང་། ༡༣༽ཡང་བཀའ་ལན་རེ་བཞི་པའི་ནང་དུ་སྩལ་བའི་རྟེན་འབྲེལ་འཆར་རྩིས་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་པར་འོས་པའི་ལེགས་བཤད་དུ་གྱུར་ལགས་ཤིང་། དེ་ཉིན་ཞག་དང་སྦྱོར་བར་མཛད་པ་འདི་ཡང་། རྒྱུད་འགྲེལ་གྱི་ལུང་དངོས་བསྟན་དང་ཤིན་ཏུ་འབྱོར་ནའང་། ཟླ་བ་ཕྱེད་འཛིན་གྱི་ངོ་རེ་རེར་ཉིན་ཞག་བཅུ་དྲུག་པ་འབྱུང་སྲིད་པས་མི་འགལ་ཡང་། རྒྱུན་ལ་ལྟོས་ན་རགས་པར་ལོ་རེ་ལ་ཞག་མི་ཐུབ་ཀྱི་རྩ་དགུ་པ་ཟླ་བ་དྲུག་བྱུང་བས་ལོ་རེ་ཞིང་རྟེན་འབྲེལ་དྲུག་རེ་ཆད་འགྲོ་བར་སྣང་བ་འདི་སྔར་མན་ངག་ལུགས་ཀྱི་ཕྱག་རྒྱུན་ལྟར་མཇུག་ཏུ་གང་ལུས་ལྟོས་མེད་དུ་བསྐྱུར་བ་ལས་འོས་མ་བྱུང་ཞིང་། དེ་ལྟར་བྱས་ན་རྒྱུད་དུ་རེས་འགའ་ཉིན་ཞག་བཅོ་ལྔ་པ་འདོར་ཚུལ་ལ་བཤད་པས་བློ་བཟོར་འགྲོའམ་སྙམ་པའི་ཐེ་ཚོམ་དུ་གྱུར་ལགས་པ་ཇི་ལྟར་དང་། ༡༤༽ཡང་ལེའུ་བཅོ་ལྔ་པར། འདི་ནི་རྣམ་དག་གྲུབ་པ་སྟེ། །བྱེད་པ་ཟླ་དག་འཕར་ཚེ་ཐོན། །ཞེས་སྒང་བཤོལ་གྲུབ་མཐའི་བཤོལ་རྣམ་དག་ཏུ་བཞེད་ཚེ། གྲུབ་རྩིས་ཀྱི་ཟླ་དག་འཕར་བ་དང་མ་འགྲིགས་པས་རྣམ་པར་མ་དག་པར་ཤུགས་ཀྱིས་སོང་བའི་ཕྱིར། གྲུབ་མཐའི་རི་མོ་རྣམ་པ་ཀུན་ཏུ་སྐྱོན་ཕྲ་མོས་ཀྱང་མ་གོས་པར་བཞེད་པ་དང་ཇི་ལྟར་མི་འགལ་སྙམ་པའི་དོགས་པ། ༡༥༽ཡང་ལེའུ་བཅུ་དྲུག་པར། པཎ་ཆེན་གྱི་ཉི་ལྡོག་འཁོར་ལོ་དྲུག་ཅུ་སྐོར་དང་བསྟུན་པའི་སྟོང་རྩིས་ཀྱི་མཐར་སྤེལ་བའི་འཁོར་ལོ་ལྔ་ཚན་བཅུ་གཉིས་པོ་ལོ་རེ་ལྔའི་སྟོང་རྩིས་ཀྱི་འཁོར་ལོ་གཅིག་ཏུ་བསྡུ་བར་མཛད་པའི་སྟེང་འཕགས་ཡུལ་གྱི་ཉི་ལྡོག་སོགས་ན་ཡམས་རྣམས་དོར་ནས། ཉེ་བར་མཁོ་བ་ས་འདིའི་དབྱར་ཉི་ལྡོག་པའི་ཁྲ་མ་གསར་དུ་སྤེལ་བར་མཛད་པ་སོགས་གསལ་སྒྲོན་གྱི་དགོངས་དོན་དཔྱིས་ཕྱིན་མའི་ལེགས་བཤད་ཕུལ་དུ་བྱུང་བ་ཉུང་གསལ་ཀུན་ཚང་ལྟ་བུར་གྱུར་ལགས། ༡༦༽ཡང་མཇུག་རིང་འཆར་རྩིས་ཀྱི་ཟླ་དག་སྐབས། འོག་མ་མིག་བསྒྱུར་གཟུགས་མེས་བརྒྱན། །ཞེས་སྣང་བའི་འདས་ལོའི་རབ་བྱུང་དེ། རབ་བྱུང་དང་པོ་ཡིན་ན། ཟླ་བཤོལ་འཕྲོ་མཁའ་མེ་ཟླ་བའི་ཆ་དོན་བརྒྱད་དམ། དེ་མདའ་རོ་ཆར་བྱས་ན་སོ་དགུ་སྦྱིན་བྱར་གྱུར་པ་དང་། ཡང་རབ་བྱུང་བཅུ་གཉིས་པ་འདི་ཁའི་རྩིས་འཕྲོ་ལགས་ན། སྔར་ལེའུ་བཞི་པར་བྱེད་པོའི་ཟླ་བཤོལ་འཕྲོ་བཅུ་དགུ་སྣང་བ་དང་སྔ་ཕྱི་མ་མཐུན་ནམ་སྙམ་པའི་དོགས་པ་དང་། སྒང་བཤོལ་གྱི་ལུགས་དང་བསྟུན་ནའང་། ཟླ་བཤོལ་འཕྲོ་འདི་ཉིད་སྦྱིན་ཏེ་བསྒྲུབས་པས། ན་ནིང་ས་འབྲུག་གི་ཧོར་ཟླ་བརྒྱད་པའི་ཟླ་དག་འཕར་ཞིང་ལྷག་མ་སྟོངས་པས། དོན་ལ་ཟླ་བ་བདུན་པའི་མཐར་ལྷག་པའི་ཟླ་བ་དོན་པའི་ཕྱིར་ཟླ་བ་གཅིག་གིས་སྔས་ཏེ་མ་འགྲིགས་པས། རང་གིས་སྒྲིག་མཚམས་ཇི་ལྟ་བ་བཞིན་མ་ཤེས་པས་ནོངས་སམ་སྙམ་པའི་ཐེ་ཚོམ་གྱི་དྲྭ་བར་ཚུད་ལགས་པ་དང་། མཇུག་རིང་རང་གི་རྩིས་འཕྲོར། སྔར་ཕུག་ལུགས་པ་རྣམས་རོང་པ་རྒ་ལོའི་རྩིས་གཞི་ཁུངས་སུ་མཛད་ཅིང་། དེར་ཉིས་བརྒྱ་ཉེར་གཅིག་གི་འདས་ལོའི་ཟླ་བ་དག་པའི་ཚོགས་ལ། ང་གཅིག་སྦྱོང་བའི་ཆོ་ག་དང་། རབ་བྱུང་དགུ་པའི་འགོར་དཔལ་མགོན་ཕྲིན་ལས་པས། རེ་དགུས་སྤོ་བར་མཛད་པ་བཞིན་བརྩིས་ན། རབ་ཉི་འདིའི་རྩིས་འཕྲོར་ཞེ་དྲུག་སྦྱིན་བྱར་འགྱུར་རམ་སྙམ་པ། སྤྱིར་གཟའ་འདི་རི་མོའི་ལམ་དུ་ཇི་ལྟ་བ་བཞིན་མི་རྒྱུག་པར་གསུངས་པ་ལྟར་དཔྱད་དཀའ་བའི་གནས་སུ་འདུག་ལགས་ནའང་སྔར་གྱི་ལག་ལེན་དང་མ་མཐུན་པ་ཙམ་རྒྱུ་མཚན་དུ་བྱས་པའི་ཐེ་ཚོམ་དུ་གྱུར་ལགས། ༡༧༽ཡང་མེར་རྒན་ཀ་བཅུའི་ལུགས་ཀྱི་སྤོར་ཐང་གི་རྩིས་ཀྱི་སྐབས། ད་ལྟའི་གཏན་ལེར་འཁོད་པ་འདི། །རྒྱ་ཡི་ལོ་གཅིག་ལེའུ་ཐོ། །བོད་ཀྱི་དཔེར་བཟུང་འཆུགས་ཚུལ་དང་། །མི་འདྲ་རི་མོའི་ལམ་སྟོན་པའི། །ཟབ་ཁྱད་འདི་ཡི་བཞེད་ཚུལ་ལ། །ཞེས་གསུངས་པའི་དགོངས་པ་ལྟར་ན། སྔར་གྱི་གཏན་ལེ་རྣམས་བོད་པ་རྣམས་ཀྱིས་རྒྱའི་ལོ་གཅིག་གི་ལེའུ་ཐོ་ལོ་བསྟར་གྱི་དཔེར་བཟུང་སྟེ་འཆུགས་པ་ལྟ་བུར་གོ་ཕྱོགས་ཤར་ལགས་པ། དེ་ལྟར་ན་སྔར་གྱི་གཏན་ལེ་བཟུང་བ་རྣམས་ངལ་བ་དོན་མེད་དང་། ཁྱད་པར་རྒྱ་རྩིས་ཀྱི་བཀའ་བསྟན་བཅོས་རྣམས་སུ་ཉི་མ་སོགས་ཚེས་ལ་འཆར་བའི་གཏན་ལེ་གསུངས་པ་རྣམས་དང་། དཔྱིད་ར་ཧོར་ཟླ་དང་པོར་མཛད་དེ། དེ་ནས་ལོ་འགོ་འཛིན་པ་འདི་ཉིད་རྣམ་དག་ཏུ་བཞེད་པས། རྒྱུད་རྣམས་སུ་སྟག་ཟླ་ནས་ལོ་འགོ་འཛིན་པ་དང་། དེ་ཡང་ཕུག་ལུགས་པ་རྣམས་དཔྱིད་ར་བཅུ་གཅིག་པ་དང་སྦྱོར་བར་མཛད་པ་དང་། རི་མོ་འདི་ཉིན་ཞག་དང་སྦྱར་བས་ཉི་མ་ས་བདག་ཚེས་ཕྱིར་འབྲང་བར་གསུངས་པའི་ལག་ལེན་གྱི་ཕྱོགས་ཐམས་ཅད་ཆབས་ཅིག་པར་མ་དག་པར་འགྲོའམ་སྙམ་དུ་བདག་བློ་ཆེས་ཕྲའི་བུ་གར་ལེགས་བཤད་ཉི་མའི་འོད་ཟེར་འཇུག་པར་མ་ནུས་པའི་དབང་གིས་ཐེ་ཚོམ་གྱི་མུན་པར་འཁྱམས་པར་གྱུར་ལགས་པ། ད་དུང་ལེགས་བཤད་སྒྲོན་མེའི་སྣང་བས་བསལ་དུ་གསོལ། ༡༨༽ཡང་ལེའུ་ཉི་ཤུ་པ་ལ་སོགས་འབྱུང་རྩིས་ཀྱི་སྐོར་འདི་དག་ནི། གསལ་སྒྲོན་མ་བུའི་དགོངས་དོན་དཔྱིས་ཕྱིན་པའི་ལྟེ་བ་མ་ཉམས་པ་ལ། བོད་དུ་འགྱུར་རོ་ཅོག་གི་ནག་རྩིས་ཀྱི་གཞུང་གཞན་རྣམས་བཏུས་པའི་མུ་ཁྱུད་ཀྱིས་མཛེས་པར་བསྐོར་ཅིང་། རྣམ་འབྱེད་རིགས་པའི་རྩིབས་ཀྱིས་རྣམ་པར་བརྒྱན་པས། ལོག་རྩིས་དང་རྨོངས་པ་གཅོད་པའི་ལེགས་བཤད་གསེར་གྱི་འཁོར་ལོ་ལྟ་བུའམ། འབྱུང་རྩིས་ཀྱི་ཆུ་བོ་ཐམས་ཅད་གཅིག་ཏུ་འདུས་པའི་སྔོན་མེད་ལེགས་བཤད་ཀྱི་རྒྱ་མཚོ་ལྟ་བུར་ངེས་ལགས་པས། བླ་མཁྱེན་ཀུན་གྱི་ངལ་གསོའི་སྟེགས་དང་། ལྟ་བའི་མིག་སྦྱིན་པ་ཇི་ལྟ་བ་བཞིན་དུ་གྱུར་སྙམ་དུ་མོས་པ་ལྷག་པར་ཐོབ་ལགས། འོན་ཀྱང་ནག་རྩིས་ཀྱི་ཕྱོགས་འདི་ལ། སློབ་དཔོན་མེས་པོ་མཁས་པའི་དབང་པོ་དེ་ཉིད་རྩིས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་ཞིང་། ཁྱད་པར་བྲལ་བ་སློབ་དཔོན་བཀྲ་ཤིས་ལས་ཕུག་ལུགས་ནང་བརྒྱུད་ཀྱི་སྐར་ནག་གི་རྩིས་ཚུལ་རྣམས་གསན་པར་མ་ཟད། སྨྲ་བའི་ཉི་མ་ཅོ་གོང་པ་ལས་ནག་རྩིས་ཁྱུང་ལུགས་དང་། ཕུག་ལུགས་ཀྱི་གཡུལ་རྒྱལ་སོགས་གསན་ཅིང་། གཞན་ཡང་མཁས་གྲུབ་མདོ་སྔགས་བསྟན་འཛིན། མཁན་ཆེན་ཤཱཀྱ་རི་དབང་། ཚེར་དུང་པ་ཀུན་དགའི་མཚན་ཅན་སོགས་མང་པོ་ལས་ཀྱང་རང་གཞན་གྱི་རྩིས་ལུགས་མཐའ་ཡས་པ་ཞིག་གསན་འདུག་ལགས་ནའང་། ཞལ་སློབ་གྲོང་རྩིས་པ་རྣམས་ཀྱིས། སྐར་རྩིས་ལྔ་སྒྲ་གཟའ་ལྔ་དུས་སྦྱོར་ཙམ་དང་། བློ་ཆེ་བ་འདྲས་ཞག་གསུམ་རྣམ་དབྱེ། རྩིས་འཕྲོ། སྟོང་འཇུག་གི་བུ་ཙམ་ལ་སྦྱང་ལོ་དང་། དབྱངས་འཆར་ནས་ཡོངས་གྲགས་ཀྱི་འཁོར་ལོ་ཕྲན་བུ། ནག་རྩིས་ལས། ཀེག་རྩིས་ཞེ་བདུན་མ། བག་རྩིས་རྡེའུ་བཅུ་གསུམ་མ། གཤིན་རྩིས་ལས་སྲོག་སྒྲུབ་ཀྱི་རྡེའུ་རེ་ལྔ་མ། ཀོང་ཙེའི་རོ་ལེན་མ་ཙམ་དང་། བློ་ཆེ་བ་རྣམས་ཀྱིས། དེའི་སྟེང་ནད་རྩིས་བཅུ་དགུ་མ། གཏན་རྩིས་བརྒྱ་སོ་དྲུག་གམ་སོ་གསུམ་མ། རླུང་རྡེ་བརྒྱ་ཉེར་ལྔ་མ། གཤིན་རྩིས་ལས་འདུར་ཤིད་ཀྱི་རྡེའུ་བརྒྱ་གོ་དགུ་མའི་ནང་ནས་གཅོད་འདྲལ་གྱི་རྡེའུ་དྲུག་ཅུ་སོགས་ཆ་ཙམ་མ་གཏོགས་ཚང་མ་སློབ་མི་མ་བྱུང་བར་མ་ཟད། དེ་དག་གིས་ཉེར་མཁོའི་སྐུལ་མ་ཞུས་པར་བརྟེན། བསྟན་བཅོས་མཛད་པ་རྣམས་ཀྱང་སོ་སོའི་བློ་ངོ་དང་བསྟུན་ཏེ་ཆ་ལམ་ཙམ་མ་གཏོགས། ཐུགས་སྤྲོས་པ་ཆུང་བས་ཟབ་གནད་གཅིག་ཏུ་འགྲེལ་བའི་ཡི་གེ་ཆེ་བའི་རིགས་མ་མཛད་འདུག་ཅིང་། བཀའ་རྩོམ་ཆུང་ངུ་དེ་དག་ཀྱང་། ཕྱག་དཔེ་ངོ་བོ་དེ་ཀ་སོ་སོས་ཁྱེར་ཏེ་དཔེ་རྒྱུན་ཙམ་ཡང་མ་འཕེལ་བ་མང་བ་དང་། དེའི་དོན་གྱིས་འགའ་རེས་སྦྱར་བྱང་སྤོས་པ་དང་། རང་རྩོམ་ལ་ཁ་གཡར་ནས་སྦྱར་བྱང་བཏབ་པ་སོགས་ཀྱང་ཐོ་རེ་བ་སྣང་ཞིང་། ཁྱད་པར་རྩོམ་པ་ལས་ཀྱང་འཆད་པའི་བཀའ་བབས་པས། སྐུ་གཞོན་ནུའི་དུས་ནས་སློབ་མ་མང་དུ་འདུས་པ་ལས། དེ་དག་གི་ནང་ནས་སྐར་རྩིས་ཀྱི་རི་མོ་ཚད་མ་རྫོགས་པ། ཡབ་པ་སྤྲུལ་སྐུ་གོང་མ་ཀརྨ་བསྟན་སྐྱོང་དང་། རྒྱ་སྟོན་ནུབ་རི་བ་སོགས་དང་། སྐར་ནག་གཉིས་ཀ་མ་ལུས་པ་རྫོགས་པ་ཚོགས་དགེ་འདུན་སྒང་གི་དབུ་མཛད་ཌོམྦིར་གྲགས་པ་རྣམས་ཏེ་སྔ་ཚར་གྱི་སློབ་མ་དང་། ཕྱིས་ཤེས་བྱ་ཐམས་ཅད་མཁྱེན་ཅིང་གཟིགས་པ་རྗེ་བཙུན་ཕྱག་ན་པདྨོས་རིགས་ལམ་འདི་ཉིད་བཞེས་ཤིང་། གཞན་དག་ལ་སྤེལ་བའི་ལུང་གི་བདག་རྐྱེན་བཟང་པོས་བཀའ་དྲིན་བསྐྱངས་པར་བརྟེན། ཕོ་བྲང་ཆེན་པོར་འདར་ལོ་ཆེན་པོ་སོགས་མཁས་པ་འགའ་ལ་གསུངས་ཤིང་། གཞིས་སུའང་ཞལ་སློབ་པད་མཚོར་ངང་པ་ཇི་ལྟ་བ་བཞིན་དུ་འདུས་པས། དེང་སང་ཉི་མ་དབུས་ཀྱི་ཕྱོགས་འདིར་རྩིས་རིག་སྨྲ་བ་ཕལ་ཆེར་དམ་པ་འདིའི་བཀའ་དྲིན་གྱིས་འཚོ་བ་འབའ་ཞིག་པ་ལྟ་བུར་གྱུར་ནའང་། ཕྲན་བུས་གཟུངས་སུ་ཟིན་པ་ལ། བདག་གཅེན་རྒྱལ་བའི་སྲས་པོ་སོགས་སྐར་རྩིས་ཀྱི་རི་མོ་རྫོགས་པའི་ཞལ་སློབ་དགེ་བའི་བཤེས་གཉེན་འགའ་དང་། ཞལ་ལུང་བུ་ཕལ་ཆེ་བའི་རི་མོ་རྫོགས་པ་ཁ་ཤས་བྱུང་སྣང་ཞིང་། སྐར་ནག་གཉིས་ཀ་རྫོགས་པ་ཞང་པོ་གཞོན་ཐ་དོན་གྲུབ་ཚེ་བརྟན་ཙམ་མ་གཏོགས་མ་བྱུང་འདུག་པ་དང་། དེ་དག་སོ་སོས་ཕྲིན་ལས་བསྐྱངས་པ་ཡང་ཆེར་མ་བྱུང་འདུག་ཅིང་། ཕྲན་བུས་དྲུང་དུ་བསླབ་སྦྱོང་ཞུ་དུས། ༧གོང་ས་མཆོག་ནས་བསླབ་སྟོན་རིན་པོ་ཆེ་སྩལ་བ་སྤྱི་བོའི་ཐོད་དུ་བཅིངས་ཏེ། སྐར་རྩིས་ཀྱི་རི་མོ་ལ་ནན་ཆགས་ཀྱིས་སྦྱངས་ཁུལ་ཙམ་ལས། རང་ན་གཞོན་པ་དང་འདུན་པ་ཞན་པའི་སྟེང་སློབ་དཔོན་སྐུ་ན་སྨིན་ཆེས་པ་བཅས་དབྱངས་འཆར་དང་ནག་རྩིས་ཕྱོགས་འགོ་དོད་ཙམ་ལས་རྒྱ་ཆེར་སྦྱོང་མ་འགྲུབ་པའི་ཁར། འདུ་ཤེས་ཆུང་བས་སྦྱང་ལོ་བྱས་པའི་དཔེ་རྒྱུན་རྣམས་ཀྱང་མ་འགྲུབ་པ་དང་། ཐོར་བུ་ལག་ཏུ་ཡོད་པ་རྣམས་ལའང་། རྟག་པར་གྲྭ་སའི་བཅའ་ཁྲིམས་དང་ཕལ་ཆེར་ལེ་ལོའི་ངང་དུ་འབྱམས་པས་ལྟ་རྟོག་མ་ནུས་ཤིང་ཤེས་རབ་མཐུ་ཆུང་བས་ཇི་ལྟ་བ་བཞིན་ཤེས་པར་མ་གྱུར་ནའང་། དེང་སང་བདག་ཅག་རྣམས་ནག་རྩིས་ཀྱི་སྣ་ཐོགས་སུ་གསལ་སྒྲོན་གྱི་རྡེའུ་དངོས་བསྟན་ཙམ་ཁྱུང་ཕུག་རྣམ་གཉིས་ཀྱི་ཡི་གེ་ལ་བརྟེན་ཏེ་ལག་ལེན་བྱེད་ཁུལ་ལགས་ནའང་། ཚིག་དོན་རྒྱ་ཆེ་ཞིང་ཟབ་གནད་འདུས་པས་རབ་ཏུ་བརླིང་བའི་བསྟན་བཅོས་རིན་པོ་ཆེ་འདི་ལྟ་བུ་ལ་དཔྱོད་པར་རྟོག་པ་ནི་མཁའ་དབྱིངས་གཞལ་འདོད་ཀྱི་སྦྲང་བུའི་གཤོག་བརྐྱང་ལྟར་གྱུར་པར་མ་ཟད། རྒྱ་རྩིས་ཀྱི་སྐོར་འདི་ལ་སྔར་གྱི་དཔེ་རྒྱུན་རྣམས་ཀྱང་ཚོང་འདུས་ཀྱི་འོ་མ་ལྟར་ལྷད་ཆེས་པས་དཔེ་ཆ་གཉིས་བྱུང་ནའང་བསྡུར་མི་ཐུབ་པ་ལྟ་བུར་གྱུར་པ་དང་། ཡུལ་ཕྱོགས་རེ་བ་རྒྱུ་མཚན་དུ་བྱས་པའི་ངེས་ཚིག་སོགས་བཀྲོལ་བཤད་ཀྱིས་འཆད་ཐེབ་མེད་པ་མང་དུ་སྣང་བས་དག་མི་དག་གི་ཁ་ཚོན་ཡང་བཅད་དཀའ་བར་མཆིས་ལགས་རུང་། སློབ་དཔོན་བརྒྱུད་པའི་དཔེ་ཁུངས་དང་དམར་ཁྲིད་ཀྱི་ལག་ལེན་བཞུགས་པ་རྣམས་དེ་དག་དབང་བཙན་པ་རྒྱུ་མཚན་དུ་བྱས་ཏེ་རང་བློ་དམན་པས་མ་རྟོགས་པའི་ཐེ་ཚོམ་དུ་གྱུར་པ་འགའ་རེ་ཙམ་མཆིས་པ་རྣམས་སྤྱན་སྔར་སྙིམ་པ་འཆར་ཀའི་པདྨོ་ལྟ་བུ་སྤྱི་བོར་བཀོད་དེ་རིམ་པར་གསོལ་བ་འདེབས་རྒྱུར། ནག་རྩིས་བརྒྱུད་པའི་སྐབས་དཔལ་མགོན་ཕྲིན་ལས་ཀྱིས། གསལ་སྒྲོན་སྦས་ཆད་མེད་པ་ལས། ཞེས་གསུངས་པ་ལྟར། རྩ་འགྲེལ་རྣམས་སུ་མང་ཉུང་ཅི་རིགས་པ་འབྱུང་བ་དང་། ལོ་འགོ་འཛིན་ལུགས་སོགས་ལག་ལེན་གྱི་རྒྱུན་ཡང་སོ་སོ་བ་ལ་དཔགས་ན་སྦས་བཅད་ཡོད་མེད་གཉིས་ཡོད་པར་འགྲུབ་ལགས་ནའང་། འདིར། དེ་ཡིས་རུ་མཚམས་ཤོངས་པ་བ། །སྨོན་ལམ་ལ་བཤད་དེ་ཉིད་ཀྱིས། །ཀུན་ལ་སྤེལ་བ་ལ་བཀོད་པར། །ཞེས་སོགས་སྦས་བཅད་བྱས་ལུགས་དང་། །སྦས་བཅད་ཅན་གྱི་ལུགས་ཞེས་པའི། །གསལ་སྒྲོན་མ་དག་རྩིས་ཀྱི་རྒྱུ། །ཡ་ཙ་བ་དང་ལྷོ་བྲག་པ། །མར་པ་སྦྲུལ་མགོ་ལ་སོགས་པས། །ཡོངས་ལ་བསྒྲགས་ཤིང་དར་རྒྱས་མཛད། །སྦས་བཅད་མེད་པ་དག་པའི་ལུགས། །འཕན་ཡུལ་རལ་བྷེ་ར་བཛྲ། །མལ་ཟེ་གླན་དང་སོ་སྟོན་ཁྲི། །སྨྱོས་སྟོན་བྱང་ཡོད་རྒྱ་སྟོན་དང་། །ཞང་དང་དེ་ཡི་མཁས་པའི་མཆོག །ཁྱུང་ནག་ཤཱཀ་དར་ལ་གསུངས་ཤིང་། །ཞེས་སྦས་བཅད་ཡོད་མེད་ཀྱི་བརྒྱུད་ལུགས་ཐ་དད་པར་གསུངས་པ་ལས། མར་ལུགས་སྦས་བཅད་ཅན་མ་དག་པར་གནང་བ་འདིས་དོགས་གནས་འདི་ཤར་ཏེ། ཁྱུང་ནག་ཤཱཀ་དར་ལ་ནག་རྩིས་ཀྱི་བཀའི་བབས་སོ་གསུམ་ཡོད་པར་ཁོ་རང་གི་བརྒྱ་རྡེའི་རྩ་བར་གསུངས་ཤིང་། བརྒྱུད་ལུགས་དེ་དག་ཀྱང་། བདག་ཚོའི་བླ་མ་གོང་མའི་གྲྭ་རིགས་སུ་གཏོགས་པ་ཁྱུང་བན་ངག་དབང་མཆོག་ལྡན་ནམ་མཚན་གཞན་ཁྱུང་གི་པཎ་ཆེན་རི་ཟངས་པར་གྲགས་པའི་ཕྱག་དཔེ་ངོ་བོ་ལས། ཁམས་ཁྲ་ནས། འཕན་ཡུལ་བ་རལ་བྷེ་རཱ་ཛ། ཡར་རྩང་པ། ཤོང་པ་སྨོན་ལམ། ལྷོ་བྲག་པ་སྒྱུ་འཕྲུལ་ཇོ་སྨོན། མར་པ་སྦྲུལ་མགོ །ཁྱུང་ནག་དེ་བ། ཁྱུང་བསྟན་པ་མགོན་པོ། ཁྱུང་ནག་ཤཱཀ་དར། ཞེས་དང་། ཡང་ན་ཤོང་སྨོན་ནས་ལོ་རོ་བ་མལ་གཟེ། མཁས་པ་གླན་སྟོན། སོ་སྟོན་ཁྲི་པ། བྱང་སྟོན་པདྨ། ཁྱུང་ནག་ཤཱཀ་དར། ཡང་ན། མལ་གཟེ་ནས། མྱོས་གྲགས་རྡོར། སྨྱལ་པ་གླན་གྲགས་དབང་། ལྷོ་པ་སོ་བན་ཀུན་ཤེ །སྒྲོ་སྟོན་རས་པ། འབྲོག་སྟོན་རལ་པ། ཁྱུང་ནག་དེ་བ་སོགས་སྔར་ལྟར་དྲངས་ཤིང་། འདིར་ཡ་ཙ་བ་མ་དག་པར་གནར་བས། དེ་ནས་ཤོང་པ་སྨོན་ལམ་ལ་བརྒྱུད་དེ་ལུགས་གསུམ་ཀ་མ་དག་པར་སོང་བ་དང་། ཤོང་སྨོན་གྱིས་སྦས་བཅད་བཟོས་ཚུལ་སོགས་ཇི་ལྟར་མི་འགལ་སྙམ་པ་དང་། ཆོས་རྗེ་བསོད་ནམས་ཚེ་འཛིན་གྱི་ཁོག་འབུབས་སུ། མལ་ཟེ་ནས། སྨྱོས་གྲགས་རྡོར། མར་པ། གླན་དར་དབང་། སྨྱོས་བྱང་འོད། བྱང་སྟོན་པདྨ། ཁྱུང་ནག་ཤཱཀ་དར། ཞེས་བྱང་སྟོན་བརྒྱུད་པར་ཡང་མར་ལུགས་འདྲེས་པ་སོགས་སྣང་བ་དང་། བཀའ་བབས་གསུམ་པོའི་སོ་སོའི་གཏན་རྩིས་ཀྱི་རྡེའུ་རྒྱག་ཚུལ་ཡང་། མར་ལུགས་ལ། མི་འགྱུར་རྡེའུ་ལྔའི་སྲོག་ལུས་དབང་ཀླུང་རང་ཁོ་ན་ལ། བརྩི་བྱའི་སྲོག་སོགས་རང་མ་བུ་གྲོགས་དགྲར་ཕྱེ་བས་འཐབས་པའི་རྡེའུ་བརྒྱ་དང་། དེའི་སྟངས་གཅོད་རྡེའུ་ཉི་ཤུའི་སྟེང་སྲོག་ལུས་དབང་རླུང་གི་དར་གུད་རྡེའུ་བཞི་བསྣན་ནས་སྟངས་གཅོད་ཉེར་བཞིར་མཛད་དེ། ཁྱོན་གཅེས་དགོས་སོགས་དང་བཅས་རྡེའུ་བརྒྱ་སོ་དྲུག་པའི་འགྲེམས་ལུགས་དང་། འབྲོག་སྟོན་གྱི་ལུགས་ལ། རང་རྡེའུ་ལྔ་སོ་སོ་ནང་འཐབས་དང་། བརྩི་བྱའི་མ་བུ་གྲོགས་དགྲར་ཕྱེ་བས་མི་འགྱུར་རྡེའུ་ལྔའི་དབང་ཐང་གཅིག་པོར་འཐབས་ཤིང་། དར་གུད་ཉེར་ལྔ་བཀྲམ་ནས་སྟངས་གཅོད་གཅིག་ཏུ་བསྡུས་ཏེ། སྤྱིའི་སྟངས་གཅོད་ཉེར་གཅིག་དང་། ཁྱོན་རྡེའུ་བརྒྱ་སོ་གསུམ་དུ་འདྲེན་པ་དང་། བྱང་སྟོན་པདྨའི་ལུགས་ལ། མི་འགྱུར་ཀླུང་གི་རྡེའུ་ལྔའི་སྲོག་ལུས་དབང་རླུང་བཞི་ཀ་རང་མ་བུ་གྲོགས་དགྲར་ཕྱེ་བ་ལ། བརྩི་བྱའི་རང་མ་བུ་གྲོགས་དགྲར་ཕྱེ་བས་འཐབས་པ་དང་། དར་གུད་རྡེའུ་བཞི་སྟངས་གཅོད་རྡེའུ་གཅིག་ཏུ་བསྡུས་ཏེ་ཁྱོན་བརྒྱ་སོ་གསུམ་པར་བཞེད་པ་སྟེ། དེ་ལྟར་ལུགས་གསུམ་ཁྱུང་ནག་གི་རྡེའུ་རྩར་གསལ་བར་བཤད་པ་ལྟར་ལས། འབྲོག་སྟོན་གྱི་ལུགས་དེ། རྙིང་མ་ལུགས་ནི་དབང་གཙོར་འདོན། ཞེས་པ་དང་སྒྲིག་རུང་ངམ་སྙམ་པ་དང་རྡེལ་གྲངས་བརྒྱ་སོ་གསུམ་དུ་བྱེད་པ་བསོད་ནམས་ཚེ་འཛིན་གྱི་ཁོག་འབུབས་དང་མཐུན་འདྲ་སྙམ་པ་ལས། གཞན་གོང་མ་རྣམས་ཀྱི་ཕྱག་ལེན་དམར་ཁྲིད་དང་། བསྟན་བཅོས་རིན་པོ་ཆེ་འདིར་གནང་བའི་རྡེའུ་རྒྱག་ཚུལ་མར་ལུགས་དང་མཐུན་པར་བྱུང་ཞིང་འདི་ཉིད་གསལ་སྒྲོན་རྩ་བ་དང་ཡང་ཤིན་ཏུ་འབྱོར་བ་འདྲ་སྟེ། རྩ་བ་ལས། དེ་རྗེས་བརྒྱ་འདྲེའི་རྡེའུ་ཉིད། །རྩ་བ་སྲོག་ལུས་དབང་ཀླུང་གི །མ་བུ་དགྲ་གྲོགས་སོ་སོ་ཡིས། །སྐྱེས་ཀླུང་ལྔ་དང་གཅོད་འདྲལ་འགྱེད། །ཅེས་དང་། དེ་ལ་དཀར་ནག་བགྲངས་པ་ཡིས། །ཁ་དམར་རྡེའུ་ཉི་ཤུ་དང་། །དར་གུད་རྡེལ་བཞི་ལོགས་སུ་བོར། །ཉི་ཤུ་རྩ་བཞི་ཁ་དམར་གདགས། །ཞེས་དང་། སྟངས་གཅོད་རྡེའུ་ཉི་ཤུ་བཞི། །སྤྱི་བསྡུས་བརྒྱ་དང་སུམ་ཅུ་དྲུག །ཅེས་སོགས་གསུངས་པའི་ཕྱིར། རྩ་བ་དང་མར་ལུགས་ཀྱི་ལག་ལེན་འབྱོར་བར་བྱུང་བས་འདི་སྦས་བཅད་ཅན་གྱི་ལུགས་ཇི་ལྟར་ཡིན་སྙམ་པའི་ཐེ་ཚོམ་དུ་གྱུར་ལགས་པ་དང་། བཀའ་ལན་དུ། རལ་བྷེ་རཱ་ཛ་ནས། ལ་ཡག་རྫ་བར་གྱི་སྟོན་པ་དགེ་བ། སྲས་སྟོན་པ་ཇོ་གཙུག །དེ་སྲས་སྲས་སྟོན་སྒོར་མོ། དེའི་ཚ་བོ་སྟོན་པ་ཤཱཀ་དར། ཞེས་རང་རིགས་བརྒྱུད་པར་གནང་བ། ཁུ་ཚན་ནམ་ཞང་ཚན་གང་ལྟར་ནའང་། ཚ་བརྒྱུད་ལས། བརྒྱུད་པ་རྣམ་པར་དག་པ་ཡིན་ཕྱིར། འབྲོག་སྟོན་ནས་བརྒྱུད་པའི། མེས་དེ་བ་མགོན་པོ་དང་། ཡབ་བསྟན་པ་མགོན་པོ་ནས། ཤཱཀ་དར་ལ་བརྒྱུད་པ་འདི་རང་རིགས་ཀྱི་བརྒྱུད་པར་ཉེའམ་སྙམ་པའི་དོགས་པ་ཤར་ལགས་པ་དང་། ༡༩༽བཀའ་ལན་ཆིག་བརྒྱ་དང་གསུམ་པའི་ནང་དུ་བྱང་སྟོན་ཁྱུང་ནག་གི་སློབ་མར་མཛད་པ་དང་། དཔལ་གྱི་སེང་གེ་དཔག་བསམ་དབང་པོའི་སློབ་མར་མཛད་པ་གཉིས་དཔོན་སློབ་གོ་ལོག་གམ་སྙམ་པ་ཤར་ལགས། བརྒྱ་བཞི་པར། མར་ལུགས་ལ། སྲོག་ལུས་དབང་ཀླུང་གི་མ་བུ་དགྲ་གྲོགས་བཞིའི་འཐབ་ཟླ་ཀླུང་ལྔའི་སྲོག་དང་འཐབས་གནང་བའང་ཁྱུང་ནག་གི་མར་ལུགས་རྡེའུ་རྩར། དེ་བཞིན་དུ་མི་དེའི་ལུས་དང་ལྔ་པོའི་ལུས་འཐབས་པས་ལུས་ཀྱི་རང་རྡེའུ་ལྔའོ། །མི་དེའི་ལུས་ཀྱི་མ་དང་ལྔ་པོའི་ལུས་འཐབས་པ་ནི་ལུས་ཀྱི་མ་རྡེའུ་ལྔའོ། །ཞེས་སོགས་གསུངས་པ་དང་འགལ་ལམ་སྙམ་པ་དང་། ༢༠༽ཡང་དགུན་ཉི་དཔྱིད་ར་སྟག་ཟླ་བའི། །བརྒྱད་གསུམ་ལ་ལྡོག་མགོས་ཉ་ཞིང་། །སྤེན་པས་ཚེས་ན་ཟླ་ཤོལ་མེད། །ཅེས་གནང་བའི་རྐང་པ་ཕྱི་མ་འདིས་ཟླ་ཤོལ་གྱི་གཟེར་སྟོན་བྱེད་དུ་སོང་འདྲ་བས། སྐར་མས་ཚེས་པ་ལ་མིག་སྐར་དང་སྒྲིག་ཏུ་ཡོད་མོད། རེས་གཟའ་ཚེས་པ་ལ་གཟེར་དུ་ཇི་ལྟར་འགྱུར་སྙམ་པའི་དོགས་པ་ཤར་ལགས། ༢༡༽ཡང་ཚེ་རབས་ལས་རྩིས་ཀྱི་བརྒྱ་རྡེའི་སྐབས། དེ་ལྟར་རྡེའུ་བརྒྱ་ཕྲག་གཅིག །ལོ་ཟླ་ཞག་དུས་བརྩིས་པ་ཡི། །དར་གུད་ཞག་མལ་རྡེའུ་བཞི། །ཞེས་དང་། སྟངས་གཅོད་རྡེའུ་ཉི་ཤུ་ལ། །ཞེས་དར་གུད་རྡེའུ་བཞི་སྟངས་གཅོད་ཀྱི་རྡེའུ་ཡིན་པའི་ཞལ་གསལ་ཞིག་མ་བྱུང་གཤིས། བློ་དམན་རྣམས་ཀྱིས། གསལ་སྒྲོན་རྩ་བར། སྟངས་གཅོད་རྡེའུ་ཉི་ཤུ་བཞི། །ཞེས་པའི་གྲངས་ཙམ་ཡང་འདྲེན་དཀའ་བར་མ་ཟད། དར་གུད་རྡེའུ་བཞི་ལོགས་སུ་བོར། །ཞེས་པ་གང་བྱུང་དུ་བོར་བས་ཆོག་པ་ལྟ་བུར་གོ་བ་སྐྱེ་སྲིད་པ་འདྲ་བ་དང་། ཁྱད་པར་སྔར་གྱི་ལག་ལེན་གྱི་རྒྱུན་ལ། དགོས་རྡེའི་མདུན་དུ་རྒྱག་སྲོལ་འདུག་པ་ལྟར། ཆོས་རྗེ་ཕྲིན་ལས་པའི་མཐོང་བ་དོན་ལྡན་ལས་ཀྱང་། དགོས་རྡེའུ་སྤྱི་ཡི་འབྲེལ་བ་ནི། །ཆད་ཆེན་ཆད་ཆུང་གང་བབས་ཡིན། །སྲོག་ལུས་དབང་ཀླུང་བཞི་པོ་ལ། །དར་གུད་བརྩིས་པའི་ཁ་དམར་གདགས། །ཞེས་གསུངས་ཤིང་། དེ་ཉིད་དམར་ཆུང་སྟག་མགོ་ལས། །འཆད་ཆེན་ལ་སོགས་རྡེའུ་བདུན། །མགོ་བཀད་གནམ་ཐིག་འཐེན་པ་འདྲ། །སྲོག་ལུས་དབང་ཐང་ཀླུང་རྟ་རྣམས། །མ་ནོར་རྡེའུ་དཀར་ནག་དགྲམ། །ཞེས་པ་དང་དགོངས་པ་མཐུན་པ་ཡིན་གསུངས་པ་ཇི་ལྟར་འཐད། མཁྱེན་རབ་རྨད་དུ་བྱུང་བས་བཅད་དུ་གསོལ། ༢༢༽ཡང་མཐུན་སྦྱོར་གྱི་གོང་གི་རྡེའུ་རྣམས་ཀྱང་། བདེ་ལེགས་ཀུན་འབྱུང་དུ་མ་ཚང་བའི་ཁ་སྐོང་རྣམས་ཀྱང་ཞིབ་མོར་སྩལ་བའི་རང་ལུགས་རྫོགས་པ་ལ་ལེགས་བཤད་གཞན་གྱིས་ཟུར་བརྒྱན་དང་། ༢༣༽དེ་བཞིན་དུ་ཀེག་རྩིས་ཞེ་བདུན་མ་དང་། རྒྱ་ནག་རྡེའུ་སྐོར་སོགས་གསལ་སྒྲོན་རང་ལུགས་དང་། རྒྱ་གསུམ་ཁ་སྤྲོད་སོགས་སྔར་གསལ་སྒྲོན་རྗེས་ཞུགས་རྣམས་ཀྱིས་ཕྱག་ལེན་དུ་བཏབ་པ་དང་། སྦུབ་སོགས་གཞན་ལུས་ཀྱི་ལེགས་ཆ་བསྡུ་བར་མཛད་པའི་སྟེང་། ལག་ལེན་གྱི་ཟབ་གནད་ཁྱད་པར་ཅན་གྱིས་བརྒྱན་པར་མཛད་དེ་ལེགས་བཤད་ཀྱི་གན་མཛོད་ལྟ་བུར་གྱུར་ལགས་ཤིང་། འོན་ཀྱང་དམར་ཆུང་སྟག་མགོའི་ལེའུ་བཅུ་བདུན་པར་གསུངས་པའི་ཀེག་རྩིས་རྡེའུ་སོ་གཅིག་པ་ཞིག་བཀའ་དྲིན་བསྐྱང་ཐུབ་ན་སྦས་པ་མཛུབ་ཚུགས་ཀྱི་ལག་ལེན་དར་བ་ལ་སྨན་ཡོད་དུ་འགྱུར་རམ་སྙམ་པ་ཐལ་སྦྱར་གཙུག་ཏུ་བཀོད་དེ་གསོལ་བ་འདེབས་པ་ལགས། ༢༤༽ཡང་ནད་རྩིས་ཐང་ཤིང་གི་སྐབས་སུ། ལྕགས་སྟག་སོགས་གནམ་ལོ་ཤིང་བྱི་ཤར་བའི་དཔེར་བརྗོད་དུ་མཛད་དེ། གནམ་ལོའི་ཁམས་ཀྱི་དགྲ་སྟག་ནས་བརྩི་བ་སོགས་སྐོར་འགོའི་བསྒྱུར་ཁ་བཀའ་དྲིན་བསྐྱངས་པ་རྣམས། གསལ་སྒྲོན་རྩ་བར་ལག་ལེན་སྐབས། །ལྡོག་པ་མེ་སྟག་ཆུ་སྤྲེལ་ནས། །ཕོ་མོ་གྱེན་ཐུར་དེད་ལ་བརྩི། །ཞེས་པའི་དོན། རིན་ཆེན་སྤུངས་པར། ཕོ་ནི་བུ་ལྔ་སྟག་ནས་སྦུབ། །མོ་ནི་མ་ལྔ་སྤྲེལ་ནས་བཀན། །ཞེས་པའི་ལུང་སོགས་ལ་བརྟེན་ཏེ་གོང་མ་རྣམས་ཀྱིས་གཞུང་དཔེར་བརྗོད་དུ་མཛད་པ་དང་མཐུན་ཞིང་། རིགས་པས་གཞལ་ནའང་ཤིན་ཏུ་ངོ་མཚར་བར་གྱུར་ལགས་རུང་། དོགས་གནས་ཕྲན་བུར། དམར་ཆུང་སྟག་མགོ་ལས། གཅིག་པ་རང་གི་བླ་ཚེ་སྟོར་རམ་མ་སྟོར་གནམ་ལོ་དག་ལ་དྲིས། ཞེས་དང་། གནམ་ལོའི་ཡར་གྱི་བཅུ་གསུམ་ལ་དྲིས། དེ་བཞིན་དུ་མར་གྱི་བཅུ་གསུམ་དང་། ཡས་མར་གྱི་ལྔ་ཐུན་སོགས་ཐམས་ཅད་ལ་ཚིག་གི་གསལ་བྱེད། གནམ་ལོ་ཞེས་པ་སྔོན་དུ་བརྗོད་མི་བརྗོད་གང་ལྟར་ཡང་། ཤིང་ཕོ་བྱི་བ་ལ་དྲིས། ཞེས་དང་། ཤིང་བྱིའི་ཡར་གྱི་བཅུ་གསུམ་མམ་ཆུ་ཕོ་བྱི་བ་ལ་དྲིས། ཞེས་པ་ལྟ་བུ་ཞིག་མ་བྱུང་ན། ད་དུང་བསྒྲུབ་བྱར་ལུས་སམ་སྙམ་པ་དང་། དམར་ཆུང་སྟག་མགོའི་གཟའ་བཞི་རྒྱ་མའི་རླུང་རྩིས་ཀྱི་ལོག་མེན་སྐོར་འགོ་ཐམས་ཅད་གཞུང་དངོས་བསྟན་ལྟར། མོ་ཆུ་སྤྲེལ་ཁོ་ན་ནས་བསྐོར་བའི་ཕྱིར་གསལ་སྒྲོན་རང་ལུགས་ཀྱི་ལོག་མེན་གྱི་སྐོར་འགོ་ཡང་བསྒྱུར་དགོས་པའི་ངེས་པ་མེད་འདྲ་སྙམ་པ་སོགས་ཐེ་ཚོམ་དུ་གྱུར་པ་དང་། བཅུ་དྲུག་པའི་སྐོར་འགོ་བསྟན་བཅོས་རིན་པོ་ཆེ་འདིར་གནང་བ་དང་མཐུན་པར། འདི་ཕྱོགས་སུ་ལག་ལེན་གྱི་རྒྱུན་ལའང་། གནམ་ལོ་དང་བརྩི་བྱའི་སྲོག་སྨེ་སོགས་སྨེ་བ་ནང་འཐབ་བྱེད་པ་འདི་དར་རྒྱས་ཆེ་ཞིང་། སྲོག་ལུས་དབང་ཀླུང་ཁོ་ནས་གནམ་ལོའི་སྨེ་བ་སོགས་ལ་འཐབ་པའི་ལག་ལེན་ཡང་རེ་གཉིས་འདུག་ལགས་ནའང་། དམར་ཆུང་སྟག་མགོར། བཅུ་དྲུག་པ་རྡེའུ་སྒོ་འགགས་སམ་མ་འགགས་གནམ་ལོ་ནས་མར་གྱི་དྲུག་འགྲམ་ལ་དྲིས། ཞེས་གསུངས་པ་ལྟར་ན། གནམ་ལོའི་མར་གྱི་དྲུག་འགྲམ་ན་དུ་ལོན་བགྲངས་པ་ལ་བརྩི་བ་འདྲ་ཞིག་འདུག་ལགས་པ་ཇི་ལྟར་འཐད། དྲི་མ་མེད་པའི་མཁྱེན་རབ་ཀྱིས་བཅད་དུ་གསོལ། ༢༥༽ཡང་ཐང་ཤིང་རིགས་ལྔ་འདི་ལ་སྐོར་འགོའི་བསྒྱུར་ཁ་ཡོད་མེད་མ་གཏོགས་འདི་ཕྱོགས་སུ་ཡང་ལག་ལེན་བྱེད་མི་ཁ་ཤས་འདུག་ལགས་རུང་། འདི་རྩ་ཁུང་གང་ནས་འབྱུང་གི་དོགས་པ་མ་ཆོད་ལགས་པ་ཇི་ལྟར་དང་། ༢༦༽གསལ་སྒྲོན་རྩ་བའི་རྡེའུ་བཅུ་དགུ་མའི་ཚེས་གྲངས་ཀྱི་རྩིས་ཀྱི་ལྷ་མོ་བརྒྱད་འཆར་ཚུལ་ཁྱད་པར་ཅན་འདི་ཡང་། བཀའ་ལན་རིན་པོ་ཆེར། ལུང་རིགས་ཀྱི་བཅད་བརྡར་རྒྱ་ཆེར་སྩལ་འདུག་ལགས་ནའང་། ད་དུང་དོགས་གནས་ལ། འདི་ནི་ཚེས་གྲངས་རྩིས་ཡིན་ཏེ། །སྤར་ཁ་བརྒྱད་ཀྱི་རྩིས་དང་མཚུངས། །ཞེས་པའི་འགྲེལ་ཚིག་གི་ཡོངས་གཅོད་ལ། འདིར་བཤད་ཀྱི་ལྷ་མོ་བརྒྱད་ཀྱི་དང་པོ་དྲུག་ལ་ཞག་བཞི་བཞིར་སྦྱར་བ་ཉི་ཤུ་རྩ་བཞི་ཕྱི་མ་གཉིས་ལ་ཞག་གསུམ་རེ་བྱས་པའི་དྲུག་བསྣན་ཏེ་ཟླ་བ་དང་ལྷ་མོ་ཁ་འགྲིག་ཏུ་བཅུག་པ་འདི་ནི་ཚེས་གྲངས་ལ་འཆར་བའི་རྩིས་ཡིན་ཏེ། རྒྱུ་མཚན་སྤར་ཁ་བརྒྱད་འཆར་རྩིས་དང་མཚུངས་པའི་ཕྱིར། ཞེས་པ་ལྟ་བུར་གོ་ཕྱོགས་འཆར་བའི་གནད་སྲིད་པས། གསལ་སྒྲོན་ཐུན་མོང་མ་ཡིན་ཕྱི་པའི་ལུགས་ཀྱི་སྤར་ཁ་ཚེས་ལ་འཁོར་ཚུལ་ཡང་། ལི་ནས་གིན་གྱི་བར་དྲུག་གི་ཞག་བཞི་རེ་དང་ཟིན་ཟོན་གཉིས་ལ་ཞག་གསུམ་རེ་རིམ་པར་སྦྱར་ཏེ་ཟླ་བ་རེ་དང་ཁ་འགྲིག་ཏུ་བཏང་བ་མ་ཡིན་ནམ་སྙམ་པའི་དོགས་ངན་གྱི་གནས་དང་། ད་ལྟའི་སྤར་ཁ་འཁོར་ཚུལ་ལྟར་སྦྱར་ནའང་། ལོ་རེའི་ཞག་སུམ་བརྒྱ་དྲུག་ཅུ་ལ་བརྒྱད་ཀྱིས་ཕྱེ་བས་འཁོར་ཐེངས་ཞེ་ལྔས་ཁ་འགྲིག་པའི་ཕྱིར། ལྷ་མོ་ཕྱི་མ་གཉིས་ལ། འགྲེལ་པ་ཉི་ཤུ་པ་དང་། རིན་ཆེན་ཀུན་འདུས་སུ་ཞག་རེ་བསྐྱུར་ཏེ་ཞག་གསུམ་གསུམ་སྣང་བ་འདི་ལའང་དགོས་མེད་ལྟ་བུར་འགྲོའམ་སྙམ་པའི་ཐེ་ཚོམ་གྱི་དྲྭ་བར་ཚུད་ལགས། ༢༧༽ཡང་རྒྱ་བོད་ཀྱི་སྐོར་འགོ་བཅོ་ལྔའི་སྐབས་འདི་ཕྱོགས་སུ་དཔེ་རྒྱུན་འགྲེལ་པ་འཕྲུལ་གྱི་མིག་ཚགས་དང་། རྡེའུ་རྩ་ཁྱུང་བན་ངག་གི་དབང་པོས་མཛད་པའི་སྔ་ཕྱི་གཉིས་ལས་ཕྲན་བུ་རྣམས་སྔ་མ་ཆུང་བའི་ལུགས་ལྟར་ལག་ལེན་བྱེད་ཁུལ་ལགས་པར། རྩིས་གཞི་རྣམས་དབང་ཐང་བསྒྱུར་ཁ་ཙམ་མ་གཏོགས་བསྟན་བཅོས་རིན་པོ་ཆེ་འདི་དང་ཁྱད་མེད་དུ་འགྲིག་པ་བྱུང་ལགས་རུང་། རྡེའུ་འབོར་དུས་ཁྱུང་གི་རྡེའུ་རྩར། རྩིས་གཞི་ནས་ཡར་མར་བཞིའི་སྲོག་དང་། ཡར་བདུན་མར་བདུན་གྱི་ལུས། ཡས་མར་བཅུ་གཅིག་གི་དབང་ཐང་བཅུ་གཅིག་པོ་དེ་གཉིས་ཀྱི་ཀླུང་རྟ་སྟེ་བརྒྱད་དང་འཐབ་པ་རྡེའུ་རྩ་ཆེ་བའི་ལུགས་དང་། ཆུང་བར་རྩ་བའི་ལོ་ཕོ་མོའི་རླུང་རྟ་སྟེ། དེ་དག་དང་བརྩི་བྱའི་སྲོག་ལུས་དབང་རླུང་བཞི་རིམ་པར་འཐབ་པའི་རྡེའུ་བརྒྱད་མ་རྒྱག་ཚུལ་གསུངས་པ་དང་། ད་ལམ་འདིར་ཡར་བཞི་སྲོག །མར་བཞི་ལུས་སོགས་གནང་བ་མ་མཐུན་ཞིང་། ཁྱད་པར། ལོག་མེན་དེ་དང་དབང་ཐང་དང་། །རླུང་རྟ་འཐབས་པའི་རྡེའུ་བརྒྱད། །ཅེས་གནང་བ་ལ་གོ་ཕྱོགས་རྙེད་དཀའ་བ་ཞིག་བྱུང་བ་ཇི་ལྟར་དང་། ༢༨༽ཡང་གཤིན་རྩིས་སྐབས། གསོན་ཁོག་ནས་གཤིན་འདོན་པའི་ངེས་པ་ཅན་གྱི་རྡེའུ་ཉི་ཤུ་ལ། འདིར་སྐྱེས་སྨེ་དོར་ནས་དགུ་དུར་གཉིས་གནང་བ་འདི་སྔར་འདུམ་པོའི་ཕྱག་རྒྱུན་དུ། སྨེ་བའི་དར་གུད་བཞག་པ་མ་གཏོགས་གཞན་འདི་ཉིད་ཇི་ལྟ་བ་ལ་རྡེའུ་བཅུ་དགུ་མ་ཞེས་ཀེག་རྩིས་ཀྱི་རྣམ་གྲངས་སུ་རྒྱག་སྲོལ་འདུག་པར་མ་ཟད། རྡེའུ་གནད་འདོམས་ཆེ་བའི་ཤིན་ཏུ་ལེགས་པར་མཐོང་ལགས་ནའང་། གསལ་སྒྲོན་རྩ་བར། དང་པོ་ལོ་ཡི་རྡེའུ་ནི། ཞེས་པ་ནས། སྤྱི་བསྡུས་རྡེའུ་ཉི་ཤུ་ཡོད། །བསྡུས་པ་ཡིན་ཏེ། ཞེས་པའི་བར་གྱིས་རྡེའུ་ཉི་ཤུ་མ་རྒྱག་ཚུལ་བསྟན་པར། སྲོག་སོགས་གཅོད་འདྲལ་གྱི་རྡེའུ་བཞི། དེ་འོག་སྤར་ཁ་བབས་སྨེ། སྲོག་ལུས་དབང་རླུང་སྨེ་བའི་དར་གུད། རྩུབ་བདུན། སྐྱེས་སྨེ་བཅས་བཅུ་དགུའི་སྟེང་དུ་ལོའི་རྡེའུ་རྩིས་པའི་ཉི་ཤུར་མཛད་པ་ཁྱུང་གི་རྡེའུ་རྩ་བཞིན་ལག་ལེན་བརྒྱུད་པར་ཡང་བྱུང་ལགས་པ་དང་། དོན་ལ་སྔ་མའི་འཕྲོས་ལས། རྒྱས་པར་ན། ཀེག་རྩིས་རིམ་པ་ཇི་བཞིན་དུ། ཞེས་དང་། དགུ་དུར་ཀེག་ཕྲན་ལ་སོགས་པ། །ངན་པའི་རྡེའུ་སྤྱི་བསྡུས་ནས། །ཞེས་པས་དགུ་དུར་བསྣན་པར་མཛད་པ་སྐྱོན་མེད་ཡོན་ཏན་གྱི་རང་བཞིན་ཅན་ལགས་ནའང་། གྲངས་འདྲེན་ཚུལ་ཙམ་རྩ་བ་དང་ཅུང་ཟད་འགལ་ཆར་འགྱུར་རམ་སྙམ་པའི་དོགས་པ་དང་། ༢༩༽ཡང་བླ་རྡེའུ་སྐབས་སུ། རང་ལོ་ནམ་བྱུང་དཀར་པོ་དང་། །དེ་ཡི་བདུན་ཟུར་ནག་པོར་བོར། །ཞེས་སྣང་བ་འདི། རྩ་བར། རང་གི་ལོ་དང་བདུན་ཟུར་ལ། །དཀར་ནག་རེ་རེ་བོར་བ་ཡིས། །བུ་བརྒྱུད་བར་དུ་རྫོགས་པར་བྱ། །ཞེས་པའི་དགོངས་པ་ཡིན་ངེས་སུ་མཐོང་ལགས་ནའང་། སྔར་ཕན་གཤིན་རྩིས་ཀྱི་སྐབས་ཁྱུང་ནག་གི་རྡེའུ་རྩར་གསུངས་པའི་ཆད་ཆེན་ལ། ནག་པོ་གསུམ་སོགས་ཀྱི་བླ་རྡེའུ་བཅུ་གཉིས་པོ་རང་མ་གཏོགས། སློབ་དཔོན་མཁས་དབང་དེ་དག་གིས་མཁྱེན་པ་གཞིར་བཅས་རུང་ཕྲན་བུས་ཕྱག་ཁྲིད་ཞུ་མ་མྱོང་ལགས་གཤིས། རང་ལོ་ནམ་བྱུང་ལ་དཀར་པོ་དང་། བདུན་ཟུར་ལ་ནག་པོ་འབོར་ཚུལ་འདི་འགྲེལ་པའི་འབྲས་བུ་སོགས་དང་མི་འགལ་བའི་རྒྱག་ལུགས་ཐག་ཆོད་པ་ཞིག་མ་བྱུང་ལགས་པ་རྨོངས་མུན་སེལ་བའི་ལེགས་བཤད་ཉི་མའི་སྣང་བ་སྩལ་དུ་གསོལ་ཞེས་ཞུ་བ་ལགས། ༣༠༽ཡང་འབྱུང་བ་སྲོག་སྒྲུབ་ཀྱི་རྡེའུ་སྐབས། གཅེས་པའི་གཅོད་འདྲལ་རྡེལ་བོར་ལུགས། །དེ་ཡང་ནང་འཕྲད་རང་དུར་ཞེས། །དཀར་པོ་བོར་ལ་འབྱུང་བའི་མ། །ཕྲད་ལ་མ་ལ་བུ་འདུར་ཞེས། །དཀར་པོ་གཉིས་བོར། ཞེས་སོགས་སྣང་བ། ཁྱུང་གི་རྡེལ་རྩར་ཡང་འདི་བཞིན་འབྱུང་བ་ལྟར། ད་ལྟའི་བར་དུ་ཐམས་ཅད་ཀྱི་ཕྱག་བཞེས་ལ་འདི་ཁོ་ན་འདེབས་པར་དགོངས་པ་གཅིག་ཏུ་གྱུར་ནའང་། གསལ་སྒྲོན་རྩ་བར། སྤར་ཁ་རྣམས་དང་གཅོད་འདྲལ་འགྱེད། །ཕར་ལ་བཅད་ན་དཀར་པོ་སྟེ། །དུར་གྱིས་བཅད་ན་ནག་པོར་བོར། །ནང་འཕྲད་ས་ཆུ་དཀར་པོ་སྟེ། །མེ་ལྕགས་ཤིང་གསུམ་ནག་པོར་བོར། །ཞེས་གཅོད་འདྲལ་གྱི་རྡེའུ་འབོར་ཚུལ་དང་། འོག་ཏུ། དུར་ས་ལྔ་ཡི་ཁ་དམར་ནི། །རང་ལ་རང་འདུར་དཀར་པོར་གཅིག །མ་ལ་བུ་འདུར་དཀར་པོ་གཉིས། །ཞེས་སོགས་སྟངས་གཅོད་རྡེའུར་གསུངས་པའི་ཕྱིར་རྩ་བ་དང་འགལ་ཆར་ཅུང་ཟད་མི་འགྲོའམ་སྙམ་པའི་དོགས་ངན་ཤར་ལགས་པ་མཁྱེན་རབ་ཟབ་མོའི་དབྱིངས་ནས་དཔྱོད་པ་བཀའ་དྲིན་བསྐྱང་བ་ཞུ་ཞིང་། དུས་ཚོད་ཚང་གི་རྩིས་ལ་སོགས་པ་འདི་དག་ནི་སྔོན་ཆད་བདག་ཅག་རྩིས་པའི་མིང་དུ་རློམ་པ་ཕལ་ཆེར་གྱིས་རོ་མ་མྱོང་བའི་ལེགས་བཤད་བདུད་རྩིའི་སྐྱེས་རྨད་དུ་བྱུང་བ་དང་། ས་དཔྱད་དང་འབྲས་བཤད་སོགས་ཀྱང་བླ་ཆེན་རྣམས་ལ་ཕྱོགས་རེ་ཙམ་ལས་འདི་ལྟ་བུའི་ཕྱོགས་གཅིག་ཏུ་ཡོངས་སུ་རྫོགས་པའི་བསྟན་བཅོས་བལྟས་ཆོག་མ་སྔོན་ཆད་མ་གྲགས་པའི་ཁྱད་པར་ཅན་དུ་གྱུར་ཅིང་། གཞན་ཡང་འཕྲོས་དོན་དུ་རིག་པའི་གནས་ལྔའི་སྤྱི་བཤད་བརྗོད་བྱའི་དོན་ཟབ་ཅིང་། རྗོད་བྱེད་ཀྱི་ཚིག་དྲི་མ་མེད་པས་རྒྱ་ཆེའི་གཞུང་བལྟ་བར་མ་ནུས་པ་རྣམས་ལ་འདི་ཙམ་གྱིས་ཀྱང་། ལྔ་རིག་གི་སྒོ་བརྒྱ་ཅིག་ཅར་དུ་འབྱེད་པའི་ལེགས་བཤད་འཕྲུལ་གྱི་ལྡེ་མིག་བྱིན་པ་ལྟ་བུ་དང་། དབུ་ཞབས་དང་ལེ་མཚམས་སོ་སོའི་ཚིགས་སུ་བཅད་པ་རྣམས་ཀྱང་། སྙན་ཞིང་འཇེབས་ལ་སློབ་དཔོན་དཎྜིས་མཛད་པའི་གཞུང་གི་དགོངས་དོན་འཁྲུལ་པ་མེད་པའི་ཚིག་རྒྱན་ཡོངས་སུ་རྫོགས་པས་ཕུལ་དུ་གྱུར་ཅིང་ཕྱིས་དུས་ཀྱི་བི་བརྟ་ཕལ་ཆེར་བོད་པ་རྣམས་ཀྱིས་མི་གོ་བ་རྒྱུ་མཚན་དུ་བྱས་ཏེ། མཁས་དབང་རྣམས་ཀྱང་སྐད་དོད་དང་ངལ་གསོའི་གནས་སོགས་རུང་མཐུན་ཙམ་ལས་ཞིབ་ཆ་མི་མཛད་པ་མང་བར་སྣང་ནའང་། འདིར་སྒྲའི་སྦྱོར་བ་ཕུན་སུམ་ཚོགས་པའི་སྟེང་། པྲསྟཱ་ར་རྣམས་ཀྱང་། གཞུང་གི་དཔེར་བརྗོད་ཁོ་ན་ལ་བརྟེན་པའི་གུ་དོག་གི་རྣམ་ཐར་རྒྱང་རིང་པོར་དོར་ཏེ། ངོ་མཚར་བའི་སྦྱོར་བ་ལས་འབྱུང་བའི་ལྕི་ཡང་གི་རི་མོར་སྤེལ་བ་ཡང་མང་དུ་སྣང་བ་སོགས། ཕྲ་ཞིང་ཕྲ་བའི་གནས་རྣམས་ས་ལེར་གཟིགས་པའི་མཁྱེན་རབ་ཀྱི་མཐུ་ལས། རྩིས་རིག་བརྗོད་བྱའི་གཙོ་བོར་སྟོན་པའི་ལྔ་རིག་ཡོངས་སུ་རྫོགས་པའི་བསྟན་བཅོས། ཕུལ་དང་། རབ་དང་། རྩེ་མོར་གྱུར་ལགས་པ་ཁ་ཙམ་མ་ཡིན་པར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བར་གྱུར་ཅིང་། ཕྲན་བུའང་སྙིགས་དུས་ཀྱི་ན་ཚོད་སྒང་དུ་སླེབས་པས་ཐ་སྙད་ཀྱི་རིགས་ལམ་སྦྱོང་བའི་དུས་ལས་ཡོལ་བ་ཙམ་དུ་མ་ཟད། ཤེས་རབ་མཐུ་ཆུང་བས་མཁས་པའི་གོ་འཕང་ཐོབ་པ་ཆེས་དཀའ་ནའང་། ཚེ་རབས་གཞན་དུ་ཐམས་ཅད་མཁྱེན་པ་སྒྲུབ་པའི་རྒྱུའི་གྲངས་ཙམ་དུ་དམིགས་ཏེ། སྐལ་བཟང་གི་བདུད་རྩི་མྱོང་བ་ལ་ཆེས་རིངས་པར་གྱུར་ལགས་པ་ནས། སླད་མར། བཀའ་རྒྱ་གྲོལ་བསྟུན་བསྟན་བཅོས་རིན་པོ་ཆེའི་གླེགས་བམ་གྱི་སྤར་འདེབས་དང་། གུད་དུ་སྦ་བར་མཛད་པའི་ཟབ་གནད་ཅན་གྱི་སྐོར་རྣམས་ཀྱང་རིམ་པར་སྩལ་ན་ཅི་མ་རུང་སྙམ་པ་རེ་བ་དོན་ལྡན་དུ་མཛད་པར་གསོལ་བ་འདེབས་ལགས་ཤིང་། མདོར་ན། སྐྱེ་འགྲོ་སྤྱི་དང་བྱེ་བྲག་གི་བསོད་ནམས་ལ་བརྟེན་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟར་རྨད་དུ་བྱུང་བའི་བསྟན་བཅོས་ཆེན་པོ་ལེགས་པར་བཤད་པའི་ལམ་སྲོལ་གསར་དུ་གཏོད་པའི་ཤིང་རྟ་ལྟ་བུ་འདི་ཉིད་མཛད་པ་སྐྱེ་རྒུ་ཀུན་ལ་བཀའ་དྲིན་ཚད་མེད་པར་གྱུར་ཅིང་། ད་དུང་ཡང་བསྟན་པ་རིན་པོ་ཆེ་དང་། སེམས་ཅན་གྱི་ཕན་བདེའི་སྲོག་ཏུ་ཞབས་པད་མི་གཡོ་བར་བརྟན་པ་དང་། སྔར་བཞིན་མཛད་པ་ཕྲིན་ལས་ནམ་མཁའ་དང་མཉམ་པ་ཐུགས་རྗེས་བཟུང་དུ་གསོལ། བླང་དོར་འོད་སྣང་འཕྲོ་བའི་སྐར་ནག་རྩིས། །གཟུགས་བརྙན་ཐུན་མཚམས་མལ་དུ་མནལ་བའི་ཚེ། །རབ་གསལ་ངག་ཚིག་རྫོགས་པའི་འོད་དཀར་ཅན། །སྔོན་མེད་ལེགས་བཤད་སྣང་བ་ཅི་ཡང་ཤར། །༡དེ་ཡི་ཡོན་ཏན་བགྲང་ཕྱིར་རྒྱུ་སྐར་ཚོགས། །བཻཌཱུར་དཀར་པོའི་དོ་ཤལ་བཀྲམ་པ་ལྟར། །དཔྱོད་ལྡན་སྙིང་གའི་མཁའ་ལམ་ཁེབས་པ་ན། །ནོར་འཛིན་རྡུལ་གྱི་ཚོགས་ཀྱང་འགྲན་པ་སྙམ། །༢དེ་ཚེ་ཉི་ཟླའི་དྲུང་དུ་མེ་ཁྱེར་བཞིན། །ཤེས་བྱ་ཀུན་གཟིགས་རྒྱལ་སྲས་མི་རྗེ་ཡི། །གསུང་རབ་ལེགས་བཤད་རྒྱ་མཚོར་བདག་ལྟ་བུས། །འདི་འདྲའི་ཞུ་བ་ཤིན་ཏུ་མི་རིགས་མོད། །༣དེ་ལྟ་ན་ཡང་མཁྱེན་བརྩེའི་པད་ཚལ་ནས། །གསུང་གི་རྗེས་གནང་ངང་པའི་བུ་མོའི་གཟུགས། །ཡིད་འཕྲོག་མདངས་དཀར་ལུང་རིགས་སྤུ་སྡུག་ཅན། །གུས་ལྡན་སྤྱི་བོའི་ལྡུམ་རར་སྟི་བ་ན། །༤རིགས་ལམ་ཆུང་ངུའི་མལ་དུ་ཡིད་མནལ་བའི། །བློ་མིག་རྟ་རྔའི་སྤུན་གྱུར་བདག་འདྲ་ཡང་། །བསམ་འཕེལ་ཡིད་བཞིན་ནོར་བུར་བྱི་དོར་ཆེད། །ལྷག་བསམ་རྣམ་དག་སྤོས་ཆུའི་འཐོར་ཡབ་སྦྲེང་། །༥གང་ལ་མ་རྟོགས་ལོག་རྟོག་ནོངས་པའི་ཆ། །མཆིས་རྣམས་བདག་ཉིད་ཆེན་པོས་བཟོད་བཞེས་ལ། །ཇི་སྲིད་ཉི་ཟླའི་དཀྱིལ་འཁོར་འདི་གནས་པ། །དེ་སྲིད་ཞབས་སྟེགས་པདྨོ་བརྟན་པར་གསོལ། །༦ཅེས་བན་ཆུང་དྷརྨ་ཤྲཱིས་གུས་པའི་བློས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །

༈ དཔལ་ལྡན་ཤེས་བྱ་ཀུན་གཟིགས་འཇམ་མགོན་མི་དབང་མཆོག་གི་ཞབས་རྡུལ་དྲི་མ་མེད་པའི་དྲུང་དུ། ཡན་ལག་མཆོག་གིས་མངོན་པར་བཏུད་དེ་ཞུ་བ། རིང་མོ་ཉིད་ནས་མ་ཞུམ་པའི་སྙིང་སྟོབས་མཆོག་གིས་བསྐུལ་བའི་རླབས་ཆེན་ཚོགས་གཉིས་ཀྱི་གོམ་སྟབས་རྨད་དུ་བྱུང་བས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་རོ་མཉམ་པའི་བདག་ཉིད་བླ་ན་མེད་པའི་གོ་འཕང་གྱ་ནོམ་པ་མངོན་དུ་བརྙེས་པར་མཛད་ནས་གདུལ་བྱའི་དོན་དུ་ཆོས་ཀྱི་རྒྱལ་པོའི་རྣམ་པར་རོལ་པས་སྐྱེ་རྒུ་རྣམས་ཕན་བདེའི་དཔལ་ལ་འགོད་པར་མཛད་ཅིང་། ཁྱད་པར་བསྙེངས་བྲལ་འཆད་རྩོད་རྩོམ་པའི་ཁྲི་ལ་ཞབས་བཀོད་དེ་བསྟན་པ་རིན་པོ་ཆེ་འགྲོ་བའི་མཆོད་སྡོང་དུ་བླ་ནས་བླར་འདེགས་པའི་ཕྲིན་ལས་ཀུ་མུ་དའི་གཉེན་ལྟར་ཆེས་མཆོག་ཏུ་དཀར་བར་འཚོ་ཞིང་གཞེས་སོ་ཞེས་པའི་སྙན་གྲགས་ཀྱི་བ་དན་སྲིད་པའི་རྩེ་ན་མངོན་པར་མཐོ་བའི་རིང་ནས་དཔྱོད་ལྡན་རྣམས་ཀྱི་མིག་ཐུར་ལྟ་བུར་གྱུར་པའི་བཀའ་ཤོག་རིན་པོ་ཆེ་ལེ་ཚན། སྲིད་དུ་རིང་བའི་དར་དཀར་དྲི་མ་མེད་པའི་གནང་སྐྱེས་བཅས་བཀའ་རྟགས་བྱིན་རླབས་ཀྱི་གཟི་འོད་ཉམས་མེད་དུ་སྤྱི་བོར་ཕེབས་པས་དགའ་ཞིང་སྤྲོ་ལ་དང་བའི་དད་པས་ཡིད་རང་དབང་མེད་པར་ཕྲོགས་ཤིང་བཅིངས་པར་གྱུར། ཕྲན་བུའང་ཚེ་སྙིགས་མའི་དུས་ཀྱི་ལྕགས་ཀྱུས་བཞི་པའི་ལང་ཚོའི་རྭ་བར་བཀུག་པ་ལས་གཞན་དུ་ནད་འཚེ་ལ་སོགས་པས་མ་གཙེས་ཤིང་དགེ་བློ་མ་བོར་ཙམ་དུ་ལགས། མཚམས་ཀྱི་ཞུ་གསོལ། སྔ་སོར་ཆུ་བྱ་ལོའི་ཕྱག་ཐོའི་ཟླ་ཤོལ་འདོན་ཚུལ་དང་། ཕྱིས་དེའི་ཞུས་ལན་དུ་གསོལ་བའི་ཚེས་ཆད་པའི་རྒྱུ་མཚན་སོགས་ཇི་ལྟར་བསླབ་སྟོན་རིན་པོ་ཆེ་སྩལ་ཕེབས་ལྟར་འགལ་ཆར་གྱུར་པ་དབྱིངས་དག་པའི་རང་བཞིན་དང་། རྟེན་འབྲེལ་གྱི་སྐོར་ལ། རྒྱལ་གྱི་ཟླ་བར་ཉི་མ་ཆུ་སྲིན་ལ་སོན་ཞེས་སོགས་རྩ་འགྲེལ་གྱིས་རགས་པ་ལོ་གཅིག་ལ་རྟེན་འབྲེལ་བཅུ་གཉིས་ཚར་གཅིག་འཆར་ཚུལ། དེ་ལྟར་ཉི་ཟླའི་ཞེས་སོགས་རྩ་འགྲེལ་གྱིས་ཉི་མའི་བགྲོད་པ་དང་ཟླ་བའི་འཕེལ་འགྲིབ་ཀྱི་དབྱེ་བས་འཆར་ཚུལ་མདོར་བསྟན་ནས། དེ་གཉིས་སོ་སོར་རྒྱས་པར་འཆད་པ་ལ། རྒྱལ་དང་མཆུ་ཡི་མཚམས་སུ་ཞེས་སོགས་རྩ་འགྲེལ་གྱིས་ཉི་མའི་བགྲོད་པ་དང་སྦྱར་བའི་རྟེན་འབྲེལ་འཆར་ཚུལ་འབྲས་བུ་དང་བཅས་པ་བཤད། དེ་བཞིན་ཕྱོགས་ཀྱི་དབྱེ་བ་དག་ལ། ཞེས་སོགས་རྩ་འགྲེལ་གྱིས་ཟླ་བའི་འཕེལ་འགྲིབ་ཀྱིས་བཞག་པའི་དཀར་ནག་གི་ཚེས་ལ་རྟེན་འབྲེལ་འཆར་ལུགས་བཤད་པ་སྟེ། དེ་ལྟར་བསྟན་བཤད་ཀྱི་སྒོ་ནས་རྒྱུད་འགྲེལ་གྱི་གཞུང་ཚིག་སྔ་ཕྱི་གུང་སྒྲིག་ཚུལ་ཤིན་ཏུ་གསལ་ཞིང་འཆད་བདེ་བའི་ལེགས་བཤད་ཀྱི་བཀའ་ལུང་བཀའ་ལན་གྱི་དགོངས་པ་འགྲེལ་ཚུལ་དང་བཅས་སྩལ་བ་ལྷག་པར་བཀའ་དྲིན་ཆེ་ལགས་ཤིང་། གཞན་དུ་སྔོན་གྱི་མཁས་པ་རྣམས་ཀྱང་བཞེད་ཚུལ་ཅུང་ཟད་མི་མཐུན་པས། བུ་སྟོན་རིན་པོ་ཆེའི་བསྡུས་དོན་དྲི་མེད་འོད་རྒྱན་དུ། རྒྱལ་དང་མཆུ་ཡི་མཚམས་སུ་ཞེས་པ་མན་ཆད་ཀྱི་དོན། ཉིན་ཞག་ལ་འཆར་ཚུལ། དགེ་མི་དགེའི་འབྲས་བུ། ཚེས་ཞག་ལ་འཆར་ཚུལ་གསུམ་དུ་བསྡུས་ཤིང་། ཤཱཀྱ་དབང་ཕྱུག་སོགས་ཀྱིས་ཡར་ངོ་ཐམས་ཅད་སྤྲོ་རིམ་དང་། མར་ངོ་ཐམས་ཅད་སྡུད་རིམ་དུ་བཀོད་ནའང་རྣམ་འབྱེད་འདི་ལྟ་བུ་མ་བྱུང་བས་རྒྱུད་འགྲེལ་དང་སྦྱར་ན་འཆད་དཀའ་བ་དང་། ཕྲན་བུའི་སྤྱི་དོན་དུ། མཉམ་ཁྱིམ་དྲུག་ལ་སྐྱེད་སྡུད་དང་། མི་མཉམ་པའི་ཁྱིམ་དྲུག་ལ་སྡུད་སྐྱེད་ཀྱི་རིམ་པས་འགོད་པའང་། ཇོ་ནང་ཀུན་མཁྱེན་གྱི་བསྡུས་དོན་དུ། རྒྱལ་དང་མཆུ་ཡི་མཚམས་སུ་ཞེས་པ་མན་ཆད་ཀྱི་དོན། ནག་ཕྱོགས་ལ་འཆར་ཚུལ། ཤར་བའི་འབྲས་བུ། དཀར་ཕྱོགས་ལ་འཆར་ཚུལ་གསུམ་དུ་བསྡུས་ཏེ། སྔར་སྩལ་བའི་རྣམ་འབྱེད་དེ་ལྟ་བུ་མ་རྟོགས་གཤིས་གཞུང་སྔ་ཕྱི་བསྟུན་ཏེ་འཆད་པ་སོར་བཞག་ལ་འདི་འཆད་བདེ་འདྲ་སྙམ་པར་མ་ཟད། སྟག་ཚང་པའི་སྤྱི་དོན་དུའང་། སྐབས་འདིར་ཟླ་བ་མར་ངོ་སྔོན་འགྲོར་མཛད་ནས་རྒྱལ་གྱིས་ཉ་བའི་ཕྱི་ཉིན་མཆུ་ཟླའི་འགོ་ཚུགས་པ་དེ་ཉིན་མ་རིག་པ་འཆར་བ་ནས་བརྩམས་ཏེ། ཆུ་སྲིན་གྱི་ཁྱིམ་གྱི་མར་ངོ་ལ་ལུགས་ལྡོག་དང་། དེ་བཞིན་དུ་བུམ་ཁྱིམ་གྱི་མར་ངོ་ལ་འདུ་བྱེད་ནས་བརྩམས་ཏེ་ལུགས་འབྱུང་འཆར་ལ། དེ་བཞིན་དུ་ཉ་ལ་རྣམ་ཤེས་སོགས་སྦྱར་ཞིང་། དེ་མ་ཐག་གི་འགྲེལ་པར་ཡང་། ཡར་ངོ་སྔོན་འགྲོའི་རྒྱལ་ཟླའི་ཡར་ངོ་ལ་སྤྲོ་རིམ་དང་། མར་ངོ་ལ་སྡུད་རིམ། མཆུ་ཟླའི་ཡར་ངོ་ལ་སྡུད་རིམ་དང་། མར་ངོ་ལ་སྤྲོ་རིམ་དུ་གསུངས་པའི་ཕྱིར་རོ། །ཞེས་རགས་པ་ལོ་ལ་འཆར་ཚུལ་གྱི་འཕྲོས་དོན་དུ་གསུངས་ཤིང་། འོག་ཏུ་ཚེས་ལ་འཆར་ཚུལ་གསུངས་པའི་སྐབས་སུའང་། རྒྱལ་གྱི་མར་ངོའི་ཚེས་གཅིག་ལ་མ་རིག་པ། གཉིས་ལ་རྒ་ཤི །གསུམ་ལ་སྐྱེ་བ་སོགས་ནས། མར་ངོ་ལ་ལུགས་ལྡོག་དེ་ལྟར་དང་། མཆུའི་ཟླ་བའི་མར་ངོ་ལ་འདུ་བྱེད་ནས་བརྩམས་ཏེ་ལུགས་འབྱུང་གི །ཞེས་སོགས་དང་། དེ་བཞིན་དུ་དབོ་ཟླའི་མར་ངོ་ལ་རྣམ་ཤེས་ནས་བརྩམས་ཏེ་སྦྱོར་ལུགས་སྔ་མ་བཞིན་ལུགས་ལྡོག །ནག་པའི་མར་ངོ་ལ་མིང་གཟུགས་ནས་བརྩམས་ཏེ་ལུགས་འབྱུང་སྔ་མ་བཞིན་སྦྱོར་བར་གསུངས་ལ། ཡར་ངོ་རྣམས་ལ་ནི། འོག་ཏུ་རྒྱལ་གྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པའོ། །གཉིས་ལ་འདུ་བྱེད་དེ་སྤྲོ་བའི་རིམ་པའོ། །ཞེས་སོགས་དང་། མཆུ་ཟླ་ལ་འདུ་བྱེད་ནས་མ་རིག་པའི་བར་བཅུ་གཉིས་ཀྱི་རྗེས་སུ་ཚེས་བཅུ་གསུམ་ལ་མིང་གཟུགས་སོགས་ཏེ། དེ་བཞིན་དུ་དབོ་ཟླ་སོགས་ལའང་སྦྱར་བར་བྱའོ། །ཞེས་པའི་བར་རྒྱས་པར་གསུངས་པ་སོགས་ཀྱིས་དེ་བཞིན་དུ་བྲིས་ལགས་ནའང་། དེ་བཞིན་ཕྱོགས་ཀྱི་དབྱེ་བ་དག་ལ་སོགས་དཀར་ཕྱོགས་ཀྱི་རྟེན་འབྲེལ་འཆར་ཚུལ་ལ་སྦྱར་བར། ནག་པོའི་ཚེས་གཅིག་ལ་མ་རིག་པའོ། །ཞེས་སོགས་ནག་ཕྱོགས་ཀྱང་འདྲེས་པའི་སྐྱོན་དང་། སྤྲོ་བ་དང་བསྡུ་བའི་དབྱེ་བས་རྟོགས་པར་བྱའོ། །ཞེས་པའི་གཞུང་ཚིག་བསླབ་སྟོན་ལྟར་གོ་ལྡོག་བཟོ་དགོས་པའི་སྐྱོན་དང་། ཡང་དཀར་ཕྱོགས་ཐམས་ཅད་སྤྲོ་རིམ་དང་ནག་ཕྱོགས་ཐམས་ཅད་སྡུད་རིམ་དུ་མཛད་པའང་ཟླ་བའི་འཕེལ་འགྲིབ་ཀྱིས་བཞག་པའི་ཚེས་ཞག་ལ་འཆར་ཚུལ་དུ་བཞེད་པའི་ཕྱིར་རྟེན་འབྲེལ་རྣམས་ཚེས་ཕྱིར་འབྲང་ཆོག་པས་ད་ཆ་ཉིན་ཞག་བཅུ་དྲུག་པའི་རྟེན་འབྲེལ་འགོད་མི་དགོས་པ་འདྲ་ལགས་པ་ནས། ད་དུང་རྟེན་འབྲེལ་ལ་ལི་ཐུར་འགོད་ཚུལ་གྱི་ལག་ལེན་རྒྱུད་འགྲེལ་གྱི་བཤད་པ་དང་སྦྱར་ཆོག་པའི་མཐའ་ཆོད་ཀྱིས་བརྒྱན་པ་ཞིག་བཀའ་དྲིན་བསྐྱང་ཐུབ་ཚེ་བདག་ཅག་བློ་དམན་རྣམས་ཀྱི་དོགས་པའང་རང་དེངས་སུ་འགྲོ་ངེས་ལགས་པས་ཐུགས་རྗེས་འཛིན་པ་མཁྱེན་མཁྱེན།

༈ ཡང་ཁྱིམ་སླེབ་སྐོར་ལ། བཻཌཱུར་དཀར་པོའི་རྩ་བར་གསུངས་པའི་ལག་ལེན་འདམ་ཁ་ཅན་གྱི་དགོངས་པ་ལེན་ཚུལ་བློ་ལ་འཆར་བདེ་བའི་ཞིབ་གསལ་སྩལ་བ་བཀའ་དྲིན་ཆེ་ཞིང་། སླེབ་ཚད་ནས་སྒང་གི་བར་གྱི་ཞག་ཁྱད་དང་། མདའ་རོ་ཆར་བརྟེན་པའི་རི་མོའི་གཟུགས་བརྙན་སོགས་གནོད་བྱེད་དེ་དག་ཉི་བར་དང་བསྒྲིགས་པའི་ལག་ལེན་དུ་སྣང་བས་ཉི་དག་དང་མི་འགྲིག་པ་ཆོས་ཉིད་ཡིན་པ་དཔེར་བཅས་པ་དང་། ཞི་གཉིས་དང་ཉི་མ་དལ་བར་གཅིག་པས་ཁྱིམ་གཅིག་ཏུ་སྤྱོད་པ་ཤ་སྟག་ཏུ་འགྱུར་བ་སོགས་རིགས་ཤིང་འཐད་པའི་གེགས་སེལ་ཕེབས་ལ། དེའི་ནང་ནས་ཀྱང་ཕྲན་བུ་རང་གི་དོགས་པ་དང་པོར་སྐྱེ་བའི་གཞི་སྤྱི་དོན་དུ་བཀོད་པ་ལྟར། ཉི་བར་ལ་བྱས་ཚེ་ཁྱིམ་སོ་སོའི་ཉི་རྐང་འཕོ་མཚམས་དང་མི་འགྲིག་པ་ཤས་ཆེ་བས་ཁྱིམ་སོ་སོའི་མ་འདྲེས་པའི་ལོངས་སྤྱོད་ཀྱི་གོ་བ་ལ་གནོད་པ་དང་། ངེས་པ་སྟོང་རྗེས་ཀྱི་ནག་ཟླའི་དཀར་ཚེས་གཅིག་གི་ཉི་དག་ལ་ཉི་མ་ལུག་ཁྱིམ་དུ་སླེབས་ནས་ཞག་བཞི་བག་མེད་ཙམ་སོང་བ་འདིས། གཟའ་རྣམས་ཉ་ཁྱིམ་གྱི་མཐར་སྟོང་པར་ཞུགས་པ་སོགས་ཀྱི་རྣམ་གཞག་ལ་གནོད་དམ་སྙམ་པ་ཤར་ནའང་། སྐྱོན་ཕྱི་མ་ལ་ད་ལམ་གེགས་སེལ་ཕེབས་པར་མ་ཟད། རང་གི་སྤྱི་དོན་དུའང་ངེས་པ་སླར་སྐྱེ་ཚུལ་བཤད་པའི་སྐབས་སུ། གཟའ་རྣམས་ལུག་ཁྱིམ་གྱི་དང་པོ་ཐ་སྐར་ནས་སྤྱོད་པ་སོགས་རགས་པའི་རྣམ་གཞག་ཏུ་བཤད་ཟིན་པ་དང་གནད་གཅིག་པར་སྣང་བས་ཧ་ཅང་བློ་རྩིང་སྐྱོན་དུ་གྱུར་པ་དང་། སྐྱོན་དང་པོ་ཁྱིམ་སོ་སོའི་རྐང་པ་འཕོ་མཚམས་དང་མ་འགྲིགས་པ་ལ། ད་ལམ་ཉི་བར་གྱི་རྐང་པ་འཕོ་མཚམས་བཤད་པའི་སྐབས་ཀྱི་ཁྱིམ་དང་། རྐང་པ་བསྒྲུབས་འབྲས་ཀྱི་ཉི་མ་དག་པ་གཉིས་ཕྱི་མ་ངོ་བོའི་ཁྱིམ་སླེབ་ཡིན་ཚུལ་ཕེབས་པས། དོན་ལ་ཉི་བར་ལ་སླེབ་ཚད་ཤར་ཞིང་། དེ་ལ་རྐང་རྩིས་བྱས་པས་ཁྱིམ་གང་དུ་བསླེབ་རྒྱུའི་ཉི་རྐང་ལ་སྤྱོད་པའི་རི་མོ་ཤར་ནའང་དེ་རགས་པའི་རྣམ་གཞག་དང་། གྲུབ་འབྲས་ཉི་དག་རང་གི་རི་མོས་སླེབ་ཚད་ལྟ་བ་ཞིབ་མོའི་རྣམ་གཞག་སྟེ། སོ་སོ་མ་འདྲེས་པར་སྩལ་བས་དོགས་པ་ཆོད་ལགས་པ་བཀའ་དྲིན་གྱི་དཔལ་དུ་གྱུར་ཅིང་། སྔར་ཉི་དག་ལ་བྱས་ཚེ་མི་འགྲིག་པའི་སྐྱོན་འཕངས་པ་རྣམས་ཀྱང་དམ་པའི་སྤྱན་སྔར་རང་གི་དེ་ཉིད་གཟིགས་འབུལ་ཙམ་དུ་ཟད་པས་དབྱིངས་ཁྲེལ་མི་འཇུག་པ་མཁྱེན་མཁྱེན། ༧ཡང་ཚེས་སྤྱོད་མའི་རེའུ་མིག་འཛིན་སྐབས། མིག་དམར་རེའུ་མིག་ལ་འབྱུང་འདོད་དྲག་པོ་མེད་པས་ཅུང་མི་འགྲིག་ཚུལ་ཕེབས་པ། འདིའི་འཛིན་ལུགས། སྒོས་ཀྱི་ཉིན་ཞག་གནས་གཉིས་ཀྱི་འོག་མ་ཐུབ་རི་ཟླས་བསྒྱུར་ལ། འབྱུང་འདོད་དྲག་པོས་ཐོབ་ནོར་སྟེང་མར་བསྣན་རྗེས། སྔར་གྱི་སྤྱི་ནུར་བཟོ་གཞི་དང་གནས་འོག་མ་བསྡུར་ཏེ། དེ་ལས་ཉུང་ཚེ་གནས་གོང་མ་ནས་གཅིག་དམན་པའི་ཚོགས་དེས་དལ་དག་རེའུ་མིག་གི་བྱ་ར་འཛིན་པ་ཡིན་པས། འབྱུང་འདོད་དྲག་པོའི་ལྷག་གིས་འཛིན་པ་མ་ཡིན་ལགས།

༈ ཡང་། ཚེས་སྤྱོད་རེའུ་མིག་ལ་དལ་བར་འགོད་པ་གནང་བའི་དགོས་པ་དང་། གནས་སྐབས་གྲགས་མ་གྲགས་ལ་བརྟེན་ནས་བར་པ་ཡོད་མེད་ལ་མཚར་ཆོས་སུ་འཛིན་མི་འཛིན་གྱི་རྒྱུ་མཚན་སོགས་སྩལ་བའང་ཤིན་ཏུ་ཐུགས་མད་པར་གྱུར་ཅིང་། ཕྲན་བུའི་སྤྱི་དོན་དེ་ཡང་སྐུལ་བ་པོ་ཉིད་ཀྱི་བཀའ་ནན་མ་ལྡོག་པའི་ཞལ་ངོ་ཙམ་ལས་དམ་པ་དགྱེས་པའི་གསར་སྐྱེས་ཀྱི་ལེགས་བཤད་འཆད་རྒྱུའི་བློ་གྲོས་ཀྱི་ནུས་པ་ཕྲ་ཞིང་ཕྲ་བར་གྱུར་ལགས་ནའང་། ཞུམ་པ་དང་བཅས་པས་སྒྱིད་ལུག་གི་གཡང་ས་ལས་སྐྱོབ་པའི་ཆེད་དུ་ཁོག་ཁྲོལ་གྱི་ལེགས་བཤད་ངོ་མཚར་བ་འདུག་ཅེས་དབུགས་དབྱུང་བའི་ལུང་གིས་རྗེས་འཛིན་བཀའ་དྲིན་བསྐྱངས་པ་ལྟར། ཕྱི་མའི་དུས་ན་དེའི་དོན་གྲུབ་པས་དམ་པ་རྣམས་ལེགས་བཤད་ཀྱི་མཆོད་པས་མཉེས་པ་བསྒྲུབ་ནུས་པའི་སྐལ་བཟང་ལ་བདག་གིར་སྤྱོད་པར་སྨོན་ལགས་པ་རེ་བ་ཇི་ལྟ་བ་བཞིན་འགྲུབ་པར་ཐུགས་རྗེས་འཛིན་པ་མཁྱེན་མཁྱེན་ཅིང་། ༧ད་ལམ་སྤྱི་དོན་ལ་སྤྱན་རས་ཀྱིས་བཙའ་བས་མ་བསྐྱུད་པའི་ལྗགས་ཞུས་བཀའ་དྲིན་བསྐྱངས་ངོས། ནོར་འཁྲུལ་འགལ་ཆར་གྱུར་པ་རྣམས་ལ་སྐྱོན་འདི་དང་འདིའོ་ཞེས་པའི་བཀའ་ཤོག་རིན་པོ་ཆེ་མ་ལས་ཟུར་དུ་ཕྱུང་སྟེ་སྤྱི་བོར་ཕེབས་པ་ལ། ཕྲན་བུ་རང་གི་གོ་ཕྱོགས་ཙམ་སྤྱི་བརྟོལ་བསྐྱེད་ནས་ཞུ་ལན་དུ་འབུལ་རྒྱུར། ༼༡༽དང་པོའི་འགྲེལ་ཆེན་ལས། འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ་གང་ཡིན་པ་དེ་ནི་བདུན་པའི་ཕྱོགས་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་འགྲོའོ། །ཞེས་པའི་ལུང་འདིས་རྒོད་མ་ཁའི་མེའི་དཔངས་དཔག་ཚད་བདུན་ཁྲི་ལྔ་སྟོང་དུ་བྱས་པ་ལ། དཔག་ཚད་སྟོང་ཕྲག་བཅུ་བཞི་ཙམ་གྱིས་དམས་སྐྱོན་ཕེབས་པ། རང་གི་གོ་ཚོད་ལ་གླིང་གང་དུ་ལྷོ་བགྲོད་མཐར་ཐུག་གི་ཉི་མའི་རྒྱུ་ལམ་དེ། གླིང་དེ་ནས་བགྲངས་པའི་བདུན་པ་ན་བྱང་བགྲོད་མཐར་ཐུག་གི་རྒྱུ་ལམ་དུ་འགྱུར་ཞེས་པའི་དོན་ཡིན་འདྲ་སྙམ་ལགས་པས། དེ་ལྟར་གྱི་ཚེ་གླིང་གང་དུ་ལས་ས་ལས། དཔག་ཚད་བརྒྱད་ཁྲི་དྲུག་སྟོང་འཕགས་པ་ལྷུན་པོའི་རྭ་དང་ཐད་ཀའི་ནམ་མཁའ་ལ་གདུང་བྱེད་དང་བཅས་པའི་ཉི་མ་རྒྱུ་བ་ནི་བྱང་བགྲོད་མཐར་ཐུག་སྟེ། དེའི་ཚེ་དེ་ནས་བགྲངས་པའི་དུམ་བུ་བདུན་པར་སྔ་མ་ལས་དཔག་ཚད་སྟོང་ཕྲག་བཅུ་གཅིག་གིས་དམའ་བ་ལས་སའི་ཁད་མཉམ་གྱི་མཚོ་ལས་དཔག་ཚད་བདུན་ཁྲི་ལྔ་སྟོང་འཕགས་པ་རྒོད་མ་ཁའི་མེ་དང་ཐད་ཀའི་ནམ་མཁའ་ལ་རྒྱུ་བ་ན་དུམ་བུ་དེའི་ལྷོ་བགྲོད་མཐར་ཐུག་ཏུ་འགྱུར་བའི་རྒྱུ་མཚན་གྱིས། མེ་ལ་རེག་པའི་ཕྱོགས་གང་ཡིན་དེ་དུམ་བུ་བཅུ་གཉིས་པོ་རང་རང་གི་ལྷོ་བགྲོད་དུ་འགྱུར་ལ། མེ་དཀྱིལ་དངོས་དང་ལས་ས་ཁད་མཉམ་དུའང་བཤད་པས་འདིར་རྒོད་མ་ཁའི་མེ་དཔངས་དང་། ལས་ས་ནས་ལྷོ་བགྲོད་མཐར་ཐུག་གི་ཚེ་འཕགས་པའི་སྟེང་འོག་གི་བར་འགྱངས་འདྲ་བའི་དབང་དུ་བཏང་སྟེ་བཤད་ལགས་པ་ད་དུང་གོ་ཕྱོགས་ནོར་མ་ནོར་ཇི་ལྟར་དང་། ༼༢༽ཡང་འབྲས་བུ་ལུང་སྟོན་གྱི་རྩིས་ཀྱི་འཇུག་པ་ཡོད་པའི་རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་ཏེ། ཞེས་པ་བརྩི་བྱ་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཅན་གྱི་ཡུལ་ཁྱོན་ལ་བཞག་པའི་རྒྱུ་སྐར་ཉེར་བདུན་དུ་བསྡུས་ཏེ། ས་རིས་ཀྱི་དུས་རྒྱུ་སྐར་གྱི་འཁོར་ལོ་ཉེར་བདུན་གྱིས་མཛད་པར་མ་ཟད། དེའི་སྟེང་ནས་སྐར་མ་གཉིས་དང་བཞི་ཆ་རེར་ཁྱིམ་རེར་འཇོག་པ་སོགས་འཆད་བདེ་འདྲ་སྙམ་པའི་བློའི་གཏོང་ཕྱོགས་ནས་དེ་ལྟར་བཤད་ལགས་ནའང་། འབྲས་བུ་ལུང་སྟོན་གྱི་རྩིས་ཀྱི་འཇུག་པ་ཡོད་པའི་རྒྱུ་སྐར་ཉེར་བདུན་དུ་བྱས་པའི་ཡོངས་གཅོད་ནས་བྱི་ཞུན་ལ་འབྲས་བུ་ཁྱད་པར་བ་མེད་པར་སོང་བ་ལས་ནང་ལེའི་ཚིགས་བཅད་སོ་བཞི་པ་རྩ་འགྲེལ་རྒྱུ་སྐར་ལུས་ལ་ཚང་ཚུལ་བཤད་པའི་སྐབས། བྱི་ཞུན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །ཞེས་གསུངས་པའི་སྐྱོན་འོང་ཚུལ་སྩལ་བ་ཕྱི་ནང་གནད་གཅིག་པའི་དབང་གིས་སྐྱོན་འཇུག་ངེས་ལགས་པ་ནས། ད་ཆ་ལུང་སྟོན་རྩིས་ཀྱི་འཇུག་པ་ཡོད་པའི་རྒྱུ་སྐར་ནི་ཉི་ཤུ་རྩ་བརྒྱད་ལས་གྲོ་ཞུན་བྱི་ཞུན་གཉིས་གཅིག་ཏུ་བསྡུས་པས་ཉི་ཤུ་རྩ་བདུན་ཏེ། ཞེས་བཅོས་ན་ཇི་ལྟར་འཐད་ལགས། ༼༣༽ཡང་། གསེར་རིའི་ཕྱོགས་སུ་གནས་པའི་བྱང་ཁྱིམ་དྲུག་པད་འདབ་ཕྱེད་པ་དང་། ཞེས་པ་ལ། རྒྱུད་རང་དུ། བྱང་དུ་དེ་ནི་བསིལ་བའི་རི་སྟེ་པད་འདབ་བཟང་པོ་བཞིན། ཞེས་མཉམ་ལམ་ནས་བལྟས་པས་བྱང་ཁྱིམ་དྲུག་པད་འདབ་བཟང་པོ་ལྟ་བུར་མཐོང་བར་གསུངས་པ་ལས། ཕྱེད་པ་ཞེས་མི་འབྱུང་བས་སྔར་གླིང་རྣམས་ལ་རྔ་ཡབ་སོགས་ཀྱི་མིང་དུས་འཁོར་དུ་མི་བཞེད་ཚུལ་བཀོད་པ་དང་འདྲ་བར་འདི་ཡང་སྐྱོན་འོང་ཚུལ་ཕེབས་པ། བཟང་པོ་དང་ཕྱེད་པ་ཞེས་པའི་ཚིག་འགལ་སྐྱོན་དུ་གྱུར་པ་ཐུགས་བདེན་པར་མཆིས་ལགས་རུང་། སྐབས་འདིའི་དགོངས་པ་འགྲེལ་ཚུལ་ལ། པཎ་ཆེན་གྱི་དྲི་མེད་འོད་རྒྱན་དུ། འོ་ན་གཞུའི་རྣམ་པ་ཞེས་པ་དང་། པད་འདབ་བཟང་པོ་བཞིན་ཞེས་པའི་དོན་ཇི་ལྟར་ཡིན་སྙམ་ན། དེའི་དོན་ནི། ལྷོ་གླིང་དབུས་མ་འདིའི་སྟེང་ཐད་ཀྱི་ཁྱིམ་རྣམས་ཀྱི་འགྲོ་ལམ་མཚོན་བྱེད་དུ་བཀོད་པའི་བྱང་ཁྱིམ་དྲུག་དང་ལྷོ་ཁྱིམ་དྲུག་གི་དབུས་སུ་ཉིན་མཚན་མཉམ་པའི་རི་མོས་བཅད་པའི་ལྷོ་ཁྱིམ་དྲུག་དབྱིབས་འོད་མའི་གཞུའི་རྣམ་པ་ཅན་ལྷོ་མེ་རིའི་ཕྱོགས་ལ་གནས་པ་དང་། བྱང་ཁྱིམ་དྲུག་དབྱིབས་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་བྱང་བསིལ་རིའི་ཕྱོགས་ལ་གནས་ཞེས་པ་ཡིན་ཏེ། ཞེས་གསུངས་པ་ལྟར་སྡེབ་སྦྱོར་གྱི་དབང་ལས་པད་འདབ་དང་གཞུའི་རྣམ་པར་གསུངས་པ་མ་གཏོགས། དོན་ལ་ལྷོ་བྱང་གཉིས་ཟླུམ་པོ་ཕྱེད་པའི་རྣམ་པ་འདྲ་བར་བཞེད་པ་བཞིན་གོ་བདེ་བའི་ཆེད་དུ་ཕྱེད་པ་ཞེས་བྲིས་པ་ཡིན་ལགས། ༼༤༽ཡང་། ཉིན་ཞག་རེ་ལ་གདུང་བྱེད་ལྷོ་བྱང་དུ་རེག་པ་རེ་རེ་བྱུང་ཡང་། ནང་གི་གླིང་མཚོ་དྲུག་དང་རི་ལྔ་ལ་ཉི་ཟླའི་འོད་ཟེར་འཕོག་པའི་སྐྱོན་མི་འབྱུང་བ་འདྲ་སྙམ་སྟེ། ཞག་གང་ལ་བྱང་དུ་རྭ་ལ་གདུང་བྱེད་རེག་པར་གསུངས་པའི་ས་དེ་རྭ་ལྔ་པ་བསིལ་རིའི་ཐོད་དུ་གྱེད་ཏེ་ཕྲད་པའི་ཐད་ཀར་རེག་པར་བཞེད་པའི་ཕྱིར། རྭའི་ཁ་འཕྱང་དང་བསིལ་རིའི་རྩེ་མོ་ཕྲད་པའི་བར་ན་སྲུབ་དབར་མེད་པས་གདུང་བྱེད་དེར་རེག་ཀྱང་འོད་ནང་དུ་མི་གཏོང་ཞིང་། ནང་གི་གླིང་མཚོ་དྲུག་དང་རི་ལྔ་ནི་རྭ་ལྔ་པ་དེའི་སྐྱིབས་སུ་ཚུད་པའི་རྭ་བར་མ་གསུམ་གྱི་འོག་སྟེ། མདོར་ན་རྭ་ལྔ་པ་དང་བསིལ་རིའི་རྩེ་ཕྲད་པའི་སྦུབས་སུ་ཚུད་པའི་ཕྱིར་སྙམ་པ་ད་དུང་གོ་བ་ལེན་ཕྱོགས་ལ་འགལ་ཆར་གྱུར་མ་གྱུར་མཁྱེན་གཟིགས་མི་ལྷོད་ངོས་ལོག་ལམ་ལས་བསྲུང་བའི་བཀའ་དྲིན་སྩལ་དུ་གསོལ། ༼༥༽ཡང་ཉི་ཟླ་གྲུབ་རྗེས་ལོ་ཟླའི་མིང་ཆགས་པ་དང་གཟའ་ལྔ་ཕྱི་རིམ་ཅན་དུ་སྐྱེས་པའི་ཕྱོགས་ཀྱི་འདོད་པ་ལ། ཉི་མ་ནམ་སྐྱེས་པ་ནས་ལོའི་དང་པོ་བྱུང་ན་ལོ་འགོ་ཡང་ནག་ཟླ་ནས་མི་འཛིན་པར་ཀརྐ་ཊའི་ཁྱིམ་ཟླ་ནས་ཐོག་མར་འཛིན་དགོས་པར་ཐལ་བའི་སྐྱོན་དང་། ཞལ་ལུང་དུ་ཆོས་མགོན་པ་ལ་འཕངས་པའི་སྐྱོན་ཡང་འཇུག་ཚུལ་ཕེབས་པར། འདི་དག་གི་རྣམ་གཞག་གསུང་རབ་རྣམས་ལས་ཞིབ་གསལ་གུང་བསྒྲིགས་ནས་མ་གསུངས་གཤིས་བཀའ་ལན་འབུལ་དཀའ་ཙམ་ལགས་ནའང་། ཕྲན་བུ་རང་གི་གོ་ཚུལ་ལ། ཉི་མ་ནམ་སྐྱེས་པ་ནས་ལོའི་ཐ་སྙད་བྱུང་བར་ཁས་བླངས་ཀྱང་། དུས་འཁོར་རང་ལུགས་ཀྱི་ལོ་འགོ་འཛིན་ཚུལ་ལ་མི་གནོད་པ་འདྲ་སྙམ་སྟེ། རྒྱུ་མཚན། སྤྱི་ཉི་མའི་བགྲོད་གཉིས་དང་། དུས་ཚིགས་བཞིའམ་དྲུག་ལ་སོགས་པ་ལ་ལོ་མཚན་ཉིད་པར་འཇོག་པ་དུས་འཁོར་དུ་མ་ཟད། མདོ་རྒྱུད་ཕལ་ཆེར་དགོངས་པ་མཐུན་པར་སྣང་བས་ལོའི་ཐ་སྙད་ཀྱང་ཉི་མས་རྣམ་པར་གཞག་པར་སོང་ལ། དེས་ན་ཁྱིམ་ཟླ་བཅུ་གཉིས་ལ་ལོ་མཚན་ཉིད་པ་བཞག་རྗེས། ལོ་དེའི་ཐོག་མ་གང་ནས་འཛིན་པ་ལ་མདོ་རྒྱུད་བསྟན་བཅོས་རྣམས་སུ་དགོངས་པ་མི་མཐུན་པའི་ལོ་འགོའི་རྣམ་གཞག་མང་ནའང་། དུས་འཁོར་བ་ནག་ཟླ་ནས་འཛིན་པ་ནི། དུས་བཞི་སྟོང་རྩིས་ཀྱི་རྗེས་སུ་སླར་ཡང་ངེས་པ་རྩོམ་པའི་ཚེ་ནག་ཟླའི་དཀར་ཚེས་གཅིག་ནས་བརྩམས་ཏེ་འཆར་བས་ལོ་འགོར་འབད་མེད་དུ་གྲུབ་པ་ནིི་ཐུན་མོང་མ་ཡིན་པའི་རིགས་པ་དང་། ཡང་ཟླ་བ་འཇིག་རྟེན་དུ་བྱུང་བ་ནས་ཟླ་བའི་ཐ་སྙད་ཆགས་པས་ལོའི་ཐ་སྙད་ཉི་མས་བཞག་ཀྱང་། དེའི་ཐོག་མ་ཟླ་བ་གང་ནས་བརྩམས་ཏེ་འཛིན་པ་ལ་རང་གི་འཇོག་བྱེད་དབང་བཙན་པར་བྱས་ཏེ། ཟླ་བ་ཐ་སྐར་སྐྱེས་ཡིན་པས་དེ་ལུག་ཁྱིམ་དང་ལྟོ་འབྱོར་ཞིང་། ཟླ་བ་སྐྱེས་དུས་ཉི་མ་ཡང་དེར་ཡོད་པས་ཟླ་བ་དེ་ཐོག་མར་འགྲུབ་པ་ནི་ཐུན་མོང་པའི་རིགས་པ་སྟེ། མདོར་ན་ཉི་མ་སྐྱེས་པའི་ལོ་བརྩམས་མ་ཐག་པ་དེ་ལོ་འགོར་གྲུབ་ཀྱང་། དེ་ནས་ལོ་འགོ་འཛིན་དགོས་པའི་ངེས་པ་མེད་དེ། ལོ་འགོ་འཛིན་ལུགས་ཐ་དད་པ་རྣམས་གང་དང་གང་བརྩི་བ་དེའི་ཚེ་དེ་དང་དེའི་དགོས་པ་ཁྱད་པར་བ་རེ་ལ་ལྟོས་ནས་འགོ་བཟུང་བ་ཡིན་པའི་ཕྱིར་རོ། །དེས་ན་རྒྱུད་འདིར་དུས་ཀྱི་ཐོག་མ་ནག་ཟླ་ནས་བཟུང་ཡང་སྐྱེས་ཁྱིམ་སྦྱོང་བའི་ཆོ་ག་མཛད་པས་ཀརྐ་ཊའི་ཁྱིམ་ཟླ་ནས་ལོ་འགོ་འཛིན་དགོས་པར་ཐལ་བའི་སྐྱོན་མི་འབྱུང་འདྲ་ལགས་པ་དང་། འོག་ཏུ་ཉི་མའི་སྐྱེས་ཁྱིམ་སྦྱོང་བ་འཆད་པའི་སྐབས། དུས་ཀྱི་ཐོག་མ་ལུག་ཁྱིམ་ནས་རྩོམ་ལ། ཞེས་པར་གོང་དུ་ཉི་སྐར་ནབས་སོར་སྤྱོད་དུས་འཛིན་པར་ཤུགས་སྒྲུབ་དང་འགལ་འདུ་འོང་ཚུལ་ཕེབས་པ་དང་། འདི་དང་གནད་གཅིག་འདྲ་བས་ཞོར་ལ་སེ་འདྲ་སྙམ་པ་ཇི་ལྟར་འཐད་དང་། ཞལ་ལུང་དུ་ཆོས་མགོན་པའི་འདོད་པ་འགོག་བྱེད་རྣམ་པར་དག་པའི་རིགས་པའི་ལམ་ནས་དྲངས་པ་ནག་གཟའ་རྣམས་ཀྱི་སྐྱེས་དུས་ཀྱི་རིམ་པ་འདི་འཇིག་པར་སྣང་ངོ་། །ཞེས་གསུངས་པ་དང་འགལ་སྐྱོན་ཕེབས་པ་ལྟར། དེ་དང་འགལ་བའང་ཐུགས་བདེན་པར་མཆིས་ལགས་རུང་། སྐབས་འདིར་ཞལ་ལུང་མཁན་པོ་རང་ལ་འདི་ཞུ་བར་འོས་ཏེ། དེ་མ་ཐག་པར། གཟའ་རྣམས་སྐྱེས་སྐར་དེ་རྣམས་ཀྱི་སྟེང་དུ་སྐྱེས་པ་ཙམ་ངེས་པར་ཁས་བླང་དགོས། ཞེས་སྐྱེས་སྐར་དེ་རྣམས་ཀྱི་སྟེང་དུ་སྐྱེས་པར་ཞལ་གྱིས་བཞེས་ཤིང་། བཞེས་ཀྱང་བཞེས་དགོས་ལ། དེ་ལྟར་གྱི་ཚེ། གཟའ་རྣམས་རང་རང་གི་སྐྱེས་སྐར་སོ་སོའི་སྟེང་དུ་སྐྱེས་པའི་དུས་ནི་ཅིག་ཅར་རམ་རིམ་ཅན་གང་རུང་ལས་མི་འདའ་ལ། སྔ་མ་ལྟར་ན། ཕྱོགས་གཞན་ལས་ཀྱང་བསྐལ་པ་དང་པོའི་མི་རྣམས་ཀྱི་འོད་ནུབ་པའི་རྗེས་སུ་ཉི་ཟླ་རྣམས་རིམ་པར་བྱུང་ཞེས་པ་ཙམ་ལས་མི་འབྱུང་བས་བཞག་དཀའ་བར་སྣང་ལ། ཞེས་ཉི་ཟླ་རིམ་སྐྱེས་ཀྱི་ཁུངས་དྲངས་པ་དང་འགལ་ཞིང་། གལ་ཏེ་རིམ་ཅན་དུ་སྐྱེས་པ་ལྟར་ན། རང་རང་གི་སྐྱེས་སྐར་སོ་སོའི་ཐད་དུ་ཉི་མ་སླེབས་པ་དང་རེས་གཟའི་གོ་རིམ་ལྟར་སྐྱེས་པ་འདི་ཙམ་ཞིག་རིགས་པས་འགྲུབ་རུང་ནའང་རང་གིས་བཀག་པར་མཛད་མ་ཐག་པ་ཡིན་ལ། འདི་ལས་གཞན་དུ་རིགས་པའི་ཡུལ་ལས་འདས་པའི་ཕྱིར་ན། སྐྱེ་སྐར་སོ་སོའི་སྟེང་དུ་གཟའ་རང་རང་སྐྱེས་ནི་སྐྱེས་ལ། སྔ་ཕྱི་རིམ་པ་ཅན་ནམ་ཅིག་ཅར་དུ་སྐྱེས་པ་གང་ཡིན་ནི་ཆ་མི་འཚལ་ལོ། །ཞེས་པའི་གསུང་ཙམ་གྱིས་ནི་ཆོས་མགོན་པའང་ཅིའི་ཕྱིར་དགག་ནུས་སམ་སྙམ་མོ། །དེས་ན་སྤྱི་དོན་དུ་གོ་རིམ་དེ་ལྟར་བྱེད་པ་ནི། པཎ་ཆེན་གྱི་དྲི་མེད་འོད་རྒྱན་ལས། དེ་ལ་ཐོག་མར་སྐར་ཁྱིམ་འཁོར་དང་བཅས་པ་རྣམས་ཆགས་པའི་རྗེས་སུ་ཀརྐ་ཊའི་ཁྱིམ་གྱི་ཐོག་མར་ཉི་མ་སྐྱེས་ཏེ་ལོ་དངོས་གཞིའི་དང་པོ་ཡིན་ནོ། །ཞེས་པ་ནས། དེ་བཞིན་དུ་སྤེན་པ་གཞུའི་ཁྱིམ་གྱི་སྐར་མ་སྣུབས་ཀྱི་འགོ་ལ་སྐྱེས་པ་ཡིན་པས། ཉི་མ་སྐར་མ་སྣུབས་དང་བཅས་པ་ཤར་གླིང་དབུས་མའི་དབུས་ཀྱི་སྟེང་ཐད་དུ་སླེབས་པ་དང་དུས་མཉམ་དུ་སྤེན་པ་སྐྱེས་པ་སོགས་གོང་མ་རྣམས་ཀྱི་བཞིན་དུ་ཤེས་པར་བྱའོ། །ཞེས་པའི་བར་གྱིས་རིམ་པར་སྐྱེ་ཚུལ་དང་། དེའི་རྒྱུ་མཚན་འཆད་པ་ན། གཟའ་རྣམས་དུས་མཉམ་དུ་སྐྱེས་པ་ནི་མ་ཡིན་ཏེ། སྐྱེས་ཁྱིམ་དང་སྐྱེས་སྐར་མི་གཅིག་པ་སོ་སོར་བཤད་ཅིང་། རེས་གཟའ་བདུན་པོ་ཐམས་ཅད་ཀྱང་ཤར་གླིང་དབུས་མའི་དབུས་ཀྱི་སྟེང་ཐད་དུ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ན་རིམ་ཅན་དུ་སྐྱེས་པར་གྲུབ་བོ། །ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ནས་བྲིས་ལགས་པ་ད་དུང་གོ་ཕྱོགས་ལོག་ལམ་དུ་འཕྱན་པར་གྱུར་མ་གྱུར་དྲི་མ་མེད་པའི་མཁྱེན་སྤྱན་གྱི་གཟིགས་པས་དཔྱད་པ་མཁྱེན། ༼༦༽ཡང་གཟའ་རྣམས་སྐྱེས་པའི་ས་ཁྱོན་འཆད་པའི་སྐབས། དེའི་ཚེ་ཉི་མ་ཤར་གླིང་དབུས་མའི་ཚངས་ཐིག་ཏུ་སླེབས་པ་ནི་ལྷོ་གླིང་དབུས་མའི་རེས་གཟའ་འཕོ་མཚམས་ཀྱིས་རྟོགས་པ་གང་ཞིག །ཅེས་པ་ལ། ཉི་མ་དབྱར་ཤར་གླིང་དབུས་མའི་ཚངས་ཐིག་ཏུ་མ་སླེབས་ཙམ་དང་། དགུན་ཚངས་ཐིག་ལས་བརྒལ་ནས་ནམ་ལྡང་བས་གནོད་ཚུལ་ཕེབས་པ། ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་དང་། ལམ་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ། ཞེས་སོགས་རགས་རྩིས་ཀྱི་རྣམ་གཞག་ལ་བློ་ཞེན་པས་རྩིང་སྐྱོན་ཐུགས་ཤིན་ཏུ་བདེན་པར་མཆིས་ལགས་པས། ད་ཆ་ཉི་མ་ཤར་གླིང་དབུས་མའི་ཚངས་ཐིག་གི་ཐད་ཀའམ་དེ་དང་ཉེ་བའི་ས་ཁྱོན་དུ་གནས་པ་ནི་ལྷོ་གླིང་དབུས་མའི་དབུས་ཀྱི་རེས་གཟའ་འཕོ་མཚམས་ཀྱིས་རྟོགས་པ་གང་ཞིག །ཅེས་བཅོས་ན་ཞིབ་ཏུ་ཨེ་འགྲོ་ལགས་པ་ཇི་ལྟར་འཐད། ༼༧༽ཡང་། གཟའ་དེ་རྣམས་ནས། གསུངས་སོའི་བར་འདི་ལུགས་ཀ་ཙམ་ལས། འདི་དུས་འཁོར་གྱི་དགོངས་པ་དང་འབྱོར་བ་བྱས་ན་ཧ་ཅང་མི་འཐད་ཚུལ་ཕེབས་པ་ལ། དང་པོ་རང་རང་གི་ཞིང་དང་སྐྱེས་སྐར་ལ་དགྲ་ཟླ་ཞུགས་ན་འཐབ་པ་ནི། འགྲེལ་ཆེན་ལས། གཟའ་ལྷག་དང་། བཀྲ་ཤིས་དག་དང་། ཕུར་བུ་དང་། པ་སངས་དག་དང་། སྤེན་པ་དང་། མཇུག་རིང་འདི་དག་ཕན་ཚུན་འཐབ་པར་འགྱུར་ཏེ། དགྲ་ཉིད་ཡིན་པའི་ཕྱིར་རོ། །ཞེས་སོགས་ཉི་མའི་ཞིང་ལ་མཇུག་རིང་ཞུགས་ན་སྤེན་པས་རྩོད་པ་མཁས་པ་དག་གིས་ཟླ་བའི་ཞིང་གི་རིགས་པ་ཁྱེར་ཏེ་བཤད་པ་ལས་རྒྱུད་འགྲེལ་དུ་དངོས་སུ་མ་གསུངས་ཤིང་། གཞན་རྣམས་རྒྱས་པར་འབྱུང་ལ། དེས་འཇིག་རྟེན་དུ་འཐབ་རྩོད་ལ་སོགས་པའི་ལྟས་སྟོན་པ་ནི། སྟག་ཚང་པའི་སྤྱི་དོན་དུ། གཟའ་ཕན་ཚུན་འཐབས་པས་འཇིག་རྟེན་དུ་འཐབ་རྩོད་ལ་སོགས་པའི་རྐྱེན་དུ་བཤད་པའི་དགྲ་ཟླ་ནི། ཞེས་པ་ལྟར་དང་རྒྱུད་དུ་འཆར་བ་དང་བདུན་པའི་དུས་སྦྱོར་ལ། དུས་མེ་ཉི་དམར་སྤེན་བཞི་ཤར་ན་ངན་པ་དང་། སྒྲ་ཟླ་ལྷག་སངས་བཞི་ཤར་ན་བཟང་བ་སོགས་དང་། དུས་སྦྱོར་རེ་ལ་འཆར་ཡུན་རགས་པ་ཆུ་ཚོད་ལྔར་བཞག་པའི་ཆུ་ཚོད་རེ་རེར་བདག་པོའི་གཟའ་སྦྱར་བ་སོགས་ལས་མ་མཐོང་ཡང་། འབྲས་རྩིས་འགར་བཤད་པ་ལྟར། རང་གི་ཞིང་བདག་ཞུགས་ན་དུས་སྦྱོར་དེ་གང་དང་གང་དུ་ཤར་ནས་རྫོགས་རྫོགས་ཀྱི་བར་དགེ་བ་སོགས་རིགས་པས་བརྟགས་ནའང་དོན་གྱིས་ཐོབ་འདྲ་བ་ཇི་ལྟར་རིགས་དང་། སྐར་ཁྱིམ་ལ་སྤྱོད་པའི་ཚེ་གཟའ་ཐམས་ཅད་ལ་ལྷོ་བྱང་དུ་བགྲོད་པ་ཡོད་པ་ནི། འགྲེལ་ཆེན་ལས། འདིར་ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་ལྷོར་འགྲོ་བ་ཡོད་དེ། ཞེས་སོགས་ཀྱིས་འགྲུབ་ལ། གལ་ཏེ་བགྲོད་གཉིས་ཀྱི་རྒྱུ་ལམ་ལས། གཞན་དུ་སྤྱོད་པ་ན་འཇིག་རྟེན་དུ་དགེ་མི་དགེའི་འབྲས་བུ་གསར་པ་རེ་ལུང་སྟོན་པ་ནི། རིགས་པས་དཔྱད་དཀའ་ནའང་། གསེར་འོད་རྒྱ་ནག་འགྱུར་ལས། མདོ་སྡེ་འདི་ཡི་བྱིན་རླབས་ཀྱིས། །ཉི་ཟླ་སྣང་བར་བྱེད་པའི་གནས། །རྒྱུ་སྐར་ཚད་ལས་མི་འདའ་ཞིང་། །རླུང་ཆར་དུས་བཞིན་ལྡང་འབབ་པས། །འཛམ་གླིང་འདི་དག་ཀུན་དུ་ཡང་། །ཡུལ་རྣམས་ལོ་ལེགས་སྐྱིད་པར་འགྱུར། །ཞེས་དང་། རྨ་བྱ་ཆེན་མོ་ལས། སུམ་ཅུ་རྩ་བདུན་ཚངས་པ་ཡང་། །འཆར་བ་དང་ནི་ནུབ་པ་དག །མཚོན་ཆ་འཁོར་ལོ་བཞིན་དུ་རྒྱུ། །འཇིག་རྟེན་དུ་ནི་ཟད་འཕེལ་བྱེད། །ཅེས་དང་། གརྒའི་ལྟས་ཀྱི་གཙུག་ལག་ལས། གང་གི་ཚེ་ཉི་མ་འཆར་བ་དང་། ནུབ་པ་ཁོ་ནའི་ཚེ་འཁོར་ལོ་བཞིན་དུ་འཁོར་བར་གྱུར་པ་དེའི་ཚེ། ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་གཟའ་སྐར་རྣམས་ཚུལ་བཞིན་དང་ཚུལ་བཞིན་མ་ཡིན་པར་རྒྱུ་བས་འཇིག་རྟེན་དུ་ཕན་གནོད་བྱེད་པར་བཞེད་པ་དང་། རྒྱུད་འགྲེལ་རང་དུ་བགྲོད་པའི་དབང་གིས་ཟླ་བའི་རྭ་མཐོ་དམན་ལས་མུ་གེ་དང་ཆར་སོགས་ཀྱི་བརྟགས་པ་གསུངས་པ་དང་། མཇུག་རིང་ཡང་དུས་མིན་དུ་ཤར་ན་མི་དགེ་བར་བཞེད་པ་ལྟར། རྒྱུད་འགྲེལ་ལས་ཀྱང་། མཐའ་གཅིག་ཏུ་མ་བཀག་གམ་སྙམ་ནས་འཕྲོས་དོན་དུ་བཀོད་ལགས་པ་འགལ་ཆར་འགྲོ་མི་འགྲོ་ད་དུང་མཁྱེན་རབ་ཉིན་མོར་བྱེད་པའི་སྣང་བས་གསལ་དུ་གསོལ། ༼༨༽ཡང་གཟའ་དྷྲཱུའི་གནས་དང་པོས་ཉིན་ཞག་ལ་དབང་བྱེད་པའི་རེས་གཟའ་དང་། ཆུ་ཚོད་མན་ཆད་ཀྱིས་ཚེས་འཕོ་མཚམས་སྟོན་པའི་ཤེས་བྱེད་ལ། གཟའ་ལྔའི་སྤྱིའི་ཉིན་ཞག་སྒྲུབ་ལུགས་དང་སྦྱར་ཏེ་བཤད་པ་འདི། དེ་སྐབས་བསམ་མནོའི་གཏོང་ཕྱོགས་ལ། ཤེར་ཅན་ལ་གང་ལྟར་བཤད་ཀྱང་སྟབས་བདེ་རུང་། བློ་དམན་རྣམས་ལ་ཉིན་ཞག་སྒྲུབ་ལུགས་སྤྱིར་གྲགས་པ་དང་བསྟུན་ཏེ་བཤད་ན། རེས་གཟའི་གནས་དང་སྤྱིའི་ཉིན་ཞག་འཇུག་པ་གཅིག་པ་དང་། ཞག་མི་ཐུབ་འདོན་མཚམས་སོགས་ཀྱི་གོ་བའི་སྣ་འདྲེན་ལ་ཨེ་ཕན་སྙམ་དུ་བཀོད་པ་ལགས་ནའང་། ཇི་ལྟར་སྩལ་ཕེབས་ལྟར། ཚེས་ཞག་ལོངས་སྤྱོད་བརྩེགས་པའི་ཕུང་པོ་ལས་ཆུ་ཚོད་ཀྱི་གནས་སུ་དྲུག་ཅུར་གང་ལོངས་ཉིན་ཞག་རང་གི་ཚད། དྲུག་ཅུས་ཐོབ་སྐལ་བླངས་ཏེ་རེས་གཟའི་གནས་སུ་བཞག་པས་བདེ་བླག་ཏུ་རྟོགས་པའི་ཕྱིར་བཤད། ཉིན་ཞག་རི་མོའི་གཟུགས་བརྙན་ལ་བརྟེན་པའི་རྒྱུ་མཚན་ལ་དགོས་དོན་མེད་ཚུལ་ཕེབས་པ་ཤིན་ཏུ་ཐུགས་བདེན་པར་མཆིས་ལགས། ༼༩༽ཡང་། རྟག་བྱེད་བཞིའི་སྐབས། ཉེར་བརྒྱད་ཀྱི་ཕྱི་ཆ་ནས་ཞེས་པའང་ཉེར་དགུ་དང་ཡིག་ནོར་ཡིན་ངེས་དང་། དེར་མ་ཟད་གཟའ་སོ་སོའི་སྐྱེས་སྐར་འཆད་པའི་སྐབས། སྒྲ་གཅན་གདོང་གི་སྐྱེ་སྐར་ནག་པའི་ཕྱེད་དུ་ཟེར་རྒྱུར་ནབས་སོའི་ཕྱེད་དུ་ཟེར་བ་སོགས་སྤྱིར་བློ་གྲོས་རྩིང་བས་བརྡ་དག་བྱང་པོ་མི་ཤེས་པའི་ཁར། ད་ལམ་དོན་ལ་འཁྲུལ་པ་སྐྱེད་ངེས་ཀྱི་ཆད་ལྷག་ནོར་བ་མང་ཙམ་མཆིས་པ་བདག་ལྟ་བུ་སྒྲིན་པོའི་བློ་དང་མི་ལྡན་པའི་ལག་བྲིས་ལ་དགོངས་ཏེ་བཟོད་བཞེས་ངོས། ཚིག་དོན་ཡི་གེའི་ཆ་རྣམས་ལ་ནོར་འཁྲུལ་གྱི་རྙོག་མ་མཆིས་པ་རྣམས་མཁྱེན་རབ་ཀཻ་ཏ་ཀས་ད་དུང་བགྲུང་པར་མཛད་དུ་གསོལ། ༼༡༠༽ཡང་། ཁྱིམ་སོ་སོའི་ཉིན་མཚན་གྱི་ཐོག་མ་གང་ཡིན་ནས་བརྩམས་ཏེ་ཁྱིམ་དྲུག་རེའི་འཆར་ཚད་བསྡོམས་པས་ཉིན་མཚན་གྱི་ངེས་པ་ཇི་བཞིན་པ་འགྲིགས་པ་དང་། ཞལ་ལུང་ལས་ཀྱང་། ཉི་མའི་སྔ་ཕྱི་ལ་ལྟོས་ནས་ཁྱིམ་མཚམས་སུ་འཕོག་པའི་ངེས་པ་མེད་ཀྱང་། ཉིན་མཚན་གྱི་མཚམས་སུ་ནི་ཁྱིམ་མཚམས་སུ་ངེས་པར་འཕོག་པས་འཆར་བ་ནས་བདུན་པ་ནུབ་པ་སོགས་ཇི་བཞིན་འགྲིགས་པ་ཡིན་ཞིང་། ཞེས་སོགས་གསུངས་པ་ལྟར་དུས་སྦྱོར་ཉིན་དྲུག་མཚན་དྲུག་འཆར་ཚུལ་བཀོད་ནས། དེའི་ཤེས་བྱེད་དུ། འགྲེལ་ཆེན་ལས། ཉིན་མཚན་གྱི་དབྱེ་བས་དུས་སྦྱོར་དྲུག་དང་། སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་ཉིན་མོའི་དུས་སུ་འགྱུར་རོ། །དུས་སྦྱོར་དྲུག་དང་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་མཚན་མོའི་དུས་སུ་འགྱུར་རོ། །ཞེས་དྲངས་པར། དུས་སྦྱོར་བདུན་རེ་ལ་སོགས་པའི་ངོ་མཐོང་བ་དུས་སྦྱོར་རི་མོར་འཆར་བས་གནོད་ཚུལ་ཕེབས་པ། སྔ་ཕན་རྟོག་ཞིབ་ཆུབ་པ་ཞིག་མ་བྱུང་ལགས་ནའང་། རིགས་པས་དཔྱད་ན། ཉི་མས་ཁྱིམ་སོ་སོའི་རང་གི་སྲང་ཚད་ཐོག་མར་རྩོམ་པའི་ས་ཁྱོན་དེར་སླེབས་ནས་འདས་ཞག་ཇི་ཙམ་སོང་བའི་ཆ་རང་ནས་བགྲངས་པའི་ཁྱིམ་བདུན་པའི་སྟེང་ནས་ཉིན་མོའི་ནང་དུ་ཡར་ཚང་དགོས་པས་དུས་སྦྱོར་བདུན་གྱི་ངོ་མཐོང་བ་སྲིད་མོད། དེ་ལྟ་ནའང་། ཉི་མའི་རྟག་ལོངས་རྐང་པའི་འཕེལ་འགྲིབ་ཀྱིས་ཆད་ལྷག་མེད་པར་ཉིན་རེ་བཞིན་སྤྱོད་པ་མ་ཡིན་ཡང་རྒྱུན་ལ་ལྟོས་ནས་རྟག་ལོངས་ཞེས་གསུངས་པ་ལྟར། ཉི་མས་ཁྱིམ་སོ་སོའི་རང་གི་སྲང་ཚད་ཐོག་མར་འགོ་རྩོམ་པ་དེར་སླེབས་པའི་ཁྱིམ་མཚམས་རྣམས་སུ་ཉིན་དྲུག་མཚན་དྲུག་འགྲིགས་པའི་རྒྱུན་ལ་དགོངས་ནས་རྒྱུད་ལས་དེ་ལྟར་གསུངས་འདྲ་བས་རགས་པའི་རྣམ་གཞག་སྟེ། དཔེར་ན་འགྲེལ་ཆེན་ལས། དེ་བཞིན་དུས་སྦྱོར་སོ་སོ་ནི་དབྱུག་གུ་ལྔས་འཁོར་རོ། །ཞེས་དུས་སྦྱོར་བཅུ་གཉིས་པོ་ཐམས་ཅད་འཆར་ཡུན་ཆུ་སྲང་སུམ་བརྒྱ་པར་གསུངས་པ་བཞིན་སྙམ་མོ། །གཞན་དུ་སྲང་ཚད་འཕོ་བའི་མཚམས་རྣམས་སུའང་དེ་འདྲ་བ་སྲིད་ན། བགོད་བཞིར་རགས་པས་བགྱིས་པ་དང་། ཐུར་མའི་ཆ་བདུན་ལ་བགྲོད་པའི་འཕེལ་འགྲིབ་བྱེད་པའི་ཆ་དྲུག་པོ་འདས་ཞག་དང་བསྟུན་ཏེ་སུམ་ཅུ་ཆ་རེ་བཟུང་དགོས་པ་མ་འགྲུབ་པ་སོགས་དང་། སྔར་ཁྱིམ་སླེབས་ཉི་དག་ལ་འཐད་པའི་རིགས་པ་ཁྱེར་ན། བགྲོད་མཐའ་དང་མཉམ་གཉིས་སོགས་དུས་གཟེར་རགས་པ་གཞན་རྣམས་གུན་གསོབ་ཀྱི་རྒྱུན་ལ་ལྟོས་ནས་ཉི་བར་ལ་འཐད་ཅིང་རིགས་ནའང་། ཁྱིམ་གང་དུ་ཉི་མ་སླེབས་མ་སླེབས་ཀྱི་ཞིབ་ཆ་ཉི་དག་ལ་འཐད་པ་ལྟར། ཁྱིམ་དེར་སླེབས་ནས་ཉིན་རེ་བཞིན་རྐང་པའི་འཕེལ་འགྲིབ་དང་བཅས་པས་རྟག་ལོངས་ལས་མང་ཉུང་ཅི་རིགས་སུ་སྤྱོད་པའི་ཕྱིར་ན། ཁྱིམ་དེ་དང་དེའི་འདས་ཞག་གིས་རང་གི་འཆར་ཡུན་སྲང་ཚད་ནས་འདས་སྲང་ལེན་པའི་ཚེ་ཉིན་རེ་བཞིན་རྟག་ལོངས་ཉིད་བྲི་གང་མེད་པར་སྤྱད་པ་ལྟར་བླངས་པས་ཀྱང་ཞིབ་མོར་ན་སྐྱོན་འབྱུང་ངམ་སྙམ་སྟེ། ཉི་མ་ཉིན་རེ་བཞིན་རྐང་ལོངས་ཀྱིས་ཆད་ལྷག་དང་བཅས་པའི་ལོངས་སྤྱོད་སྤྱད་དེ་གཡོན་སྐོར་དུ་ཕྱིན་པའི་ས་ནས་འཆར་བས་རང་གནས་གང་གི་ཁྱིམ་དེའི་མ་འོངས་སྲང་ནས་བུ་ལོན་ལེན་དགོས་པའི་ཕྱིར་རམ་སྙམ་པ་མཁྱེན་རབ་ཕུལ་དུ་བྱུང་བས་དཔྱོད་པ་བཀའ་དྲིན་བསྐྱང་ངོས། འདིས་མཚོན་ཏེ་༧བཀའ་ཤོག་རིན་པོ་ཆེ་མ་མོར། དུས་སྦྱོར་གྱི་ཞིབ་ཆ་འགའ་ཡང་ད་དུང་ལྷག་མར་ལུས་ཕེབས་པ་དང་། ཡུལ་དུས་ཀྱི་རི་མོ་སོགས་རྩིས་པ་གཞན་དག་གིས་ལན་བརྒྱར་དཔྱད་ཀྱང་ཕྱོགས་རེ་ཙམ་ལས་རྙེད་དཀའ་བར་མཆིས་ལགས་པ་ན། གང་གི་མཁྱེན་རབ་དྲི་མ་མེད་པའི་མེ་ལོང་གིས་ངོས་སུ་འཕོས་པའི་ལེགས་བཤད་ཀྱི་གཟུགས་བརྙན་རྣམ་པར་བཀྲ་བ་ཉིད་བློ་ལྡན་རྣམས་ཀྱི་འདྲེན་བྱེད་ཀྱི་དགའ་སྟོན་དུ་འཁོད་པ་ཞིག་ཐུགས་རྗེས་འཛིན་པ་དང་། ཕྲན་བུའང་དུས་དང་གནས་སྐབས་ཀུན་ཏུ་ཡེ་ཤེས་ཀྱི་གཟིགས་པ་མཆོག་ནས་མི་འདོར་བ་ཅི་ནས་མཁྱེན་མཁྱེན། ཞེས་ཞུ་ཡིག་འདེགས་རྟེན་མཚོན་བྱེད་བཀྲ་ཤིས་པའི་དར་ལ་རྟགས་ཆུང་གིས་སྤྲས་ཏེ་གུས་པས་ཕུལ་བའི་ཞུ་ཡིག །

༈ ཐང་འབྲོག་སྤྲུལ་སྐུ་རིན་པོ་ཆེའི་དྲི་ལན། གཟའ་ལྔ་ཉིན་ཞག་མའི་གསལ་ཞག་ལ་ཕུག་ལུགས་ཀྱི་ཕྱག་བཞེས་སུ་རང་གི་ཡི་གེ་སྔ་མ་རྣམས་སུ་བཀོད་པ་ལྟར་ཚེས་ཞག་རེ་བཞིན་ཉིན་ཞག་རེ་གསུམ་འོང་བས་མཚམས་དེར་ཞག་གཅིག་འབྲིད་པའི་ཆོ་ག་མ་གཏོགས་ཉུང་ན་བསྣོན་པ་མ་བཤད་པ་ནི། འགྲེལ་ཆེན་ཤོང་འགྱུར་དུ། ཁ་ཅིག་ཏུ་ཉིན་ཞག་སོ་སོའི་གཟའ་ལྷག་པས་གསལ་བའི་དོན་དུ་གཟའ་གཅིག་དམན་པར་འགྱུར་རོ། །དེའི་ཕྱིར་གསལ་བའི་ཉིན་ཞག་གི་ཚོགས་འགྱུར་རོ། །ཞེས་གསུངས་པའི་རྗེས་སུ་འབྲངས་པ་ཡིན་ཡང་། ཤུད་ཀྱེའི་འགྱུར་དུ། འགའ་ཞིག་ཏུ་ཉིན་ཞག་སོ་སོར་གཟའ་ལྷག་པ་དང་གཟའ་གཅིག་ཆད་པ་གསལ་བའི་དོན་ནོ། །ཞེས་འབྱུང་བ་ལྟར། ལྷག་ན་སྦྱོར་བའི་ཟླ་སྟོབས་ཀྱིས། ཆད་ན་སྟེར་དགོས་པར་མཚུངས་པ་དང་། དེ་ཡང་མཁས་མཆོག་གོང་མ་རྣམས་ཀྱིས་རེས་གཟའ་དང་བསྟུན་ནས་བསྣོན་འབྲི་མཛད་པ་ལྟར་བཀོད་པ་སྟེ། འདི་འཐད་པའི་རྒྱུ་མཚན། ལྔ་བསྡུས་ཀྱི་གཟའ་དག་པའི་གཟའ་གནས། དེ་ཉིད་ཉིན་ཞག་རྣམ་དག་ཡིན་དགོས་ལ། དེ་ཡིན་ན་སྤྱི་ཞག་དག་པའི་གནས་གོང་མ་དང་དོན་མཚུངས་དགོས་པའི་ཕྱིར་ཏེ། དེ་ལས་གཞན་དུ་གཟའ་ཚེས་ཀྱི་གཟའ་གནས་ལ་གང་ཤར་དེས་ཉིན་ཞག་རེ་ལ་སྤྱོད་པའི་གྲུབ་མཐའ་དང་འགལ་བས་སོ། །དེས་ན་ཕུག་ལུགས་པ་ཉིན་ཞག་རེ་བཞིའི་མཐར་ཞག་རེ་འདོར་བར་བཤད་པ་ནི་ཉིན་ཚེས་བར་པའི་ཞག་མི་ཐུབ་ནམ་བསོགས་པའ་ིབར་ཁྱད་ཐོན་པ་ཙམ་ཡིན་ལ། འདི་ནི་གུན་གསོབ་ཀྱི་མཐར་འགྲིག་པ་ཙམ་ལ་མ་བཞག་པར་རྩི་བཞིན་པའི་ཞག་རེ་བཞིན་གྱི་ཉིན་ཞག་གཙང་མ་འཆར་བའི་དབང་དུ་བྱས་པ་ལགས་པས་སྔ་རབས་ཀྱི་ལག་ལེན་འདི་ལེགས་པར་མཐོང་ནས་བཀོད་པ་ཡིན་ཞིང་། ཚེས་སྤྱོད་མའི་མྱུར་རྩིས་ལ་མི་མཚུངས་ཏེ། དེ་ལ་ཚོད་འཛིན་ཚེས་ཞག་གཙང་མ་རེས་གཟའི་ལོངས་སྤྱོད་ཀྱིས་སྟོན་ཅིང་། དེ་ཡང་ཉིན་ཆོས་གཉིས་ཁ་མི་འབྲལ་བའི་གནད་ཚེས་ཆད་ལྷག་གིས་གསལ་པོར་སྟོན་པའི་ཕྱིར་རོ། །ཁྱིམ་ཞག་གཟའ་ལྔའི་མྱུར་རྩིས་སྐབས། དེ་དང་ཤེད་མཚུངས་ལྔ་བསྡུས་ཀྱི། ཞེས་གསོལ་ནི། ཁྱིམ་ཞག་རང་གི་ཞག་ངོ་དོན་ཁྱིམ་གྱི་རི་མོས་ཚོད་འཛིན་དགོས་པ་ལྟར། ཁྱིམ་ཚེས་ཀྱི་བར་ཁྱད་མདའ་རོ་དང་རི་རོ་ཆའི་ཆོ་ག་སོགས་ཀྱིས་སྟོན་ནའང་། དེ་གར་ཡོད་ཉིན་ཞག་དང་སྦྱར་དགོས་ཕྱིར་གཟའ་ཚེས་དང་བསྟུན་པའི་རི་མོ་རྒྱག་ཚུལ་ཏེ། རྩ་སྒྲུབ་དུས་དོན་ཁྱིམ་ཞག་རེ་དང་ལྟོ་འབྱོར་བའི་གཟའ་དག་པ་ཆུ་འབབ་ཏུ་ཡོད་པས་ཟུར་དུ་མ་དགོས་པ་ཡིན་ལགས། ཡང་རྩིས་འཕྲོའི་སྐབས། ཡང་ན་གཅིག་བཙལ་ཞག་གསུམ་གྱི། །བར་ཁྱད་ལ་བརྟེན་ཅིག་ཤོས་གཉིས། །བཙལ་བས་གནས་སྐབས་བྱ་སླར་འགྱུར། །ཞེས་པའི་རི་མོ་རྒྱག་ཚུལ་ནི། ཉིན་ཚེས་གཉིས་ལ། ཉིན་ཞག་གི་གཟའ་ལྔའི་རྟག་ལོངས་ཉི་མ་འདོད་ཟླའམ། ཚེས་ལོངས་འབྱུང་འདོད་དྲག་ཆར་བསྟུབས་པ་གཉིས་དོན་གཅིག་སྟེ། ཆུ་རོ་ཆ་རི་མཁའ་རི་ཆར་གསིལ་བའི་ཚོགས་ལ་བཞིས་བགོས་པའི་ཐོབ་ནོར་དེས་སྔར་གྱི་བར་ཁྱད་ཀྱི་ཆ་སོ་སོའི་གནས་ཐམས་ཅད་བསྒྱུར་ནས་རང་འཁོར་བ་དེ། སྐབས་སུ་བབས་པའི་ཚེས་ཞག་རྩིས་འཕྲོ་ལས་ཉིན་ཞག་འདོན་དུས་སྟེར་ཞིང་། ཉིན་ཞག་ལས་ཚེས་ཞག་བཟོ་དུས་འབྲིང་པའི་རྣམ་བཞག་འཆར་རོ། །ཡང་ཁྱིམ་ཚེས་གཉིས་ལ་ཚེས་ཞག་ལོངས་སྤྱོད་རེ་ལྔ་ཆའམ། ཁྱིམ་ཞག་ལོངས་སྤྱོད་རེ་བདུན་ཆར་བསྟུབས་པ་གཉིས་རི་མོ་གཅིག་སྟེ། སོ་སོའི་ཆ་གོང་མ་ཚེས་ཞག་ལྟར་དང་། འོག་མ་གཟུགས་བུག་གཟུགས་བུག་སྟེ། གང་བརྩིའི་ཟླ་ཤོལ་འཕྲོ་མཁའ་མེས་བསྒྱུར་ལ། མདའ་རོས་བགོས་ནོར་གྱི་ཚེས་ཞག་རྟག་ལོངས་ཟིན། ལྷག་མས་རེ་བདུན་ཆ་རྣམས་བསྒྱུར་བས་བསྲེས་པའམ། ཡང་ན་མཁའ་མེས་བསྒྱུར་བ་སྟེ་རི་རོས་བགོས་ནོར་གྱིས་ཁྱིམ་ཞག་རྟག་ལོངས་ཟིན། ལྷག་མས་རེ་བདུན་ཆ་རྣམས་བསྒྱུར་བ་བསྲེས་པའི་ཚོགས་ཀྱི་བར་ཁྱད་དེ། ཚེས་ཞག་ལས་ཁྱིམ་ཞག་བཟོ་དུས་སྟེར་ཁྱིམ་ཞག་ལས་ཚེས་ཞག་བཟོ་དུས་དབྲི་བར་བྱ་བ་ཡིན་ནོ། །དེས་ན་ལག་ལེན་ལ་འདེབས་དུས། ཐོག་མར་ཉིན་ཞག་རྩིས་འཕྲོ་སྤྱི་འགྲེ་ལྟར་བསྒྲུབས་པའི་ཚོགས་དེ་འཁོར་ལོ་མཁའ་རོ་སོགས་ཀྱིས་བསྒྱུར་ལ་རང་དཀྱིལ་གྱིས་རིམ་པར་བགོས་ནོར་བཀོད་པའི་ཉིན་ཞག་རྩིས་འཕྲོ་གནས་ལྔ་མ་སྒྲུབ། དེ་ལས་ཚེས་སྤྱོད་མའི་རྩིས་འཕྲོ། དེ་ལས་གཟའ་ལྔ་ཁྱིམ་ཞག་མའི་རྩིས་འཕྲོ་རྣམས་རིམ་གྱིས་བཙལ་བས་ལག་ལེན་ལ་ཤིན་ཏུ་བདེ་བ་ལགས།

༈ ཆག་པ་ཆོས་འཕེལ་ལགས་ཀྱི་བཀའ་ལན། མཚུངས་བྲལ་གནས་ལྔ་རིག་པའི་པཎ་ཆེན་མཆོག་གི་ཞབས་དྲུང་དུ། དགེ་སློང་རྒན་པོས་ཞུ་བ། སྐུའི་དཀྱིལ་འཁོར་དྭངས་ཤིང་ལེགས་པར་བཤད་པའི་ཆོས་སྦྱིན་གྱིས་སྐལ་བཟང་གདུལ་བྱའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཕྲིན་ལས་རྣམ་པར་དཀར་བ་ནས་བཀའ་ཤོག་གནང་རྟེན་བཅས་ཉམས་མེད་སྤྱི་བོར་ཕེབས་པ་ཡིད་ཀྱི་གདུང་སེལ་བདུད་རྩིའི་སྨན་མཆོག་ལྟ་བུར་གྱུར། ཕྲན་བུའང་ལང་ཚོ་བཞི་པའི་རང་ཉམས་གསལ་བ་ལས་གསར་འཚེ་མེད་ཅིང་འཆད་ཉན་ཐན་ཐུན་མ་ཆག་ཙམ་དུ་ལགས། དུས་འཁོར་གྱི་བསྟན་པའི་གནས་ཚད་ཐུན་མོང་མ་ཡིན་པ་ནི། ཁམས་ལེའི་གོ་སླར། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱིས་ས་གཞི་དག་ལ་ངེས་པར་རྒྱུ། ཞེས་པས་འཁོར་ལོ་ཅན་གྱི་བསྟན་པའི་གནས་ཡུན་དང་འོག་མིན་པའི་ཞག་གཅིག་ཚད་མཉམ་པར་གསུངས་ལ། འོག་མིན་པའི་དབུགས་རེ་དང་མིའི་ལོ་རེ་མཉམ་པས། ས་དུམ་བུ་བཅུ་གཉིས་སུ་བསྟན་པའི་གནས་ཚད། ༢༡༦༠༠དེ་ལ་བཅུ་གཉིས་ཀྱིས་བགོས་ནོར། ༡༨༠༠དུམ་བུ་བཅུ་གཉིས་ཀྱི་དུམ་བུ་རེའི་གནས་ཚད་ཐུན་མོང་མ་ཡིན་པ་དང་། ཐུན་མོང་དུ་ལྷོ་གླིང་གསུམ་ལ་ལྔ་སྟོང་བཞི་བརྒྱ་སྟེ། དེས་ཕྱོགས་གཞན་གསུམ་ལའང་འགྲེ། དེས་ན་ལྷོ་གླིང་དབུས་མ་འདིའི་དབང་དུ་བྱས་ན། སྟོན་པས་རྩ་རྒྱུད་གསུངས་ནས་ཀླ་ཀློ་མ་ཞུགས་བར་ལ་ལོ་༡༥༠༤ཀླ་ཀློ་ཞུགས་ནས་དྲག་པོ་འཁོར་ལོ་ཅན་གྱིས་དགུང་ལོ་གོ་བདུན་བཞེས་ཀྱི་བར་ལ་ལོ་༡༨༠༠དེ་གཉིས་བསྲེས་པས་ལོ། ༣༣༠༤འབྱུང་བ། ཐུབ་པའི་བསྟན་པ་སྔ་དར་གྱི་གནས་ཚད། དེའི་སྟེང་དུ་དྲག་པོ་འཁོར་ལོ་ཅན་གྱིས་གསོས་པའི་ཕྱི་དར་གྱི་གླིང་འདིའི་གནས་ཚད་༡༨༠༠བསྣན་པས་༥༡༠༤འབྱུང་བ། དུམ་བུ་འདི་ཁོ་ན་དུས་འཁོར་གྱི་གནས་ཚད་དང་། དུམ་བུ་གཞན་བཅུ་གཉིས་པོར་སྔ་དར་ཕྱི་དར་གཉིས་ཀའང་། ༡༨༠༠པར་མཚུངས་ཤིང་། དེ་ལ་དུས་བཞིའི་རྩི་ཚུལ་གླིང་འདིའི་སྔ་དར་གྱི་དུས་བཞི་རེ་རེ་ལ། ༨༢༦དུམ་བུ་འདིའི་ཕྱི་དར་དང་དུམ་བུ་གཞན་བཅུ་གཅིག་པོའི་སྔ་ཕྱི་གཉིས་ཀའི་དུས་བཞི་རེ་རེ་ལ་༤༥༠རེ་རེ་ཡོད་ལ། དེ་ལྟར་ན་བསྡོམས་པས་དུམ་བུ་བཅུ་གཉིས་སུ་བསྟན་པ་ལོ་༢༡༦༠༠གནས་ཤིང་དེ་ལ་བཞིས་བགོས་པས་དུམ་བུ་བཅུ་གཉིས་པོ་རྣམས་ཀྱི་དུས་བཞི་རེ་རེ་བསྡོམས་པའི་ཚད་རྫོགས་ལྡན་སོགས་༥༤༠༠རེ་ཡོད་པར། རྒྱུད་ལས། དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་གཅིག་དང་དྲུག་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། །ཞེས་པའི་དགོངས་པ་སྟེ། པཎ་ཆེན་ནོར་བཟང་པའི་དྲི་མེད་འོད་རྒྱན་སོགས་ལས་བཀྲལ་བ་ལྟར། ཕུག་ལུགས་ཀྱི་བཞེད་ཚུལ་འདི་ཉིད་ལགས་ཏེ། གཞན་དུ་འགྲེལ་ཆེན་ལས་གོ་སླར་བཞག་པས། དགོངས་པ་འགྲེལ་ཚུལ་རིགས་པའི་ཁྱེར་སོས་ཅི་རིགས་ཡོང་བར་སྣང་ཞིང་། ཁོ་བོས་མཐོང་བར་བཤད་པའི་བབས་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་གོ་སླའི་འགྲེལ་བ། ངང་མོ་རྣམ་རྩེན་ཞེས་བྱ་བ་ལེགས་མདོག་ཁ་པོ་ཞིག་སྣང་བ་དང་། ད་ནི་ཉུང་ངུའི་བྱེད་པ་སོགས་ཀྱི་རྒྱ་དཔེའི་འགྲེལ་ཡང་། ད་རེས་གྲྭ་ནང་དུ་འགྲོ་གདོང་དང་ཐུག་པས་བལྟ་ལོང་མ་བྱུང་གཤིས་ཞིབ་ཤས་ཞུ་རྒྱུ་མ་བྱུང་བར་དགོངས་ཁྲེལ་མི་འཇུག་ངོས། སླད་མར་ཡང་སྐུའི་འཕྲོད་བཞེས་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ཡར་འཕེལ་གྱི་རྟེན་འབྲེལ་སྒྲིག་ཕྱོགས་བདག་གིར་བཞེས་པ་དང་། མྱུར་དུ་དངོས་མཇལ་གྱི་གསུང་གླེང་ཞུ་བར་སྨོན་ལགས་ནའང་། དུས་ཀྱིས་བསྐལ་ནས་བཀའ་འཕྲིན་གྱི་ངོས་ནས་གཉེན་གཤིན་པའི་བསླབ་སྟོན་ཕེབས་ཚོགས་ཡིད་ཀྱི་གསོས་སྨན་དུ་སྩོལ་བ་ཞིག་ཅི་ནར་མཁྱེན། མཁྱེན། འདེགས་རྟེན་བཅས་ཕུལ་བའི། ཞུ་ཡིག། །།

༈ བཤེས་གཉེན་ཆེན་པོ་ཆག་པ་ཆོས་འཕེལ་གྱི་ཞུ་ལན་དུ་ཕུལ་བ། གནས་ལྔ་རིག་པའི་བཤེས་གཉེན་ཆོས་ཀྱི་སྤྱན་མངའ་བ་གང་གི་ཞབས་དྲུང་དུ། དགེ་སློང་རྒན་པོས་ཞུ་བ། དེང་ཡང་ཉིན་མོར་བྱེད་པའི་སྐུའི་དཀྱིལ་འཁོར་ལ་ཉེར་འཚེའི་ཆུ་འཛིན་གྱིས་དབེན་ཞིང་ལེགས་བཤད་ཀྱི་འོད་སྟོང་སྤྲོ་བས་དད་ཤེས་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་པད་ཚལ་རྒྱས་པའི་ཉེར་འཚོར་འཚོ་ཞིང་གཞེས་པའི་རིང་ནས། བཀའ་མཆིད་ལྷ་རྫས་ཀྱི་དར་བཟང་པོའི་རྟེན་དང་། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་པུསྟིའི་གནང་སྦྱིན་བཅས་འབྱོར་བས་གུས་སྤྲོ་ཐོབ། འདིར་གནས་པའང་ལང་ཚོ་བཞི་པར་ཕྱོགས་པའི་ཞག་གྲངས་གཉེར་མའི་རི་མོས་མཚོན་པར་ཇེ་འཕེལ་ལས་གསར་ཚེས་མ་གོས་པར་ཆོས་ཀྱི་འཆད་ཉན་མ་ཆག་ཙམ་དུ་ལགས། འགྲེལ་ཆེན་དུ། དེ་ནས་ལོ་བརྒྱད་བརྒྱ་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི། ཞེས་པས་རིགས་ལྡན་གྲགས་པ་ནས་པད་དཀར་སོགས་བརྒྱད་ཀྱིས་ཆོས་སྟོན་པའི་ལོ་གྲངས་བརྒྱད་བརྒྱ་འདས་པའི་དུས་དང་། རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པ། མེ་མཁའ་རྒྱ་མཚོའི་ལོ་ཤར་བ། ཀླ་ཀློའི་སྟོན་པ་ཨ་གྲ་སོགས་བརྒྱད་ལས་དྲུག་པ་སྦྲང་རྩིའི་བློ་གྲོས་མ་ཁའི་ཡུལ་དུ་བཞུགས་པ་རྣམས་དུས་གཅིག་ལ། སྤྱིར་ཀླ་ཀློའི་སྟོན་པ་ལྔ་ཙམ་དེའི་སྔོན་དུ་ཐལ་ཟིན་ནའང་། འདིར་གནས་ཚད་གསུངས་པའི་ཐོག་མ་སྦྲང་རྩིའི་བློ་གྲོས་ལ་སྦྱར་དགོས་པ་རྒྱུད་ལས་གསལ་བས། རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད་ཆིག་བརྒྱ་གྱ་གཉིས་ཀྱི་འབྲིད་གཞི་མེ་མཁའ་རྒྱ་མཚོ་ཡིན་པས། དོན་ལ་ཀླ་ཀློའི་གནས་ཚད་རྟོགས་པའི་ཕྱིར། དེ་བཞིན་གཤེགས་པས་རྒྱུད་གསུངས་ནས་ལོ་བརྐྱང་གསུམ་ལྷག་པའི་ལོ་བརྒྱ་ཕྲག་བཅོ་ལྔ་འདས་པའི་ཤིང་སྤྲེར་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པ་དང་སྦྲང་རྩིའི་བློ་གྲོས་ཞུགས་པ་དུས་གཅིག་པས་འདས་ལོ་མེ་མཁའ་རྒྱ་མཚོར་འཇོག་པ་ཀླ་ཀློ་ཞུགས་ནས་བསྡུས་རྒྱུད་འཕགས་ཡུལ་དུ་ཕེབས་ཀྱི་བར་གྱི་མཚམས་འཛིན་བྱེད་ཀྱི་ལོ་ཡིན་ཏེ། ལོ་དེ་རྫོགས་ཐ་མེ་སྟག་གི་མཇུག་ལ་འཕགས་ཡུལ་དུ་ཕེབས་ནས་དྲུག་ཅུ་སྐོར་དང་པོ་ནས་བསྲེ་བས་ལག་ལེན་དུ་བྱ་སླ་བའི་ཐབས་ལགས། བརྒྱ་གྱ་གཉིས་ཀྱིས་འབྲིད་པ་ནི་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པའི་ལོ་ཚད་ཀྱིས་འཕྲི་བ་སྟེ། དོན་དེ་སྲས་རྒྱལ་དཀས་ཆོས་བསྟན་པ་དང་། རྒྱུད་དུ་མ་འོངས་ལུང་བསྟན་གྱི་ཚུལ་དུ་རྩིས་འཕྲོ་སོགས་བཀོད་པའི་རང་ལུགས་ཀྱི་བྱེད་པ་ཕྱག་ལེན་ལ་བཏབ་པ་ཡིན་པས། བྱེད་པའི་འདས་ལོ་རང་ལ་ཉིས་བརྒྱ་ཉེར་གཅིག་ལ་དྲུག་ཅུ་སྐོར་བསྲེས་པས་ཆོག་པ་ལགས། ཡང་ཤམྦྷ་ལའི་ཡུལ་བཀོད་ད་རེས་རྒྱུད་འགྲེལ་ལ་བལྟ་རྟོག་འཇུག་ལོང་མ་བྱུང་རུང་ཆག་ལོས་དཔག་བསམ་སྙེ་མར་བཀྲལ་བ་ལྟར་རགས་ཙམ་འབུལ་ན། ཡུལ་གྱི་ཚད་དཔག་ཚད་སུམ་སྟོང་། མཐའ་མ་གངས་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་། ཆུས་བཅད་པས་ས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པ། དེའི་དབུས་ན་དཔག་ཚད་སྟོང་ཕྲག་གཅིག་པའི་ལྟེ་བ་ཟླུམ་ཞིང་མཐོ་བ་གངས་རིས་བསྐོར་བས་ཀཻ་ལ་ཤར་གྲགས་ལ། དེའི་དབུས་ན་ལྷས་བརྩིགས་པའི་ཕོ་བྲང་ཀ་ལཱ་པ་ཞེས་བྱ་བའི་གྲོང་ཁྱེར་ཆུ་ཞེང་དཔག་ཚད་བཅུ་གཉིས་པ། གྲོང་བྱེ་བས་བསྐོར་བ་ཡོད། ཀ་ལཱ་པའི་གྲོང་གི་ལྷོ་ན་མ་ལ་ཡའི་སྐྱེད་ཚལ། དེའི་ཤར་ན་ཉེ་བའི་ཡིད་ཀྱི་མཚོ་དང་། ནུབ་ན་པདྨ་དཀར་པོའི་མཚོ་ཡོད་དེ། དེ་གསུམ་ཀ་དཔག་ཚད་བཅུ་གཉིས་པར་ཚད་མཉམ། ཡུལ་དེའི་ཆུ་བོ་སྔོན་མོའི་བྱང་དུ་རུག་མ་དང་། དེའི་བྱང་དུ་སུ་རམྨ་དང་། ཆུ་དེའི་ལྷོར་ཙམྤ་ཀ་དང་། སྤྲེའུ་དང་གསེར་ཞེས་པའི་ཡུལ་ལ་སོགས་ཏེ། ཡུལ་ཆེན་པོ་བཅུ་གཉིས་ཕྱི་རོལ་གྱི་འདབ་མ་བརྒྱད་པོ་རེ་རེ་ལ་ཡོད་ལ། དེ་རེ་རེ་ལ་གྲོང་འབུམ་ཕྲག་རེས་བརྒྱན་པའི་ཡུལ་འཁོར་བརྒྱ་ཕྲག་རེ། ཡུལ་ཆེན་པོ་རེ་རེ་ལ་དབང་སྒྱུར་བའི་ལྷ་དང་ལྷ་མིན་དང་ཀླུས་སྤྲུལ་པའི་རྒྱལ་པོ་རེ་རེ་ཡོད་པས་རྒྱལ་ཕྲན་གོ་དྲུག་གོ་ཞེས་བཤད་པ་ལགས། སླད་མར་ཡང་ཕན་ཚུན་སྐུ་ཁམས་བཟང་བའི་ཐད་ནས། ངོས་མཇལ་གྱི་སྨོན་པ་ཞུ་ཞིང་། ཡུལ་དུས་ཀྱི་བསྐལ་བས་སྐབས་མ་མཆིས་ན་བཀའ་ཡིག་གི་ངོས་ནས་གསུང་གླེང་ཞུ་སྤྲོ་བས་ཐུགས་ལ་གཅགས་པ་མཁྱེན་མཁྱེན། རྟེན་ལེ་ཚན་བཅས་ཚེས་བཟང་པོར་ཕུལ་བའི་ཞུ་ཡིག །

༈ སྤྱན་གཡས་མཁན་པོའི་དྲི་ལན། གཟའ་ལྔའི་མྱུར་རྐང་གི་རྐང་འཛིན་གྱིས་རང་རང་གི་རྐང་པ་འཛིན་པའི་ཚེ། རིམ་མིན་སྐབས་རྐང་འཛིན་དག་པའི་རི་མོར་སྐར་མ་ཐིག་དང་ཆུ་ཚོད་ཉེར་དགུའི་བར་མཁའ་མེ་བསྲེ་མི་དགོས། ཆུ་ཚོད་སུམ་ཅུར་ལོངས་མཚམས་ནས་བཟུང་རིམ་མིན་ཇི་སྲིད་མ་རྫོགས་ཀྱི་བར་སླ་ཐབས་སུ་རྐང་འཛིན་དག་པ་ལ་མཁའ་མེ་བསྣན་པས་དེས་འཛིན་དགོས་ཏེ། དོན་ལ་མིག་དམར་ལྟ་བུར་མཚོན་ན་རྐང་པ་ཉེར་བཞི་ནས་ཉེར་བརྒྱད་ཀྱི་བར་གྱི་རྐང་གནས་བཅུ་གསུམ་པོ་རིམ་རིམ་མིན་གཉིས་སུ་ཟློས་པས་རྒྱུ་སྐར་ཉི་ཤུ་རྩ་དྲུག་གི་སྐར་མ་རེས་རྐང་པའི་ས་རེ་བཟུང་ཆོག་སྟེ། དེ་རྣམས་ཆུ་ཚོད་དྲུག་ཅུ་རེ་ན་རྐང་གནས་འཕོ་བས་བགོད་བྱེད་ཀྱང་མཁའ་རོས་བྱེད་པ་ཡིན་ལ། རིམ་པའི་ཕྱི་རྐང་ཐ་མ་དང་རིམ་མིན་གྱི་སྔ་རྐང་དང་པོ་སུམ་ཅུ་སོ་བཞི་རྒྱུ་བའི་ཚེ་ཆུ་ཚོད་སུམ་ཅུ་རེ་ན་འཕོ་དགོས་ཏེ། དེ་རིམ་རིམ་མིན་གཉིས་སུ་ཟློས་པས་སུམ་ཅུ་པ་ཚར་གཉིས་ལ་དྲུག་ཅུ་སྟེ་རྒྱུ་སྐར་ཉི་ཤུ་རྩ་བདུན་དང་འགྲིགས་པ་ཡིན་པས། དེ་ལ་བབས་དུས་སུམ་ཅུས་བགོད་པ་དང་། རིམ་པའི་རྐང་པ་འཛིན་ཚུལ་ལ་དཀའ་བ་མེད་ཀྱང་། རིམ་མིན་གྱི་ཚེ་རྐང་འཛིན་དག་པའི་ཆུ་ཚོད་སུམ་ཅུར་ལོངས་པས་རྐང་པ་དེ་རྫོགས་ནས། སོ་གཅིག་པ་ནས་རྐང་པ་ཉེར་བརྒྱད་པའི་སྟེང་ནས་བླངས་ཏེ་ཇི་སྲིད་རིམ་མིན་མ་རྫོགས་བར་རྐང་པ་ཕྱེད་ལེན་བྱེད་དགོས་པས། རི་མོའི་གོ་བའི་དབང་དུ་བྱས་ན་རྐང་འཛིན་ལ་སྐར་མ་ཐིག་དང་ཆུ་ཚོད་སོ་གཅིག་ལྟ་བུ་བྱུང་དུས། སུམ་ཅུས་རིམ་མིན་གྱི་རྐང་པ་དང་པོ་སོ་བཞི་པ་འཛིན། གཅིག་པོ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་བཞིན་དུ་རྐང་འཛིན་ལ་སྐར་མ་གཅིག་དང་ཆུ་ཚོད་ཐིག་ལྟ་བུ་བྱུང་ན་སྐར་མ་ཕྱེད་ཀྱིས་རིམ་མིན་གྱི་རྐང་པ་དང་པོ་འཛིན། ཕྱེད་པོ་ཆུ་ཚོད་དུ་ཕབ་ལ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ་དགོས་ནའང་། དེ་རི་མོ་དཀའ་ཚེགས་ཆེ་བས། སླ་ཐབས་སུ་རིམ་མིན་གྱི་རྐང་འཛིན་དག་པ་ལ་ཆུ་ཚོད་སུམ་ཅུར་ལོངས་པ་ནས་བཟུང་སྟེ། རིམ་མིན་མ་རྫོགས་པར་སུམ་ཅུ་སླ་ཐབས་སུ་བསྣན་ནས་སྐར་མ་རེ་རེས་རྐང་པའི་ས་རི་བཟུང་ཆོག་པ་བྱས་པ་ཡིན་ནོ། །ཡང་གཟའ་རྣམས་རང་ཁྱིམ་གར་གནས་བརྟག་ཐབས། ཕུག་པ་ཕྲིན་ལས་པས་གཟའ་ལྔའང་དལ་དག་དང་སྦྱར་ཏེ་བཤད་པ་ནི་མགོ་རྨོངས་པར་བྱ་བའི་ཕྱིར་ཟབ་དོན་སྦས་པ་ཡིན་པས་དོན་ལ་ཉི་དག་སྐར་མ། ཚེས་འཁྱུད་ཟླ་སྐར། གཟའ་ལྔའི་མྱུར་དག །སྒྲ་གཅན་གྱི་གདོང་དང་དུས་མེ། མཇུག་རིང་གི་ཡུལ་ལོངས་བཅས་པ་རྣམས་ལས། གང་བརྩིའི་སྐར་མ་མཁའ་རོས་བསྒྱུར་བ་ལ་ཆུ་ཚོད་བཅུག །མདའ་ཡོན་ཟླས་ཐོབ་པའི་ནོར་ནི་གདོང་མཇུག་གཉིས་མ་གཏོགས་པའི་གཟའ་གཞན་རྣམས་ཀྱི་ལུག་ཁྱིམ་ནས་ལུགས་འབྱུང་བགྲངས་པའི་རང་རང་གི་ཁྱིམ་ཟླ་འདས་པའི་གྲངས་དང་། གདོང་མཇུག་གཉིས་པོ་ཉ་ཁྱིམ་ནས་ལུགས་ལྡོག་ཏུ་བགྲངས་པའི་འདས་ཁྱིམ་སྟེ། ངོ་ཐོག་རང་ཁྱིམ་ད་ལྟ་བ་ཡིན་ནོ། །

༈ ཡང་དུས་སྦྱོར་གྱི་ཚེ་འདས་ཁྱིམ་ལ་དགུ་དང་། འདས་ཞག་བདུན་ལྟ་བུ་བྱུང་དུས། དོན་ལ་གཞུ་ཁྱིམ་རྫོགས་ནས། དེ་རིང་རྩི་བཞིན་པའི་ཞག་དེ་རྫོགས་པ་ཡན་ཆད་ལ་ཆུ་སྲིན་གྱི་སྟེང་ནས་ཁྱིམ་ཞག་བདུན་རྫོགས་པ་ཡིན་ཡང་། བོད་འདིར་ཁྱིམ་ཞག་བརྒྱད་པ་ནས་སྒང་གིས་འགོ་བཟུང་ནས་ཉིན་མཚན་གྱི་འཕེལ་འགྲིབ་བྱེད་པས་དེ་རྟོགས་ཕྱིར། སླ་ཐབས་སུ་འདས་ཞག་སྟེང་ནས་ཕྲི་བ་ཡིན་པས། དེ་དུས་ཞག་རེའི་འཕེལ་འགྲིབ་ཆུ་སྲང་གཉིས་དང་དབུགས་གཉིས་བྱང་ཁྱིམ་ཡིན་པས་ཉིན་ཚད་ལ་བསྣན་པས་སྟབས་བདེ་བ་ལགས།

༈ ཡང་དུས་སྦྱོར་ཕྱེད་བདག་བརྟག་ཐབས་ནི། ཉིན་ཚད་དང་མཚན་ཚད་གང་ཡིན་ལ་བཅུ་གཉིས་ཀྱིས་བགོས་ནོར་ཕྱེད་པའི་ཚད་ཡིན་ལ། དེ་འདྲའི་ཕྱེད་པ་རེ་རེ་ལ་རེས་གཟའ་ནས་འགོ་བརྩམས་ཏེ་ཉིན་མོ་དྲུག་སྐོར་དང་མཚན་མོ་ལྔ་སྐོར་དུ་འཆར་བས། དེའི་བརྟག་ཐབས་གང་བརྩིའི་དུས་ཡན་ལ་འདས་པའི་ཕྱེད་པ་ངོས་བཟུང་ལ། དེ་ཉིན་མོ་ལྔ་དང་མཚན་མོ་བཞིས་བསྒྱུར། རེས་གཟའ་གང་ཡིན་གྱི་གྲངས་བྱིན། བདུན་གྱིས་དོར་བའི་ལྷག་དེ་ཕྱེད་ཀྱི་གཟའ་ཡིན་ནོ། །

༈ ཡང་ཟླ་བའི་སྙིགས་མའི་སྐབས་ཟླ་སྐར་མན་ངག་ལྟར་བཙལ་ཞེས་པ་ནི། རྩི་བཞིན་པ་ཡན་གྱི་ཟླ་སྐར་ལོངས་སྤྱོད་ལ་གཞི་བྱེད་དགོས་ཕྱིར། དོན་ལ་ཚེས་འཁྱུད་ཟླ་སྐར་ཡིན་པས་བརྟག་ཐབས། ཚེས་འཁྱུད་ཟླ་བའི་སྐར་མ་གང་། །མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག །མདའ་ཡོན་ཟླ་བས་བགོ་སོགས་ཀྱིས། །ཟླ་བ་གང་ལ་གནས་པ་ཡི། །ལུག་ལ་སོགས་པའི་ཁྱིམ་ཞེས་འགྱུར། །དེ་ནས་ཟླ་བའི་འདས་ཁྱིམ་གང་། །བརྟགས་ལྷག་ཆུ་ཚོད་ཆུ་སྲང་རྣམས། །ཉི་མས་བསྒྱུར་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་ལ་ལྷག་བྱུང་ན། །གཅིག་བྱིན་བྱས་པའི་ནོར་རྣམས་དང་། །པྲ་བ་སི་སོགས་བཅུ་གཉིས་སྦྱོར། །ཞེས་པའོ། །

༈ ཡང་རྟེན་འབྲེལ་བརྩི་ལུགས་སྒང་ནས་སྒང་གི་བར་ལ་འདེད་པ་འདི་ཆོས་རྗེ་ཕྲིན་ལས་པས་རྐྱང་མོ་རིག་འཛིན་པའི་དྲི་ལན་དུ་སྩལ་བའི་ཕུག་ལུགས་གཙང་མ་ཡིན་ཀྱང་། དུས་འཁོར་རྒྱུད་འགྲེལ་དང་གདན་བཞིའི་རྒྱུད་སོགས་སུ་གསུངས་པ་དང་འགལ་བས་བཏང་སྙོམས་སུ་བྱས་ནས། ད་ལྟ་ངེད་རྣམས་དུས་འཁོར་རྒྱུད་འགྲེལ་བཞིན་བྱེད་པ་ལགས་པས། དེའི་འཆར་ཚུལ་ནི། འཆར་གཞི་ཟླ་བ་བཅུ་གཉིས་ལ་ཉིན་ཞག་སུམ་ཅུའམ་ཉེར་དགུ་སྟེ། ངོ་རེར་བཅོ་ལྔའམ་བཅུ་བཞི་དང་། རེས་འགའ་བཅུ་དྲུག་འབྱུང་བའང་སྲིད་པས་དེ་ངེས་པར་བྱས་ཏེ། ཟླ་བ་བཅུ་གཉིས་པོའི་དཀར་པོའི་ཚེས་གཅིག་དང་། མར་ངོའི་ཚེས་གཅིག་སྟེ་བཅུ་དྲུག་ལ་ཟླ་བའི་བདག་པོ་གང་ཡིན་ཏེ། གསུམ་པར་མིང་གཟུགས། བཞི་པར་སྐྱེ་མཆེད། ལྔ་པར་རེག་པ། དྲུག་པར་ཚོར་བ། བདུན་པར་སྲེད་པ། བརྒྱད་པར་ལེན་པ། དགུ་པར་སྲིད་པ། བཅུ་པར་སྐྱེ་བ། བཅུ་གཅིག་པར་རྒ་ཤི །བཅུ་གཉིས་པར་མ་རིག་པ། དང་པོ་འདུ་བྱེད། གཉིས་པར་རྣམ་ཤེས་རྣམས་འཆར་ཞིང་། དེ་ནས་འགོ་བཟུང་སྟེ་ཚེས་གཉིས་སོགས་ལ། ནག་ཟླ་སོགས་མི་མཉམ་པའི་ཟླ་བ་དྲུག་ལ་ཟླ་སྟོད་ལུགས་ལྡོག་དང་། ཟླ་སྨད་ལུགས་འབྱུང་། ས་གའི་ཟླ་བ་སོགས་མཉམ་པའི་ཟླ་བ་དྲུག་ལ་ཟླ་སྟོད་ལུགས་འབྱུང་། ཟླ་སྨད་ལ་ལུགས་ལྡོག་སྦྱར་བས། ཚེས་གྲངས་ངོ་གཉིས་ཀའི་བཅུ་གཉིས་བར་གྱི་རྟེན་འབྲེལ་འགྲིགས། དེ་ནས་བཅུ་གསུམ། བཅུ་བཞི། བཅོ་ལྔ་པ་གསུམ་ལ་རང་རང་གི་ཞག་གསུམ་པ། བཞི་པ། ལྔ་པ་ལ་འཆར་བའི་རྟེན་འབྲེལ་སྦྱར། རེས་ངོ་རེར་ཉིན་ཞག་བཅུ་དྲུག་པ་བྱུང་ན། རང་རང་གི་དྲུག་པའི་རྟེན་འབྲེལ་སྦྱོར་ཞིང་། ཉིན་ཞག་བཅུ་བཞི་བྱུང་ན་བཅོ་ལྔ་པའི་རྟེན་འབྲེལ་དོར་བས་ཆོག །ཟླ་ལྷག་ཡོད་པའི་ཚེ། གྲུབ་རྩིས་ཀྱི་ཟླ་དག་འཕར་བ་དང་བསྟུན་པའི་ལྷག་པའི་ཕྱི་མར་བལྡབས་ཏེ་སྦྱོར་བ་ཡིན་ཏེ། རྒྱུད་འགྲེལ་དུ། འཆར་བའི་གཞི་དེ་གཟའ་དང་། ངོ་དང་ཁྱིམ་གསུམ་དང་སྦྱར་ནས་གསུངས་པའི་གནད་བཀྲོལ་བའི་ལེགས་བཤད་ཡིན་ནོ། །

༈ ཡང་སྒྲ་གཅན་གྱི་ཐེབས་འཁོར་ལོའི་སྟེང་ནས་བརྩི་ན། དུས་ཚོད་གང་ཡིན་གྱི་སྟེང་དུ་ཉི་སྐར་དང་གདོང་མཇུག་གཉིས་རང་གར་གནས་ཀྱི་སྐར་མའི་སྟེང་དུ་བཞག་པས། མདེའུའི་རྩེ་གར་གཏད་དུ་ཐེབས་པ་ཡིན་ལ།

༈ ཡང་རྐང་པ་བརྒྱ་པའི་འཁོར་ལོའི་སྐབས། སྐར་མའི་རྐང་པ་རེ་ལ་ཡི་གེ་རེ་ཡོད་པ་མིང་ཡིག་རྒྱ་སྐད་ལ་བདེ་མོད། བོད་སྐད་ལ་རྩི་དུས་སྔ་རབས་ཀྱི་རྩིས་པ་ཡིད་འཇོག་བྱེད་པ་རྣམས་ཀྱིས་ཀྱང་། མི་རེས་ཁ་རེ་བཏོན་ནས་མི་གཅིག་པ་ཤ་སྟག་སྣང་ཞིང་། ཕུག་ལུགས་ཀྱི་འགྲེལ་པ་མཆོག་དགར་བོད་ཀྱི་མིང་རྒྱ་གར་གྱི་སྐད་དུ་བསྒྱུར་ཏེ། དཔེར་ན་ཞིང་སྐྱོང་ཞེས་པ་ལྟ་བུར། ཞ་ཡིག་རྒྱ་གར་གྱི་ཡི་གེར་མེད་པས། ཀྵེ་ཏྲ་ཞེས་བསྒྱུར་ནས། གང་ཚེ་ཡི་གེ་བརྩེགས་མ་ཡོད། །དེ་ཚེ་སྟེང་མ་གཟུང་བར་བྱ། །ཞེས་པ་ལྟར་དང་པོར་ཀ་བྱུང་བས། མགོའི་རྐང་པ་གསུམ་པའི་ཡི་གེ་བརྩི་བར་བཤད་པ་དང་། གལ་ཏེ་རྒྱ་སྐད་དུ་བསྒྱུར་མ་ཤེས་ན། ཐོག་མའི་ཞ་དོར་ནས། དེའི་སྲོག་གི་ཨི་ལ་ཐོག་མ་བྱས་ཏེ་སྨིན་དྲུག་གི་རྐང་པ་གཉིས་པའི་ཡི་གེ་ལ་བརྩི་བར་བཤད་པས་ཐམས་ཅད་ལ་འགྲེ་ཤེས་སོ། །

༈ ཡང་ཉི་མ་བཅུ་གཉིས་དང་ས་བདག་རྣམས་ཚེས་ཞག་གི་རྗེས་སུ་འབྲང་བ་མཁས་པའི་མན་ངག་ཡིན་པས། རེས་གཟའི་ཆུ་ཚོད་ཀྱི་གནས་ན་གང་འདུག་རྫོགས་པ་དང་དེ་ཉིན་གྱི་ཉི་མ་ས་བདག་རྣམས་རྫོགས་ནས། ཚེས་ཁུངས་ཕྱི་མའི་དེ་ཡར་འཚང་བ་ཡིན་ནོ། །

༈ ཡང་ཚེས་འཁྱུད་ཟླ་སྐར་ལ་འདས་ཁྱིམ་འདས་ཞག་བརྟགས་པ་དེ། རེས་འགྲོགས་ཟླ་སྐར་དང་མི་མཐུན་པ་ཆོས་ཉིད་ཡིན་ཏེ། ཚེས་འཁྱུད་ནི་ད་ལྟ་ཡན་སྤྱོད་བཞིན་པའི་ལོངས་སྤྱོད་ཡིན་ལ། རེས་འགྲོགས་ནི་ཞག་སྔ་མ་ལ་སྤྱད་ཟིན་འདས་པ་ཡིན་པའི་ཕྱིར་རོ། །

༈ ཡང་ཉི་འཛིན་གྱི་སྐབས་བསྒྲིབ་བྱ་སྒྲིབ་བྱེད་གཉིས་ཕན་ཚུན་སྦྱངས་ལྷག་གི་ཚོགས་དེས་མཁའ་རོར་ཕྲི་ལྷག་ཉི་མས་བསྒྱུར་ལ་མཁའ་རོས་བགོས་ནོར་དེས་ཇི་ཙམ་སྒྲིབ་པའི་ཆ་སྟོན་པ་ནི། འགྲེལ་ཆེན་ལས། དེ་ཡང་ཐམས་ཅད་འཛིན་པའི་དབང་གིས་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་དང་། ཞེས་ཉི་མ་ཆ་བཅུ་གཉིས་ཅན་ཡིན་པས་ནོར་ལ་དྲུག་བྱུང་ན་ཕྱེད་འཛིན་པ་སོགས་རིགས་འགྲེ་བ་ཡིན་མོད། འོན་ཀྱང་ཚེས་ཀྱི་འཕེལ་འགྲིབ་ཀྱི་གནད་སོགས་ངེས་པས་ནུར་སྟེར་གྱི་མན་ངག་སོགས་མྱོང་བས་ཀྱང་བརྒྱན་དགོས་པའི་ཕྱིར། ཡི་གེ་ཉུང་ངུ་ཙམ་གྱིས་མཐའ་ཆོད་པ་དཀའོ། །

༈ ཡང་ཞག་གསུམ་གྱི་བར་ཁྱད་རགས་ཙམ་གྱི་གོ་བའི་གནད་ནི་ཚེས་ཞག་རེ་བདུན་ཁྱིམ་ཞག་རེ་ལྔ་དང་། ཚེས་ཞག་ཉི་མ་འདོད་ཟླ་ལ་ཉིན་ཞག་འབྱུང་འདོད་དྲག་པོ་འབྱུང་བ་སོགས་ཀྱི་གནད་མཁྱེན་པར་འགྱུར་ཞིང་། དེ་ཡང་འཇིག་རྟེན་དུ་བྲེ་ལྟ་བུ་འཇལ་བྱེད་ཆུང་བས་གཞལ་ན་གྲངས་མང་བ་དང་། ཆེ་བས་གཞལ་ན་གྲངས་ཉུང་བ་ཆོས་ཉིད་ཡིན་པ་བཞིན། རྟག་ལོངས་ཀྱི་དུས་ཚེས་ཞག་ང་དགུ་རྗེས་འབྲང་དང་བཅས་པས་གཞལ་བའི་ཚེས་ཞག་དཀྱིལ་འཁོར་ལ་སུམ་བརྒྱ་དོན་གཅིག་དང་། ཞག་གཅིག་བཅུ་གསུམ་ཆར་བྱས་པའི་ཆ་གཅིག །ཉིན་ཞག་རྟག་ལོངས་ཆུ་ཚོད་དྲུག་ཅུས་གཞལ་བའི་ཉིན་ཞག་དཀྱིལ་འཁོར་ལ་སུམ་བརྒྱ་རེ་ལྔ་རྗེས་འབྲང་དང་བཅས་པ། ཁྱིམ་ཞག་རྟག་ལོངས་ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་ང་གཉིས་རྗེས་འབྲང་དང་བཅས་པས་གཞལ་བའི་ཁྱིམ་ཞག་དཀྱིལ་འཁོར་ལ་སུམ་བརྒྱ་དྲུག་ཅུ་འབྱུང་བ་བཞིན་ནོ། །དེས་ན་ཞག་ལ་ནོར་དུ་སོང་ན་ལོངས་སྤྱོད་ལ་བུ་ལོན་དང་། ལོངས་སྤྱོད་ལ་ནོར་དུ་སོང་ན་ཞག་ལ་བུ་ལོན་དུ་འགྱུར་ཚུལ་གྱི་གནད་རྟོགས་པས་བར་ཁྱད་ཀྱི་རི་མོ་ཐམས་ཅད་འཁྲོལ་བར་འགྱུར་བ་ལགས། དགེའོ།། །།


previousལེགས་བཤད་ཉི་མའི་སྙིང་པོ་ལས། སྐར་ནག་རྩིས་ཀྱི་དྲི་ལན་སྐོར་ཕྱོགས་བསྡུས་བཞུགས།next