Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
 
  
  
ལེགས་བཤད་ཉི་མའི་སྙིང་པོ་ལས། དྲི་བ་སྣ་ཚོགས་ཀྱི་ལན་ཕྱོགས་བསྡོམས་བཞུགས།
  
  


5 occurrences of ཁྲོལ་བུ་
[Clear Hits]

 
previousལེགས་བཤད་ཉི་མའི་སྙིང་པོ་ལས། དྲི་བ་སྣ་ཚོགས་ཀྱི་ལན་ཕྱོགས་བསྡོམས་བཞུགས།next

ལེགས་བཤད་ཉི་མའི་སྙིང་པོ་ལས། དྲི་བ་སྣ་ཚོགས་ཀྱི་ལན་ཕྱོགས་བསྡོམས་བཞུགས།

༄༅། །དྲི་ལན་སྐོར་རྨོངས་པའི་མུན་སེལ་ལེགས་བཤད་ཉི་མའི་སྙིང་པོ་ལས། དྲི་བ་སྣ་ཚོགས་ཀྱི་ལན་ཕྱོགས་བསྡོམས་བཞུགས། བྱ་ས་ཞབས་དྲུང་སྐུ་གཞོན་པའི་དྲི་ལན། དེ་ཡང་རྒྱལ་ཚབ་མི་ཕམ་མགོན་གྱིས་མདོ་སྡེ་རྒྱན་དུ། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་གསུངས་པ་ལྟར་བྱང་སེམས་འཕགས་པ་རྣམས་ཐབས་ལ་མཁས་པས་སེམས་ཅན་རྣམས་འདུལ་བའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་གང་ལ་གང་འདུལ་གྱི་རྣམ་པར་རོལ་པ་མཐའ་ཡས་པ་སྟོན་པར་མཛད་པ་ནི་ཆོས་ཉིད་ཡིན་ལ། དེ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་ནམ་འབྱུང་བའི་དུས་ནི། མངོན་པ་མཛོད་ལས། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །ཞེས་པས་ཚེ་ལོ་དཔག་མེད་ནས་སྟོང་ཕྲག་བརྒྱད་ཅུ་ཐུབ་པའི་བར་འབྱུང་གི །དེ་ལས་ཐུང་བའམ་འཕྱི་བ་ལ་འབྱུང་བ་མ་ཡིན་ཏེ། ལོངས་སྤྱོད་མི་རྫོགས་པའི་ཕྱིར་སྙམ་དུ་དགོངས་སོ། །དེ་ལྟ་བུའི་འཁོར་ལོས་རྒྱལ་སྲིད་ལ་དབང་སྒྱུར་བའི་རྒྱལ་པོ་ལ་རིགས་དུ་ཙམ་ཞིག་ཡོད་སྙམ་ན། མཛོད་ལས། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ཞེས་པས་མཆོག་གསེར་གྱི་འཁོར་ལོས་སྒྱུར་བས་གླིང་བཞི་ལ་དབང་བྱེད་ཅིང་། དེ་བཞིན་དུ་ཉེ་བའི་མཆོག་དངུལ་གྱི་འཁོར་ལོས་སྒྱུར་བས་གླིང་གསུམ་དང་། འབྲིང་ཟངས་ཀྱི་འཁོར་ལོས་སྒྱུར་བས་གླིང་གཉིས་དང་། ཐ་མ་ལྕགས་ཀྱི་འཁོར་ལོས་སྒྱུར་བས་གླིང་གཅིག་ལ་དབང་བྱེད་པ་ཡིན་ལ། དབང་སྒྱུར་ཚུལ་ནི། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་གསུངས་པ་ལྟར་གསེར་གྱི་འཁོར་ལོས་ནི། ཕ་རོལ་རྒྱལ་ཕྲན་རྣམས་ཀྱིས་མདུན་བསུ་བའི་ཚུལ་གྱིས་ཕྱོགས་ལས་རྒྱལ་བར་བྱེད་ཅིང་། དེ་བཞིན་དུ་དངུལ་གྱིས་རང་འགྲོ་བ་དང་། ཟངས་ཀྱིས་གཡུལ་བཤམས་པ་ཙམ་དང་། ལྕགས་ཀྱིས་གཡུལ་བཤམས་ནས་མཚོན་བརྩམས་པ་ཙམ་གྱིས་འདུད་ཅིང་རྒྱལ་བར་བྱེད་པ་ལས། ཆབ་འབངས་རྣམས་དགེ་བཅུའི་ལམ་ལ་འགོད་པར་མཛད་པས་ཕ་རོལ་པོའི་སྲོག་གཅོད་པ་སོགས་གནོད་པར་འགྱུར་བ་ནི་མེད་དོ། །ཡོན་ཏན་གྱི་ཁྱད་པར་ནི། མཛོད་འགྲེལ་ལས། དེ་དག་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱང་ཡོད་དེ། དཔེར་ན་སངས་རྒྱས་རྣམས་ཀྱི་བཞིན་ནོ། །ཞེས་གསུངས་ལ། འོན་ཀྱང་སངས་རྒྱས་ཀྱི་མཚན་བཟང་དང་ཁྱད་པར་ཆེ་སྟེ། ཐུབ་པའི་མཚན་ནི་ཡུལ་མ་འགྱུར་ས་ན་གནས་པ་དང་། འོད་དང་ཆ་ཤས་གསལ་ཞིང་རྫོགས་པས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། མངོན་འབྱུང་ལས། མཚན་མི་གསལ་དང་ལྡན་ན་མིའི་དབང་པོ། །གླིང་བཞི་རྣམས་ཀྱི་དབང་ཕྱུག་བདག་པོར་འགྱུར། །ཐུབ་དབང་མཚན་ནི་ཤིན་ཏུ་གསལ་བས་ན། །མི་མཆོག་སངས་རྒྱས་ཆོས་འཁོར་བསྐོར་བར་འགྱུར། །ཞེས་དང་། མཛོད་ལས་ཀྱང་། ཐུབ་མཚན་ཡུལ་ལ་གནས་པ་དང་། །གསལ་བར་རྫོགས་པས་འཕགས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྔོན་འཇིག་རྟེན་དུ་འཁོར་ལོས་སྒྱུར་བ་འབྱུང་བའི་ཚེ། །གླང་ཆེན་ས་སྲུང་གི་བུས་རྒྱལ་པོ་ཉིད་སྣས་བླངས་ཏེ་གསེར་གྱི་ཁྲི་ལ་བཞག་པ་ལ། སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷའི་ཆུ་བོ་དྲི་མ་མེད་པས་ཡོངས་སུ་གང་བའི་བདུད་རྩིའི་བུམ་པ་བླངས་ཏེ། སྤྱི་བོ་ནས་ཁྲུས་གསོལ་བས་འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་བསྐུར་རོ། །ཞེས་གྲགས་ལ། འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་དག་གི་ཡོན་ཏན་གྱི་ཁྱད་པར་ནི། རྒྱ་ཆེ་རོལ་པ་ལས། འཁོར་ལོ་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་མཆོག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་ནོ། །ཞེས་གསུངས་པ་ལྟར། མངོན་འབྱུང་གི་མདོ་དང་། འདུལ་བ་ལུང་ལས་ཀྱང་བཤད་ཅིང་། དེ་ལ་ལུང་འདིར་བུད་མེད་ཅེས་པ་ནི་བཙུན་མོ་རིན་པོ་ཆེ་དང་། ཁྱིམ་བདག་ནི་བློན་པོ་རིན་པོ་ཆེ་དང་། བློན་པོ་ཞེས་པ་ནི་དམག་དཔོན་རིན་པོ་ཆེ་ཡིན་ལ། དེ་ཡང་འཁོར་ལོ་རིན་པོ་ཆེ་ནི། མངོན་འབྱུང་གི་མདོ་ལས། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་ཞེས་གསུངས་པ་ལྟར། རྒྱུ་གསེར་རམ་དངུལ་སོགས་བཞི་ལྷ་རྫས་ཀྱི་དྭངས་མ་ལས་གྲུབ་པ། དབྱིབས་ལྟེ་བ་ཤིན་ཏུ་ཟླུམ་པ་རྩིབས་སྟོང་རྣམ་པར་བཀྲ་ཞིང་མུ་ཁྱུད་དང་ལྡན་པ་བཟོ་བོས་མ་བྱས་པར་རང་བྱུང་བ་སྟེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔའི་ཉིན་ཕོ་བྲང་གི་སྟེང་གི་ཁྱམས་སུ་ཁྲུས་བྱས་ཏེ། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཞིང་འདུག་པའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་ཤིང་ཏཱ་ལ་བདུན་ཙམ་གྱི་ཐད་ཀྱི་མདུན་གྱི་ནམ་མཁའ་ལས་བྱུང་སྟེ། རྒྱལ་པོས་བསམ་པ། བསོད་ནམས་ཀྱི་མཐུས་བདག་ནི་ངེས་པར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་སྙམ་ནས། ཀྱཻ། འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པའི་ལམ་སྲོལ་གང་ཡིན་པར་རྣམ་པར་རྒྱལ་བར་གྱུར་ཅིག །ཅེས་སྨྲས་པས་ནམ་མཁའ་ལ་འཕགས་ཏེ་དཔག་ཚད་འབུམ་དུ་ཉི་མ་གཅིག་ལ་ཐོགས་མེད་དུ་སྔོན་གྱི་ལམ་སྲོལ་གང་ཡིན་པ་ལྟར་གླིང་རྣམས་སུ་རིམ་པར་འགྲོ་ཞིང་། དེའི་རྗེས་སུ་འཁོར་ལོ་སྒྱུར་བའི་དཔུང་ཚོགས་ཡན་ལག་བཞི་དང་བཅས་པ་ཡང་ནམ་མཁའ་ལ་སོང་བས། གླིང་དེ་དང་དེའི་རྒྱལ་ཕྲན་རྣམས་ཀྱིས་མདུན་དུ་ལྷགས་ཏེ་བསུས་ནས། ལྷ་བྱོན་པ་ལེགས། ཡུལ་འདི་ནི་ལྷའི་ལགས་ཀྱིས་རྗེས་སུ་བསྐྱང་དུ་གསོལ། ཞེས་ཕུལ་བ་ལ་དགེ་བཅུའི་ཁྲིམས་ཀྱིས་བཀའ་བསྒོས་ཏེ་གླིང་བཞི་བསྡུས་ནས་འཁོར་ལོ་ཉིད་སླར་རྒྱལ་པོའི་ཕོ་བྲང་དུ་འོངས་ནས་དཀོར་ཁང་གི་སྟེང་དུ་སྲོག་ཤིང་བཙུགས་པ་བཞིན་གནས་པར་བཤད། འདི་ནི་གསེར་གྱི་འཁོར་ལོ་སྒྱུར་བའི་དབང་དུ་བྱས་པ་སྟེ། དངུལ་གྱི་འཁོར་ལོ་རང་འགྲོ་བས་གླིང་གསུམ་ལ་དབང་སྒྱུར་བ་ལ་སོགས་པའང་ཤེས་པར་བྱ་བ་ཡིན་ནོ། །གླང་པོ་རིན་པོ་ཆེ་ནི། མངོན་འབྱུང་ལས། ཡན་ལག་ཐམས་ཅད་ལེགས་པར་སྐྱེས་པ་ནི། །རབ་གནས་གངས་ཅན་རི་འདྲའི་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །རིན་ཆེན་མཆོག་དེ་འདི་ཡིས་ཐོབ་པར་འགྱུར། །ཞེས་གསུངས་པས། རྒྱལ་པོའི་བསོད་ནམས་ཀྱི་ཤུགས་ལས་དུས་སུ་བྱུང་བའི་གླང་པོ་ཆེ་རྐང་ལག་བཞི། མཇུག་མ། མཚན་མ། སྣ་ཞགས་ཏེ་ཡན་ལག་བདུན་པོ་ཐམས་ཅད་ས་ལ་ལེགས་པར་གནས་པ། གཟུགས་ཆེ་ཞིང་མཛེས་པ་ལྟ་ན་སྡུག་ལ་བརྟན་པ་མེ་ཏོག་ཀུ་མུ་དའི་མདངས་སམ་གངས་རི་ལྟར་དཀར་ཞིང་། མཁའ་ལ་འགྲོ་བ། རྒྱལ་པོ་མཐོང་ནས་སེམས་མངོན་པར་དང་བར་འགྱུར་བ་སྟེ། དེ་ལ་ཅང་ཤེས་པ། བཀའ་ལ་ཉན་པ། ཡན་ལག་བདུན་ཤིན་ཏུ་གནས་པ། འདུལ་དཀའ་བའི་ཕ་རོལ་གྱི་སྡེ་ལས་རྒྱལ་བ། ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ནུས་པ། ཉིན་གཅིག་ལ་འཛམ་གླིང་བསྐོར་ནུས་པ། རྒྱལ་པོ་གང་དུ་འགྲོ་འདོད་པ་དེར་མ་བསྐུལ་ཡང་འཇུག་པ། གཙུག་ན་གསེར་གྱི་རྒྱལ་མཚན་གྱིས་བརྒྱན་པ། གསེར་གྱི་དྲྭ་བས་གཡོགས་པ་སྟེ། ཡོན་ཏན་བརྒྱད་དང་ལྡན་པར་བཤད་དོ། །རྟ་མཆོག་རིན་པོ་ཆེ། མངོན་འབྱུང་ལས། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་འདི་ཡིས་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཁ་དོག་རྨ་བྱའི་མགྲིན་པའི་སྤུ་ལྟར་ཤིན་ཏུ་མཚར་ཞིང་ཡིད་དུ་འོང་བ། རྔམས་པ་མཛེས་པ་སྟེ་དབྱིབས་ཕུན་སུམ་ཚོགས་པ། ཐོ་རངས་ས་ཐམས་ཅད་བསྐོར་ནས་སླར་ལྡོག་ནུས་པའམ་བསྒོས་ན་ཉིན་གཅིག་ལ་འཛམ་གླིང་ལན་གསུམ་དུ་བསྐོར་ནུས་པ། ལུས་ལ་ནད་དང་གཅོང་མེད་པ། ནོར་བུའི་གཙུག་སོགས་མཚན་མ་བཟང་པོ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། རྒྱལ་པོས་ཞོན་ཚེ་གུས་པར་བྱེད་པ། རྣམ་པར་སྤྲུལ་པའི་ཆོས་ཅན་གྱི་རྫུ་འཕྲུལ་དང་ལྡན་པ་སྟེ་ཡོན་ཏན་བརྒྱད་ལྡན་ནོ། །བཙུན་མོ་རིན་པོ་ཆེ་ནི། མངོན་འབྱུང་གི་མདོ་ལས། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ། ཞེས་གསུངས་པ་ལྟར། ཚུལ་དང་མཐུན་པ་རྒྱལ་རིགས་སུ་སྐྱེས་པ། གཟུགས་ཧ་ཅང་རིང་བའམ་ཐུང་བ། སྦོམ་པའམ་ཕྲ་བ། བརྒྱགས་པའམ་སྐེམ་པ་མ་ཡིན་པར་སྙོམ་པ། ཁ་དོག་ཀྱང་ཧ་ཅང་དཀར་བའམ་ནག་པ་མ་ཡིན་པ། ཁ་དོག་བཟང་ཞིང་རྒྱས་ལ་མཆོག་དང་ལྡན་པ། མཛེས་ཤིང་ལྟ་ན་སྡུག་པ། བ་སྤུའི་བུ་ག་ཐམས་ཅད་ནས་ཙནྡན་གྱི་དྲི་བྲོ་བ། ཁ་ནས་ཨུཏྤ་ལའི་ངད་དང་ལྡན་པ། པགས་པ་ཀ་ཙ་ལིནྡའི་གོས་ལྟར་འཇམ་པས་རེག་ན་བདེ་བ། གྲང་དུས་དྲོ་ཞིང་དྲོ་བའི་དུས་ན་བསིལ་བ། སྐྱེས་པ་གཞན་ལ་ཆགས་པའི་ཡིད་མི་གཡོ་བ། དགེ་བའི་ལས་ཀྱི་རྗེས་སུ་ཞུགས་པ། གྲོགས་ལ་ཡིད་སྡུག་ཅིང་གུས་པར་བྱེད་པ། ཁ་ན་མ་ཐོ་བ་ཐམས་ཅད་དང་བྲལ་བས་ངང་ཚུལ་བཟང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ནོར་བུ་རིན་པོ་ཆེ་ནི། མངོན་འབྱུང་ལས། རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུཪྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དེ་འདིས་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རྒྱལ་པོའི་བསོད་ནམས་ཀྱི་དཔལ་ལས་གྲུབ་པའི་ནོར་བུ་བཻཌཱུཪྱ་ཟུར་བརྒྱད་པ། མི་ཆེན་པོའི་བརླ་གང་ཙམ་པ། དྭངས་ལ་གསལ་བ། དེའི་འོད་ཀྱིས་ཁོར་ཡུག་ཏུ་དཔག་ཚད་གཅིག་ཙམ་དུ་སྣང་བ་ཆེན་པོས་ཁྱབ་པར་བྱེད་པས། མཚན་ཡང་ཉིན་མོ་བཞིན་དུ་གསལ་བའི་ཁྱད་ཆོས་གསུམ་དང་ལྡན་པ་སྟེ། གཞན་ཡང་སྐོམ་པས་གདུང་པའི་ཚེ་ཡན་ལག་བརྒྱད་ལྡན་གྱི་ཆུ་འབྱུང་བ་དང་། དཔག་ཚད་བརྒྱས་འཁོར་བར་ནད་མེད་པ་དང་། དུས་མ་ཡིན་པའི་འཆི་བ་མི་འབྱུང་བ་སོགས་ཡོན་ཏན་བརྒྱད་ལྡན་དུ་བཤད་དོ། །བློན་པོ་རིན་པོ་ཆེ་ནི། མངོན་འབྱུང་ལས། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་འདི་ཡིས་ཐོབ་པར་འགྱུར། །ཞེས་པ་ལྟར་རྒྱལ་པོའི་བསོད་ནམས་ཀྱི་དཔལ་ལས་བྱུང་བའི་བློན་པོ་མཁས་པ་གསལ་ལ་ཡིད་གཞུངས་པ་ལྷའི་མིག་དང་ལྡན་པས་དཔག་ཚད་ཁོར་ཡུག་ཏུ་གཏེར་མཐོང་བ་སྟེ། མདོར་ན་གསེར་སོགས་རིན་ཆེན་མང་པོ་རྩོལ་མེད་དུ་འབྱུང་ཞིང་ཟད་པ་མེད་པ། རྒྱལ་པོའི་བཀའ་ཉན་ཅིང་ལས་ལ་ཡིད་གཞུངས་པ། རྒྱལ་པོའི་བསམ་པ་ཇི་ལྟ་བ་བཞིན་རྟོགས་པས་མ་བསྒོས་ཀྱང་སྒྲུབ་པ། གཞན་ལ་གནོད་པ་མེད་པ་སྟེ་ཡོན་ཏན་བཞི་ལྡན་དུ་བཤད་དོ། །དམག་དཔོན་རིན་པོ་ཆེ་ནི། མངོན་འབྱུང་ལས། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན། ཞེས་གསུངས་པ་ལྟར། རྒྱལ་པོའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་དམག་དཔོན་མཁས་ཤིང་གསལ་ལ་ཡིད་གཞུངས་པ། རྒྱལ་པོས་ཡིད་ལ་བསམ་པའི་བྱ་བ་རྣམས་མ་བསྒོས་ཀྱང་སྒྲུབ་པ། དཔའ་རྩལ་གྱི་ཡོན་ཏན་རྫོགས་པ། རང་དོན་ལ་ཆོས་མ་ཡིན་པ་རྣམ་པར་སྤངས་པ། གཞན་ནོར་གྱི་ངོ་དགར་མ་ཆགས་པས་རིགས་པའི་བྱ་བ་ཚུལ་བཞིན་དུ་བྱེད་པ། གཞན་ལ་གླགས་ལྟ་བའི་འགྲོ་ལྡོག་དང་འོང་བའི་དུས་ཚོད་ཤེས་པས་ཕས་རྒོལ་འཇོམས་པའི་མཐུ་སྟོབས་ཀྱི་དཔལ་མངའ་བ་སོགས་ཡོན་ཏན་བརྒྱད་དང་ལྡན་པར་བཤད་དོ། །གཞན་ཡང་མངོན་འབྱུང་ལས། དཔའ་ཞིང་བརྟུལ་ཕོད་ཡན་ལག་མཆོག་གཟུགས་ལྡན། །བུ་སྟོང་དག་ནི་འདི་ལ་འབྱུང་འགྱུར་ཞིང་། །ཞེས་པས་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་ཕས་རྒོལ་འཇོམས་ཤིང་སྲིད་སྡེ་འཛིན་པའི་བུ་སྟོང་ཕྲག་རེ་འབྱུང་བར་བཤད་ཅིང་། དགྲ་ཟིལ་གྱིས་གནོན་པའི་མདའ་གཞུ་སོགས་དང་། ཉེ་བའི་རིན་ཆེན་བདུན་ཞེས་རྒྱལ་པོའི་ཁོ་ལག་ཏུ་བཟོད་པའི་རལ་གྲི་འོད་ཟེར་སྔོན་པོར་འཕྲོ་བ་དང་། ཚོང་པས་ཕུལ་བའི་ཀླུའི་པགས་པ་དང་། དགའ་བའི་ནགས་ཚལ་དང་། ཐགས་བཟང་པོ་མཆོག་ཏུ་འཇམ་ལ་དྲི་མ་མེད་པའི་གོས་དང་། ཆུ་ལ་མི་འབྱིང་ཞིང་དཔག་ཚད་བརྒྱར་ཡང་བགྲོད་ནུས་པའི་ལྷམ་དང་། གཞལ་དུ་མེད་པའི་ཁང་ཁྱིམ་དང་། རེག་ན་འཇམ་པའི་མལ་ཆ་སྟེ་ཉེ་བའི་རིན་པོ་ཆེ་རྣམས་ཀྱང་བཤད་དེ། རྒྱས་པར་མ་སྨོས་ལགས།

༈ སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་གཞུང་བཤད་དགོས་ཚུལ་ཕེབས་པ། སྔར་བསྒྲིགས་པ་མ་མཐོང་ཞིང་། ད་ལམ་མདོར་བསྡུས་ཙམ་བྲིས་ནས་ཕུལ་བ་ལ། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུའོ། །དང་པོ་བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་ནི། ༡ཡི་གེ་དང་། ༢ལག་རྩིས་དང་། ༣གྲངས་དང་། ༤རྩིས་ཆེན་དང་། ༥ཐོར་ཚུགས་དང་། ༦གོམ་སྟབས་དང་། ༧ལྕགས་ཀྱུས་བསྒྱུར་ཐབས་དང་། ༨རལ་གྲིའི་ཐབས་དང་། ༩ཞགས་པ་གདབ་པ་དང་། ༡༠མདའ་བོ་ཆེ་འཕེན་པ་དང་། ༡༡མདུན་དུ་བསྣུར་བ་དང་། ༡༢ཕྱིར་བསྣུར་བ་དང་། ༡༣བཅད་པ་དང་། ༡༤དྲལ་བ་དང་། ༡༥དབུག་པ་དང་། ༡༦རྒྱང་ནས་འཕོག་པ་དང་། ༡༧སྒྲ་གྲགས་པར་འཕོག་པ་དང་། ༡༨གནད་དུ་འཕོག་པ་དང་། ༡༩མི་ཚོར་བར་འཕོག་པ་དང་། ༢༠ཚབས་ཆེ་བར་འཕོག་པ་དང་། ༢༡མཆོང་བ་དང་། ༢༢གྱད་ཀྱི་འཛིན་སྟངས་དང་། ༢༣བང་དང་། ༢༤རྐྱལ་བརྒལ་བ་དང་། ༢༥གླང་པོ་ཆེའི་གཉར་ཞོན་པ་དང་། ༢༦རྟ་ལ་ཞོན་པ་དང་། ༢༧ཤིང་རྟའི་ཐབས་དང་། ༢༨མདའ་དང་། ༢༩གཞུ་དང་། ༣༠གྱད་སྟབས་དང་སུམ་ཅུའོ། །གཉིས་པ་རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། ༡གར་མཁན་དང་། ༢བྲོ་དང་། ༣དུནྡུ་བྷི་ཞེས་པ་རྔ་བོ་ཆེ་དང་། ༤མྲྀ་དཾ་ག་སྟེ་རྫ་རྔའམ་རྔ་ཟླུམ་མམ་ཡང་ན་པགས་པས་ཁ་གཡོགས་པའི་རྔ་པ་ཊ་ཧའམ་རྫ་རྔ་ཆེན་པོར་གྲགས་པ་དང་། ༥རྔ་ཕྲན་དང་། ༦དྷཀྐ་ནི་བྷེ་རི་སྟེ་རྔ་ཆེན་དང་། ༧པ་ཎ་ཝ་སྟེ་འཁར་རྔ་དང་། ༨པི་ཝཾ་རྒྱུད་གཅིག་པ་དང་། ༩ཛྷརྫྷ་ནི་སྒྲའི་ཁྱད་པར་ཡོངས་སུ་འགྱུར་བ་བྱེད་པ་རྫ་རྔ་ཁ་གཅིག་པ་སྟེ་ཀ་ར་ཌ་ཀ་ཞེས་ཀྱང་ཟེར་རོ། །༡༠ལྕགས་ཀྱི་སིལ་འཁྲོལ་དང་། ༡༡སཱམྱ་ནི་ཞེས་འཁར་བའི་སིལ་འཁྲོལ་དང་། ༡༢བལླ་ཀཱི་ཞེས་པི་ཝཾ་རྒྱུད་གསུམ་པ་དང་། ༡༣རྔ་མུ་ཀུནྡ་དང་། ༡༤སིལ་སྙན་གླུ་དབྱངས་དང་བསྟུན་པ་དང་། ༡༥ཏཱ་ལ་ཞེས་ཕེག་རྡོབ་སྟེ་ཆ་ལང་དང་། ༡༦གཞན་ཡང་ཏྲི་ཎ་དང་ཙ་སེ་ཊ་དང་གོ་མུ་ཥ་དང་ཧུ་ཌུཀྐ་ལ་སོགས་པ་རོལ་མོའི་སྒྲའི་རིགས་དང་། ༡༧ཝཱི་ཎ་ཞེས་པི་ཝཾ་སྤྱིའི་རིགས་སམ་མིའམ་ཅི་སོགས་ཀྱི་སིལ་སྙན་རྒྱས་པའི་པི་ཝཾ་དང་། ༡༨ཝཾ་ཤ་ཞེས་གླིང་བུ་དང་བཅོ་བརྒྱད་དོ། །གསུམ་པ་གླུ་དབྱངས་ཀྱི་ངེས་པ་བདུན་ནི། འདོད་འཇོ་ལས། རྒྱུད་ལས་བྱུང་བ་དང་མགྲིན་པ་ལས་བྱུང་བའི་སྒྲ་ནི་འཁོར་ཉན་ལ་སོགས་པའི་དབྱངས་བདུན་ཏེ། ཞེས་པའི་དོན་ནི། ཐུབ་པ་མེས་བྱིན་བུས། དྲུག་སྐྱེས་རྨ་བྱའི་སྒྲ་ལྟར་སྒྲོག །ཁྱུ་མཆོག་བ་ལང་སྐད་ཀྱིས་རྩོམ། །དྲི་འཛིན་སྐྱེས་ནི་ར་ཡི་སྐད། །བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། །ལྔ་པ་མེ་ཏོག་རྒྱས་དུས་སུ། ཁུ་བྱུག་སྒྲོག་པ་ལྟ་བུ་སྟེ། །བློ་གསལ་རྟ་སྐད་ལྟ་བུར་འཚེར། །འཁོར་ཉན་གླང་པོ་སྒྲོག་པ་བཞིན། །ཞེས་འབྱུང་། དེ་རྣམས་དུས་གང་དང་གང་གི་ཚེ་བླང་བ་ནི། སྔོན་གྱི་གཙུག་ལག་ལས། རྩེ་མོ་རློམ་པར་བླང་བ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །ཞེས་སློབ་དཔོན་ཡེ་ཤེས་རྡོ་རྗེས་ལང་གཤེགས་ཀྱི་གླེང་གཞིའི་འགྲེལ་པར་དྲངས་པ་ལྟར། གཞོན་ནུ་མའི་ཚོགས་དང་རྩེ་ཞིང་རོལ་བ་དང་། རློམ་སེམས་པའི་ཚུལ་དང་མཐུན་པར་བརྟན་པའི་ཚེ་ལྔ་པ་ཁུ་བྱུག་གི་སྒྲ་ལྟ་བུ་དང་། བར་མ་ཁྲུང་ཁྲུང་གི་སྐད་ལྟར་བླང་ངོ་། །གཞན་ཡང་དྲག་པོའི་ཚུལ་གྱིས་གཞན་ཚར་གཅོད་པ་དང་ངོ་མཚར་གྱི་ཁྱད་པར་སྟོན་པའི་ཚེ། དེ་དང་མཐུན་པར་དྲུག་སྐྱེས་རྨ་བྱའི་སྐད་ལྟ་བུ་དང་། ཁྱུ་མཆོག་བ་ལང་གི་སྐད་ལྟར་བླང་ངོ་། །ཡང་སྙིང་རྗེའི་ཉམས་དང་ལྡན་པའི་ཚེ་དེ་དང་མཐུན་པར་ས་འཛིན་ནམ་དྲི་འཛིན་ཏེ་རའི་སྐད་ལྟ་བུ་དང་འཁོར་ཉན་གླང་པོའི་སྒྲ་ལྟར་བླང་ངོ་། །རྩོད་པའི་འཁོར་ལོ་ཤོམ་པ་ལྟ་བུ་འཐབ་མོ་འཇིགས་པ་དང་བཅས་པའི་ཚེ་དེ་དང་མཐུན་པའི་གླུ་བློ་གསལ་ཞེས་པ་ཅང་ཤེས་རྟའི་སྐད་འཚེར་བ་ལྟར་བླང་བར་བྱ་བ་ཡིན་ནོ། །དེ་ལ་སོགས་པའི་གླུ་དབྱངས་ཀྱི་རྣམ་པ་མང་པོ་དྲང་སྲོང་བྷ་ར་ཏ་དང་བི་ཤ་ཁི་ལའི་གཞུང་ལས་བཤད་ཅེས་འབྱུང་ཞིང་། གཞན་ཡང་དབྱངས་བདུན་གྲོང་གསུམ་དང་། །རྒྱལ་བ་ཉི་ཤུ་རྩ་གཅིག་དང་། །ཏ་ན་བཞི་བཅུ་དགུ་རྣམས་ཏེ། །དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ། །ཞེས་ཀྱང་འབྱུང་སྟེ་མ་སྤྲོས། བཞི་པ་གར་གྱི་ཆ་བྱད་དགུ་ནི། ཤྲྀངྒ་ར་ཞེས་པ་སྒེག་པ་ནི། བུད་མེད་དང་སྐྱེད་ཚལ་སོགས་ལ་རྩེ་ཞིང་རོལ་པ་ལོངས་སྤྱོད་ཀྱི་འབྱོར་བ་དང་ངོ་མཚར་བའི་ལྟད་མོ་མཐོང་བས་དགའ་བའི་འབྱོར་པ་མྱོང་བའི་མཆོར་སྒེག་སྟེ། མཆོག་གི་རང་བཞིན་མང་པོ་ཅན། །དེ་ནི་སྐྱེས་པ་བུད་མེད་རྒྱུ། །ལོངས་སྤྱོད་དང་ནི་ལྟད་མོ་སྟེ། །སྒེག་པ་རྣམ་པ་གཉིས་སུ་འདོད། །ཅེས་འདོད་འཇོར་དྲངས་སོ། །ཝཱིར་ཞེས་པ་དཔའ་བ་ནི། སྦྱིན་པ་དང་ཆོས་དང་གཡུལ་ལ་དཔའ་བ་སྟེ་སྤྲོ་བའི་བདག་ཉིད་དོ། །ཀཱ་རུ་ཎ་ཞེས་པ་སྙིང་རྗེ་ནི་འདོད་པ་ཉམས་པ་དང་ནོར་ཉམས་པ་སོགས་སྡུག་བསྔལ་གྱིས་ཉེ་བར་གདུངས་བ་ལ་སྐྱེས་པའི་ཉམས་སོ། །ཨཏྦྷཱུ་ཏ་ཞེས་པ་རྨད་བྱུང་ངམ་རྔམ་པ་ནི། ཡུལ་བཟང་པོ་དང་འཕྲུལ་པའི་རྣམ་འགྱུར་སྣ་ཚོགས་མཐོང་བས་སྙིང་ལ་འདོད་པའི་འབྱོར་པ་ཐོབ་པ་ལས་འབྱུང་བའོ། །ཧཱ་སྱ་ཞེས་པ་རྒོད་པ་ནི། སྦ་བར་བྱ་བའི་གནས་མཐོང་བའི་ཚོགས་སུ་སྒྲོག་པར་མི་འོས་པ་ཐོས་པ་སོགས་ཀྱིས་རྒོད་བྲོ་བའི་ཉམས་སོ། །བྷཱ་ཡ་ན་ག་ཞེས་པ་འཇིགས་རུང་གི་ཉམས་ནི། སྲིན་པོ་དག་སྟག་གཟིག་སོགས་མཐོང་བའམ་མི་བཟོད་པའི་སྒྲ་ཐོས་པས་སྐྲག་པ་ལ་སོགས་ལས་སྐྱེས་པའི་ཉམས་སོ། །བཱི་བྷཏྶ། ཞེས་མི་སྡུག་པའི་ཉམས་ནི། གཟུགས་ངན་པ་དང་ཤ་རུལ་བ་སོགས་སྨད་པའི་གནས་མཐོང་ཐོས་ལས་སྐྱུག་བྲོ་བའི་ཉམས་སྐྱེས་པའོ། །རཽ་དྲ་ཞེས་པ་དྲག་ཤུལ་གྱི་ཉམས་ནི། ལུས་ངག་གི་སྤྱོད་པ་དྲག་པོས་སྤྱོས་ཤིང་བརྡེག་པ་སོགས་ཁྲོ་བ་ཉེ་བར་སྡུད་པའི་ཉམས་སོ། །ཤནྟ་ཞེས་པ་ཞི་བའི་ཉམས་ནི་དཀའ་ཐུབ་དང་བརྟུལ་ཞུགས་ལ་སོགས་པའི་བདག་ཉིད་ལ་ཕན་པའི་རྒྱུར་བྱེད་པ་སྟེ། སྒེག་པའི་ཉམས་ཀྱི་རྗེས་སུ་འཇུག་གོ །ཞེས་འབྱུང་ངོ་། །དེ་ལྟར་ཡང་རིན་ཆེན་མཛོད་ལས། སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །དེ་རྣམས་གར་གྱི་ཉམས་དགུའོ། །ཞེས་གསུངས། སློབ་དཔོན་ར་བྷ་ས་ན་རེ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་དང་། །མཉེས་གཤིན་པ་སྟེ་ཉམས་བཅུའོ། །ཞེས་པས་ཉམས་བཅུའོ་ཟེར་ཡང་མ་སྨོས་ཏེ་སྤྲོས་པས་ཆོག་པ་ལགས།

༈ ཉུག་ཆོས་འཁོར་གླིང་ནས་དགེ་སློང་དགེ་ལེགས་དཔལ་ལྡན་གྱི་དྲི་བའི་ཤོག་དྲིལ་ལ་ལན་མཆན་བུའི་ཚུལ་དུ་བཏབ་པའོ། །༧ལགས། གཎྜི་བརྡེག་པ། འདུལ་བའི་གཞུང་རྣམས་སུ། མཚན་ཉིད་ཚང་མ་ཚང་གིས་ཁེ་ཉེན་ཆེ་ལུགས་གསུངས་འདུག་རུང་། འདི་ཚོར་མཚན་ཉིད་ཚང་མ་ཚང་གི་དཔྱད་བརྡར་མེད་པར་འདྲི་ས་ཁུངས་ཐུབ་ཀྱང་མ་རྙེད། ཐོས་པའི་བློ་གྲོས་དམན་པས་:ཞུགས་༼གཞུང༽ནས་བཤད་ཁུངས་ཡིད་ཆེས་པ་ཡང་མ་རྙེད་ལགས་པས། རྡེག་ཐེངས་བརྒྱ་དང་བརྒྱད་ཚང་ཕྱིན། ཏོག་གསུམ་མ་གཏོགས་སྐད་ཆེ་ཆུང་དང་བར་མཚམས་རིང་ཐུང་གི་ངེས་པ་མེད་པར་ནར་མར་བརྡུངས་པས་ཨེ་ཆོག་ལགས། རྗེ་བཙུན་གྲགས་རྒྱལ་གྱི་གཞི་གསུམ་གྱི་ཆོ་གར་རྒྱུད་གསུམ་དང་ཏོག་གསུམ་གྱི་བརྡེག་ལུགས་གསུངས་པ་ཞིག་གི་ལུགས་སུ་གསུངས་པ་ལས། རང་ལུགས་ཚད་མར་མ་མཐོང་། གཎྜི་མདོ་ནས་བཤད་པར་གོ་བས་ཆོད་པ་ཅི་ཡང་མ་བྱུང་ལགས། གཞི་གསུམ་ཆོ་གར། དགེ་འདུན་བཟའ་བཏུང་ལ་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་། མཇུག་ཏུ་ཏོག་སྒྲ་ཆེན་པོ་གསུམ་བྱས་ལ། གསོ་སྦྱོང་ལ་སོགས་པའི་ལས་དང་ཆོས་ཉན་པ་ལ་བསྡུ་བའི་ཕྱིར་ནི་འདས་པའི་རྒྱུད་གསུམ་དང་། ཞེས་སོགས་གསུངས་པའི། འདས་པའི་རྒྱུད་ཇི་ལྟ་བུ་དང་། རང་ལུགས་གཎྜི་བརྡེག་ལུགས་ཕན་ཡོན་བཤད་པ་ལྟར་ཇི་ལྟར་ཡིན་ལགས། ལན། གཎྜི་ནི། མཚན་ཉིད་མ་ཚང་ན་སྐྱོན་ཆེ་བ། མདོ་ལས། ཚད་མེད་ཤིང་ངན་ལས་བྱས་དང་། །བརྡུངས་པས་སྒྲ་ནི་མི་འབྱུང་བ། །སངས་རྒྱས་ཡུམ་འདི་བརྡུངས་པ་ན། །ཡུལ་འཁོར་འཚེ་བ་ངེས་པར་འབྱུང་། །ཞེས་སོགས་རྒྱས་པར་བཤད་པ། རྒྱུ་མདོ་དེ་ལས། ཙནྡན་དང་བིལྦ་སོགས་བཤད་ཅིང་། དེ་ཐམས་ཅད་མ་འབྱོར་ཡང་འོ་སེ་ལ་བྱ་བར་བཤད་པ་ལྟར། ད་ལྟའི་ཕྱག་བཞེས་སུ་སེང་ལྡེང་ལ་མཛད། ཚད་ནི་ཆེ་ཚད་ལ་བརྒྱ་རྩ་བརྒྱད་ཟེར་ཡང་། མདོ་ལས་མ་བཤད་པས་ཟླུམ་བཟོ་ཡིན། དེས་ན་མདོ་ལས། ཚད་ནི་ཆུ་རུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེས་པའི་རྒྱ་དཔེ་ལའང་བརྒྱད་ཅུ་རྩ་བཞིའི་སྐད་དོད་རང་ཡོད་པས། དཀྱུས་སུ་སོར་བརྒྱད་ཅུ་གྱ་བཞི། དཔངས་སོར་གཉིས། ཞེང་སོར་དྲུག་གི་དབུས་མཐོ་ཞིང་མཐའ་གཉིས་བརྒྱད་གཞོགས་ཀྱིས་དམའ་བ་གསུམ་ཀ་ལ་སོར་དོ་རེ། རྩེ་མོ་སྦལ་པའི་མགོ་འདྲ་བར་བཤད་པ་དེང་སང་སྦབ་ལེ་ཟེར་བ་དེ་ཡིན། གཎྜིར་ལ་ལས་ཆང་བཟུང་བཟོས་པ་སྣང་ཡང་མདོ་ལས་མ་བཤད་པས་མི་རིགས། གཎྜི་བརྡུང་བའི་གཡོག་ཤིང་རྒྱུ་འདྲ་བ་ལས། དངོས་སོར་བཅུ་གཉིས་དང་འཆང་བཟུང་སོར་བཅུ་གཉིས་རེ་ཁྱོན་སོར་ཉེར་བཞི། རྩེ་མོ་ནེའུ་ལེའི་མགོ་འདྲ་བ། གཎྜི་བརྡུང་ལུགས། རྒྱ་དཔེར་ཥ་ཞེས་པ་ཟུར་ཆགས་པ་ཤད་ཚ་སྟེ། དགེ་སློང་བསམ་གཏན་ལས་གློ་བུར་དུ་ལྡང་བ་འགོག་པའི་ཕྱིར། འགོར་ཤད་གསུམ། དེ་ནས་གསོ་སྦྱོང་ལྟ་བུ་ལས་ཀྱི་དོན་དུ་ཡིན་ན་རྒྱུད་གཅིག །སྤྱིར་དགེ་འདུན་བསྡུ་བའི་དོན་དུ་བཟླས་པའི་རྒྱུད་གསུམ་ཞེས་པ་སྔར་གྱི་རྒྱུད་གཅིག་པོ་དེ་ལན་གསུམ་བརྡུང་བའི་དོན་ཡིན། དེའང་མདོ་ལས། གླུ་བདུན་གྱིས་ནི་བརྒྱན་པ་ལྟར། །བསྐྱེད་པའི་རིམ་པས་བརྡུང་བར་བྱ། །ཞེས་པ་ལྟར་རྒྱུད་རེ་ལ་རྡེག་ཐེངས་སུམ་ཅུ་སོ་དྲུག་རེ་ཡོད་པ། གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང་། བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་སྟེ། ནས་འདྲ་གཟུགས་སུ་བརྡུང་ཞིང་། རྒྱུད་གསུམ་གྱི་ཚེ་དེ་ཀ་ལན་གསུམ་བཟླས་པས་ཁྱོན་སོ་དྲུག་ཚན་པ་གསུམ་ལ་བརྒྱ་དང་བརྒྱད་ཡོང་། ཇི་ལྟར་བརྡུང་ལུགས། དང་པོའི་ཤད་གསུམ་དང་། རྒྱུད་རྣམས་དལ་ཆགས་པ། མཇུག་གི་ཏོག་སྒྲ་གསུམ་ཆེ་རྒྱག་བཏུད་མར་བརྡུང་། མདོར། གླུ་བདུན་གྱིས་ནི་བརྒྱན་པ་ལྟར། ཞེས་པའི་དོན། མཁས་པ་མང་དག །སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་ཀླུ་བདུན་གྱིས་བརྒྱན་པ་ལྟར་བསྐྱེད་རིམ་ཇེ་ཆེ་ཇེ་ཆུང་དུ་བསྡུ་བའི་དཔེའོ་གསུང་ཡང་། རྒྱ་དཔེར། སཔྟ། སྭ་ར་ཞེས་ཡོད་པས། གླུ་བདུན་ཞེས་པ་སེམས་ཅན་ཀླུ་མ་ཡིན། སྭ་ར་དབྱངས། སཔྟ་བདུན་ཏེ། དབྱངས་བདུན་གྱི་དོན་ཡིན་པས། དེའི་སྒྲ་ཆེ་ཆུང་བསྐྱེད་འབབ་ཀྱི་གླུ་ལེན་ཚུལ་ནི། ཀཱ་མ་དྷེ་ནུར། དྲུག་སྐྱེས་རྨ་བྱའི་སྒྲ་ལྟར་སྒྲོག །ཁྱུ་མཆོག་བ་ལང་སྐད་ཀྱིས་རྩོམ། །དྲི་འཛིན་སྐྱེས་ནི་ར་ཡི་སྐད། །བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། །ལྔ་པ་མེ་ཏོག་ལྡན་དུས་སུ། །ཁུ་བྱུག་སྒྲོག་པ་ལྟ་བུ་ཡིན། །བློ་གསལ་རྟ་སྐད་ལྟ་བུར་འཚེར། །འཁོར་ཉན་གླང་པོ་སྒྲོག་པ་བཞིན། །ཞེས་གསུངས་པ་ལྟར་དུད་འགྲོ་དེ་རྣམས་ཀྱི་སྐད་དང་འདྲ་བར་ཆེ་ཆུང་མཐོ་དམན་གྱི་སྒྲས་གླུ་དབྱངས་ལེན་པ་ལྟར། གཎྜི་ཡང་རྒྱུད་རེའི་གཅིག་ནས་བཅོ་བརྒྱད་བར་ཇེ་མཐོ་དང་། བཅུ་དགུ་ནས་སོ་དྲུག་བར་ཇེ་དམའ་སྟེ་མཐོ་དམན་དུ་བརྡུང་བའི་དཔེའོ། །ཕུང་པོ་དབྱུང་བའི་ཚེ་བརྡུང་ཚུལ་བྱི་བོ་ཞེས་པ་ནི། མཇུག་གི་ཏོག་སྒྲ་གསུམ་མ་བརྡུངས་པའོ། །༧ཡང་སྨན་བླའི་མདོ་ཆོག་ནས་བུམ་སྒྲུབ་བཤད་པ། མདོ་དེ་ཉིད་ཀྱི་ཆོ་ག་མ་བཏང་བར་བུམ་སྒྲུབ་ཉིད་ཁོལ་བུར་བྱས་ནས་རྟེན་སོགས་ལ་ཁྲུས་གསོལ་རུང་ངམ་མི་རུང་། གལ་ཏེ་རུང་ན་སྔོན་འགྲོ་དང་མཇུག་ཚང་བའི་ཁྲིགས་ཆགས་ཤིག་བཀའ་སྩལ་ཡོད་པ་མཁྱེན་མཁྱེན། མདོ་དང་མ་འབྲེལ་བར་དེའི་བུམ་ཆོག་ཟུར་འདོན་གྱི་གཏོང་སྲོལ་མི་འདུག་ཅིང་དེ་འདྲའི་ཕྱག་ལེན་གནང་བ་ལ་དགོས་དོན་ལྷག་པོའང་མེད་མོད། འོན་ཀྱང་གཟུངས་ཀྱིས་བུམ་ཆབ་སྒྲུབ་ལུགས་འདི་བཞིན། མཁན་པོས་དྲི་མེད་ཀྱི་ཆོ་གར་ཡང་མཛད་པས་མདོ་དང་བྱ་རྒྱུད་ཙམ་པོའི་སྤྱིའི་ཆོ་གར་སྦྱར་རུང་བར་སྣང་ཞིང་། དེ་ལྟར་གནང་བར་ཤར་ན། མདུན་དུ་མཎྜལ་མཆོད་པ་དང་བཅས་པ་བཤམས་ཤིང་། བུམ་པའང་ཆས་སུ་བཅུག་ནས་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས། བདེན་སྟོབས་ཀྱིས་གནས་ཡོ་བྱིན་གྱིས་བརླབས། བདེ་གཤེགས་བརྒྱད་འཁོར་བཅས་སྤྱན་དྲངས། གདན་སོ་སོར་བཞུགས་པ་ལ་ཡན་ལག་བདུན་པ་ཙམ་ཕུལ་རྗེས། བདེ་གཤེགས་བརྒྱད་ཀྱི་ཐུགས་དམ་བསྐུལ་བས་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་འཕྲོས་པ་བུམ་ཆུ་ལ་ཐིམ་པའི་དམིགས་པ་དང་སྦྱར་ཏེ་གཟུངས་བཟླས་པའི་ཆུས། ཁྲུས་གསོལ་དང་གཤིན་པོའི་སྡིག་སྦྱོང་དུ་རུས་པ་འཁྲུད་པ་སོགས་གནང་ཡང་དོན་ལ་མི་འགལ་ལམ་སྙམ་མོ། །༧སེམས་ཅན་དམན་པའི་རིགས་ལ་སྦྱིན་པ་བཏང་བ་ལ་སངས་རྒྱས་ལ་ཕུལ་བ་ལྟ་བུའི་བསོད་ནམས་ཐོབ་པའི་གནད་ཇི་ལྟར་ལགས། སངས་རྒྱས་ཀུན་གྱི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བཞུགས་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། རྒྱུད་བླར། སྤྲོ་དང་སྟོན་ལ་བཞིན་གུས་དང་། །ཞེས་བདེ་གཤེགས་སྙིང་པོ་གོ་བའི་ཕན་ཡོན་གྱི་སྐབས། སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་བཞུགས་པས། སྟོན་པ་བཞིན་དུ་གུས་པ་སྐྱེ་བའི་ཕན་ཡོན་གསུངས་པ་ལྟར་དང་། གཞན་ཡང་། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བྲག་བསམ་མི་ཁྱབ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་ཤེས་བྱ་ཇི་སྙེད་པ་རེ་རེའི་སྟེང་ནའང་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་མངའ་བར་ཟབ་མོའི་མདོ་སྡེ་རྣམས་ནས་ཀྱང་འབྱུང་ན། གསང་སྔགས་སུ་སྣོད་བཅུད་ཐམས་ཅད་ཡེ་ནས་དག་པའི་དཀྱིལ་འཁོར་དུ་བཤད་པས། དེ་ལྟར་རྟོགས་པའི་བློས་སེམས་ཅན་ལ་སྦྱིན་ནའང་སངས་རྒྱས་མཆོད་པར་འགྱུར་བའི་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཐོབ་པར་མ་ཟད། ཀུན་སློང་གི་དབང་གིས་ཚེ་འདིའི་ཆེད་སངས་རྒྱས་མཆོད་པ་དང་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་སེམས་ཅན་ལ་སྦྱིན་པ་གཉིས་ཕན་ཡོན་ཕྱི་མ་ཆེ་བར་འགྱུར་བ་དོན་གྱིས་ཐོབ་པ་ཡིན་ནོ། །༧ལུང་སྟོང་སོགས་སུ་དམིགས་པས་བཀུག་པ་ལྟ་བུ་མ་བྱས་པར་རང་གི་མདུན་དུ་སེམས་ཅན་སྣ་ཚོགས་ཡོད་པར་མོས་ནས། དེ་རྣམས་ཀྱི་སྡིག་པ་སྦྱང་ཕྱིར་གསུང་རབ་སོགས་ཀྱི་སྒྲ་བསྒྲགས་ན་སེམས་ཅན་ལ་ཕན་པ་དང་རང་ལ་བསོད་ནམས་ཐོབ་ཨེ་ནུས་ལགས། འདི་ནི་ལུང་སྟོང་ལྟ་བུར་ཡང་རང་གི་དབང་པོའི་མངོན་སུམ་གྱི་ཡུལ་དུ་སེམས་ཅན་མ་མཐོང་ཡང་། སྣོད་ཀྱི་འཇིག་རྟེན་ཐམས་ཅད་བར་མཚམས་མེད་པར་སེམས་ཅན་གྱིས་ཁྱབ་པར་བཤད་པས་དོན་ལྡན་དུ་འགྱུར་བ་ལགས། ༧ཐམས་ཅད་དུ་ཀུན་སློང་བཟང་བ་གཞིར་བཅས་ནས་བསྟན་པ་དང་རང་གཉིས་གར་དགེ་བར་དཔེ་ཆ་ལྟ་བར་བརྩོན་པ་དང་། ཁ་འདོན་ལ་བརྩོན་པ་གཉིས་གང་ཟབ་ལགས། མཐའ་གཅིག་ཏུ་མ་ངེས་ཏེ། དོན་གཉིས་མཐར་ཕྱིན་གྱི་རྒྱུར་དམིགས་ནས་གཞུང་ལུགས་རྣམ་པར་དག་པའི་ཚིག་འཛིན་ཅིང་དོན་ལ་དཔྱོད་པའི་ལྟ་རྟོག་དང་། རྒྱལ་བ་སྲས་བཅས་ཡིད་ཀྱིས་དམིགས་ཏེ་དད་གུས་དང་ལྷག་པའི་བསམ་པས་ཕྱག་མཆོད་བསྟོད་པ་སྨོན་ལམ་སོགས་ཁ་འདོན་དུ་བགྱིས་པ་ལས། སྔ་མ་ཀློག་པ་ཐོས་བསམ་དང་། ཕྱི་མ་སྒྲུབ་པ་ཉམས་ལེན་གྱི་བྱ་བ་ཡིན་པས་གཉིས་ཀ་ཕན་ཡོན་ཚད་མེད་པ་ཡིན་མོད། གཞན་དུ་གང་ཟག་བློ་དམན་རྣམས། བྲག་ཆ་ཤར་ཤར་གྱི་ཁ་ཏོན་ལས། དཔེ་ཆ་འཛིན་སྐྱོར་གྱི་ལྟ་རྟོག་བྱེད་པ་དཀའ་སྤྱད་ཀྱང་ཆེ་བ་ལྟར་ཕན་ཡོན་ཡང་ཆེ། གཙོ་བོར་དེ་གཉིས་ཀ་ཀུན་སློང་གིས་མཐའ་གཅིག་ཏུ་མ་ངེས་པར་ཤེས་སླའོ། །༧གསུང་རབ་ཚོར་རྒྱ་ཤུག་གི་ལོ་མ་དང་ཚིག་གུ་ཞེས་ཆུང་བའི་དཔེ་དང་། སྙིང་པོ་མེད་པའི་དཔེར་ཆུ་ཤིང་དང་ལམ་རྒྱུད་ལྔ་ཞེས་གསུངས་ཀྱང་མ་ཤེས་ལགས་པས། ཆུ་ཤིང་སོགས་གསུམ་གང་འདྲ་ཞིག་ལགས། སྤྱིར་ཤུག་པ་ལ་རིགས་མང་ཡང་རྒྱ་ཤུག་ནི་འབྲས་བུ་ཤིན་ཏུ་ཆུང་བ་ཞིག་ཡིན་ཏེ། ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུ་བསྒྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་ཤིང་། འདི་རྒྱལ་རོང་སོགས་སུ་འོང་ཟེར། ཆུ་ཤིང་ནི། སྡོམ་འབྱུང་ལས། སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་མེ་ཏོག་ལྟ་བུར་སྟོང་། །ཞེས་དབུ་མའི་ནང་སྟོང་སང་ངེ་བའི་དཔེར་གསུངས་པས། མེ་ཏོག་ཀེ་ས་རས་སྟོངས་པ་ཞིག་འདྲའང་། དམ་པ་མང་པོས་སྨྱུག་མ་ལ་ངོས་འཛིན་པར་མཛད་དེ། དྲེའུ་སྦྲུམ་ན་ཤི་བ་དང་། སྨྱུག་མ་ལ་འབྲས་བུ་ཆགས་ན་བསྐམ་པར་འགྱུར་བས་འབྲས་བུ་མེད་པ་ལ་སྙིང་པོ་མེད་པར་བཤད། ལམ་རྒྱུད་ལྔ་ནི། སྤྱིར་ལྷ་མིན་ལ་རིགས་བཞི་ཡོད་ཀྱང་སྤྱི་ཙམ་དུ་དྲན་པ་ཉེར་གཞག་ལས། ལྷ་མིན་དུད་འགྲོ་ཀླུ་དུད་འགྲོ། །ཞེས་འགྲོ་བ་རིགས་དྲུག་ལས་ལྷ་མིན་དུད་འགྲོར་བསྡུས་ཏེ། བར་དོ་ནས་འགྲོ་བ་ལྔར་སྐྱེ་བའི་ལམ་ལྔ་ལ་ངོས་འཛིན། ༧གསུང་རབ་སོགས་དཔེ་ཆའི་རིགས་རལ་འཐོར་ཅན་འགོམ་ཡུག་སོགས་ཀྱིས་འོ་བརྒྱལ་རིགས། དངོས་གཙང་བའི་བསམ་པས་མེ་ཆུར་གདན་དྲངས་ན་ཨེ་རུང་ལགས། སྐྱབས་འགྲོའི་སྒྲུབ་པའི་བསླབ་བྱར། ཡི་གེ་འབྲུ་རེ་ལའང་ཆོས་དཀོན་མཆོག་གི་འདུ་ཤེས་ཀྱིས་དད་གུས་བྱེད་དགོས་པར་བཤད་པ་ལྟར། གསུང་རབ་སོགས་ཀྱི་ཤོག་འཁྱར་རེ་རེའང་བཀུར་སྟིས་མཆོད་དགོས་པར་མ་ཟད། དཔེ་རྒྱུན་དཀོན་རིགས་ཤོག་འཁྱར་རེ་རེས་ཀྱང་། བློ་གསལ་དོན་གཉེར་ལ་ཕན་ཐོགས་པའི་སྐབས་སྲིད་པས་མེ་ཆུར་གདན་འདྲེན་པ་སོགས་བྱར་མི་རུང་མོད། འོན་ཀྱང་ཨཱཪྱ་དེ་བས་སེམས་ཀྱི་སྒྲིབ་སྦྱོང་དུ། བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་གསུངས། །ཞེས་པ་ལྟར་མེ་ཆུར་གདན་དྲངས་པ་ལ་ཉེས་པ་ཡོང་མིན་ཀུན་སློང་གི་བསམ་པ་གཙོ་བ་ཡིན། ༧སྨན་བླའི་མདོ་ཆོག་ལྟ་བུ་ངག་འདོན་དང་། མཆོད་སྦྱིན་འདྲའི་སྐབས་སུ་གཞུང་ནས་མ་བཤད་ཀྱང་རང་ཉིད་སྤྱན་རས་གཟིགས་སུ་གསལ་བཏབ་ན་ཨེ་རུང་ལགས། མདོ་ཆོག་ལྟ་བུར་རང་གཞུང་ལྟར་བྱ་བ་ལག་ལེན་གཙང་མོད་གཞན་དུ་མཆོད་སྦྱིན་གློ་བུར་བའི་རིགས་ལ་རང་ཉིད་ལྷར་མ་བསྒོམས་ཀྱང་སྐྱོན་མེད་དེ། བྱ་རྒྱུད་ཙམ་ལ་བདག་བསྐྱེད་ཀྱང་མ་བཤད་པའི་ཕྱིར། དེ་འདྲའི་ཉམས་ལེན་དུ་འགྲོ་མོད། འོན་ཀྱང་སྤྱི་ལྡོག་ནས་ལྷ་བསྒོམས་པ་བསོད་ནམས་ཆེ་བ་ཡིན་ནོ། །༧རྒྱལ་དབང་ལྔ་པ་ཆེན་པོས་ཆོག་བསྒྲིགས་མཛད་པའི་དཀར་ཆ་བཞིའི་མགྲོན་ཚན་སྔ་མ་གསུམ་ལ་བདག་བསྐྱེད་མེད་པ་འདི་ལུགས་ཅི་འདྲ་ཞིག་ཡིན་ནམ། གསང་འདུས་སོགས་གཞུང་ཆེ་བ་འགའ་ཞིག་ནས་ནི་སོ་སྐྱེའི་རྣམ་པས་སྦྱང་སྤར་མི་ནུས་པར་གསུངས་པས་ཐེ་ཚོམ་གྱིས་མྱོས་ལགས་པ་ཇི་ལྟར་ཉམས་སུ་བླངས་ན་འགབ་ལགས། བྱ་རྒྱུད་ཁྱད་པར་བ་ལ་བདག་བསྐྱེད་ཡོད་ཀྱང་། བྱ་རྒྱུད་ཙམ་པོ་རྣམས་སུ་བདག་བསྐྱེད་མེད་པས་བཟླས་པ་ལ་སོགས་པའི་དུས་སུའང་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་དུ་སྤྱན་དྲངས་པའི་དྲུང་དུ། རང་ཉིད་དེའི་འཁོར་དུ་གཏོགས་པ་ཙམ་གྱི་འདུ་ཤེས་བཞག་ནས་སྒྲུབ་པར་གསུངས་པས། གོང་ས་ལྔ་པ་ཆེན་པོའི་ཆོག་བསྒྲིགས་སུ་དཀར་ཆ་བཞིའི་སྔ་མ་གསུམ་ལ་བདག་བསྐྱེད་མ་གནང་བ་དེ་ལྟ་བུ་ལ་དགོངས་པ་གཏད་དམ་སྙམ། གསང་འདུས་ནི་བླ་ན་མེད་པའི་རྒྱུད་ཡིན་པས། བླ་མེད་ལས་མཉམ་བཞག་ཏུ་མ་ཟད། རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུའང་སྣང་བ་ཐམས་ཅད་ལྷར་རྒྱས་འདེབས་དགོས་པ་ལྟར། ལྷ་ཆེན་དུ་མ་བསྒོམས་ཀྱང་གཉུག་མའི་ལྷ་དེ་གས་གཏོར་མའི་ལས་བྱས་པས་ཆོག་སྟེ། གཏོར་མ་སོགས་ཐུན་མཚམས་ཀྱི་རྣལ་འབྱོར་ཡིན་དགོས་པའི་ཕྱིར། ༧གསུང་རབ་དང་དེའི་དགོངས་འགྲེལ་མང་པོར། དགེ་རྩའི་རིགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྟ་བ་རྣམ་དག་གིས་ཟིན་དགོས་པར་གསུངས་པ་དང་། ཇོ་བོ་རྗེ་ལྷ་གཅིག་ཨ་ཏི་ཤས་ཀྱང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་སྦྱོར་ཐམས་ཅད་བདུད་ཀྱི་ལས་ཡིན་གསུངས་ཤིང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསང་བའི་མཛོད་རྣམ་ལས་ཀྱང་། ངེས་འབྱུང་བྱང་ཆུབ་སེམས་དང་བདག་མེད་པ། ཞེས་སོགས་གསུངས་པ་ལྟར། ཕྲན་བུར་བསོད་ནམས་དང་། སྔོན་གྱི་གོམས་འདྲིས་མེད་པས། རྒྱུད་ཐོག་ཏུ་གཏན་ནས་ལེན་ཤེས་པ་མ་བྱུང་། འདི་ཚོར་དཔྱད་པ་ཞུ་སའི་གང་ཟག་ཀྱང་མ་རྙེད་ལགས་པས། དཔེར་ན་དཀོན་མཆོག་ལ་མར་མེ་གཅིག་འབུལ་བའི་ཚེ། འབུལ་རྒྱུའི་དངོས་པོ་དེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། སྤྲོས་བྲལ་ལམ། བདག་མེད་པ་རྣམས་ཡ་མ་བྲལ་བས་ཟིན་ལུགས་ཅི་འདྲ་དགོས། དེས་མཚོན་ཤིན་ཏུ་གསལ་བ་རྒྱུད་ལ་འགེལ་ཐུབ་པ་ཞིག་བརྩེ་བ་ནས་མི་འདོར་བ་མཁྱེན་མཁྱེན་ལགས་ཤིང་། ལྷག་པར་རྡོ་རྗེ་བྲག་སྤྲུལ་པའི་སྐུའི་ཞལ་ངོར་བསྟན་པ་རིན་པོ་ཆེའི་ཞབས་འདེགས་སུ། མཁྱེན་ལྡན་ཉིད་ཀྱིས་བཀའ་རྩོམ་ཚན་ཆེ་ཙམ་བཀའ་དྲིན་བསྐྱངས་པའི་སྙན་པ་གོ་ལགས་པས་ཕྱག་དཔེ་ཐེབ་ཁྲོལ་འདྲ་ཡོད་པ་གནང་ན་ཕྲན་བུར་རེ་ཞིག་གཡར་པོ་བཀའ་དྲིན་བསྐྱང་ངོས། སླར་མྱུར་ཙམ་ཕུལ་བས་ཆོག་པ་ཞིག་ཨེ་ཡོང་ལགས། དགེ་བ་གང་སྒྲུབ་ནའང་། སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ། དངོས་གཞི་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། རྗེས་ཐེག་པ་ཆེན་པོའི་བསྔོ་བས་ཟིན་པ་སྟེ། དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་ན་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་ལ། མ་ཚང་ན། ཕྱི་རོལ་རྐྱེན་གྱིས་མ་རྫོགས་དང་། །རང་སྦྱོར་ཕུན་ཚོགས་མེད་པའི་ཕྱིར། །བསམ་པ་རྣམ་པར་དག་པས་ཀྱང་། །ཚུལ་ཁྲིམས་ཕ་རོལ་ཕྱིན་མི་འགྱུར། །ཞེས་གསུངས་པ་ལྟར་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་བར་བཤད་དོ། །དེས་ན་དགེ་བ་ཆེ་ཆུང་གང་སྒྲུབ་ཀྱང་། དེ་ལ་འཇུག་པའི་སྔོན་དུ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར། བདག་གིས་དགེ་བའི་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ་ཞེས་སེམས་བསྐྱེད། དངོས་གཞིའི་དུས་ཆོས་ཐམས་ཅད་བདག་མེད་པ་ཡིན་པས་བསོད་ནམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་མི་དམིགས་ནའང་། ཐ་སྙད་ཀུན་རྫོབ་ཀྱི་ངོར། རྨི་ལམ་གྱི་ནང་དུ་བསོད་ནམས་གསོག་པ་ལྟར་སྣང་ལ་རང་བཞིན་མ་གྲུབ་པའི་ངང་ནས་དགེ་བ་ཆུང་ངུ་ལ་ཁྱད་དུ་མི་གསོད་ཅིང་། ཆེན་པོ་ལ་དཔའ་མི་ཞུམ་པའི་སྒོ་ནས་སྤྱད་པར་བྱ་ཞིང་། རྗེས་བསྔོ་བ་ནི། ལྟ་བ་འཁོར་གསུམ་མི་རྟོག་པའི་ཤེས་རབ་དེ་ལྟ་བུས་ཟིན་པའི་ངང་ནས། ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པ་ཞེས་བྱ་བ་དགེ་རྩ་ཐམས་ཅད་སེམས་ཅན་དང་ཐུན་མོང་དུ་བྱས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་བསྔོས་པས་དགེ་བ་ཐམས་ཅད་མི་འཛད་ཅིང་ཇེ་བཟང་ཇེ་འཕེལ་དུ་གྱུར་ནས་ཀུན་མཁྱེན་གྱི་རྒྱ་མཚོ་ཆེན་པོར་རོ་གཅིག་ཏུ་འདྲེས་པར་འགྱུར་བ་ལགས་སོ། །

༈ གསེར་ཟངས་ནས་ཀྱི་ཞུ་ལན། རྣལ་འབྱོར་ལ་དད་བརྩོན་ལྷུར་ལེན་པ་གང་གི་དྲུང་དུ། ཞུ་བ། དེང་སྐུ་འཚོ་བཟང་ཞིང་མཐོང་བའི་ཆོས་ཚེ་འདིའི་ཕུན་ཚོགས་མཆིལ་མའི་ཐལ་བ་ལྟར་དོར་ཏེ་གར་ཤའི་ཡུལ་གྱི་གནས་ངོ་མཚར་ཅན་རྣམས་སུ་སྒྲུབ་པ་ལ་ཐེགས་པ་ཤིན་ཏུ་ཡི་རང་། འདི་ནའང་གསར་འཚེ་མེད་ཙམ་ནས་བསྙེན་མཚམས་དམ་པ་ཞིག་ལ་གནས་སྐབས་ལགས། ད་ལམ་ཕྱག་བྲིས་རྟེན་ཁ་ཐགས། དངུལ་རྒྱ་ཊཾ་བཞི། གླེགས་ཤིང་རི་མོ་རྣམ་པར་བཀྲ་བ་ཆ་བཅས་གནང་བའང་འཕྲོད། ཇི་ལྟར་སྩལ་ཕེབས་ལྟར། ཀུ་སུ་ལུའི་ཚོགས་འཁོར་བྱ་བ་གཅོད་ཀྱི་དཀར་འགྱེད་དང་འདྲ། ཏིང་ངེ་འཛིན་གྱི་དབང་རྒྱུན་གྱི་རྣལ་འབྱོར་ཙམ་བླ་མའི་རྣལ་འབྱོར་གྱི་དབང་བཞི་ལེན་པ་ཙམ་གྱིས་འོང་། གཞན་དབང་རྫས་ལ་མ་ལྟོས་པར་ཏིང་ངེ་འཛིན་གྱིས་བསྐྱེད་པའི་དཀྱིལ་འཁོར་དུ་ཞུགས་པ་ལ་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་དུ་བྱས་ཏེ་དབེན་པར་རྫས་མ་འབྱོར་བས་རང་དོན་བདག་འཇུག་ཙམ་བྱས་པ་ལ་འགལ་བ་མེད། སློབ་མ་ལས་དང་པོ་པ་ལ་བསྐུར་དུ་མི་རུང་། གཏོར་རྫས་ལ་ཟག་མེད་ཅེས་པ་དམིགས་མེད་ཀྱི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྒྱུ་མ་ལྟ་བུའི་རོལ་པར་བྱིན་གྱིས་བརླབས་པའི་དོན་ཡིན་ནོ། །འདོད་ཡོན་གྱི་རོལ་མོ་ཞེས་པ་གཏོར་རྫས་དེ་མགྲོན་རྣམས་གང་ལ་དགྱེས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་དེ་དང་དེར་འཆར་བ་ལ་ཟེར། དམིགས་པའི་དུས་གཏོར་མ་བདུད་རྩི་སྦྲང་རྩིའི་དྭངས་མ་ལྟར་ཞུ་བའི་ཟེགས་མ་ལས་གཟུགས་རྡོ་རྗེ་མ་སོགས་ལྷ་མོའི་རྣམ་པར་སྤྲོས་ཀྱང་རྣམ་པ་གསལ་བ་འོང་། འཁོར་འདས་དུས་གསུམ་དང་འབྲེལ་བའི་དགེ་བ་ཞེས་པ། འཁོར་བས་བསྡུས་པ་ཟག་བཅས་དང་མྱང་འདས་ཀྱིས་བསྡུས་པ་ཟག་མེད་ཀྱི་དགེ་བ་སྔར་ཡན་བྱས་ཟིན། ད་ལྟ་བྱེད་བཞིན་པ། མ་འོངས་པ་ན་བྱེད་འགྱུར་ཐམས་ཅད་གཅིག་ཏུ་བསྡོམས་པ་ཡིན། བསགས་ཡོད་ཅེས་པ་དང་པོ་འདུས་བྱས། གཉིས་པ་འདུས་མ་བྱས་ཀྱི་དགེ་བ་ལ་བཞེད། འཁོར་གསུམ་མི་རྟོག་པ་ཞེས་པ་མཆོད་པ་ལྟ་བུའི་ཚེ། མཆོད་ཡུལ། མཆོད་མཁན། མཆོད་རྫས་གསུམ་ཀ་དོན་དམ་པར་དམིགས་པ་མེད་པ་ལས་ཀུན་རྫོབ་ཀྱི་ངོར་སྒྱུ་མ་ལྟ་བུར་འཆར་བ་ལ་ཟེར། དེ་བཞིན་དུ། བསྔོ་ས་རྣམ་བྱང་། བསྔོ་རྒྱུ་དགེ་བ། བསྔོ་མཁན་བདག་ཉིད་དང་གསུམ། སྦྱིན་ཡུལ། སྦྱིན་བྱ། སྦྱིན་བྱེད་སོགས་ཕར་ཕྱིན་དྲུག་ལའང་སྦྱར་ཆོག །རྡོར་སེམས་དང་གསང་འདུས་ཀྱི་དབང་བཤད། ཐུགས་བཞེད་ལྟར་གོས་དྲི་མ་ཅན་རྣམས་འབུལ་ལམ་ཞུས་ཡོད། གཏུམ་མོའི་ཁྲིད་ཡིག་སྔ་ཕན་རྩོམ་མ་ཐུབ་པ་ཕྱིས་འདུན་པ་མི་གཡེལ་བ་ཞུ་ཞིང་། དགེ་སྦྱོར་གྱི་དམིགས་འོག་ནས་ཀྱང་མི་འདོར་བ་ཞུ་བ་དགོངས་པར་གཅགས་པ་དང་། ད་ལམ་བསྙེན་མཚམས་དམ་པ་དང་ཐུག་གཤིས་ཞིབ་ཞུས་མ་ཐུབ་པར་དགོངས་ཁྲེལ་མི་འཇུག་ངོས། སླད་མར་ཡང་སྔར་ལས་མ་གཡོས་པའི་ཐུགས་དམ་འཕེལ་བའི་ཐད་ནས་སྐུ་ཁམས་བཟང་ཞིང་མྱུར་དུ་མཇལ་བའི་སྨོན་པ་ཞུ། ཡི་གེ་གཟིགས་པའི་རྟེན་སྔགས་མདུད་དམ་རྫས་བཅས་མཚམས་མལ་ནས་ཐུན་མཚམས་ལ་དགེ་སློང་རྒན་པོས་ཕུལ་བ་དགེ་ལེགས་འཕེལ།

༈ གསེར་ཟངས་ནས་ཀྱི་ཞུ་ལན་དོགས་སེལ་དང་བཅས་པ། དད་བརྩོན་སྒྲུབ་པའི་ནོར་ཅན་གང་དེའི་དྲུང་དུ། ཞུ་བ། དེང་ཡང་སྐུ་འཚོ་བཟང་བཞིན་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བའི་སྒོ་ནས། འདིར་སྣང་གི་འདུ་འཛིས་མི་འཕྲོག་པའི་དབེན་པའི་གནས་སུ་ས་སྡེ་བཙུགས་ཏེ། བླ་མ་དཀོན་མཆོག་གི་ཡོན་ཏན་ལ་དང་བའི་དད་པ་དང་། བླ་ན་མེད་པའི་བྱང་ཆུབ་ལ་འདོད་པའི་དད་པ། དེ་སྒྲུབ་པའི་ཐབས་ཟབ་མོའི་ལམ་ལ་ཡིད་ཆེས་ཀྱི་དད་པ་གསུམ་ལྡན་གྱིས་ཉམས་ལེན་ལ་ཐུགས་བརྩོན་ཆེ་ཐང་དུ་བཞུགས་པའི་རིང་ནས། ཕྱག་བྲིས་དར་དཀར་གྱི་རྟེན་ལྡན། དོགས་སེལ་ཞུ་རྒྱུའི་ཐོ་ཆུང་བཅས་ཉམས་མེད་འབྱོར་བས་ཡིད་སྤྲོ་བར་གྱུར། འདིར་གནས་དགེ་སློང་རྒན་པོའང་ལང་ཚོ་རིམ་གུད་ལས་གསར་འཚེས་མ་གོས་པར་གནས། ཇི་ལྟར་ཕེབས་ནང་ལྟར། ཐུགས་རྗེ་ཆེན་པོའི་གཏུམ་མོའི་ཁྲིད་ཡིག་ཅིག་རྩོམ་དགོས་ཞེས་རྣམ་སྤྲུལ་རིན་པོ་ཆེའི་སྐུ་ཞབས་ནས་ཀྱང་བསླབ་སྟོན་ནན་ཅན་ཕེབས་པ་བཞིན་རྩོམ་འདུན་ཡིད་ལ་བཅགས་ནའང་གཞུང་གི་སྐུ་རིམ་འཆར་འཕར་དང་འཆད་ཉན་ཐན་ཐུན་སོགས་གཡེང་བ་ལ་འཆེལ་བས་སྔ་ཕན་མ་ཁོམ་པ་ནས། སླར་རྩོམ་ཅི་ཐུབ་ཞུ་ལགས་པ་དང་། དགོངས་བཞེད་ལྟར་ངེད་རང་གི་སྐྲ་དང་། དོགས་སེལ་གྱི་ཐོ་བྱང་བཅས་ད་ལམ་ཟུར་དུ་འབུལ་ལམ་ཞུས་ཡོད་ཅིང་། སྲུང་འཁོར་གྱི་དམིགས་འོག་ནས་ཀྱང་མ་དོར་བ་ཞུ་བ་དགོངས་པར་གཅགས་ངོས། སླད་མར་ཡང་སྐུའི་འཕྲོད་བཞེས་དང་སྔར་ལས་མ་གཡོས་པའི་སྒྲུབ་པ་ལ་རྩེ་གཅིག་པའི་མཛད་པ་གོང་འཕེལ་ནས་ཕེབས་ཚོགས་ཀྱང་ཆུ་ཀླུང་གི་རྒྱུན་ལྟར་ཞུ། རྟེན་སྲུང་མདུད་དང་དམ་རྫས་ལེ་ཚན་བཅས་དབོ་ཟླའི་ཡར་ཚེས་དགེ་བར་ཕུལ་བའི་ཞུ་འཕྲིན།

༈ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཉམས་ལེན་སྤྲོ་ཞིའི་དྲི་ལན། ལགས། ཕྱག་བྲིས་ཡིག་ཆུང་གནད་དོན་ལ། དོགས་སེལ་གྱི་ལན་མདོ་ཙམ་འབུལ་ན། བདེ་གཤེགས་ཀུན་འདུས་ཀྱི་གཏུམ་མོའི་ཟབ་རྒྱ་བཅུ་གཅིག་པར་གསུངས་པའི་འཁོར་ལོ་བཞིའམ་ལྔའི་བུམ་ཅན་སྒོམ་ལུགས་ནི། རྩ་བར། སྤྱི་བོའི་བུམ་ཅན་ཐོག་མར་བཤད་ནས་དེས་གཞན་ལ་འགྲེ་བར་གསུངས་ནའང་། ཕྱག་བཞེས་སུ་གེགས་ཆུང་ཁྱད་ལྟེ་བའི་བུམ་ཅན་སྔོན་ལ་བྱས་ནས། རིམ་པར་སྙིང་མགྲིན་སྤྱི་བོའི་བར་སྦྱངས་ཏེ་མཐར་གསང་བའི་བུམ་ཅན་བསྒོམ་པ་ལགས་ཤིང་། དེའང་བུམ་ཅན་སོ་སོར་གནད་མི་གཅིག་པ་རེ་མཛད་སྲོལ་གཞན་ལས་འབྱུང་བ་ལྟར་སྦྱར་བས་འཆུན་ཆེ་བ་ཙམ་སྣང་མོད། འོན་ཀྱང་མཐོང་བརྒྱུད་མེད་ན་ཡི་གེས་མཚོན་དཀའ་བས་ན། འདིར་མན་ངག་འདི་ཁའི་ཕྱག་བཞེས་ལྟར་བུམ་ཅན་ལྔ་ཀ་ལུས་གནད་སོ་སོའི་སྐབས་བབས་ཀྱི་ཁྱད་ཅུང་ཟད་རེའི་བསྒྱུར་ཀ་མ་གཏོགས་གཞིའི་ལུས་གནད་རྣམ་སྣང་ཆོས་བདུན་ལས་ལག་གཉིས་དམིགས་བསལ་མེད་པ་ལ་ཁུ་ཚུར་པུས་སྟེང་དུ་བཞག་ཅིང་ལག་ངར་བསྲང་བ་ཡིན། རླུང་འཛིན་ལུགས་ལ། སྔར་སྦྱང་བ་དང་གཏུམ་མོའི་དམིགས་སྐོར་གསུམ་གྱིས་ལྟེ་འོག་རྩ་གསུམ་འདུས་མདོར་བུམ་ཅན་བྱ་བ་གཞིར་བཞག་ནས། དེ་རྗེས་ཐོག་མར་ལྟེ་བའི་འཁོར་ལོའི་བུམ་ཅན་ནི། རྩ་གསུམ་ལྟེ་བའི་འཁོར་ལོ་དང་བཅས་པ་གསལ་བཏབ་རྗེས། རླུང་རོ་བསལ་ནས་འོག་རླུང་ཅུང་ཟད་བསྡམས། དེ་ནས་སྟེང་རླུང་རྫོགས་པར་བཅུག་སྟེ། ལྟེ་འོག་ཏུ་ནན་པ་ཞིག་བྱ། འོག་རླུང་དྲག་ཏུ་བསྡམས། སྟེང་རླུང་དྲག་པོ་མི་གནོན་པར་ནན་ཙམ་བྱས་ཏེ། ལྟེ་ཁུང་གི་ཐད་དུ་སྲོག་ཐུར་ཁ་སྦྱར་ཞིང་། དམིགས་པ་ལྟེ་བའི་འཁོར་ལོའི་རྩ་འདབ་རྣམས་འཇའ་ཚོན་ལྟར་དྭངས་པ་ལ་རྩེ་གཅིག་འཇོག །དེ་བརྟན་ནས་སྙིང་གའི་བུམ་ཅན་ནི། ཐོག་མར་ལྟེ་བའི་བུམ་ཅན་བཅས་ཟིན་མཚམས་ནས། དེ་སྙིང་ཁར་དྲངས། བྲང་ཐེར་བྱས་ཏེ་སྙིང་གར་ཁ་སྦྱོར་དུ་འཆིང་། དེ་ནས་མགྲིན་པ་དང་སྤྱི་བོ་གཉིས་ལ་ལྟེ་བའི་བུམ་ཅན་མི་འདྲེན་པར་རླུང་རོ་བསལ་རྗེས། ལྟོ་བ་རྒལ་ཚིགས་ལ་སྦྱར་ནས་འོག་རླུང་མགྲིན་པ་དང་སྤྱི་བོ་གང་སྒོམ་གྱི་གནས་དེར་དྲངས། མཛུབ་མོ་གཉིས་ཀྱིས་སྣའི་ལྡེབ་གཉིས་སྐྱོར་ཏེ་རླུང་རིམ་པར་བཅུག །ཆུད་པ་དང་སྣ་བུག་གཉིས་མཛུབ་མོས་དགག །མགྲིན་པའི་བུམ་ཅན་ལ་ལྟག་པའི་འཆུན་བཙལ་ནས་ཨོལ་མདུད་མནན། དེ་ལས་སྤྱི་བོའི་ཁྱད་པར་མིག་འབྲས་གྱེན་དང་ཡས་ཀྱི་མིག་ལྤགས་ཐུར་དུ་མནན། གསང་བའི་བུམ་ཅན་ནི་འོག་སྒོ་གཉིས་ཀ་ནས་ཐུར་སེལ་དྲངས། སྟེང་རླུང་རྒྱུ་ཞབས་སུ་མནན་ཏེ་ཁ་སྦྱོར་འཆིང་། དེ་ཐམས་ཅད་ལ་དམིགས་པ་འཁོར་ལོའི་རྩ་འདབ་སོ་སོ་འཇའ་ཚོན་ལྟར་དྭངས་པ་ལ་རྩེ་གཅིག་ཏུ་འཇོག །དེའང་དཀྱུས་གཅིག་ལ་སྒོམ་ན་ལྟེ་བའི་བུམ་ཅན་ལན་ཉི་ཤུ་ཙམ་སྒོམ་རྗེས། སྙིང་གའི་བུམ་ཅན་ལན་གཅིག་སྒོམ་པ་སོགས་རིམ་པར་ཁམས་ཚོད་དང་བསྟུན་ནས་སྒོམ་པ་གནད་ཆེ། སྤྱི་མགྲིན་སྙིང་གའི་བུམ་ཅན་གསུམ་གྱི་རླུང་གཏོང་ཁར་ལྟེ་འོག་ཏུ་ཕབ་ནས་སང་གིས་གཏོང་། ད་ལྟར་འཁོར་ལོ་བཞིའི་རྗེས་སུ་གསང་འཁོར་རྩ་འདབ་བཞི་པ་གསལ་བཏབ་ནས་གསང་བའི་བུམ་ཅན་ཚར་གཅིག་སྒོམ། རླུང་རོ་འཁྱིམས་ཀྱིས་དོགས་ན་གེགས་སེལ་ལ། སྙིང་གའི་བུམ་ཅན་མཐར་རོ་སྟོད་གཅུ་ཞིང་ཧ་འདོན་བྱ། མགྲིན་པའི་མཐར་ཁ་བཙུམས་ནས་མགྲིན་རླུང་སྣར་དྲངས་ཏེ་འབུད། སྤྱི་བོའི་མཐར་སྣ་བཀག་ནས་ཐོད་པའི་རླུང་དྲངས་པ་འབུད་དོ། །འདི་རྣམས་ཟབ་གནད་ཡིན་པས་རང་ལུགས་ཀྱི་མྱོང་ཁྲིད་མ་ཐོབ་པ་རྣམས་ལ་གསང་བར་ཞུ། ༧ཡང་དཀྱིལ་ཐང་དགྲམ་ལུགས་དང་མཆོད་པ་བསྒྲིག་ཚུལ་སྤྱི་ཙམ་ནི་རང་གང་ན་གནས་པའི་ཕྱོགས་ལས་དཀྱིལ་འཁོར་གྱི་ཤར་བསྟན་ནས་དགྲམ་སྟེ། ཕྱག་མཆོད་བདག་འཇུག་གི་དུས་རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གནས་པར་དམིགས་དགོས་པའི་དོན་ཡིན་ཞིང་། རང་བྱུང་གི་ཡེ་ཤེས་འཆར་བའི་རྟེན་འབྲེལ་གྱི་གནད་ཀྱང་ཡིན། མཆོད་པ་ནི་བཀྲམ་པའི་དཀྱིལ་འཁོར་དེ་གའི་ཕྱོགས་ལ་ལྟོས་པའི་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། དཀྱིལ་འཁོར་གྱི་མདུན་ནམ་རྒྱབ་གང་བདེའི་དབུས་སུ་བླ་མ་དང་ཡི་དམ་གྱི་གཏོར་མ། དེའི་མཐར་སྲུང་མ་སྤྱི་བྱེ་བྲག་གི་གཏོར་མ། དེ་དག་གི་གཡས་སུ་བདུད་རྩི། གཡོན་དུ་རཀྟ་རྣམས་བཤམས་པ་ཡིན། དམིགས་པ་སྒོམ་དུས་རང་དཀྱིལ་འཁོར་གྱི་གཙོ་བོར་སྒོམ་པ་དེ་དཀྱིལ་འཁོར་གྱི་ཤར་ཕྱོགས་ལ་ཞལ་བསྟན་ནས་བསྒོམ། ཕྱག་མཆོད་སོགས་བྱེད་དུས་རང་གཙོ་བོ་གཉིས་པའི་རྣམ་པར་ཆད་ནས་དཀྱིལ་འཁོར་གྱི་ཤར་སྒོར་གནས་པས་བྱེད་པ་ལགས། ཡང་ཐུགས་ཐིག་ཕྱི་སྒྲུབ་ཀྱི་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལ་ཁ་དོག་མི་གསལ་ཡང་། བསྐྱེད་པའི་ས་བོན་ཧཱུྃ་དམར་པོར་མཛད་པ་ལྟར་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་དམར་པོར་འོས་མེད་ཀྱི་རིགས་པས་རྗེས་སུ་དཔག་ནུས། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་དུ་རྒྱས་འདེབས་པ་ནི། མ་དག་པའི་སྣང་བ་རང་གཞན་སེམས་ཅན་གྱི་གནས་ལུས་སྒྲར་གྲག །རྣམ་རྟོག་གི་འགྱུ་བ་རྣམས་ཐ་མལ་དུ་འཆོར་ན་ལྷ་སྔགས་འོད་གསལ་དུ་སྦྱང་དགོས། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་ཐ་མལ་གྱི་སྣང་བ་འགགས་ན། དེ་ལས་ཕྱི་རོལ་དུ་སྔགས་ཀྱི་སྣང་གྲགས་གཞན་གསལ་འདེབས་མི་དགོས་ཏེ། སྣོད་བཅུད་ལྷ་དང་། སྒྲར་གྲགས་སྔགས་ཀྱི་གདངས་དང་། དྲན་རིག་རྣམ་པར་མི་རྟོག་པའི་ཆོས་ཉིད་དུ་རྒྱས་ཐེབས་པ་དེ་ཀས་ཆོག །སྒྲུབ་གཏོར་རྒྱུན་དུ་རང་དམ་ཚིག་པ་དང་དབྱེར་མེད་དུ་སྒོམ་པ་ལས་ལོགས་སུ་ལྷ་སྒོམ་མི་དགོས། དངོས་གྲུབ་ལེན་དུས་རང་དམ་ཚིག་པར་གསལ་བ་ལས་སྒྲུབ་གཏོར་ཡེ་ཤེས་ཀྱི་འཁོར་ལོའི་ངོར་ལོགས་སུ་ཆད་ནས་མདུན་གྱི་ནམ་མཁར་བཞུགས་པར་སྒོམ་པའམ་ཡང་ན་སྒྲུབ་གཏོར་དང་དབྱེར་མེད་རང་རིག་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བ་ལས། དངོས་གྲུབ་ལེན་པ་པོ་རང་རྣམ་འགྱུར་གློ་བུར་བའི་ཆ་དེ་གཙོ་བོའི་རྣམ་པས་ཤར་སྒོར་ཐོན་པ་དེས་བྱས་ཀྱང་ཆོག །བདག་མདུན་དབྱེར་མེད་དུ་བྱས་པ་ཕལ་ཆེར་ལ་ཕྱག་མཆོད་བསྟོད་པ་སོགས་ཀྱི་དུས་ཀྱང་དམིགས་པ་དེས་རིགས་འགྲེ། ལར་སྒྲུབ་གཏོར་ཤེས་པ་གསུམ་ལྡན་ཡིན་པས་མཆོད་དུས་འདོད་ཡོན་གྱི་བདུད་རྩིར་ལྟ་བ་སོགས་ཀྱི་གནད་ཀྱང་ཤེས་དགོས། ཐུགས་ཐིག་གི་ཕྱི་ནང་གསང་སྒྲུབ་སྐབས་ཐུན་ཐམས་ཅད་ལ་མཆོད་གཏོར་འབུལ་བ་ཟུར་དུ་མི་དགོས། སྲོད་ཐུན་ལྟ་བུའི་རྗེས་གཏོར་བསྔོའི་འདས་གཏོར་དང་གོ་ཆུ་རུབ་ཏུ་བྱས་པས་ཆོག །༧ཚོགས་བརྒྱ་ལ། ཚོགས་ཆུང་བཅུ་ཚན་བཅུ་དང་བརྒྱད་ཚན་གཅིག་བཤམས་ལ། ཚན་པ་བཅུ་གཅིག་པོ་རེར་བྱིན་རླབས་དང་། ཚོགས་ཞིང་སྤྱན་འདྲེན་ཚར་རེ་བྱས་རྗེས། ཚོགས་ཕུད་དང་པོ། བར་པ། ཐ་མ་གསུམ་ཚོགས་ཆུང་སོ་སོ་ནས་རེ་རེ་འབུལ་ཞིང་། ཚུལ་དེས་བརྒྱ་རྩ་བརྒྱད་སོང་རྗེས་ཚོགས་ལྷག་གཅིག་གིས་འཐུས་གནང་ན་རྒྱས་བསྡུས་འཚམས་པ་ཡོང་། རྒྱུན་གྱི་བཟའ་བཏུང་ལ་ཚོགས་མཆོད་གནང་ན། ཐུན་མཚམས་ཀྱི་ལྷས་བྱེད་པ་ཡིན་པས་ལས་བྱང་གཏོང་མི་དགོས། རང་ཐུགས་རྗེ་ཆེན་པོར་གསལ་བའི་ལུས་ཀྱི་ནང་ཐམས་ཅད་དཔའ་བོ་དང་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་བཞུགས་པར་མོས་ལ། བཟའ་བཏུང་གང་ཡིན་ༀ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་ལག་པའི་དགང་བླུག་གིས་ཕུལ་བ་ལྟེ་བའི་གཏུམ་མོ་སྦར་བའི་མེ་ལ་སྲེག་པའི་དྭངས་མ་བདུད་རྩི་འོད་ཟེར་གྱི་སྤྲིན་འདོད་ཡོན་གྱི་རོལ་མོར་སྤྲོས་པས་ལུས་ནང་གི་ལྷ་ཚོགས་ཐམས་ཅད་མཉེས་ཤིང་ཚིམ། སྙིགས་མ་ཐལ་བར་སྦྱངས་པར་བསམས་ཏེ་བཟའ་བཏུང་ལ་ལོངས་སྤྱོད་ཅིང་། རླུང་ཅུང་ཟད་རེའང་འཛིན། ༧ཡང་རྡོར་སེམས་ཀྱི་ཁྲིད་ཡིག་ཏུ། སྣ་ཚོགས་རྡོ་རྗེའི་རྭ་བཅུ་གཉིས་པ་རྣམས་རེ་རེ་ནས་རིམ་པར་བསྒོམ་ཞེས་པ་རྭ་བཅུ་གཉིས་པོ་རེ་རེ་ནས་སྒོམ་པའི་དོན་མ་ཡིན། སྲུང་འཁོར་གྱི་ནང་དུ་འབྱུང་བཞི་རི་རབ་ཀྱི་རྩེར་པད་ཉི་དང་སྣ་ཚོགས་རྡོ་རྗེ་རྣམས་རེ་རེ་ནས་རིམ་བཞིན་སྒོམ་པའི་དོན་ལགས། ༧ཡང་གཅོད་ཀྱི་དཀར་འགྱེད་སྐབས་རྣལ་འབྱོར་མ་སྔར་གྱི་གཅིག་པོ་དེ་ལས་རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྲོས་ནས་དེ་རེ་རེས་ཀྱང་ཐོད་པས་བདུད་རྩི་བཅུས་ཏེ་འབུལ་བ་ཡིན་པས་གཅིག་གིས་མགྲོན་རེ་རེ་ནས་འབུལ་བའི་གུ་དོག་མི་དགོས་ཏེ། དཔེར་ན་སྟོན་མོ་ཆེན་པོའི་ཡོ་ལངས་ལ་མགྲོན་མང་ན། དེ་བསྟུན་གྱི་ལག་བདེ་བ་ཡང་མང་པོས་དྲངས་ན་དཀའ་ཚེགས་མེད་པ་བཞིན་ནོ། །༧ཡང་བདག་འཇུག་ལེན་པའི་དམིགས་པའི་གནད་ནི་བླ་མ་དང་དབྱེར་མི་ཕྱེད་པའི་དཀྱིལ་འཁོར་གྱི་གཙོ་བོ་ནི་དབང་ལེན་པའི་ཡུལ་དང་། བདག་ཉིད་ཀྱི་རྣམ་འགྱུར་གློ་བུར་བའི་ཆ་དེ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་གནས་པ་དབང་ཞུ་བ་པོ་སློབ་མའི་ཚུལ་དུ་བྱས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང་དབང་ལེན་པ་སོགས་བྱེད། དེ་ཡང་དབང་བསྐུར་བ་པོ་ནི་རང་གི་བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་། དེ་ལས་སྤྲུལ་པ་དང་ནམ་མཁར་སྤྱན་དྲངས་པའི་རིགས་ལྔའི་ཐུགས་རྗེ་ཆེན་པོ་ལ་སོགས་པས་བསྐུར། འཇུག་པའི་ཚེ་ནང་དུ་འཁྲིད་པ་སོགས་ལས་ཀྱི་རྡོ་རྗེའི་དོད་ནི་གཙོ་བོའི་ཐུགས་ཀ་ནས་ཐོན་པའི་ཐུགས་རྗེ་ཆེན་པོ་ཞིག་གིས་བྱེད་པ་ཡིན། མཆོག་དབང་གོང་མའི་དུས་དྭངས་མས་ལུས་གང་བའི་བདེ་བ་ལ་སེམས་བསྲེ་བའི་ཚེ་རླུང་དང་སྦྱར་ན་ནུས་པ་ཆེ་སྟེ། རླུང་ཁ་སྦྱོར་དུ་བཅིངས་པས་གཏུམ་མོ་སྦར་བའི་བདེ་དྲོད་ཀྱིས་དྭངས་མ་ཞུ་བའི་ཞུ་བདེས་ཁྱད་པར་དུ་བྱས་པའི་ཡེ་ཤེས་གསང་དབང་དུས་རིག་པ་གསལ་སྟོང་དང་། ཤེར་དབང་དུས་ལུས་སེམས་བདེ་སྟོང་དུ་ཤར་བ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་བསྐྱལ་ཏེ་བསྐྱང་དགོས་པའི་ཕྱིར་རོ། །༧བི་མ་སྙིང་ཐིག་གི་རླུང་དབྱིབས་ལ་སེམས་འཛིན་པའི་མན་ངག་ནི། སྨིན་མཚམས་སམ་སྣ་རྩེར་རླུང་གི་ཐིག་ལེ་དཀར་སྔོ་སྲན་ཟླུམ་ཙམ་ཞིག་ལ་ཤེས་པ་དང་ལྟ་སྟངས་གཏད་དེ། རླུང་འགྲོ་འོང་དལ་ལ་རིང་བ་དང་སྦྱར་ནས། རླུང་ཕར་འགྲོ་དུས་ཐིག་ལེ་རྒྱངས་ཀྱིས་སོང་། རྔུབ་དུས་ཚུར་ཡེར་གྱིས་བྱུང་ནས། སྨིན་མཚམས་སམ་སྣ་རྩེར་གྲང་སིལ་གྱིས་གནས་པ་ལ་བསླབ། ཡང་འགྲོ་འོང་ལ་བསླབ་པ་ནི། རང་གི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་ནས་ཙམ་ཞིག་བསྒོམས་ནས། རླུང་ཕྱིར་འགྲོ་དུས་དེ་དང་བསྟུན་ཏེ་རྡོ་རྗེ་དེ་སྣ་བུག་གཡས་ནས་སྔོ་ཡེར་གྱིས་ཐོན་ནས་རྒྱང་རིང་པོར་སོང་། རྔུབ་དུས་སྣ་བུག་གཡོན་ནས་ཞུགས་ཏེ་ཐོད་པའི་ནང་དུ་སྔར་ལྟར་གནས་པར་བསམ་ཞིང་། ལུས་བདེ་ཁྲིལ་ལེ་བ་ལ་མཉམ་པར་འཇོག་པ་ལགས།

༈ དགེ་སློང་རྒན་པོ་དྷརྨཱ་ཤྲཱིས་ཆོས་མཛད་བློ་བཟང་བཟོད་པའི་སྙན་ལམ་དུ་ཕུལ་བ། སྐུ་ཁམས་བཟང་ཞིང་དམ་པའི་ཆོས་ལ་བློ་གཞོལ་བའི་ལེགས་མཛད་རྣམ་པར་དཀར་བ་ནས་ཡི་གེ་རྟེན་བཅས་འཕྲོད་པས་ཡིད་དགའི་སྨན་ཡོན་དུ་གྱུར། མི་རིང་བར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཟབ་མོ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་ཉམས་ལེན་དྲག་པོ་མཛད་འདུན་དེ་བཞིན་ཤིན་ཏུ་ལེགས་པ་ད་དུང་ཕྱི་བཤོལ་བར་ཆད་ཀྱི་དབང་དུ་མ་སོང་བ་མཛོད། ཉམས་ལེན་བྱེད་ཚུལ་མཚམས་ཟླ་བ་དྲུག་ཙམ་མཛད་ཀྱིན་ཡིན་ཚེ། ཐོག་མར་ཞག་བདུན་ཙམ་གྱི་རིང་ཐུན་བཞི་ཀ་ལ། སེམས་ཅན་ཐམས་ཅད་སྙིང་ཁོངས་སུ་བཅུག་པའི་ལྷག་བསམ་དྲག་པོས་སྐྱབས་འགྲོ་དང་། སེམས་བསྐྱེད་བརྒྱའམ། ཐ་ན་ཉེར་གཅིག་ཙམ་རེ་བྱས་རྗེས། གཙོ་བོར་སྡིག་སྦྱོང་གི་ཡིག་བརྒྱ་ལ་སྒྲིལ། ཐུན་གཤམ་དུ་མཎྜལ་དང་བླ་མའི་རྣལ་འབྱོར་ཡང་ཅི་ནུས་རེ་ཉམས་སུ་ལེན། ཐུན་མཚམས་སུ་ཡང་ཕྱག་མཆོད་སོགས་བསག་སྦྱང་ལ་འབད། དངོས་གཞི་ཚུགས་དུས་མཆོད་གཏོར་སོགས་མ་འབྱོར་ཡང་སྐྱོན་ཆུང་མོད། འོན་ཀྱང་སྲོད་ཐུན་ལྟ་བུའི་མཐར་རྒྱུན་གྱི་གཏོར་བསྔོ་དང་། ཁྱད་པར་བཀའ་སྲུང་གཏེར་སྲུང་ལ་གཏོར་མ་ཕུལ་ནའང་ལེགས་པས། ཡི་དམ་གྱི་འདས་གཏོར་དང་། ཆོས་སྲུང་གི་གཏོར་མ་ཅི་འགྲུབ་བཤམ་ཞིང་བསྔོས་པའི་མཐར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་སྤེལ་བའི་གསོལ་བ་འདེབས། དངོས་གཞིའི་ཉམས་ལེན་ཐུན་བཞིའི་དང་པོ་ཐོར་ཐུན་གྱི་འགོར་སྔོན་འགྲོ་རྣམས་ཡུན་ཐུང་ལ་འཇུར་བ་རེ་རྫོགས་པར་བྱེད། ཐུན་གཞན་གསུམ་ལ་སྐྱབས་སེམས་བླ་མའི་རྣལ་འབྱོར་ཙམ་མམ། བསྡུ་ན་ཐུན་གྱི་སྔོན་འགྲོ་ཙམ་གྱིས་ཆོག །དེའང་བདུན་ཕྲག་གཅིག་ཙམ་གྱི་བར་ཐུན་བཞི་ཀ་ལ་ཁྲིད་ཡིག་ནང་ལྟར་བསྐྱེད་རིམ་བསྒོམས་ནས། གཙོ་བོར་ལྷའི་གསལ་སྣང་དང་ང་རྒྱལ་ལ་མཉམ་པར་འཇོག །དེས་སུན་ན་ཡིད་བཟླས་བྱ། ཐུན་སྙོམས་ཁྱད་ཕྱི་ཐུན་གསུམ་གྱི་མཇུག་ཏུ་སྤྱད་པ་གསུམ་གྱི་བཟླས་དམིགས་རེ་སོ་སོར་སྦྱར་ནས་དམིགས་ཐུན་ཐུང་ལ་འཇུར་བས་ཅུང་ཟད་རེ་བྱ། ཐུན་མཚམས་སུའང་ལྷའི་གསལ་སྣང་དང་མ་བྲལ་ཙམ་གྱི་ངང་བསྐྱང་ཞིང་། ངག་བཟླས་ཀྱང་ཅི་ནུས་བྱ། དེ་ནས་ཐུན་བཞི་ཀ་ལ་སྔོན་འགྲོ་སྔར་ལྟར་ལས། དངོས་གཞི་བསྐྱེད་རིམ་ཡིད་བཟླས་བཅས་པ་དམིགས་པ་འཇུར་བ་རེ་སྔོན་དུ་འགྲོ་བས། ཐུན་གྱི་གཞི་སྐུ་རྡོ་རྗེའི་དམིགས་པ་ཁོ་ན་ལ་དྲིལ། ཐུན་མཚམས་སུའང་ལྟེ་བའི་མི་ཤིགས་པའི་ཐིག་ལེ་ཡང་ཡང་གསལ་བཏབ་ནས་བསྐྱང་བའམ། ཡང་ན་གང་ཤར་གྱི་རང་ངོ་ལ་བསལ་བཞག་མེད་པར་བསྐྱངས་པས་རང་ཞལ་བལྟ་ཤེས་པ་ཙམ་གྱི་ངང་ལ་བསྐྱུར་ཏེ་འཇོག །མདོར་ན་སྐུ་རྡོ་རྗེས་རྩ་དག་པའི་སྣང་བ་སྨིག་རྒྱུ་ལ་སོགས་པའི་རྟགས་སྣང་མ་བྱུང་གི་བར་དུ་དམིགས་པ་འདི་ཁོ་ན་ལ་ཆིག་དྲིལ་དུ་བྱ། ཕྱི་ཐུན་གསུམ་གང་ཡང་རུང་བ་ཞིག་གི་མཇུག་ཏུ། ལྟེ་བའི་ཐིག་ལེ་སྙིང་གར་དྲངས་ནས་གསུང་རྡོ་རྗེ་དང་། ལྟེ་བར་རྡུལ་གྱི་ཐིག་ལེ་གསལ་བཏབ་ནས་འོད་ཀྱིས་བསྐུལ་བས་ཐུགས་རྡོ་རྗེས་སྣོད་བཅུད་སྦྱངས་ཤིང་དེ་ལས་ལྷར་ལྡང་བའི་དམིགས་པ་གཉིས་ཡུན་ཐུང་ལ་འཇུར་བ་རེ་བྱས་པས་དམིགས་པ་མི་བརྗེད་པ་དང་། རིམ་གྱིས་དམིགས་པ་འབྱོངས་བའི་དགོས་པ་ཡོད། རྟགས་སྣང་ཅི་རིགས་ཤར་ན་སྐུ་རྡོ་རྗེ་ལ་ཟླ་བ་གཅིག་བྱས་རྗེས། ཐུན་གྱི་འགོར་སྐུ་རྡོ་རྗེ་ཅུང་ཟད་རེ་བསྒོམས་ནས་གསུང་རྡོ་རྗེ་ལ་གཙོ་བོར་དྲིལ་བ་ཟླ་བ་གཅིག །དེ་ཕྱིན་ཐུན་འགོར་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་ཅུང་ཟད་རེ་བསྒོམས་རྗེས་ཐུགས་རྡོ་རྗེ་ལ་ཆིག་དྲིལ་གྱིས། ཉིན་དུས་ཐུན་སྒང་ལ་སྣོད་བཅུད་བསྡུ་ཞིང་ལྡང་བ་དང་ཐུན་མཚམས་སུ་གཉིད་དང་རྨི་ལམ་གྱི་དྲན་འདུན་དྲག་པོ་བྱས་ལ། མཚན་མོ་གཉིད་འཐུག་འོད་གསལ་དང་། རྨི་ལམ་ལྷ་སྐུར་སྦྱོང་བ་ལ་འབད་པ་བཏོན་ན་ལེགས། ལར་རྡོ་རྗེ་གསུམ་རེ་རེ་ལ་ཟླ་བ་ཇི་ཙམ་བྱེད་པ་རང་གི་ཉམས་རྟགས་དང་སྦྱར་ཏེ་སྔ་མ་བྱང་ནས་ཕྱི་མར་སྤོ་བ་ལ་དུས་མཐའ་གཅིག་ཏུ་མ་ངེས་པས་སྐབས་ཐོབ་རྩིས་ནས་བྱ་བ་ཡིན། རྫོགས་རིམ་གྱི་རྟེན་རང་ཉིད་ལྷར་སྒོམ་པ་ལ་སྔར་ཁྲིད་ཞུ་དུས་སྒོམ་པ་བཞིན་དུ་དམིགས་པ་ཁོ་ནས་གསལ་འདེབས་པས་ངག་འདོན་གྱི་ཆོ་ག་མི་དགོས། མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལྟར་རང་ལུས་ལྷ་སྐུར་ལམ་གྱིས་སྒོམ། གསལ་ཐེབས་ན་སླར་གསལ་སྐྱོར་མི་བྱེད་པར་དེ་ཁའི་ངང་ལ་སལ་ལེ་མཉམ་པར་འཇོག །མི་གསལ་ན་འཕྲོ་བཅད་ནས་སླར་ཡང་ཝལ་གྱིས་ལྷར་སྒོམ། ལུས་ནང་གི་རྩ་འཁོར་རྣམས་རྩ་དབུ་མ་ལ་བུག་པ་ཧར་རེ་ཟུག་པ་དང་། རྩེ་མོ་རྣམས་ཀྱང་སོག་མ་བཅད་པའི་ཁ་བཞིན་དུ་བུག་པ་ཧར་རེ་སྒོམ། དེས་ལུས་ཀྱི་རྩ་ཐམས་ཅད་ཀྱི་རླུང་འཁོར་སོ་སོའི་ཐད་ནས་དབུ་མར་འཇུག་པའི་དགོས་པ་ཡོད་གསུང་། ཁ་སང་ངོས་ཀྱིས་ཞུས་པ་ལྟར། རེ་ཞིག་རྟ་མགྲིན་ལྟ་བུའི་བསྙེན་པ་གཞན་ཞིག་ཡིན་ཁུལ་གྱིས་གསང་ནས་སྒྲུབ་ན་དངོས་གྲུབ་མྱུར་ཞིང་བར་ཆད་མི་འཇུག་པའི་དགོས་པ་ཡོད་པས་གསང་དམ་པར་མཛོད། སླད་མར་ཡང་ཐུགས་དམ་འཕེལ་བའི་ཐད་ནས་འཕྲོས་འོས་ཀྱང་ཞུ། རྟེན་དང་བཅས་ཕུལ།

༈ ཉུག་པ་དགེ་སློང་གི་དྲི་ལན། དྲི་བ། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ལན། རབ་བསྔགས་ཆེན་པོ་སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་བདག་ཉིད་ངའོ། །ཞེས་དང་། རབ་བསྔགས་ༀ་སྭ། རང་བཞིན་དག་པའི་བྷཱ་ཝ་ཤུདྡྷཱ། ཆོས་ཐམས་ཅད་སརྦ་དྷརྨཱ། རང་བཞིན་གྱིས་དག་པའོ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པ་འདི་གཉིས་བོད་སྐད་དུ་ཇི་སྐད་ལ་འཇུག །བསྐྱེད་རིམ་སྒོམ་པའི་ཉེར་བསྡོགས་སུ། ཤུནྱ་ཏས་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བྱེད་དང་། ལ་ལར་སྭཱ་བྷཱ་ཝས་སྦྱངས་ཞེས་ཡོང་འདུག་ལགས་པ་འདི་གཉིས་གང་འཐད་ཡིན་ནམ། ཁྱད་ཆོས་གཞན་ཡོད་མེད་སོགས་ཇི་ལྟར་ལགས་ཤིང་། སྤྱིར་བཏང་བསྐྱེད་རིམ་གྱི་སྔོན་དུ་ཤུནྱ་ཏ་དང་མཆོད་རྫས་ཀྱི་ཉེས་སྐྱོན་སྦྱོང་བར་སྭཱ་བྷཱ་ཝ་དགོས་པ་མང་ཕྱིར་དེ་དག་ཀྱང་ཇི་ལྟར་ལགས། ལན། སྭཱ་བྷཱ་ཝའི་སྔགས་དོན། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་ངོར་སོ་སོར་སྣང་ཡང་། དོན་དམ་པར་འཁོར་བ་རང་བཞིན་གྱིས་དག་པ་མྱང་འདས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་བཟང་ངན་མེད་པར་སུས་ཀྱང་མ་བྱས་པར་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་དེ་བཞིན་ཉིད་ངའོ་ཞེས་ང་རྒྱལ་འཛིན་པའོ། །ཤུ་ནྱ་ཏའི་སྔགས་དོན་སྟོང་པ་ཉིད་ཡེ་ཤེས་རྡོ་རྗེ་ཆེན་པོ་ནི། ཆོས་ཐམས་ཅད་རང་སེམས་ཀྱི་རྩལ་སྣང་ཙམ་སྟེ། སེམས་ཉིད་ཀྱང་གདོད་ནས་རང་གི་ངོ་བོ་ལ་དྲི་མས་གོས་མ་མྱོང་བས་རང་བཞིན་གྱི་རྣམ་པར་དག་པ་སོ་སོ་རང་གིས་རིག་པ་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པ་ནི་མ་ཡིན་དགག་གི་སྟོང་ཉིད་བདེ་བར་གཤེགས་པའི་སྙིང་པོ་སྟེ་བདག་ཉིད་ངའོ་ཞེས་ང་རྒྱལ་འཛིན་པའོ། །རྒྱུ་མཚན་དེས་ཀུན་རྫོབ་ཀྱི་ཆོས་ཀྱི་དྲི་མ་སྦྱོང་བྱེད་ལ་སྭ་བྷཱ་བ་དང་། དེས་སྦྱངས་པའི་རྣམ་དག་རིག་པའི་ཡེ་ཤེས་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་འཆར་བའི་གོ་དོན་ཏེ། གཙོ་ཆེ་ཆུང་ཙམ་མོ། །༧པུཎྜ་རཱི་ཀ །པདྨ་དཀར་པོ། པྲ་བྷ་ཧ་སྟི། འོད་ཀྱི་གླང་པོ། པ་ལ་ཤ །ཤིང་པླཀྵ་སྟེ་བོད་སྐད་མེད། མུ་ཐི་ལ། རིན་པོ་ཆེའི་ཤིང་། ཀསྨི་ར། ཁ་ཆེ། ཙ་ཀ་ལི་ཀའི་དར། ལྷའི་དར་ཤ་མི་སྒྲིབ་པ། ཙ་རུའི་བཟའ་བ། ལྷའི་བཤོས། ཙན་ཀའི་འབྲུ། མོན་སྲན་ཙ་ཀ་ན། ཙ་ཀོར། བྱ་ཞིག་གི་མིང་སྟེ་བོད་ན་མེད། པ་ར་མི་ཏ། པ་ར་མ་ཕ་རོལ་ཨི་ཏ་ཕྱིན་པ་སྟེ་ཕ་རོལ་ཏུ་ཕྱིན་པ། དྷ་ན་སཾ་སྐྲྀ་ཏ། ནོར་གྱི་ལེགས་སྦྱར་ཙནྡྲ་ནའི་མིང་ཅན། ༀ། རབ་བསྔགས། ཨ་མ་ར་ཎི་ཛཱི་ཝནྟི། འཆི་བ་མེད་པའི་སྲོག་ལྡན། ཡེ། མལ། སྭཧཱཿགཞི་ཚུགས། ཞེས་པ་དེ་རྣམས་བོད་སྐད་དུ་ཇི་ལྟར་ལ་འཇུག །ད་གདོད་འཁུམས། སྔར་མ་ཤེས་པ་ད་རེས་ཤེས། རྔོ་མི་ཐོགས། སྤྱན་སྔར་མི་ཐོགས་པ། ཐ་གུའི་ལྟོ་ཅན། ཁྱབ་འཇུག །ཅེས་པ་དེ་རྣམས་ཀྱི་དོན་ཇི་ལྟར་ལགས། ཡང་ཨ་ཝ་དྷུ་ཏེ། ཀུན་སྤངས། གྷཡ་དྷ་ར། སྤྲིན་འཛིན། བ་སུ་དྷ་ར། ནོར་འཛིན། དཱ་ན་ཤི་ལ། སྦྱིན་པ་ཚུལ་ཁྲིམས་སམ་སྦྱིན་པའི་ངང་ཚུལ། ཌོམྦྷི་ཧེ་རུ་ཀ །གཡུང་མོ་ཁྲག་འཐུང་། བནྡྷུ་ཛི་ཀ །མེ་ཏོག་དམར་པོ་ཞིག་གི་མིང་། ཧ་ལུ་མཎྛ། ཞེས་པ་དེ་དག་ཀྱང་བོད་སྐད་ལྟར་ན་ཇི་སྐད་ལ་འཇུག་ལགས། སྤྲེའུའི་རྒྱལ་པོའི་མིང་རིག་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ། ཕྲིན་ཡིག་ལམ་གསུམ་དག་ཏུ་འབབ་ཀྱང་འཚལ། ཅེས་པ་དེ་ཇི་ལྟར་ཡིན་ལགས། ཆུ་བོ་གངྒཱའི་མིང་། རི་མོ་གསུམ་པའི་ལམ་ནས་དྲངས་ཞེས་པ་མགྲིན་པའི་ལམ་ཡིན་ནམ་ལགས། ཡིན་འདྲ། རྣ་བའི་བཅུད་ལེན་དུ། མ་ཤ་སོར་དོར་འཁྲུངས་པའི་དགེ་མཚན་ཉིལ། ཞེས་པའི་མ་ཤ་བྱ་བ་ཇི་ལྟར་ལགས། རྒྱ་སྲན་མ།

༈ འཇམ་དཀར་གྱི་བསྟོད་པ། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང་། །ཞེས་པ་འདི་མཛད་པ་པོ་སུ་འདྲ་ཞིག་ཡིན་ལགས། པཎྜི་ཏ་ལྔ་བརྒྱས་མགྲིན་གཅིག་ཏུ་བསྟོད་པར་གྲགས།

༈ གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཅེས་སོགས། བསྟོད་བྱའི་འཇམ་དཔལ་འདི། གླེགས་རལ་ཨུཏྤལ་ལའི་སྟེང་ན་བྱས་ཏེ་ཡུ་བ་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱས་འཛིན་པ་འདི་ལགས་སམ། རལ་གྲི་ཕྱག་གཡས་ཀྱིས་གདེངས་པ་འདི་གཉིས་དམིགས་པའི་སྐབས་གང་འཐད་སྒོམ་པས་ཆོག་གམ། ཁྱད་ཆོས་ཀྱི་དབྱེ་བ་དགོས་མིན་གྱི་དོགས་པ་གཞོམ་པར་མཛད་དུ་གསོལ། འཕགས་པ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་སྒྲུབ་རྣམས་སུ། འཕགས་པ་འཇམ་དཔལ་གུརྒུམ་གྱི་མདོག་ཅན་རལ་གྲི་དང་པོ་ཏི་འཛིན་པ། ཞེས་པ་ལས་མི་འབྱུང་བས་པོད་རལ་ཆོས་འཁོར་གྱི་རྒྱས་འཛིན་པ་དང་། རལ་གྲི་གདེངས་པ་གང་ལྟར་གནང་ཡང་ཡོང་བ་འདྲ།

༈ ལན། ལགས། དེ་ཁར་དགེ་འདུན་གྱི་བཞུགས་གནས་གཙུག་ལག་ཁང་གསར་བཞེངས་བཀའ་དྲིན་བསྐྱངས་པའི་རྩེར། འདི་ལོ་གསེར་ཐོག་འབུབས་པའི་བྱ་བ་ལས་ཀྱི་འཁོར་ལོ་རླབས་པོ་ཆེ་ཕྱག་ཏུ་བཞེས་པ་བཀའ་དྲིན་དུ་གྱུར་ཅིང་། གཉྫི་རའི་གཟུངས་འབུལ་སྤྱིར་མཆོད་རྟེན་གྱི་གཟུངས་ལྟར་གནང་བ་ལས། ཁྱད་པར་རྡོར་དབྱིངས་དང་ཀུན་རིག་ལྟ་བུའི་རྣམ་སྣང་གི་གཟུངས་སྔགས་མང་དུ་འཇུག་པར་བཤད་ཅིང་། རྒྱ་ཕུབ་རྩེར་བཙུགས་ཟིན་ནས། དེ་ལ་རྒྱལ་མཚན་རབ་གནས་ཀྱི་ཆོ་ག་བྱ་བར་གསུངས་པས། དེའི་ཆོ་ག་མདོར་བསྡུས་གནད་འགག་བསྡུས་ན། བདག་བསྐྱེད་ཀུན་རིག་གི་ཆོ་གའི་དབུར་ཡོད་པ་ལྟར་སྔོན་དུ་འགྲོ་བས། རྟེན་ལ་ཞི་བ་ཕྱེད་མ་དྲག་པོ་གསུམ་གྱི་སྒོ་ནས་བགེགས་སྦྱངས། ཇི་ལྟར་བལྟམས་པ་ལྟ་བུའི་ཚིག་གང་རིགས་ཀྱིས་ཁྲུས་བྱས། དེ་ནས་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་ཟླ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཙུག་ལག་ཁང་ལ་ཁྱབ་པ་ལས། སྐད་ཅིག་གིས་རྣམ་པར་སྣང་མཛད་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་གཞུག་བཅིངས་མཉེས་བྱ། སྤྲོ་ན་ཕྱག་རྒྱ་བཞིས་རྒྱས་བཏབ། གནས་གཞི་བྱིན་གྱིས་བརླབས། བུམ་པའི་ཆུ་དང་ཅོད་པན་དར་དཔྱངས་རྣམས་ཀྱིས་དབང་བསྐུར། མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །ཅེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། དེ་ནས་རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་མོ་ནས་བཟུང་སྟེ། ༀ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་པཱུཀྵྨེ་པཱུཀྵྨེ། ས་མེ་ས་མ་ཡེ། ཤཱནྟ་དཱནྟེ། ཨ་པ་མཱ་རོ་སེ། ཨ་ནཱ་ལམྦེ། ཏ་རམྦེ། ཡ་ཤོ་ཝ་ཏི། མཧཱ་ཏེ་ཛེ། ནི་རཱ་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷཱ་ཨ་དྷིཥྛཱ་ན། ཨ་དྷིཥྛ་ཏེ་སྭཱཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏཱ་དིཔྟེ་ཛྭ་ལ་ཛྭ་ལ་དྷརྨ་དྷ་ཏུ་གརྦྷེ་སྭཱཧཱ། ཞེས་ལན་བདུན་བཟླས་པའི་མེ་ཏོག་གི་ཕྲེང་བ་དེ་ལ་གདགས། མེ་ཏོག་ཀུནྡཱ་དང་དུརྦཱ་ལ་ཡེ་དྷརྨཱ་བཟླས་པ་གཏོར་ལ་ཞུ་བ་ལས་བྱུང་བའི་རྒྱལ་མཚན་དུ་བལྟས་ཏེ། བརྟན་བཞུགས་དང་ཤིས་བརྗོད་གནང་བས་རབ་ཏུ་གནས་པའི་ཆོ་ག་ཚང་བར་འགྱུར་ལགས། ད་ལམ་གཟུངས་སུ་གནང་རྒྱུའི་རྫོགས་པ་ཆེན་པོའི་ལུགས་ཀྱི་བཏགས་གྲོལ། སོར་འབྲང་གི་འཁོར་ལོ། ནད་རིམས་ཟློག་བྱེད་ཁྱུང་འཁོར་ཆེ་ཆུང་། ཕ་རོལ་སྔགས་པའི་མཐུ་བྱད་ཟློག་བྱེད་ཡང་ཟློག་འཁོར་ལོ། སྐུ་ཚེ་རྒྱས་བྱེད་ཚེ་འཁོར། སྐུ་བསོད་སོགས་སྲིད་ཞིའི་དཔལ་འབྱོར་ངང་གིས་འདུ་བ་ལ་བསོད་ནམས་གླང་པོ་སྟོབས་བསྐྱེད། གུར་དྲག་དང་ལོཀྟྲིའི་སྒོ་ནས་སེར་བའི་གནོད་པ་ཟློག་བྱེད། ནད་མཚོན་གདོན་བགེགས་ཀྱི་གནོད་པ་ཟློག་བྱེད་གུ་རུ་དྲག་པོ་དང་ལོཀྟྲིའི་འཁོར་ལོ། གནམ་ལྕགས་ལྕེ་འབབ་ཐོག་གི་འཇིགས་པ་སྲུང་བྱེད་ཀྱི་འཁོར་ལོ་བཅས་སོ་སོར་ཁ་བྱང་བཏབ་སྟེ་ཕུལ་བ། འཁོར་ལོ་འདི་ཐམས་ཅད་ཕལ་ཆེར་བླ་མེད་དང་འབྲེལ་བས་སྟོད་ཀྱི་ཆ་ལ་འབུལ་བ་གནང་བས་ཆོག་ལགས།

༈ ཏྲེ་བོ་དཔོན་གྱི་དྲི་ལན། དྲི་བར། ངག་རྒྱུན་དང་ཡིག་ཆ་ལ་ལར། རྟ་མགྲིན་གྱི་དབང་ཐོབ་ནས་རྟ་ཤ་མི་ཟ། ཁྱད་པར་རྟ་ནག་གི་དབང་ཐོབ་ནས་རྟ་ནག་ལ་མི་ཞོན་ཟེར་བ་ཡོང་འདུག་པ། དེ་ལྟར་ན་རྟ་མགྲིན་དམར་པོའི་དབང་ཐོབ་ནས་རྟ་དམར་ལ་མི་ཞོན་པ་སོགས་ཁྱད་མེད་འདྲ་བས་ཨེ་བདེན་ལགས། ཁྲོས་ནག་ལ་ནི་ཕག་གི་ཤ་ཚོགས་རྫས་སུ་མི་གཏོང་བར་གསུང་ན་དོན་ལ་ཁྱད་མེད་འདྲ། གསུང་བའི་ལན། རྟ་ཤ་མི་ཟ་བ་དང་རྟ་ནག་ལ་མི་ཞོན་པ་སོགས་ཡིག་ཆར་འཁོད་པ་མཐའ་མ་བཀག་ཀྱང་ལྟ་རྟོག་ཆུག་པ་མ་བྱུང་། དེ་ལྟར་ཡོད་དུ་སྲིད་ཀྱང་། སྒོས་ཀྱི་དམ་ཚིག་ཕྲན་ཚེགས་འདི་དག་གང་ལས་བཤད་པ་དེ་དང་དེའི་ཉམས་ལེན་པས་བསྲུང་དགོས་མོད། གཞན་དུ། རྟ་ནག་གི་དབང་ཐོབ་པས་རྟ་ནག་ལ་ཞོན་མི་ཆོག་པའི་རིགས་འགྲེ་རྟ་མགྲིན་དམར་པོའི་དབང་ཐོབ་པས་རྟ་དམར་ལ་ཞོན་མི་ཐུབ་པ་སོགས་སྦྱར་དགོས་པའི་ངེས་པ་མེད། ༧ཡང་མི་ལ་ལས་རྟ་མགྲིན་ནག་པོ་གནས་སྐབས་རྐྱེན་སེལ་གྱི་ལྷ་མ་གཏོགས་མཐར་ཐུག་གི་ཡི་དམ་མི་གཏུབ་ཟེར་མཁན་འདུག་ན། མགོན་པོ་ཕྱག་དྲུག་པ་སོགས་ཀྱིས་ཀྱང་བར་དོ་ནས་རྗེས་སུ་འཛིན་པར་གསུངས་པས། འདི་ཉིད་རྣམ་པ་གནོད་སྦྱིན་ནག་པོའི་སྐུར་བསྟན་པ་ཙམ་ལས་ངོ་བོ་མགོན་པོ་སྤྱན་རས་གཟིགས་ཡིན་པ་ལ། རང་གིས་གནས་ལུགས་དོན་གྱི་ལྟ་སྒོམ་དང་བསྲེས་ནས་ལྷ་ལམ་དུ་ཁྱེར་ཤེས་ན་འདི་ལས་ལྷག་པ་ཞིག་ཟུར་དུ་མི་དགོས་པ་དང་། མཆོག་གི་རྫོགས་རིམ་དངོས་སུ་བསྟན་མ་བསྟན་ཙམ་ལས་རྟ་མགྲིན་དམར་ནག་ལ་ཁྱད་མེད་པ་འདྲ། ལྟ་བ་ཡང་དག་གིས་མ་ཟིན་ན་དཔལ་ཆེན་པོ་བསྒྲུབས་ཀྱང་འཁོར་བ་ལས་མི་གྲོལ་བ་སློབ་དཔོན་ཆེན་པོས་ཀྱང་གསུངས་འདུག་ན། འདི་རིགས་གང་ཟག་ལ་རག་ལས་པ་མ་གཏོགས་ཡི་དམ་གྱི་ལྷ་ལ་མཆོག་དམན་དུ་འཛིན་མི་རུང་བ་འདྲ་བས་གང་ལྟར་ཡིན་ལགས། གསུངས་པའི་ལན། ཇི་སྐད་གསུངས་པ་ལྟར། རྟ་ནག་དང་ཕྱག་དྲུག་པ་སོགས་གདུལ་བྱ་གདུག་པ་ཅན་འདུལ་བའི་གཉེན་པོར་འཕགས་པ་སྤྱན་རས་གཟིགས་དྲག་པོའི་སྐུར་བཞེངས་པ་ལྟར་སྣང་བས་ལྷ་ལ་མཆོག་དམན་དུ་བཟུང་ནས་འདི་དམན་པའོ་ཞེས་ཟེར་བ་ཤིན་ཏུ་མི་རིགས་ཤིང་། དངོས་བསྟན་ལ་རྫོགས་རིམ་གྱིས་མཆོག་སྒྲུབ་གཙོ་མི་ཆེ་བར། བསྐྱེད་རིམ་དང་འབྲེལ་བར་ཐུན་མོང་གི་ལས་སྒྲུབ་གཙོ་བོར་སྟོན་པ་ལྟར་སྣང་བ་ནི་འཇིགས་བྱེད་ཀྱི་རྟོག་བདུན་དུའང་དངོས་བསྟན་སྒྲ་ཇི་བཞིན་པར་གནས་སྐབས་དྲག་པོའི་ལས་སྦྱོར་ཁོ་ན་སྟོན་པ་ལྟར་སྣང་བ་བཞིན་ཡིན་མོད། དོན་ལ་གསང་སྔགས་བླ་མེད་ཀྱི་རྒྱུད་དང་དེའི་མན་ངག་རྣམ་དག་ཡིན་ཕྱིན་དངོས་བསྟན་ལ་བསྐྱེད་རིམ་བསྟན་ན། སྦས་དོན་དུ་རྫོགས་རིམ་བསྟན་པས་ཁྱབ་དགོས་པའི་ཕྱིར། རྗོད་བྱེད་ལ་ཟབ་མི་ཟབ་བྱུང་ཡང་དགོངས་པའི་གནད་དཔྱིས་ཕྱིན་པར་འགྲོལ་ནུས་ན་བརྗོད་བྱའི་དོན་དངོས་སྦས་གང་རུང་གི་སྒོ་ནས་གཅིག་ཏུ་འབབ་པ་རྟོག་གེས་ཐུགས་མ་བསླད་པའི་དམ་པ་རྣམས་མགྲིན་གཅིག་ཏུ་གསུངས་པ་དོན་ལ་གནས་པ་ཡིན་པས་ཉིད་རང་གིས་གོ་བ་དེ་ག་ཡང་དག་པའི་ཕྱོགས་སུ་སོང་བ་ལགས།

༈ དགེ་སློང་ངག་དབང་ཀུན་དགའི་དྲི་ལན། ན་མོ་གུ་ར་བེ། པད་གླིང་ཞི་ཁྲོ་བླ་མ་དང་སྦྲགས་ནས་གཏོང་ལུགས་རྗེ་བླ་མས་མཛད་པའི་ལས་ཐོར་གསལ་ཞིང་། འདིར་ཞི་ཁྲོ་རྐྱང་པས་གཞུང་བསྲང་བ་ལ། དོང་སྤྲུགས་ཕྱག་གི་བཀོལ་བྱང་དང་། སྐོང་ཆེན་བཞི་དག་གྱུར་དང་བཅས་པ་སྦྱར་ནས་དྲིལ་ཆོག་གི་ལུགས་གཏོང་བའི་ཟིན་ཐོ་ལ། ཐོག་མར་མཆོད་སྟེགས་བཀོད་ལེགས་པའི་དབུས་སུ་ཞི་གཏོར་ཟླུམ་བརྗིད་མཐེབ་སྐྱུ་ཞེ་གཉིས་ཀྱིས་བཅེར་བ། གཡས་སུ་ཁྲོ་བོའི་དཔལ་གཏོར་མཐེབ་སྐྱུ་ང་བརྒྱད་ཀྱིས་བཅེར་བ། གཡོན་དུ་ཆོས་སྐྱོང་གི་གཏོར་སྤུངས་སོགས་སུམ་ཆའམ་ལྔ་ཆ་ཇི་ལྟར་རིགས་པ་བཤམས་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་གཡོན་ནས་བརྩམས་ཏེ་མེ་ཏོག་སོགས་ཕྱི་མཆོད་ལྔ། གཡས་ནས་བརྩམས་ཏེ་དབང་པོའི་མེ་ཏོག་སོགས་ནང་མཆོད་ལྔ། མདུན་ནམ་ཡང་ན་མཐའ་སྐོར་དུ་སྐོང་གི་སྨན་གཏོར་རཀྟ་མར་མེ་རྣམས་གཅིག་ནས་བརྒྱའི་བར་གང་འགྲུབ་བཤམ་མོ། །དེ་ནས་ཆོ་ག་ནི། བླ་མའི་བསྟོད་ཚོགས་ཅི་རིགས་སུ་སོང་རྗེས། རོལ་མོས་བྱིན་དབབ། དེ་ནས་བགེགས་གཏོར་རྃ་ཡྃ་ཁྃ་གིས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་སོགས་ཀྱི་མཐར་ༀ་ཨཱཿཧཱུྃ་ལན་གསུམ། ༀ་བཛྲ་ཨཱ་ཀཪྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། རྣམ་རྟོག་གཟུང་འཛིན་སོགས་ནས། མཆོད་པ་བྱིན་རླབས་ཀྱི་བར་དཀྱུས་ལྟར། དེ་ནས་ལྷ་བསྐྱེད་ཀྱི་ཏིང་ངེ་འཛིན་གསུམ་ནས། དབྱེར་མེད་གཅིག་གི་ངང་དུ་གནས། ཨཱ་ཨཱ་ཨཱ། ཞེས་པའི་བར་ཡང་རང་བཞིན་ལྷུག་འདོན་ལས་དྲིལ་སྟབས་གདངས་མ་ཐུགས་རྗེ་ཆེན་པོ་ལྟར་བྱས་ན་ལེགས། བཟླས་པའི་ཚེ། ཞི་ཁྲོའི་ཡང་སྙིང་འདི་ཉིད་ནི། རེ་རེ་བཞིན་དུ་དཀྱིལ་འཁོར་བསྐོར་ཞིང་། ཞེས་པའི་རྐང་པ་གསུམ་པོ་འདི་དག་ཏུ་འདོན་མི་དགོས་ཤིང་། གཟུགས་རྣམས་ཐམས་ཅད་ཞི་ཁྲོའི་སྐུ། །སྒྲ་གྲགས་ཐམས་ཅད་ཡང་སྙིང་སྒྲ། །སྣང་སྲིད་ཞི་ཁྲོའི་རོལ་པར་བསམ། །ཞེས་པའི་རྐང་པ་གསུམ་པོ་ཡང་བླངས་ནས་དེའི་དོན་སྒོམ་བཞིན་དུ། བོ་དྷི་ཙིཏྟ་དང་རུ་ལུ་གཉིས་སྟོང་ངམ། མ་མཐའ་ཡང་བརྒྱ་རྩ་རེ་བཟླ་ཞིང་། དེ་ནས་ཕྱག་འཚལ་གྱི་བར་དཀྱུས་ལྟར་ལས། སྒོ་གསུམ་དང་བས་བདག་ཉིད་སྐྱབས་སུ་མཆི། །ཨ་ཏི་པུ་ཧོ། པྲ་ཏི་ཙ་ཧོ། ཞེས་པའི་རྗེས་སུ། ཧོ། ཀློང་ཆེན་པོ་སྟོང་གསུམ་གྱི་སོགས་ནས། དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་ཆོག་གྲའི་དོང་སྤྲུགས་པ་རྣམས་འདོན་པ་ལྟར་ཕྱག་འཚལ་རྐྱང་པ་འདོན་ཞིང་ཕྱག་འཚལ། དེ་ནས། ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱི་ཡི་མཆོད་པ་འབུལ་བ་ནི། །ཞེས་པའི་བར་རྡོར་ཐལ་དང་། གདངས་རབ་འབྱམས་རྒྱ་མཚོ་མ། དེ་ནས། སྤྱན་ལ་མཆོད་པའི་ལྷ་འཕྲོས་པས། །ཞེས་པར་སྔར་ལྟར་རྡོར་ཐལ། གཟུགས་ཀྱི་མཆོད་པ་སྣ་ཚོགས་བྱུང་། །ཞེས་པར་པད་སྐོར། ལག་གཉིས་གར་སྒྱུར་པུཥྤེ་མ། །ཞེས་པར་མེ་ཏོག་གི་རྒྱ་ཁུ་ཚུར་གྱེན་བསྟན། རྒྱལ་བ་མཉེས་ཕྱིར་སྤྱན་ལ་འབུལ། །ཞེས་པར་ལག་གཉིས་ཐལ་མོ་གྱེན་བསྟན་འབུལ་བའི་སྟངས་ཀའི་མཐར་ཐལ་མོ་སྦྱོར་བ་བཀའ་བརྒྱད་ལྟར། མཇུག་གི་སྔགས་སོ་སོའི་གཤམ་དུ་སྦྲེལ་ཏེ། ༀ་བཛྲ་པུཥྤེ་ཨཱ་ལོ་ཀེ་པུ་ཛ་ཧོ། ཞེས་མེ་ཏོག་དང་མར་མེའི་ཕྱག་རྒྱའི་མཐར་སེ་གོལ་གཏོག །དེས་རིགས་འགྲེ་སྦྱར་ཏེ། སྙན་ལ་མཆོད་པ་ལ་སྔགས་ཤཔྟ། རེག་བྱ་ལ་གོས་ཟུང་འབུལ་བ་ལྟ་བུའི་ཕྱག་རྒྱ་དང་སྔགས་གནྡྷེ་སྦྱར། མཇུག་ཏུ། མཆོད་པའི་ལྷ་མོ་དེ་དག་ཀྱང་། ཞེས་པ་ནས། ལྷ་མོ་ལྔ་ཡིས་ཁེངས་གྱུར་ཏེ། །ཞེས་པའི་བར་པད་སྐོར། རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ། ཞེས་པ་ཐལ་མོ་གྱེན་བསྟན་འབུལ་བའི་སྟངས་ཀ །ཨ་ལ་ལ་སྟེ་མཆོད་པ་བཞེས། ཞེས་པར་ཐལ་མོ་སྦྱོར་ཞིང་། མཇུག་ཏུ་ༀ་བཛྲ་ཨཱཪྱ་ཏེ་ཛ་ཏེ་ཧཱུྃ་ཛཿཞེས་པར་སེ་གོལ་ཏོག །དེ་ནས་ནང་མཆོད་མན་ཆད་དཀྱུས་ལྟར་ལས། སྨན་མཆོད་དུས་གཡོན་མཐེབ་སྲིན་གྱིས་བདུད་རྩི་འབུལ། རཀྟའི་མཆོད་པར་རཀྟ་སྒྲེང་། གཏོར་མཆོད་དུས་སྨན་རག་གཏོར་མར་སྦྲན། དེ་ནས་བསྟོད་པ་ལ་གདངས་དང་ཕྱག་རྒྱ་སྒྱུ་འཕྲུལ་གྱི་གཞི་བསྟོད་ལྟར་བྱ་སྟེ། རྐང་པ་གསུམ་པའི་ལྷ་སོ་སོའི་ཕྱག་རྒྱ་ནི། ཆོས་དབྱིངས་ངང་ལས་སོགས་ཞི་བའི་བསྟོད་པའི་ཤྭ་ལོ་ཀ་དང་པོ་ཀུན་བཟང་ལ། ལག་གཉིས་མཉམ་བཞག །རྣམ་ཤེས་རྣམ་དག་ལ་གཡས་ཁུ་ཚུར་ལས་གུང་མོ་ཐུགས་ཀར་སྒྲེང་ཞིང་གཡོན་དྲིལ་བུ་དཀུར་བསྟེན་པ་སོགས་རིགས་ལྔ་སོ་སོའི་སོར་མོ་སྒྲེང་བ་མ་གཏོགས་འདྲ་ཞིང་། སེམས་དཔའ་བརྒྱད་ལ་གཡས་མཐེ་བོང་སྦས་པའི་སོར་མོ་བཞི་སྒྲེང་བ། ལྷ་མོ་བརྒྱད་ལ་གཡོན་གྱི་སོར་མོ་བཞི་སྒྲེང་བ། ཐུབ་དྲུག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག །སྒོ་སྐྱོང་ལ་ཛཿཧཱུྃ་བྃ་ཧོའི་ཕྱག་རྒྱ་རྣམས་བྱ་ཞིང་། ཧཱུྃ། དུས་གསུམ་མི་འགྱུར་སོགས་ཁྲོ་བོའི་བསྟོད་པ་ལ། བཛྲ་ཧེ་རུ་ཀར་ཐལ་མོ་གཉིས་རྟིང་པ་སྤྲད་དེ་ཁ་ཕྱེ་བ་ལས་གུང་མོ་གཉིས་རྩེ་སྦྱར་བས་རྡོ་རྗེ་རྩེ་དགུ་པའི་ཕྱག་རྒྱ། བུདྡྷ་ཧེ་རུ་ཀར་ཐལ་མོ་རྒྱབ་སྤྲད་དེ་བསྣོལ་བ་འཁོར་ལོའི་རྒྱ། རཏྣ་ཧེ་རུ་ཀར་ཁུ་ཚུར་གཉིས་ཀྱི་མཛུབ་མོ་རྩེ་སྤྲད་དེ་བརྐྱངས་པའི་ནང་དུ་མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བ་ནོར་བུའི་རྒྱ། པདྨ་ཧེ་རུ་ཀར་ཐལ་མོ་ཁ་ཕྱེ་བ་པདྨའི་རྒྱ། ཀརྨ་ཧེ་རུ་ཀར་གཡོན་པའི་ཐལ་མོའི་སྟེང་དུ་གཡས་པའི་ཐལ་མོ་འཕྲེད་ལ་ཁ་སྦུབ་སྟེ་སྦྱར་བ་རྒྱ་གྲམ་གྱི་རྒྱ། གཽ་རཱི་མ་བརྒྱད་ལ་ཞི་བའི་སེམས་དཔའ་བརྒྱད་ལྟ་བུ། ཕྲ་མེན་བརྒྱད་ལ་ཞི་བའི་ལྷ་མོ་བརྒྱད་ལྟ་བུ། སྒོ་མ་བཞི་ཞི་བའི་སྒོ་སྐྱོང་དང་འདྲའོ། །དབང་ཕྱུག་ཉེར་བརྒྱད་ལ་ཚིག་རྐང་པ་དྲུག་ཡོད་གཤིས། དང་པོ་ལ་རྡོ་རྗེ་གསོར་ཞིང་དྲིལ་གསིལ། གཉིས་པ་དང་གསུམ་པ་ལ་པད་སྐོར། བཞི་པ་དང་ལྔ་པ་གཉིས་ལ་རིགས་ལྔ་སྤྱི་ཕྱག །དྲུག་པར་ཐལ་སྦྱར། ཐལ་སྦྱར་དེ་ཀའི་མུ་ནས། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སོགས་སྦྲེང་། དེ་ནས་བླ་མ་ཀུན་བཟང་སོགས་བཤགས་པ་ལའང་ཐལ་མོ་སྦྱར། དེ་རྗེས་ཕྱག་འཚལ་གྱི་མཇུག་ཏུ། དར་གླིང་པ་རྣམས་འདོན་པ་ལྟར། དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། ཞེས་པ་ནས། སྲས་ཉིད་དུ་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །ཞེས་པའི་བར་བཏོན་རྗེས། ཡིག་བརྒྱ་བརྒྱའམ་ཉེར་གཅིག་བཟླ། དེ་ནས་སྐོང་ཆེན་བཞི་དག་འགྱུར་དང་བཅས་པ་དར་གླིང་དེ་ཧ་ཅང་མང་གཤིས་མི་བདེ་བས་ངེད་རང་གི་དོང་སྤྲུགས་སོར་བཞག་བྱ། དེ་རྗེས་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ། གཞི་བདག་སྤྱི་གཏོར་ཡན་གཏོང་ཞིང་། སྔར་བླ་མ་དང་ཞི་ཁྲོ་སྦྲགས་གཤིས་ཚོགས་མན་མཇུག་ཆོག་བླ་མས་གོ་གཅོད་སྲོལ་འདུག་ཀྱང་། ད་རེས་ཞི་ཁྲོ་རྐྱང་པ་གཏོང་ཚེ་རང་གཞུང་གི་མཇུག་ཆོག་གཏོང་བ་ཉིད་ལེགས་པས། ཚོགས་ལ་ཆང་ཆུ་ནང་གསུམ་སྦྲན་ནས་གསོལ་གདབ་བྱ། ཧཱུྃ། བདག་ཉིད་རྡོར་སེམས་སོགས་ཀྱིས་བྱིན་རླབས། སྤྱན་འདྲེན། ཚོགས་ཕུད་དང་པོ་དང་། བར་པ་རྣམས་ཀྱི་ཕྱག་ལེན་རིག་འཛིན་མཆོད་པ་ལྟར་བྱས་ལ་འབུལ། བར་པའི་རྗེས་སུ་ཕུད་མཆོད་ལ། སོ་སོའི་ཚིག་དང་བསྟུན་སྨན་རཀ་སྦྲན། ཚོགས་ཐ་མ་ལ། བཛྲ་མཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། བདག་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། སརྦ་དུཥྚན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པའ་ིབར་དོང་སྤྲུགས་ལྟར་བྱས་ལ་བསྒྲལ། ཧཱུྃ། དུག་ལྔ་སྤྱོད་པའི་སོགས་ཀྱིས་འབུལ། དེ་ནས་བླ་མའི་ལས་བྱང་ལྟར། གཟིགས་ཤིག་མཛེས་ལྡན་དང་། རིན་ཐང་མེད་ལ་སོགས་ཀྱིས་བརྡའི་འབུལ་ལེན་གྱིས་ཚོགས་དྲངས། རོལ་རྗེས་སྨོན་ལམ་བཏབ། ལྷག་གཏོར་ལ་ཁ་ཕྲུ་འདེབས་པ་རིག་འཛིན་མཆོད་པ་ལྟར་བྱས་ལ། དཔལ་གྱི་བཀའ་ཕོག་སོགས་ཀྱིས་བསྔོ། བར་འདིར་ཆོས་སྐྱོང་གི་གཏོར་བསྔོའི་མཇུག་ཆོག་རྣམས་བྱ། དེ་རྗེས་བསྐུལ་ནས། ཟློག་པའི་མཇུག་གི །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པའི་བར་སོང་རྗེས། འོག་ནས་ཡར་བླངས་ཏེ། ཆད་ཐོ་དང་བརྟན་མའི་གཏོར་མ་སྣོད་གཅིག་ཏུ་བཤམས་པའམ་སོ་སོར་བཤམས་ཀྱང་རུང་སྟེ། བྷྱོ། འདས་དང་མ་འདས་སོགས་ཀྱིས་སྒྲུབ་ཁང་ནས་གོམ་པ་བདུན་ཅུའི་མཐར་མཉམ་དུ་འབུལ། དེ་ནས་གཏོར་གཞོང་སྦུབས་པར་རྡོ་རྗེའི་རྒྱས་བཏབ་སྟེ། རྟ་བྲོ། དེ་རྗེས་བསྡུ་ཆོག །ཧཱུྃ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདིར། །ཞེས་པ་ནས། ༀ་ཨཱཿམ་ཧཱ་ཞེས་པའ་ིབར་དང་། འོག་ནས་ཡར་བླངས་ཏེ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མེ་ལོང་ལ་ཧས་བཏབ་པ་བཞིན་རྡོ་རྗེ་སེམས་དཔའི་ཐུགས་ཀར་བསྡུ་ཞེས་པ་ནས། ཟླ་ཚེས་ཐིག་ལེ་ལ་བསྡུ། ཐིག་ལེ་དངོས་པོ་མེད་པར་ཡལ་བར་གྱུར། ཅེས་པའི་བར་གྱིས་བསྡུས་ཏེ་དྲན་རིག་ལྷར་སྐད་ཅིག་གིས་ལངས་ནས། སྐུ་གསུམ་འདུ་འབྲལ་མེད་པའི། ཞེས་སོགས་ཀྱི་བསྔོ་སྨོན་དང་། སྟོང་ཞིང་བདག་འཛིན་བྲལ་བའི་ཆོས། ཞེས་སོགས་ཀྱི་བཀྲ་ཤིས་བརྗོད་པས་མཐའ་བརྒྱན་ནོ། །གདངས་པད་གླིང་རང་གི་དྲིལ་ཆོག་རྩ་གདངས་དང་། རིག་འཛིན་མཆོད་པའི་སྤྱི་གདངས་དང་སྤྱན་འདྲེན་གྱི་གདངས། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྱི་གདངས་རྣམས་གང་ལ་གང་འཚམས་ཀྱིས་འགེབས། མཆོད་སིལ་གྱི་རོལ་ཆེན་དང་། ཌཱ་མ་རུ་དཀྲོལ་མཚམས་སོགས་རིག་འཛིན་མཆོད་པ་ལྟ་བུའི་རིགས་འགྲེ་སྦྱོར་བའི་འཕྲུལ་ཤེས་པར་བྱ་བ་གནད་དོ། །

༈ དགེ་སློང་ཚུལ་ཁྲིམས་ཀྱི་ཕྱག་རིས་དྲི་བཟང་གི་རྟེན་དང་བཅས་བསྐུར་བ་འཕྲོད། དེང་སང་གཟུགས་ཐང་ཞིང་ཐུགས་དམ་འཕེལ་བར་ཡོད་འདུག་པ་སྤྲོ་བ་འཕེལ། གསུང་རྡོ་རྗེའི་བཟླ་ལུགས་ནི་དོན་དམ་རྡོར་བཟླས་གཙོ་མི་ཆེ། འདིར་བརྡར་གྱུར་རྡོར་བཟླས་རང་མཛད་དགོས། དེའི་བྱེད་ལུགས་ཀྱང་སྐུ་རྡོ་རྗེའི་རྣལ་འབྱོར་སྔོན་དུ་བཏང་སྟེ། ལྟེ་བའི་ཐིག་ལེར་སེམས་རྩེ་གཅིག་ཏུ་ཟིན་པ་དང་། འོག་རླུང་འཚུམ་ཙམ་བྱས་པའི་རྐྱེན་གྱིས་ལྟེ་བའི་ཐིག་ལེ་སྙིང་གར་དྲངས་ཏེ། སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་སྦྲང་བུ་མེ་ཏོག་ལ་ལྡིང་བ་ལྟར་ཧྲཱི་སྒྲ་སྒྲོག་ཅིང་འདར་ཕྲིལ་ལི་ལི་གནས་པ་ལ་བློ་བཞག་ནས། རླུང་རོ་བསལ་རྗེས་རླུང་འབྱུང་འཇུག་གནས་གསུམ་རང་བབས་ཀྱི་ཁུག་པ་ལ་སེམས་གཏད་དེ། དེ་འདྲ་བ་ཉེར་གཅིག་ཙམ་བསྐྱར་ལ་བཟླ། དེ་རྗེས་རླུང་ཕྱིར་འགྲོ་བ་དང་བསྟུན་ཏེ་ཧཱུྃ་གི་སྒྲ་གདངས་ཡིད་ལ་དྲན་པས་སྙིང་གའི་ཐིག་ལེ་ནས་འོད་ཟེར་སྣ་ལྔ་སྤྲོས་པ་ཕྱིར་འཐོན་ནས་བློས་འཁྱུད་ཚད་ཀྱི་ནམ་མཁའི་ཁམས་ཁྱབ་པའི་རྐྱེན་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ལྡེམ་མེ་ཞུ། རླུང་ནང་དུ་འོང་བ་དང་བསྟུན་ༀ་གྱི་སྒྲ་གདངས་ཡིད་ལ་དྲན་པས་སྣོད་བཅུད་ཞུ་བ་དབུ་མའི་ལམ་ནས་འུབ་ཀྱིས་བསྡུས་ཏེ་སྙིང་གའི་ཐིག་ལེར་བསྟིམ། རླུང་ནང་དུ་གནས་ཚེ་ཨའི་སྒྲ་གདངས་ཡིད་ལ་དྲན་པས་སྙིང་གའི་ཐིག་ལེར་སེམས་བཞག་གོ །རེ་ཞིག་དམིགས་པའི་གཙོ་བོ་འདི་ལ་མཛོད། དེས་ཧ་ཅང་སུན་བྱུང་ན་བརྡར་གྱུར་རྡོར་བཟླས་དཀྱུས་མ་འབྲུ་གསུམ་གྱི་སྒྲ་གདངས་དང་སྦྱར་ནས་རླུང་འབྱུང་འཇུག་གནས་གསུམ་རང་བབས་བགྲང་བའམ། ཡང་ན་དོན་དམ་རྡོར་བཟླས་རླུང་རང་སོར་གློད་ནས་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་དུ་ཆམས་ཀྱིས་སྐྱུར་ལ་འཇོག་སྟེ། འདི་གཉིས་གང་བདེ་ལས་རིམ་པའི་པར་བཀབ་མི་དགོས་ཤིང་། གཙོ་བོ་དམིགས་པ་གོང་མ་འོད་ཟེར་སྤྲོས་པས་སྣོད་བཅུད་བསྡུས་ཞུ་བྱེད་པ་དེ་རང་ལ་མཛད་འཚལ། ཐུགས་རྡོ་རྗེ་ལའང་། ལྟེ་བའི་ཐིག་ལེས་སྙིང་གའི་ཐིག་ལེ་བསྐུལ་བས། དེ་ལས་འོད་ཟེར་རིམ་པ་གསུམ་སྤྲོས་ཏེ། དང་པོ་རང་ལུས་སྣོད་བཅུད་དང་བཅས་པ་གསལ། གཉིས་པས་སྦྱངས་ཤིང་བཞུ་བ་རྣམས་རླུང་ཕྱིར་འགྲོ་བ་དང་བསྟུན་ནས་བྱ། གསུམ་པས་སྦྱངས་བཞུ་བྱས་པའི་དྭངས་མ་རང་ལུས་ལ་བསྡུ། ལུས་དབུ་མར། དབུ་མ་སྙིང་གི་ཐིག་ལེར། དེ་ཧྲཱིཿལ། དེའང་མི་དམིགས་པར་བསྡུ་བའི་བར་དབུགས་ནང་དུ་འཇུག་པ་དང་སྦྱར། དེ་ནས་དབུགས་ནང་དུ་གནས་པའི་ཚེ་མི་དམིགས་པ་དེ་ཀའི་ངང་མདངས་བསྐྱང་བ་ལ་ཅི་གནས་མཉམ་པར་འཇོག །དེ་ལས་ལྷར་ལྡང་བ་རྣམས་ཏེ། དམིགས་པ་འདི་རྣམས་མ་གཞི་དབུགས་འབྱུང་འཇུག་གནས་གསུམ་དང་སྦྱར་ནས་བྱེད་པ་ཡིན་ཡང་། ཐོག་མའི་སྐབས་སུ་དེ་ལ་དམིགས་པ་མ་ཚར་ན་དབུགས་རང་སོ་ལ་ཆེད་དུ་རླུང་བསྡམས་པ་ལྟ་བུ་མ་ཡིན་པའི་ངོས་ནས། ཕྱིར་འགྲོ་དང་ནང་འཇུག་གི་རྗེས་སུ་མ་བཅོས་པར་སྣ་སྒོར་ལྟེམ་ཙམ་བྱས་པས་བྱེད་ཐབས་བདེ་བར་ཡོང་། ལར་གསུང་རྡོ་རྗེ་བྱང་ནས་བསླབ་པའི་སྐབས་ཡིན་ན་དབུགས་རིང་དུ་ངང་གིས་འགྲོ་བས་དམིགས་པ་མི་ཟིན་པའི་དོགས་པའང་མི་དགོས། རྗེ་བླ་མའི་བཀའ་ཤོག་ཕྱིར་བསྲིངས་ཡོད་ཅིང་། གསོལ་འདེབས་དགོས་ཚུལ་ཡང་བཞེད་པ་ལྟར་འདི་བཞིན་བྲིས་ནས་ཕུལ་ཡོད། སླད་མར་ཡང་ཐུགས་དམ་ལ་རྩེ་གཅིག་ཏུ་བརྩོན་པ་འཚལ། རྟེན་ཇ་ཐུམ་བཅས་ཕུལ།

༈ ཁམས་གནས་འཇི་བླ་མ་ལ་ཕུལ་བ། ངེས་དོན་གྱི་བསྟན་པ་སྙིང་སྟོབས་ཀྱི་ཕྲག་པར་འཆང་བ་བཤེས་གཉེན་དམ་པའི་ཞབས་དྲུང་དུ། དགེ་སློང་རྒན་པོ་དྷརྨ་ཤྲཱིས་ཞུ་བ། དེང་བསོད་ནམས་བྱེ་བས་བསྒྲུབས་པའི་སྐུ་ལ་ཉེར་འཚེས་མ་གོས་ཤིང་། མཐོང་བའི་ཆོས་ཚེ་འདིའི་རྙེད་བཀུར་གྲགས་པ་སོགས་མཆིལ་མའི་ཐལ་བ་ལྟར་བོར་ཏེ། བསྟན་འགྲོའི་ཕན་བདེ་སྲོག་ལྟར་འཆང་བས་འདུ་འཛིས་དབེན་པའི་གནས་བཟང་པོར་ངེས་དོན་མཐར་ཐུག་ལས་བརྩམས་ཏེ་དམ་པའི་ཆོས་ཀྱི་བཤད་སྒྲུབ་ལ་ཐུགས་ཀྱི་བརྩོན་པ་ཆེ་ཐང་དུ་བཞུགས་པའི་རིང་ནས། མཉེས་གཤིན་པའི་བཀའ་འཕྲིན། ཉམས་རྟོགས་རྨད་དུ་བྱུང་བ་ལས་བརྩམས་པའི་མྱོང་བའི་འབེལ་གཏམ་རྣ་བར་སྙན་ཅིང་སྙིང་ལ་བདུད་རྩིར་འབབ་པའི་སྐྱེས་བཟང་པོ་དང་། རྟེན་གསེར་རྒྱ་ཐུར་གྱི་ཞོ་གསུམ་སྐར་བརྒྱད་བཅས་ཉམས་མེད་ཕེབས་པས་དངོས་མཇལ་དང་མི་གཉིས་པའི་གུས་སྤྲོ་ལྷག་པར་འཕེལ། འདི་ནའང་ལང་ཚོ་རིམ་གྱིས་ཡོལ་བ་ལས་གློ་བུར་གྱི་ཉེར་འཚེས་མ་གོས་ཤིང་། བཤད་ཉན་ཐན་ཐུན་འདྲ་བྱེད་པའི་སྐབས་ན་མཆིས། ཉིད་ཀྱི་དྲི་བ་རྣམས་ལ་ལན་མདོ་ཙམ་འབུལ་ན། ༧སྒྲོལ་བའི་ཚེ་ཀིངྐ་ར་གསུམ་ཞེས་པའི། ཀིངྐ་རའི་སྒྲ་ནི་ཅི་བགྱིའམ་མངག་གཞུག་ཅེས་གཡོག་ལས་བྱེད་ཀྱི་མིང་ཡིན། དེ་ཟུར་ཆག་པས་དེང་སང་གིང་ཞེས་གྲགས། དེའི་གྲངས་གསུམ་ནི་ཐུགས་རྗེ་འཛིན་གིང་ཞེས་བསྒྲལ་བྱ་འཛིན་པའི་ལས་བྱེད་པ་དང་། ཁམས་གསུམ་སྒྲོལ་ཀིང་ཞེས་བསྒྲལ་བྱ་སྒྲོལ་བའི་ལས་བྱེད་པ་དང་། ཡེ་ཤེས་སྟོབ་ཀིང་ཞེས་བསྒྲལ་བའི་ཤ་ཁྲག་རུས་གསུམ་བདུད་རྩིར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྟོབ་པའི་ལས་བྱེད་པོ་དེ་ཡིན། ༧ཡང་སྒྱུ་དྲྭ་རྩ་བའི་རྒྱུད་གསང་བ་སྙིང་པོར་རྒྱུ་གཅིག་པ་དང་སོགས་ཀྱི་དོན་ནི། རྟོགས་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་གཏན་ལ་འབེབས་པར་བྱེད་པ་སྟེ། དེ་ལ་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་གཉིས་འཛིན་གྱི་བློ་དེ་གཉིས་མེད་ཀྱི་ཡེ་ཤེས་སུ་གཏན་ལ་འབེབས་པའི་ཆེད་དུ་གཉིས་འཛིན་གྱི་ཞེན་པ་དེ་གཞལ་བྱར་བྱས་ནས། འཇལ་བྱེད་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་རང་བཞིན་སྐྱེ་མེད་དུ་གཏན་ལ་འབེབས། དེ་བཞིན་དུ། སྔ་མ་སྔ་མས་གཏན་ལ་ཕབ་པའི་གྲུབ་མཐའི་ཞེན་ཆ་དེ་དང་དེ་གཏན་ཚིགས་ཕྱི་མ་ཕྱི་མའི་གཞལ་བྱར་བྱས་ནས། ཡིག་འབྲུའི་ཚུལ་དང་། བྱིན་གྱིས་རླབས་དང་། མངོན་སུམ་པའི་གཏན་ཚིགས་རྣམས་ཀྱིས་གཞལ་བས་རིམ་པ་ཇི་ལྟ་བར། རང་བཞིན་སྐྱེ་མེད། རོལ་པ་འགག་མེད། ངོ་བོ་དབྱེར་མེད། མཚན་ཉིད་བློ་བྲལ་དུ་གཏན་ལ་ཕེབས་པ་གྲུབ་མཐའོ། །ཇི་ལྟར་འཇལ་ན། འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཆོས་ཅན། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་སོ་སོར་སྣང་བའི་ཕྱིར། ཞེས་རྒྱུ་གཅིག་པའི་གཏན་ཚིགས་སོ། །སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར། ཞེས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་སོ། །རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་ཆོས་ཅན། དེ་དང་དེ་དངོས་སུ་རྟོགས་པའི་མཐུས། དེ་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས། དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། ཞེས་པ་བྱིན་གྱིས་རླབས་ཀྱི་གཏན་ཚིགས་སོ། །བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་བསམ་བརྗོད་དང་བྲལ་བར་རྟོགས་པའི་ཕྱིར། ཞེས་མངོན་སུམ་པའི་གཏན་ཚིགས་སོ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཞེས་པ་ནི་གཏན་ཚིགས་བཞི་པོ་དེས་གཞལ་བས། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། ཞེས་པ་ཆོས་ཐམས་ཅད་རང་རིག་མངོན་སུམ་གྱིས་རྫོགས་པར་གཏན་ལ་ཕེབས་པས་དག་པ་རབ་འབྱམས་ཀྱི་སྣང་བ་ལ་དབང་བསྒྱུར་བས་ན་རྒྱལ་པོ་ཆེ་ཞེས་བྱའོ། །བདེན་གཉིས་གཏན་ལ་འབེབས་ལུགས་འདི། རྒྱུད་འདིའི་ཁྱད་ཆོས་ཏེ། དེང་སང་གི་ཀློག་པ་བ་རྣམས་ཀྱི་ཐུགས་ལ་ཤོང་དཀའ་བར་གདའ་སྟེ། ཅིའི་ཕྱིར་ན། དེང་སང་བདེན་གཉིས་ཀྱི་རྣམ་གཞག་མཛད་པ་ཕལ་ཆེར་འཁོར་ལོ་བར་པའི་དངོས་བསྟན་ལྟར་ཐལ་རང་གི་གཞུང་གི་བཤད་སྒྲོས་ཁྱབ་ཆེ་བར་སྣང་བའི་རྒྱུ་མཚན་གྱིས་སོ། །དེས་ན་རྒྱུད་འདིའི་ལུགས་ལ། ཆོས་རྣམས་རང་རང་གི་ངོ་བོས་སྟོངས་པའི་མེད་དགག་དེ་ལ་རྣམ་གྲངས་པའི་དོན་དམ་དང་། སྣང་ལ་དོན་བྱེད་ནུས་མི་ནུས་ཀྱི་དབྱེ་བས་ཡང་ལོག་གི་ཀུན་རྫོབ་ཐམས་ཅད་མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་ཅེས་བཞག་ནས། གནས་ལུགས་བདེན་གཉིས་ཟུང་འཇུག་དེ་ལ་ལྷག་པའི་སྒྲ་སྦྱར་ཏེ། ལྷག་པ་དོན་དམ་བདེན་པ་ནི། མ་ཡིན་དགག་གི་སྟོང་ཉིད་དེ་ཆོས་ཐམས་ཅད་སེམས་སུ་འདུ་ལ། སེམས་ཉིད་ཅི་ཡང་མ་ཡིན་པའི་སྤྲོས་བྲལ་དེ་ལ་དབྱིངས་དང་། དེ་ཉིད་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་དེ་ཡེ་ཤེས། དེ་ལས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འཆར་བའི་ནུས་པ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པ་འབྲས་ཆོས་ཏེ། རིམ་པ་བཞིན། རང་བཞིན་དོན་དམ། ཡེ་ཤེས་དོན་དམ། འབྲས་བུ་དོན་དམ་ཞེས་གསུམ་མོ། །འབྲས་ཆོས་ལ་ལྔར་ཕྱེ་བས་དཀོར་བདུན་ཞེས་གསུངས་ཏེ། དཔེར་ན་མེ་ལོང་དང་། དེའི་གདངས་དང་། དེ་ལ་གཟུགས་བརྙན་འཆར་རུང་གི་ནུས་པ་ཡོད་པ་ལྟ་བུས་མཚོན་ནོ། །ལྷག་པ་ཀུན་རྫོབ་ཀྱི་བདེན་པ་ནི། དོན་དམ་དེ་སྟོང་རྐྱང་དུ་མ་སོང་བར་སྐུ་དང་ཡེ་ཤེས་འཆར་རུང་དུ་ཡོད་པའི་མཐུས། དེའི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ལ་བཞག་སྟེ། དཔེར་ན་མེ་ལོང་ལ་ཤར་བའི་གཟུགས་བརྙན་བཞིན་ནོ། །ལྷག་པ་བདེན་པ་དབྱེར་མེད་ནི། བདེན་པ་གཉིས་པོ་དེ་སྣང་སྟོང་གི་ཕྱོགས་གང་དུའང་མ་ལྷུང་པར་ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་གནས་ཤིང་། དེར་འཛིན་གྱི་བསམ་བརྗོད་ལས་འདས་པས་ན། ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་གསུངས་སོ། །དེས་ན་གནས་ལུགས་བདེན་གཉིས་ཟུང་འཇུག་གི་འདི་ནི་དོན་དམ་རྟེན་འབྲེལ་ལས་འདས་པའི་ཟུང་འཇུག །ཅེས་དང་། སྤྱིར་གྲགས་པའི་སྣང་ལུགས་བདེན་གཉིས་ཟུང་འཇུག་དེ་ལ་ཀུན་རྫོབ་རྟེན་འབྲེལ་ལས་མ་འདས་པའི་ཟུང་འཇུག་ཅེས་བཤད་ན་ཀུན་མཁྱེན་ཇོ་ནང་པའི་དགོངས་པའི་གནས་ལུགས་གཞན་སྟོང་དང་སྣང་ལུགས་རང་སྟོང་དུ་བྱས་པའི་ཟུང་འཇུག་གི་དོན་དང་ཡང་གནད་གཅིག་ཏུ་འབབ་བམ་སྙམ་པའི་གོ་ཕྱོགས་འཆར་བར་སྣང་ངོ་། །༧ཡང་སྟངས་དཔྱལ་ཞེས་པའི་བརྡའ་ནི་རྒྱུད་ཀྱི་རྒྱ་དཔེར། ཁྱོ་ཤུགས་ཀྱི་སྐད་དོད། དམ་པ་ཏཱི་ཞེས་ཡོད་པས། ཡབ་ཡུམ་སྟེ། དོན་ལ་དབྱིངས་དང་ཡེ་ཤེས། སྣང་སྟོང་། བདེ་སྟོང་། རིག་སྟོང་ཞེས་ཟུང་འཇུག་དང་། དེའི་རྟགས་ལྷ་ཡབ་ཡུམ་ཟུང་འབྲེལ་དུ་སྒོམ་པའི་དོན་ལགས། ཨ་ཏིའི་ལམ་རིམ་སྙིང་པོ་ལ་འགྲེལ་པ་དང་ཁྲིད་ཡིག་གོ་ཆུ་རུབ་ཏུ་བྱས་པ་ཞིག་རྩོམས་ཕེབས་པ་ཡིད་ལ་གཅགས་ནའང་རྣམ་གཡེང་གིས་མ་ཁོམ་པས་ད་ལམ་འབུལ་རྒྱུ་མ་བྱུང་བར་དགོངས་པ་མི་འཚོམས་པ་དང་། སྔར་ལས་མ་གཡོས་པའི་ངེས་དོན་བཤད་སྒྲུབ་ཀྱི་ཕྲིན་ལས་ཡར་ངོའི་ཟླ་བ་ལྟར་གོང་འཕེལ་ནས་ཕེབས་ཚོགས་ཀྱང་ཕྲལ་ཡུན་དུ་རིམ་པར་སྩོལ་བ་མཁྱེན་མཁྱེན་ཅིང་། སླད་མའི་ཆར་དངོས་མཇལ་གྱི་སྨོན་འདུན་ཞུ་བའང་དགོངས་པར་གཅགས་པ་ཞུ་ཞུ། ཞེས་ཞུ་འཕྲིན་གཟིགས་པའི་རྟེན་ཙམ་དུ་དར་དཀར་དྲི་མ་མེད་པ་དང་། ཕྱག་དཔེ་ལེ་ཚན་ལ་རྟགས་ཀྱིས་སྤྲས་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །

༈ བན་པ་ཁྱུང་ཚང་བླ་མའི་དྲི་ལན། ལགས། རྣམ་འཇོམས་དབང་ཆོག་བདུད་རྩིའི་ཆུ་རྒྱུན་དུ། ཐུན་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་ཞེས་པ་ཡིག་སྐྱོན་ཏེ། འདིའི་ཕྱག་དཔེར། ཐུན་རེ་རེ་ལ་བཟླས་པ་བརྒྱ་རྩ་བརྒྱད་དམ། ཐུན་རེར་ཉི་ཤུ་རྩ་གཅིག་ལས་མི་ཉུང་བ་བྱའོ། །ཞེས་པ་སྣང་། ཁྲོ་བཅུའི་གནས་བྲིས་ཆར་འཁོར་ལོ་རྩིབས་བརྒྱད་དང་། བསྒོམ་བྱར་བཅུ་གསུངས་པ་མི་འགལ་ཏེ། བྲིས་ཆར་སྟེང་འོག་གི་རྩིབས་གཉིས་འདྲི་མི་བདེ་བ་ལ་དགོངས། ཕྱི་མཆོད་རྟེན་རྩེ་ལྔ་པའི་རྣམ་པ་ལ། ཞེས་པ་བཀའ་བརྒྱད་གསང་རྫོགས་ཀྱི་དཀྱིལ་འཁོར་ལྟར། དཀྱིལ་འཁོར་གྱི་དབུས་དང་རྟ་བབས་བང་རིམ་བཞིའི་སྟེང་དུ་བུམ་པ་སོགས་མཆོད་རྟེན་གྱི་རྣམ་པར་བྱེད་པ་ལ་དགོངས་ཏེ། འདི་ཨོ་རྒྱན་གྱིས་མཛད་པའི་གསང་རྫོགས་བློས་བསླངས་ཀྱི་བཤད་པ་ལྟར་དེང་སང་ཡང་ལག་ལེན་དང་བསྒོམ་དོན་གྱི་ཁྲིད་མ་ནུས་པར་བདེ་བར་བྱར་ཡོད་དོ། །ཕྱག་རྡོར་གྱི་དཀྱིལ་འཁོར་གསུམ་ཇི་ལྟར་སྒོམ་ཚུལ་ལ། བདག་དམ་ཚིག་གི་ཕྱག་ན་རྡོ་རྗེར་བསྐྱེད། སྟེང་དུ་བླ་མ་ཕྱག་རྡོར་ཞེས་པ་ནི། མདུན་དུ་བཤམས་པའི་བུམ་པ་དེ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་བསྒོམས་པའི་བདུད་རྩིའི་རྒྱ་མཚོའི་དབུས་སུ་པད་ཉིར་བླ་མ་ཕྱག་རྡོར་དེའི་རྟེན་བུམ་པའི་དཀྱིལ་འཁོར་གྱི་འོག་ཏུ་ཡི་དམ་ཕྱག་རྡོར་རྟེན་བརྟེན་པ་ཐམས་ཅད་བདག་བསྐྱེད་བཞིན་དུ་བསྒོམ་པ་སྟེ། རྒྱུ་མཚན་དེས་སྟེང་ཞེས་པ་ཡི་དམ་གྱི་སྟེང་དང་། མདུན་ཞེས་པ་རང་དམ་ཚིག་པའི་མདུན་ལ་དགོངས་པ་འདྲ་སྟེ། སྤྱན་འདྲེན་གྱི་དུས་དཀྱིལ་འཁོར་སུམ་སྦྲགས་ཀྱི་འོད་ཟེར་སྤྲོ་བས་སྐུལ་ཚུལ་དང་། ཉེར་བསྡུའི་སྐབས། བླ་མའི་དཀྱིལ་འཁོར་ཡི་དམ་ལ་བསྡུས། ཡི་དམ་གྱི་རྟེན་བརྟེན་པ་གཙོ་བོའི་བར་བསྡུས་པ། དེ་ཡང་འོད་ཞུ་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་ནས། དམ་ཚིག་པའི་དཀྱིལ་འཁོར་རིམ་པར་བསྡུ་བ་བཤད་པའི་ཕྱིར་སྙམ་ཞིང། སྔ་ཕྱི་བསྡོམས་པར་དཀྱིལ་འཁོར་དྲུག་འདྲ་བ་བྱུང་ཡང་། འཆད་ཚུལ་གྱི་རིམ་པ་ཟློས་པ་ཙམ་སྟེ། བསྒོམ་བྱ་དཀྱིལ་འཁོར་གསུམ་རང་དུ་སྣང་། སྤྱན་འདྲེན་དུས་སྔགས་ཚར་གཅིག་བརྗོད་པར་གསུངས་པ་ཐུགས་ཀའི་ཧཱུྃ་མཐར་བསྐོར་བ་དེ་ཀ་ཡིན་པས་གཟུངས་རིང་རང་ལགས། སྣུར་ལུགས་མངོན་རྟོགས་སུ་བཟླས་པའི་སྐབས། ལྷ་གསུམ་ཀའི་ཐུགས་ཀ་ནས་སྔགས་ལས་འོད་ཟེར་དཔག་མེད་འཕྲོས་ཏེ། ཞེས་པ་ནི། བླ་མ། ཡི་དམ། དམ་ཚིག་ཕྱག་རྡོར་གྱི་ལྷ་གསུམ་གྱི་ཐུགས་ཀའི་སྔགས་ལ་སྙེག་དགོས་ཏེ། དྲག་པོའི་བཟླས་པའི་སྐབས་ཕྱག་ན་རྡོ་རྗེ་དེ་རྣམས་ཀྱི་ཐུགས་ཀ་ནས། ཞེས་བཤད་པས་མཚོན། འོན་ཀྱང་དེ་ཕྱོགས་ཀྱི་དཔེ་རྒྱུན་དུ། རང་རང་གི་ས་བོན་ལ། གཟུངས་གསུམ་གྱིས་བསྐོར་བ་ཞེས་པ། དཀྱིལ་འཁོར་གསུམ་པོ་རང་རང་གི་ཐུགས་ཀའི་ས་བོན་ལ་གཟུངས་རིང་གིས་བསྐོར་བས། སྙིང་པོ་དང་ཉེ་སྙིང་ཡང་གཟུངས་རིང་ནང་དུ་འདུས་པ་ལ་དགོངས་པ་འདྲ་ཞིང་། སྔགས་ཕྲེང་བསྐོར་ལུགས་ཀྱང་། དེ་ལྟར་བསྒོམས་པའི་དཀྱིལ་འཁོར་གསུམ་གྱི་ཐུགས་ཀར་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ག་རེ་རེ་བསམས་པའི་མཐའ་ན་ཕར་གཟུངས་རིང་གིས་སྔོ་ཁྲམ་གྱིས་བསྐོར་བར་བསྒོམ། ཞེས་པ་འདི་གས་དགོངས་པར་འདུག་པས་གསལ་བྱེད་ཞུ་མི་དགོས་པར་སྣང་ལགས།

༈ ལགས། ཐུན་གྱི་སྔོན་འགྲོའི་སྐབས་བླ་མ་ལ་གདན་དང་གསོལ་བ་བཏབ་རྗེས་རང་ལ་བསྟིམ་ཨེ་དགོས་ལགས། བླ་མ་ལ་གདན་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བ་བརྩེགས་པའམ། བསྡུ་ན་པད་ཉི་ཟླ་གདན་ཙམ་གང་བདེ་བསྒོམས་པས་ཁྱབ། གསོལ་བ་བཏབ་རྗེས་བླ་མ་འོད་ཞུ་རང་ལ་བསྟིམས་ནས་རང་སེམས་དང་བླ་མའི་ཐུགས་གཉིས་སུ་འཛིན་པ་བཏང་སྟེ། དར་ཅིག་མཉམ་པར་བཞག་རྗེས་སྐབས་བབས་ཀྱི་ཐུན་ལ་བཅུག་པས་ཆོག །༧རྡོར་སེམས་རང་ལ་བསྟིམ་རྗེས་རང་ཡང་མི་དམིགས་པར་བསམ་ཨེ་དགོས་ལགས། འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་གློད་ལུགས་ཞུ་ལགས། རྡོར་སེམས་འོད་ཞུས་རང་ལ་བསྟིམས་རྗེས་འཁོར་གསུམ་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པ་ལས་རང་ཆེད་དུ་བསྡུ་བ་མི་དགོས། འཁོར་གསུམ་ནི་བཤགས་ཡུལ་བླ་མ་རྡོ་རྗེ་སེམས་དཔའ། བཤགས་པ་པོ་རང་། བཤགས་བྱ་སྡིག་སྒྲིབ་གསུམ་ག་མི་དམིགས་པའི་ངང་ལ་འཇོག་སྟེ། ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས། ༧མཎྜལ་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལས་མི་འདའ་བའི་ཤེས་རབ་ཀྱིས་ཟིན་པར་བྱེད་ལུགས་ཞུ་ལགས། འབུལ་ཡུལ་ཚོགས་ཞིང་གི་མཎྜལ། འབུལ་བྱ་མཆོད་རྫས་ཀྱི་མཎྜལ། འབུལ་མཁན་རང་དང་བཅས་པ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པར་བྱེད་པ་སྟེ། ཏིང་འཛིན་རྒྱལ་པོར། ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པས་འཁོར་གསུམ་མི་དམིགས་པའི་སྟོང་པ་ཉིད་ཀྱི་རྩལ་སྣང་འགག་མེད་དུ་འཆར་བས་སྣང་ལ་རང་བཞིན་མ་གྲུབ་པའི་ངང་ནས་ཕུལ་བས་གནད་དུ་འགྲོ། ༧བླ་མའི་རྣལ་འབྱོར་དང་སྦྲེལ་ཚེ་ཚོགས་ཞིང་མ་བསྡུས་པར་བཞག །མཆོད་རྫས་འོད་དུ་ཞུ་ནས་རང་ལ་བསྟིམས་པ་ཨེ་ཡིན་ལགས། མཆོད་རྫས་ཀྱི་མཎྜལ་རང་ལ་བསྡུ་བའམ་ཡང་ན་མ་བསྡུས་པར་བཞག་ཀྱང་མི་འགལ་ཏེ། བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ཀྱི་སྔོན་དུ་སྲས་བཅས་རྒྱལ་བ་སོགས་ཀྱིས་ཡན་ལག་བདུན་པའི་དུས་ཀྱི་མཆོད་རྫས་དང་སྦྲེལ་རུང་བའི་ཕྱིར་རོ། །༧བླ་མའི་རྣལ་འབྱོར་གྱི་གཙོ་བོ་ཨོ་རྒྱན་རྡོ་རྗེ་འཆང་དམར་པོའི་རྣམ་པར་གཞུང་ལྟར་སྒོམ་པའི་མཐར་རྩ་བརྒྱུད་ཀྱི་བླ་མ་རྣམས་སྒོམ་པའང་ཨེ་རུང་ལགས། འདིར་རྩ་བའི་བླ་མ་ཉིད་སངས་རྒྱས་ཀུན་འདུས་སུ་བལྟ་དགོས་པས་ཨོ་རྒྱན་ཁོ་ན་རྡོ་རྗེ་འཆང་དུ་བསྒྱུར་ནས་བསྒོམ་དགོས་པའི་ཐུགས་ཀྱི་གུ་དོག་མི་དགོས་ཏེ། ངོ་བོ་རྩ་བའི་བླ་མ་རྣམ་པ་ཁྱབ་བྱ་པདྨའི་རིགས་སྣང་མཐའ་ལ་ཁྱབ་བྱེད་རིགས་དྲུག་པ་རྗེས་སུ་ཞུགས་པ་གསུང་རྡོ་རྗེ་འཆང་དམར་པོའི་རྣམ་པར་བསྒོམས་པས། ཨོ་རྒྱན་དུ་མ་ཟད་མཁའ་ཁྱབ་ཀྱི་སངས་རྒྱས་བཞུགས་སོ་ཅོག་དེར་བསྒོམ་པ་ཡིན་པའི་ཕྱིར་རོ། །༧དལ་བ་གསུམ་བརྟེན་པའམ་ཅོག་བཞག་གསུམ་གྱི་གཞི་བཅའ་བ་སྔོན་འགྲོ་མཐར་ཕྱིན་ནས་དངོས་གཞིའི་འགོར་ཞག་ཤས་ཆིག་དྲིལ་ལས་རྒྱུན་དུ་བྱེད་ཨེ་དགོས། དེ་ཚེ་ཆག་མེད་ཀྱི་རིགས་ཀྱང་བྱེད་ཨེ་ཆོག་ལགས། དངོས་གཞི་བསྒོམ་པའི་སྔོན་དུ་མི་གཡོ་བ་གསུམ་ལྡན་ལ་བསླབ་པ་འདི་སྨིན་ཁྲིད་ཀྱི་ཚེ་ལུས་གནད་དང་ལྟ་སྟངས་མ་འབྱོངས་ཀྱི་བར་ཡུན་ཅི་རིགས་སྦྱང་དགོས་མོད། ཤར་ཁྲིད་ཙམ་ལ་ཟུར་དུ་མི་དགོས། འདི་དག་གི་གནས་སྐབས་གོང་འོག་ཀུན་ཏུ་སྨིན་ཁྲིད་ཆིག་སྒྲིལ་གྱི་སྐབས་ཆག་མེད་ཀྱི་དགེ་སྦྱོར་གཞན་གནོད་ན་སྤང་ཞིང་མི་གནོད་ན་བསྟེན་པས་ཆོག །༧ཟླ་ཉི་ཧྲཱིཿགསུམ་གཅིག་ཏུ་འདྲེས་པའི་འོད་ཕུང་ལས་འོད་ཟེར་སྤྲོ་བསྡུ་བྱེད་ལུགས་ཞུ་ལགས། གཅིག་ཏུ་འདྲེས་པའི་འོད་ཕུང་དེ་ལས་དྲི་མ་མེད་པའི་འོད་ཟེར་ཁ་དོག་སྣ་ལྔ་ཟེར་རེ་རེ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་ཅིང་། སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས། ཚུར་འདུས་ནས་སྤྲོ་གཞིའི་འོད་ཕུང་ལ་བསྟིམ་པ་ལགས། ༧བདེ་ཆེན་གྱི་བཟླས་པ་མ་བྱས་ན་ཆད་སྐྱོན་ཨེ་ཡོང་ལགས། འདིར་ལྷ་སྐུའི་གསལ་སྣང་དང་དེས་སུན་ན་རྩ་བའི་ཡིད་བཟླས་ཁོ་ན་ལ་སྒྲིལ་བ་ལས། ལས་སྦྱོར་གྱི་ཡིད་བཟླས་གསུམ་དང་སྤྲོ་བསྡུའི་ངག་བཟླས། དོ་ལི་བདེ་ཆེན་གྱི་བཟླས་པ་རྣམས་མ་བཟླས་ཀྱང་ཆད་པའི་སྐྱོན་མེད། ༧སྣོད་བཅུད་འོད་དུ་བཞུ་ནས་བསྡུ་སྐབས་ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་དང་བཅས་པའི་སྣང་བ་ཤར་ན་དེ་ཡང་བསྡུ་ཨེ་དགོས་ལགས། འདིར་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས་ཟིན་པས་དེ་རྣམས་འོད་གསལ་དུ་བསྡུ་བའི་ཚེ། དེ་ལས་གཞན་པའི་སངས་རྒྱས་ཀྱི་ཞིང་མ་དམིགས་པའི་ཕྱིར་ཆེད་དུ་བསྡུ་བའི་ཆེད་དམིགས་ཅི་ལ་དགོས། ༧མཚན་མོའི་རྣལ་འབྱོར་བསྐྱེད་རིམ་ལ་ཞུགས་པ་ནས་བྱེད་ཨེ་ཆོག་ལགས། འདི་དུས་ཐུགས་རྡོ་རྗེའི་མཚན་མོའི་རྣལ་འབྱོར་སྦྱོར་བ་མི་འབྲེལ་ཞིང་བསྐྱེད་རིམ་གྱི་སྐུ་ཕྱག་རྒྱ་དང་གསུང་བཟླས་པའི་རྣལ་འབྱོར་གྱི་དུས། རང་གི་ཐུགས་ཀའི་འོད་ཀྱིས་རེག་པས་དག་པའི་སྣོད་བཅུད་ཐམས་ཅད་རང་ལ་ཐིམ། དེ་ཡང་རིམ་བཞིན་ཐུགས་ཀའི་ཧྲཱིཿའི་བར་དུ་བསྡུས། དེ་ཉིད་ཀྱང་གྱེན་རྫོགས་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་མི་དམིགས་པའི་དབྱིངས་སུ་བསྡུས་ཏེ་སེམས་སྤྲོས་མེད་ཀྱི་ངང་ནས་གཉིད་དུ་འགྲོ་བར་བྱ། དེར་གཉིས་མ་བྱུང་ན་ཡང་ཡང་སྐྱར་བས་ཆོག་ཅིང་སད་རེས་བཞིན་དུ་དེ་ལྟར་སྦྱངས་པས་སྲོལ་དུ་ཆུད་པར་འགྱུར་རོ། །༧ལྡང་བ་དང་བཟའ་བཏུང་གི་རྣལ་འབྱོར་བྱེད་ལུགས་ཞུ་ལགས། བསྐྱེད་རིམ་གྱི་དུས་ལྡང་བའི་རྣལ་འབྱོར་ཡང་ནམ་མཁར་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་སྔགས་ཀྱི་སྒྲས་བསྐུལ་བས་གཉིད་ཧག་གིས་སད་དེ་སྣང་བ་ཐམས་ཅད་ལྷར་ལམ་གྱིས་བསྒོམ། གཉིད་སད་ལ་ཁད་ལ་དེ་ལྟར་གསལ་འདེབས་མི་ནུས་པས་ནི་གཉིད་སད་མ་ཐག་ད་དུང་འོད་གསལ་ལས་མ་ལངས་པར་མོས་ཏེ། བསྐུལ་བས་གཉིད་སད་པར་མོས་ལ་སྣང་བ་ལྷར་བསྒོམ། བཟའ་བཏུང་གི་རྣལ་འབྱོར་ནི། རང་ཐུན་མཚམས་ཀྱི་གཉུག་མའི་ལྷ་ཐུགས་རྗེ་ཆེན་པོར་གསལ་བའི་སྐུའི་ནང་ཐམས་ཅད་དཔའ་བོ་དང་མཁའ་འགྲོས་ཏིལ་གྱི་གོང་བུ་བཞིན་གང་བར་བཞུགས་པར་བསམ་ལ། བཟའ་བཏུང་ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བརླབས་ནས། ལྟེ་བའི་ཐབ་ཁུང་དུ་ལག་པའི་དགང་བླུགས་ཀྱིས་ཕུལ་བ་གཏུམ་མོའི་མེས་སྦྱངས་པའི་དྭངས་མ་བདུད་རྩིའི་འོད་ཟེར་གྱི་རྣམ་པར་སྤྲོས་པས་ལུས་ནང་གི་ལྷ་ཚོགས་རྣམས་མཉེས་ཤིང་ཚིམ་པར་བསམ་ལ། སྙིགས་མ་ཐལ་བར་སྦྱངས་པར་མོས་ཏེ་རླུང་ཁ་སྦྱོར་འཆིང་བར་བྱའོ། །༧ངག་གནད་འཇམ་རླུང་རང་བབས་སུ་འཛིན་ལུགས་ཞུ་ལགས། སྟེང་རླུང་ཆེད་དུ་མི་རྔུབ་པར་སྣ་སྒོར་ལྟེམས་ཙམ་གྱིས་རང་བབས་སུ་འཛིན་པ་ཡིན། ཡང་རེས་རླུང་སོ་མ་ལས་ཕྱིར་འཕུལ་ཏེ་མནན་ལ་བཞག་ཀྱང་འདྲའོ། །༧གསུང་རྡོ་རྗེའི་མཇུག་གི་བརྡར་གྱུར་དང་དོན་དམ་རྡོར་བཟླས་མ་བྱས་པས་དོན་ཨེ་འགྲུབ་ལགས། འདི་སྨིན་སློབ་ཀྱི་ཚེ་གསུང་རྡོ་རྗེའི་དཀྱུས་ཀྱི་དམིགས་པས་སྲོག་ཐུར་འདྲེས་ཟིན་པ་ཉིད་བུམ་པ་ཅན་གྱི་རྡོར་བཟླས་ཀྱིས་རླུང་སེམས་དབུ་མའི་ཐིག་ལེར་འཆིང་བའི་ཐབས་ཡིན་པས། ད་ལྟ་ས་ཁོངས་འཛིན་ཆེད་ཙམ་དུ་ཁྲིད་ཡིག་གི་དཀྱུས་སུ་བརྡར་གྱུར་དང་དོན་དམ་རྡོར་བཟླས་ཙམ་རེ་སྦྱོར་བ་ཕྱག་བཞེས་མཛད་པ་ཡིན་པའི་ཕྱིར། རེ་ཞིག་གསུང་རྡོ་རྗེའི་དཀྱུས་ཀྱི་དམིགས་པ་གོམས་པའི་རྟགས་མ་བྱུང་བར་གནང་བས་ཆོག །༧ཐུགས་རྡོ་རྗེ་གོམས་ནས་ཉིན་མོའི་རྣལ་འབྱོར་བྱེད་པར་གསུངས་པ་ཐུན་ཆ་གཉིས་སུ་བྱས་པའམ་བོགས་གང་ཆེ་བ་གཅིག་བསྒོམ་པའམ། ཐུགས་རྡོ་རྗེས་གོ་ཕུག་པའི་ཉིན་མོའི་རྣལ་འབྱོར་ལ་ཆིག་དྲིལ་བྱ་བ་ལྟ་བུ་གང་ལགས། ཐུགས་རྡོ་རྗེའི་དམིགས་པ་ངོ་བོ་ལས་ཉིན་མོའི་རྣལ་འབྱོར་མ་སྦྱར་ན་སྐྱོན་ཨེ་ཡོང་ལགས། ཐུགས་རྡོ་རྗེའི་འཇུག་སྒོ་དཔེའི་འོད་གསལ་དུ་བསྡུས་པ་ལས་སྒྱུ་ལུས་ཀྱི་ལྷར་ལྡང་བའི་རྣལ་འབྱོར་ལ་ཆིག་སྒྲིལ་དུ་བསྒོམས་པས། མཉམ་བཞག་བརྟན་ཞིང་རང་ས་ཟིན། རྗེས་ཐོབ་ཏུ་མཉམ་བཞག་གི་ཉམས་ཀྱི་རྩིས་བཟུང་ནས་སྣང་བ་སྒྱུ་མར་བསྲེ་ཐུབ་མཚམས་ནས་དེ་ཉིད་ཉིན་མཚན་གྱི་རྣལ་འབྱོར་གཉིས་པོས་སྐྱོང་བ་ཡིན་པས། ད་ལྟ་ནས་ཐུན་ཆ་གཉིས་སུ་བྱས་ནས་སྒོམ་པ་སོགས་སྨིན་སློབ་ཀྱི་དབང་དུ་མི་དགོས། མོས་སློབ་ཙམ་ལ་དམིགས་པ་མི་བརྗེད་པའི་ཕྱིར་དམིགས་པ་སྔ་མ་ལ་ཆིག་སྒྲིལ་ནས་ཐུན་གཤམ་དུ་ཉིན་མོའི་རྣལ་འབྱོར་དང་། ཉལ་དུས་མཚན་མོའི་རྣལ་འབྱོར་སྦྱར་བས་རྩལ་འགྲན་པའི་ཚུལ་གྱིས་འཇུག་པ་གཅིག་ཏུ་བབས་ནས་ཉམས་རྟོགས་འཆར་བར་འགྱུར་བ་ལགས། ༧གཉིད་འཐུག་གི་འོད་གསལ་དང་སྲབ་མོའི་འོད་གསལ་ཟིན་པའི་རྟགས་དང་འཛིན་པའི་དུས་གནད་སོགས་ཇི་ལྟར་ལགས། འོད་གསལ་ཟིན་པའི་དམིགས་པ་གསལ་བཏབ་ནས་དེ་ལ་སེམས་རྩེ་གཅིག་ཏུ་གཏད་པའི་ངང་ལ་གཉིད་དུ་འགྲོ་བར་བྱས་པས། གཉིད་མི་བདེ་བ་དང་། འདྲེས་གནོན་པ་འདྲ་བ་དང་། ལུས་སྦྲིད་པ་སྙམ་བྱེད་ན་མྱུར་དུ་ཟིན་འོང་བའི་རྟགས་ཏེ། དགའ་སྤྲོ་དང་རློམ་སེམས་སོགས་མི་བྱ་བར་བྱུང་རྒྱལ་དུ་བསྐྱངས་པས། ཐོག་མར་གཉིད་དུ་འཐིབས་ཀྱིས་སོང་བའི་སྐབས་སུ་གསལ་སྟོང་གི་ཉམས་སྐྱོང་ཐུབ་པ་ཙམ་དང་། དེས་གཉིད་དུ་འགྲོ་བ་དང་མཉམ་དུ་ནམ་ལངས་པ་ལ་ཉི་འོད་ཀྱིས་ཁྱབ་པར་སྙམ་བྱེད། རིག་པ་གསལ་ཞིང་ཁམས་དྭངས། གཉིད་དུ་མ་སོང་བ་འདྲ་བ་ལ་སད་རྒྱུ་ཡོད་པ་ཞིག་འོང་། དེ་ལ་བློའི་འཛིན་པ་ཅུང་ཟད་དང་བཅས་པའི་གསལ་སྟོང་གི་ཉམས་འཆར་ཏེ་དེ་ལ་སྲབ་མོའི་འོད་གསལ་ཟིན་པ་ཟེར། ལར་ཐུན་ཐུན་མཚམས་གང་ཡིན་ཡང་རུང་ཆེད་གཏད་ཀྱི་རྩོལ་བ་མི་དགོས་པར་སེམས་གསལ་སྟོང་བདེ་བ་མི་རྟོག་པར་རང་ཤར་དུ་འཆར་བ་དེ་ལ་འོད་གསལ་ཟེར་ཏེ་ཉིན་མཚན་གང་ལ་བྱུང་ཡང་ཁྱད་མེད་ལགས། འཛིན་པའི་དུས་གནད་སོགས་ནི་སྤྱིར་ནད་པ་འཁྲུགས་དོགས་ཀྱི་སྤྱོད་ལམ་ལྟར་དལ་བ་བསྟེན། ལུས་ལ་འཕྲོད་པའི་ཁ་ཟས་སྣུམ་པ་མང་ཉུང་རན་པ་བསྟེན། མཆོང་རྒྱུག་སོགས་རྩ་རླུང་འཁྲུགས་པ་དང་རྔུལ་ཐོན་པའི་སྤྱོད་ལམ་རྣམས་སྤངས། མཁའ་འགྲོ་ལ་ཚོགས་དང་གཏོར་མས་མཆོད། འོད་གསལ་དྭངས་མའི་མདངས་ལས་འཆར་བས་ཁམས་དྭངས་སྙིགས་འབྱེད་པའི་ཕྱིར་སྔར་གསུང་རྡོ་རྗེས་རླུང་བྱང་ན་སྨོས་མ་དགོས། དེ་མིན་སྔ་དྲོའམ་ཕྱི་དྲོ་གང་རུང་ལ་འཇམ་རླུང་བུམ་པ་ཅན་རེ་སྒོམ་པའང་གནད་ཆེ་ཞིང་ཐིག་ལེ་མ་ཉམས་པར་བྱ། སྣང་བ་ཐམས་ཅད་ལ་བདེན་མེད་ཀྱི་འདུ་ཤེས། གཙོ་བོར་བླ་མའི་མོས་གུས་རྣམས་ལམ་གྱི་སྲོག་རྩར་བཟུང་། ཉིན་པར་ཉིན་མོའི་རྣལ་འབྱོར་གྱིས་སྣོད་བཅུད་བསྡུ་ལྡང་ལ་རྩེ་གཅིག་ཏུ་འབད་ནས། མཚན་མོ་ཉལ་དུས་མི་:ཚོའི་ཕྱེད་གཉིས་༼ཚེའི་ཕྱེད་གཉིད་༽ལོག་པ་ལྟ་བུ་ཡིན་པས་འདི་ཉིད་ཉམས་སུ་བླང་བར་བྱ་སྙམ་པས་སྙིང་གའི་ཐིག་ལེ་ལ་སེམས་རྩེ་གཅིག་པས་ཉལ་ལོ། །ཐོག་མའི་འཛིན་དུས་ནི། ཐོ་རངས་ནམ་ལངས་ཉི་ཤར་རྣམས་ལ་གཉིད་སྲབ་པས་ཟིན་སླ། ལུས་གནད་སྐྱིལ་ཀྲུང་། ཙོག་པུ། སེང་གེའི་ཉལ་སྟབས་གསུམ་གང་རུང་ཤིས། མཐར་དུས་དང་ལུས་གནད་ཙམ་ལ་དེ་ཙམ་རང་མི་ལྟོས་པ་ལགས། ༧གཉིད་འོད་གསལ་དང་རྨི་ལམ་ལྷ་སྐུར་བསྒྱུར་ནས་རང་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པའི་སྦྱོར་བ་ལ་བརྩོན་པས་ཞེས་པ་ཇི་ལྟ་བུ་ལགས། ཐུགས་རྡོ་རྗེས་སྒྱུ་ལུས་ཡེ་ཤེས་ཀྱི་སྐུ་ཆུང་ངུ་མ་འགྲུབ་ཀྱི་བར་དེ་སྲིད་དུ་ཉིན་པར་ཉིན་མོའི་རྣལ་འབྱོར་གྱིས་སྣོད་བཅུད་དཔེའི་འོད་གསལ་དུ་བཅུག་ལ་སྟོང་ཉིད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་སྔོན་དུ་བཏང་ནས། དེ་ལས་རླུང་སེམས་མི་ཤིགས་པའི་སྒྱུ་ལུས་ཀྱི་ལྷ་སྐུའི་རྣམ་པར་ལྡང་བ་དངོས་གཞིའི་ཚུལ་དུ་བྱས་ཏེ། ཐབས་ལམ་བདེ་ཆེན་སྙིང་པོ་ལས་གསུངས་པའི་མན་ངག་གི་ལག་ལེན་ལ་མཁས་པས་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པའི་ཞུ་བདེའི་ཉམས་དང་། འོད་གསལ་སྟོང་གཟུགས་བསྲེས་པའི་བདེ་སྟོང་ལ་བསླབ་པ་རྣམ་གཡེང་གཞན་སྤངས་ནས་ཆིག་དྲིལ་དུ་འབད་ཅིང་། མཚན་མོ་ཉལ་དུས་མཚན་མོའི་རྣལ་འབྱོར་གྱིས་གཉིད་འཐུག་འོད་གསལ་དང་རྨི་ལམ་ལྷ་སྐུར་བསྒྱུར་ནས། རང་འོད་ལས་ཤར་བའི་རིག་མ་ལ་འཁྱུད་པས་བདེ་སྟོང་གི་ཡེ་ཤེས་འདྲེན་པའི་སྦྱོརབ་ལ་ཟླ་བ་དྲུག་གི་བར་དུ་སྤྱད་པས། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པ་དང་ལྷན་ཅིག་ཕྲ་ཡངས་སོགས་ཡོན་ཏན་བརྒྱད་ལྡན་གྱི་སྒྱུ་ལུས་ཀྱི་རྟེན་ཁྱད་པར་ཅན་འགྲུབ་ལ། རྟེན་དེ་ལ་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུས་ཡས་འབབ་དང་མས་བརྟན་གྱི་དགའ་བཞིའི་སས་བསྡུས་པའི་སྦྱོར་ལམ་རྩེ་བཟོད་ཆོས་མཆོག་གསུམ་གྱིས་དུས་སྦྱོར་དང་པོ་ནས་བཅུ་གཅིག་བར་གྱི་དབུགས་སྟོང་བརྒྱད་བརྒྱ་བ་དེ་དང་། བཅུ་གཉིས་པའི་སྟོང་བདུན་བརྒྱ་གོ་དགུ་པོ་འགགས་ཤིང་། བཅུ་གཉིས་པའི་སྐད་ཅིག་མ་ཐ་མ་འགགས་ནས་མི་འགྱུར་བའི་བྱང་སེམས་ཀྱིས་གཙུག་ཏོར་རིལ་གྱིས་གང་ཞིང་། བརྟན་པ་ས་བཅུ་གཉིས་པའི་དབང་ཕྱུག་ཅེས་མཐོང་ལམ་འོད་གསལ་གྱི་སྐུ་འགྲུབ་པ་ཡིན་ལ། དེ་ལས་སློབ་པའི་ཟུང་འཇུག་གི་སྐུར་ལངས་ནས་སྒོམ་ལམ་གྱི་ས་དགུ་རིམ་པར་བགྲོད་པའི་མཐར་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་ཏེ། མངོན་པར་བྱང་ཆུབ་པ་ཆེན་པོའི་ཡེ་ཤེས་ཀྱིས་སྣང་གསུམ་གྱི་བག་ཆགས་ཕྲ་མོའང་འགགས་པས་སྐུ་བཞིའི་ངོ་བོར་སངས་རྒྱས་ཏེ་མི་སློབ་པའི་ཟུང་འཇུག་ལ་དབང་འབྱོར་བ་ལགས། ༧ཕྱག་རྒྱ་གང་རུང་ལ་བརྟེན་ནས་མཆོག་མངོན་དུ་བྱེད་པ་ཞིག་དཀའ་བ་འདུག་ལགས་པས། བར་དོར་འཆི་བ་དོན་དམ་གྱི་འོད་གསལ་མངོན་དུ་བྱེད་པའི་དུས་དང་གནས་སོགས་བདག་བློ་དམན་ཐོས་ཆུང་ལ་དགོངས་པ་ཞིག་ཞུ་ལགས། ཐུགས་རྡོ་རྗེའི་ཕྱེད་སྔ་མས་རླུང་སེམས་ཙམ་གྱི་ལྷ་སྐུ་འགྲུབ་ནའང་། གཡེང་བས་ཉེ་རྒྱུའི་སྤྱོད་པ་མ་གྲུབ་པས་ཚེ་འདིར་མཆོག་གི་དངོས་གྲུབ་ཟུང་འཇུག་གི་སྐུ་མ་འགྲུབ་ན། མཚན་མོའི་རྣལ་འབྱོར་ལས་འཕྲོས་པའི་མན་ངག་བར་དོ་དང་གཅིག་ཏུ་བྱ་བའི་བསམ་གཏན་ལ་བསླབ་སྟེ། མཚན་མོ་དོ་ནུབ་རྨི་ལམ་ལ་བརྟེན་ནས་བར་དོ་ལ་བར་དོར་ངོ་ཤེས་པ་ཞིག་བྱ་སྙམ་པའི་འདུན་པ་སྔོན་དུ་བཏང་སྟེ་ཕྱི་ནང་གི་སྣང་བ་གང་ཤར་ལ་ཅེ་རེ་བལྟས་ལ། འདི་བར་དོའི་སྣང་བ་ཡིན་པར་འདུག་པས་བར་དོའི་གདམས་པ་འདི་དག་མངོན་དུ་བྱའོ་སྙམ་དུ་ཡིད་ལ་བཤར་ཞིང་བསྒོམ་པའི་འདུན་པ་དྲག་ཏུ་སྦྱངས་པས། རྨི་ལམ་དུ་བར་དོའི་གདམས་པ་རྣམས་མ་འཆོལ་བར་དྲན་པ་མ་བྱུང་གི་བར་བསྒོམས་པས་བར་དོ་ཟིན་པར་འགྱུར་ལ། དེ་ལ་ནན་ཏན་དུ་བསྐྱངས་པས་གོམས་པ་ན། སད་དུས་སུ་བདེ་སྟོང་དང་ལྷ་སྐུའི་སྣང་བ་རྒྱུན་མི་ཆད། གཉིད་འཐུག་འོད་གསལ་དུ་ཆུབ། རྨི་ལམ་གྱི་རྩལ་སྦྱོང་དག་སྣང་གི་ལྷ་སྐུར་རང་འཆར་བ་ཞིག་བྱུང་ན་གང་ཟག་དེ་འདྲ་འཆི་བའི་ཚེ། བར་དོ་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་གི་འོད་གསལ་དུ་གནས་གྱུར་པས་དོན་གྱི་འོད་གསལ་མངོན་དུ་བྱས་ཏེ། དེ་ལས་ལྡང་བ་ན་བར་དོའི་ལུས་འགྲུབ་པའི་རྒྱུ་བདེ་རླུང་གི་རྟེན་ལས་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལངས་པས་མཆོག་གི་དངོས་གྲུབ་སློབ་པའི་འཕགས་ལམ་མམ། ཤིན་ཏུ་དབང་པོ་རྣོན་པོར་གྱུར་པས་ནི་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ་མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་ནུས་པ་ཡང་སྲིད་ལ། གལ་ཏེ་ཚེ་འདིར་སྒྱུ་ལུས་མ་འགྲུབ་ན་བར་དོར་དཔེའི་འོད་གསལ་ལས་རླུང་སེམས་ཙམ་གྱི་ལྷ་སྐུར་ལངས་ནས་ལམ་གྱི་འཕྲོ་སྦྱོང་བ་ལགས། ༧འཕོ་བའི་རླུང་སེམས་བསྡུ་དུས་སོགས་ཧྲཱིཿཡོད་པ་ལ་འཕོ་བ་རང་གི་ཚེ་ཐིག་ལེ་ཡོད་པའི་མི་བདེ་ཙམ་བྱུང་ལགས་པས་ཇི་ལྟར་ལགས། རླུང་སེམས་བསྡུ་དུས་ཧྲཱིཿསྒོམ་པ་ལྟར་སྦྱོང་བའི་ཚེ་ཡང་པདྨའི་ཟེའུ་འབྲུར་རྣམ་ཤེས་མི་འགྱུར་བའི་ཐིག་ལེ་ཧྲཱིཿདམར་ཡུངས་འབྲུ་ལྟར་ཕྲ་ཞིང་འབར་བ་ཞེས་དང་། སྤོར་དུས་པདྨའང་སྙིང་གའི་ཐིག་ལེ་ལ་ཐིམ་པས་བསྐུལ་ཏེ་སྙིང་གའི་ཐིག་ལེ་ཉིད་སྐར་མདའ་འཕངས་པ་ལྟར་ཡེར་གྱིས་སོང་ཞེས་ཚིག་གི་འཇུག་པ་ཐ་དད་དུ་བྱུང་ཡང་། དོན་ལ་ཧྲཱིཿཡིག་ཉིད་རང་རིག་མི་འགྱུར་བའི་ཐིག་ལེ་ཡིན་པས་ཧྲཱིཿལས་ལོགས་སུ་གྱུར་པའི་ཐིག་ལེའི་རྣམ་པ་གཞན་སྒོམ་པ་གནང་མི་དགོས་ལགས།

༈ རྡོ་རྗེའི་མཆེད་པོ་མཚུངས་མེད་བསྟན་པའི་གསལ་བྱེད་མདོ་རྒྱུད་རྒྱ་མཚོར་མངའ་དབང་འབྱོར་བ་གང་དེའི་གསུང་བྲིས་ཞིབ་ཆ་དོགས་སློང་བཅས་ནང་བཅར་དུ་གནང་བ་ཤིན་ཏུ་ཡིད་སྤྲོ་ཞིང་རྗེས་སུ་ཡི་རངས་བར་གྱུར། ཇི་ལྟར་བཀའ་གནང་བཞིན་གཞི་བདུན་གྱི་འདོད་པ་བརྗོད་པའི་སྐོར་རྫོགས་ཆེན་རང་ལུགས་ཐུན་མོང་མ་ཡིན་པའི་གྲུབ་མཐར་གཞི་ཀ་དག་ཏུ་འདོད་པ་མ་གཏོགས། གཞི་དྲུག་མི་བཞེད་པ་ཤིན་ཏུ་ཐུགས་བདེན། འོན་ཀྱང་དོལ་པོ་བ་ཆེན་པོས་འཁོར་ལོ་ཐ་མ་ངེས་དོན་དུ་བཀྲལ་ཞིང་བདེ་གཤེགས་སྙིང་པོ་རྟག་བརྟན་བདེན་གྲུབ་གཙང་བདེ་བདག་ཡོད་དུ་ཞལ་གྱིས་བཞེས་པ་དང་། རྫོགས་ཆེན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཀུན་མཁྱེན་ཆོས་རྗེས་བཀྲལ་བ་གཉིས་འཇོག་སོ་གཅིག་ཏུ་གྲུབ་པར་ཁོ་བོས་གོ །དེའི་དབང་གིས་གོ་བ་ཁྱད་པར་ཅན་མང་པོ་བླ་མ་འདི་ཉིད་ཀྱི་གསུང་གསང་ལས་རྟོགས་ནའང་། དེ་དག་ཇི་བཞིན་ཡི་གེར་བཀོད་ན་རྫོགས་ཆེན་པ་ད་ལྟ་ནང་པའི་གྲས་སུ་གཏོགས་ཙམ་དུ་འཛིན་པའི་འདུ་ཤེས་འདི་ཡང་ལོག་ནས་མུ་སྟེགས་པའི་གྲུབ་མཐའ་དང་མཚུངས་པར་འཛིན་ཅིང་། གསང་བ་ཟབ་མོས་ཆེས་སྐྲག་སྟེ་ཆོས་སྤོང་གི་ལས་ཚབས་པོ་ཆེ་གསོག་པར་འགྱུར་བའི་གནད་འདི་མཐོང་ནས་ཆེས་གསང་བའི་གཏམ་མཁས་གྲུབ་ཕལ་མོ་ཆེར་མ་གྲགས་པ་རྣམས་བཞག་ཅིང་། གཞི་བདུན་གྱི་འདོད་ཚུལ་རང་ལུགས་སུ་བཀྲལ་ཏེ་བཀོད་པ་ཡིན། དེའི་རྒྱུ་མཚན་གཞི་དྲུག་བཀག་ནས་བདུན་པ་བཞེད་པའི་དགོངས་གཞི་བསྙེགས་ནས་གདོད་མའི་གཞི་དེ་གཙང་བདེ་རྟག་པའི་བདག་ཡོད་དུ་དོན་གྱིས་གྲུབ་ཅིང་། ཀུན་མཁྱེན་རྗེ་ཡང་དེ་བཞེད་པ་ཚིག་དོན་མཛོད་ཀྱི་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་གསུངས་པའི་སྐབས་སུ་མྱང་འདས་ཀྱི་ལུང་ཁུངས་སུ་དྲངས་ནས། ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་བདག་ཏུ་མངོན་པར་ཞེན་པ་ལས་དྲང་བའི་ཕྱིར་བཤད་ཀྱི། ཡང་དག་པར་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ་ཞེས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་དུ་གསུངས་པ་དྲང་དོན་དུ་བཀྲལ་ནས་བདེ་གཤེགས་སྙིང་པོ་བདག་ཡོད་དུ་བཞེད་ཀྱང་མུ་སྟེགས་ཀྱི་བདག་རྟག་པ་དང་མི་མཚུངས་པའི་འཐད་པ་དང་བཅས་གསུངས་པས་ཨ་འཐས་ཀྱི་མཐའ་གཅིག་ཁོ་ནའི་རྟག་མི་རྟག་གང་དུ་ཡང་མི་བཞེད་མོད་ཀྱང་། འགྱུར་ལྡོག་དང་བྲི་གང་མེད་པ་ལ་ལྟོས་ནས། མགོན་པོ་བྱམས་པས། དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་གསུངས་པ་ལྟར་གྱི་རྟག་པའི་རང་བཞིན་དུ་ངེས་པར་ཞལ་གྱིས་བཞེས་པ་ཡིན་པས། དེ་དག་ཡོངས་གྲགས་སུ་བཤད་ན་གནད་མ་རྟོགས་པའི་དབང་གིས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བར་གོ་ནས་མི་མོས་པ་འདྲེན་པར་མཐོང་སྟེ་དགོས་དབང་གིས་བཀོད་པ་ལགས་ཤིང་། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཡོད་པར་ཞལ་གྱིས་བཞེས་པའི་མཚམས་ལ་ཡང་ཉིད་ཀྱི་དགོངས་པ་བཞིན་ཡང་དག་པའི་ངོས་ནས་རང་ཉིད་ཀྱང་ཤིན་ཏུ་མོས་ཀྱིས། འོན་ཀྱང་ཐུགས་ནང་གཙང་བའི་སྐུ་རྩེད་དུ་ཞུ་ན། བཤེས་གཉེན་ཆེན་པོ་ཉིད་ཀྱིས་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་དངོས་གནས་ཡོད་པའི་ཤེས་བྱེད་དུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཞེས་པའི་ལུང་འདི་ཤེས་བྱེད་དུ་གསུངས་མོད། འདི་སྒྲ་ཇི་བཞིན་དུ་ཞལ་གྱིས་བཞེས་རྒྱུ་ཡིན་ན། བདག་དང་མཐའ་ཡས་སེམས་ཅན་རྣམས་ཆོས་ཅན། སངས་རྒྱས་ཡིན་པ་ཐལ། ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར་ཏེ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྒྲ་ཇི་བཞིན་པ་གང་ཞིག །ལུང་དེའི་སྒྲས་ཟིན་ལ། དེ་ལྟར་བཤད་པ་མངོན་སུམ་དུ་གྲུབ་པའི་ཕྱིར། གཞན་ཡང་ཉོན་མོངས་པའི་སྦུབས་ན་གནས་པའི་སངས་རྒྱས་ཡོད་པ་ཐལ། གོས་ཧྲུལ་དང་། ས་གཞིའི་སྦུབས་ན་གནས་པའི་དཔེ་དགུ། རྒྱུད་བླ་མ་ལས་གསུངས་པ་བཞིན། དྲི་མའི་སྦུབས་ན་གནས་པའི་བདེ་གཤེགས་སྙིང་པོ་ཡོད་པ་གང་ཞིག །དེ་སངས་རྒྱས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཉོན་མོངས་པའི་སྦུབས་ན་གནས་པའི་སངས་རྒྱས་ཆོས་ཅན། གློ་བུར་བའི་དྲི་མ་དང་མ་བྲལ་བར་ཐལ། དེའི་སྦུབས་ན་གནས་པའི་ཕྱིར། ཁྱབ་སྟེ། དེའི་སྦུབས་ན་གནས་པ་ཞེས་པ་དེ་གཟུགས་ཅན་གྱི་དངོས་པོ་དཔེར་བྱས་པ་ཙམ་མ་གཏོགས། དྲི་མ་དང་བཅས་པའི་དོན་ལ་འཇོག་དགོས་པའི་ཕྱིར་ཏེ། དེ་ལྟར་མ་བཞག་པར་ཁང་པ་དང་གང་ཟག་བཞིན་དུ་ཕྱི་ནང་བགྱིས་ཏེ་ཡོད་པ་ཙམ་ལ་འཇོག་ན་འབྲས་བུ་མཐར་ཐུག་པའི་སྐབས་ཀྱི་སངས་རྒྱས་ཐོབ་པའི་གང་ཟག་འཁོར་བ་པའི་ཁྱིམ་ནང་དང་། མི་གཙང་བའི་དངོས་པོའི་སྦུབས་ན་བཞུགས་པ་ཡང་མང་བས་འབྲས་བུ་མཐར་ཐུག་གི་སྐབས་སུ་ཡང་དྲི་མའི་སྦུབས་ལས་མ་གྲོལ་བར་ཡོད་པར་ཁས་ལེན་དགོས་པ་དང་། གཞི་དུས་སུ་བདེ་གཤེགས་སྙིང་པོ་དང་ཉོན་མོངས་པ་ཡང་སྙིང་པོ་དང་ཤུན་པ་བཞིན་དུ། མདོ་སྦུབས་རང་ཚན་དུ་ཡོད་དགོས་པ་ལས་དེ་མེད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དྲི་མ་དང་བཅས་པའི་སངས་རྒྱས་མ་ཡིན་པར་ཐལ། དེ་དང་བྲལ་བའི་སངས་རྒྱས་ཡིན་པའི་ཕྱིར་ཏེ། དེ་སྤངས་པའི་སངས་རྒྱས་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཡིན་པའི་ཕྱིར། གཞན་ཡང་། ཁྱི་རྒན་རྒྱ་བོའི་རྒྱུད་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཆོས་ཅན། ཁྱོད་ཀྱིས་གནས་དང་གནས་མ་ཡིན་པ་མཁྱེན་པར་ཐལ། ཁྱོད་དེ་ལྟར་མཁྱེན་པའི་སྟོབས་ཡིན་པའི་ཕྱིར། འདོད་ན་ཁྱོད་དེ་མཁྱེན་པ་ལ་སྒྲིབ་པའི་དྲི་མ་དང་བྲལ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ་སྤྲིན་གྱིས་ཉི་མའི་དཀྱིལ་འཁོར་སྒྲིབ་པ་བཞིན་དུ། ཁྱོད་ཀྱིས་དེ་ལྟར་མཁྱེན་པ་ལ། གློ་བུར་བའི་དྲི་མས་སྒྲིབ་པར་བྱེད་པའི་ཕྱིར། གཞན་ཡང་ཁྱི་རྒན་རྒྱ་བོ་ཆོས་ཅན། ཁྱོད་ཀྱིས་རང་རྒྱུད་ཀྱི་སྟོབས་བཅུ་ཐོབ་པར་ཐལ། རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་ཐོབ་པ་གང་ཞིག །དེ་ལ་སྟོབས་བཅུ་དང་མཚན་དཔེ་སོགས་དངོས་གནས་ལ་མཆིས་པའི་ཕྱིར། འདོད་ན་སྟོབས་བཅུ་ཐོབ་པར་ཐལ། རང་རྒྱུད་ཀྱི་སྟོབས་བཅུ་ཐོབ་པའི་ཕྱིར། འདོད་ན་སྟོབས་བཅུ་མངའ་བའི་ཁྱི་རྒན་རྒྱ་བོ་ཡོད་པ་ལས་ཁས་བླངས་ངན་པ་ཅི་ཞིག་ཡོད། ཅེས་སྐུ་རྩེད་ཞུ་དགོས་པར་སེམས་ཏེ་ཉམས་མཚར་ལས་ཡང་དག་པའི་རྩོད་པ་ནི་མ་ཡིན་ནོ། །

༈ ཞབས་དྲུང་དུ། ཞུ་བ། ཟབ་མོའི་ཏིང་ངེ་འཛིན་གྱི་སྲུང་འཁོར་ལས་མི་གཡོ་བར་བཞུགས་པའི་རིང་ནས། ཕྱག་བྲིས་ནང་དོན་རྩ་བ་བཅས་གནང་བ་ཕེབས། འབྲུམ་སྲུང་དང་རྩ་སྒྲུབ་མཆན་ཊཱིཀ་སླར་གནང་བས་འཐུས། མཐའ་སྡུད་སྲེག་པའི་ལས་མཐའ་སྤྲོས་ཆོག་རྒྱས་པ་མ་འབྱོར་ན། ཡང་བཟློག་གི་ལག་ལེན་ལའང་ཧོམ་ཆུང་ལ་ལྷ་ཚོགས་སྐད་ཅིག་གིས་བསྐྱེད་ནས་བཞེས་སྒྲ་དང་བཅས་སྲེག་པའི་ཕྱག་ལེན་འདུག་པར་མ་ཟད། གཏེར་གཞུང་ལྟར་ཧོམ་ནང་དུ་ལྷ་ཚོགས་བསྐྱེད་པར། གདུག་རྩུབ་དྲག་པོ་སོགས་ཀྱིས་ཞལ་སྟོབ་དམིགས་པས་སྲེག་པ་ལ་མ་ཚང་བའི་སྐྱོན་ཅི་ལ་ཡོད། འཕང་པའི་སྐབས་ཐོག་མར་གསེར་སྐྱེམས་ཕུལ། དེའི་མཇུག་ཏུ་སྲིད་པ་ཧུ་བསྔོ་བ་རྒྱབ་ཡིག་ཀློག་པ་ཁོ་ན་ཡིན་པས། ངག་དོན་མདོར་བསྡུ་ན། ལོ་ཟླ་ཞག་དུས་ལ་དབང་ཞིང་རྒྱུ་བའི་གཟའ་སྐར་ས་བདག་དུས་ལྷ་འབྱུང་པོ་སོགས་ཐམས་ཅད་བདག་གཏོར་ཟོར་འཕེན་པ་ལ་རུ་ང་དང་ཕྲག་དོག་མ་བྱེད་པར་སྲིད་པ་ཧུའི་ཕྱག་རྒྱ་འདི་ལ་ལྟོས་ལ་བདག་གི་ཟོར་སྣ་འདྲེན་པའི་གྲོགས་མཛོད་ཅིག །ༀ་ཨ་ཀ་ནི། ནི་ཀ་ནི། ཨ་བྷི་ལ། མནྟྲ་ལ་མཎྜ་ལེ་སྭཱཧཱ། ཞེས་པ་འདི་ཙམ་ལ་ཚང་། ལིང་རྐྱང་ཙམ་དུ་མ་ཟད་བསད་འཁོར་ཡོད་ཀྱང་སྲེག་ཚོགས་འདས་མ་འདས་ཀྱི་མེ་ལྷའི་ཆོ་ག་སོགས་སྤྲོས་པ་མ་ལྕོགས་ན། གདབ་ལས་ཀྱི་ཞལ་སྟོབ་དུས་ཧོམ་ནང་དུ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ཞལ་རབ་ཏུ་གདངས་བར་ཕུལ་བར་བསམ་ལ། གདབ་ལས་ཀྱི་ཞལ་སྟོབ་དུས་ཧོམ་ཆུང་དུ་སྲེག་པས་ཀྱང་ཆོག་པ་ཕྱག་བཞེས་ལགས། སྒྲུབ་ཁང་སྟེང་ནས་འཕང་ཚེ་སྲིད་པ་ཧུའི་ཕྱག་རྒྱ་འཕང་ཕྱོགས་དེར་བཙུགས་པས་ཆོག་པ་འོས་མེད་ཀྱི་རིགས་པ་ལགས་པས་འཐད། གཏོར་མནན་ཀུ་སུ་ལུའི་སྒྲུབ་པ་འདི་ལྟ་བུའི་ཚེ་སྒྲུབ་ཁང་ནང་དུ་གནང་བ་ལ་འགལ་བ་ཅི་ཡོད། འོན་ཀྱང་གཏོར་གཞོང་འོག་ཏུ་སྔར་གྱི་ཧོམ་གྱི་ཐལ་སོལ་དང་གདབ་ལས་ཀྱི་ལིང་རོ་རྣམས་སྤུངས་ནས་བྲོས་གཟིར་ན། བསད་སྲེག་གི་མཐའ་སྡུད་དུ་འགྲོ། དེ་ནས་སྔར་ནམ་མཁར་བཏེག་པའི་གཏོར་མའི་ལྷ་ཚོགས་ལས་སྤྲུལ་པའི་ཕོ་ཉ་སྤྲོས་ཏེ་སྣོད་ཀྱི་འབྱུང་ལྔའི་མདངས། བཅུད་ཀྱི་ཚེ་དང་ཡེ་ཤེས་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་བསྟིམ་པའི་དམིགས་པས་ཚེ་འགུགས་དང་། ལྷ་ཚོགས་དེ་དག་གི་གནས་གསུམ་གྱི་འོད་ཟེར་སྤྲོ་བསྡུས་དངོས་གྲུབ་བླངས། མདུན་གྱི་ནམ་མཁའི་ལྷ་གཤེགས་གསོལ་དང་། བདག་གི་དཀྱིལ་འཁོར་བསྡུ་ལྡང་སོགས་གསང་བ་སྤྱིའི་འགྲོས་ལྟར་གནང་བས་ཆོག་པ་ལགས། གང་ལྟར་བསྒྲུབ་བྱ་༢རྗེ་བླ་མས་དབུས་རང་ཅག་ལྟོས་པར་བཅས་པ་སྲུང་ཁོངས་སུ་ཆུད་པའི་སྲུང་བའི་གོ་ཆ་མི་ཤིགས་པ་གྱོན་པའི་དཔའ་བོ་ལྷའི་ང་རྒྱལ་ལ་གནས་པས། བཟློག་བསད་ཀྱི་མཚོན་ཆའི་འཁྲུལ་འཁོར་གྱིས་བར་གཅོད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་ཚངས་གནས་ཀྱི་བར་དུ་སྒྲོག་པའི་ལྟ་སྒོམ་སྤྱོད་པའི་དམག་གི་དཔུང་ཆེན་པོའི་བཤོམ་ལྡན་ལ་བརྩོན་པ་ཐུགས་རྗེ་ཆེ་བ་ཞུ། ཀི་ཀང་གི་དཔེ་ཆ་ཕུལ་ཡོད་ལགས།

༈ གྲུབ་པའ་ིདབང་ཕྱུག་ཨོ་རྒྱན་བསྟན་འཛིན་གང་དེའི་དྲུང་དུ། དགེ་སློང་རྒན་པོས་ཕུལ་དོན། ཆོས་སྒྲུབ་པའི་མཐོ་རིས་ཀྱི་རྟེན་ལ་བར་གཅོད་ཀྱི་ཉེར་འཚེས་མ་གོས་པར་སྐུ་འཚོ་མངོན་པར་དྭངས་ཤིང་། ཚེ་འདི་ལྟོས་ཀྱི་ལུས་ལོངས་སྤྱོད་འཁོར་གྲོགས་སྙན་གྲགས་སོགས་ཀྱི་སྣང་ཤས་རྣམས་མཆིལ་མའི་ཐལ་བ་ལྟར་དོར་ནས། རིག་འཛིན་གོང་མས་དངོས་གྲུབ་བརྙེས་པའི་བསྟི་གནས་ངོ་མཚར་ཅན་དུ་སྒོ་གསུམ་གཞན་དུ་མི་གཡེང་བར་སངས་རྒྱས་སྒྲུབ་པའི་རྒྱུ་དྲུང་པོ་ཟབ་དོན་མན་ངག་གི་ལམ་ལ་རྩེ་གཅིག་ཏུ་ཉམས་སུ་བཞེས་པའི་ཐད་ནས། ཕྱག་བྲིས་ཞིབ་འཁོད་རྟེན་བཟང་པོ་བཅས་འཕྲོད་པས་ཡིད་ཀྱི་གདུང་སེལ་བླ་ན་མེད་པར་གྱུར། འདིར་གནས་རྒན་པོའང་འཆད་ཉན་ཐན་ཐུན་བྱེད་པའི་སྐབས་ན་མཆིས། ཇི་ལྟར་སྩལ་ཕེབས་ལྟར། དབྱར་དུས་ས་གཞི་ལ་མྱུ་གུ་གང་ཡང་སྐྱེ་བ་ལྟར་སྒོམ་ཆེན་པའི་ཉམས་ལ་མི་ཡོང་བྱ་བ་ཞིག་མེད་དེ་འབྱུང་མོད། ཉམས་འཇའ་ཚོན་འདྲ་བའི་ལྟད་མོ་ལ། །བློ་བྱིས་པ་དང་འདྲ་བའི་སྒོམ་ཆེན་འཁྲུལ། །ཞེས་པ་ལྟར་ཉམས་དེ་རྣམས་བསྒོམས་པའི་ལག་རྗེས་བཟང་རྟོག་གི་མཐུ་བརྟས་པ་ཙམ་དུ་སྣང་ཡང་བརྟག་མི་བཟོད་པས་བདེན་འཛིན་མ་ཞུགས་པ་གནད་ཆེ་བ་ཉིད་རང་གིས་དགོངས་པ་ལྟར་ལགས་ཤིང་། ད་ལྟ་གཟུང་དྲན་ལ་མ་ལྟོས་པར་གང་ཤར་རང་གྲོལ་རྗེན་པར་འགྲོ་བ་དེ་ག་རྣམ་དག་ལེགས་པའི་ལམ་དུ་གོ །བླ་མའི་སྐུའི་སྣང་བ་དང་ཡི་དམ་གྱི་བསྐྱེད་རིམ་སོགས་ཀྱང་སྣང་མེད་དུ་ཝལ་ལེ་རྗེན་ནེ་བའི་ངང་ནས་བཟླས་པ་སོགས་བྱེད་པ་ལས། སྐུ་ཡི་སྣང་བ་དེ་དག་སྣང་ལ་རང་བཞིན་མ་གྲུབ་པ། གསལ་ལ་རྟོག་པ་མེད་པ་བདེ་ལ་ཞེན་པ་མེད་པ་སྟེ་མཚན་ཉིད་གསུམ་ལྡན་སྟོང་པ་ཉིད་ཀྱི་རང་གདངས་སུ་མ་འགགས་པར་སལ་ལེར་སྣང་བའི་ངང་ནས་བཟླས་བརྗོད་སོགས་གནང་ན་རྩལ་ཆེ་ཞིང་། ཆེད་དུ་བླ་མ་སྤྱི་བོར་སྒོམ་པ་སོགས་མི་དགོས། ལམ་དུས་ཀྱི་གཞི་ལམ་འབྲས་བུའི་བཞག་མཚམས་ཉིད་རང་གི་གོ་ཕྱོགས་ལ་འགལ་བ་ཡོད་པ་མ་མཐོང་། འོན་ཀྱང་ལམ་གྱི་དུས་སུའང་སེམས་ཉིད་རྩ་བྲལ་རིས་མེད་ཀུན་ཁྱབ་དེ་གཞི། དེའི་ངང་ལས། བསལ་བཞག་མེད་པར་ཡུལ་མེད་རང་གསལ་དུ་སྐྱོང་བ་དེ་ལམ། དེས་འབྲས་བུའི་རྫོགས་རིམ་གྱི་ལྷ་སྐུ་ཞུ་བདེ་དང་མཚུངས་ལྡན་དུ་རང་ཤར་བ་ནས་ལམ་གྱི་འབྲས་བུའི་གྲངས་སུ་འགྲོ་བ་ཡིན། དེ་ཡང་རྫོགས་ཆེན་གྱི་གཞུང་ནས་ངོ་རང་ཐོག་ཏུ་སྤྲད་པ་ཞེས་པ་ནི། དུས་གསུམ་གྱི་རྟོག་པ་བྲལ་བའི་ད་ལྟར་གྱི་ཤེས་པ་ལ་བཅོས་སླད་མ་བྱས་པར་གཉུག་མའི་ངང་དུ་ཝལ་ལེ། སང་ངེ་། ཕྱམ་བརྡལ་བ་ཉིད་བཙན་ཐབས་སུ་ངོས་བཟུང་ནས་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་པ་སྟེ། ཐལ་འགྱུར་ལས། རང་བཞིན་དག་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་གསུངས། ཐག་གཅིག་ཐོག་ཏུ་བཅད་པ་ཞེས་པ་ནི། དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་ཤེས་པ་རྟོག་བཅས་དྲན་བསམ་གྱི་བློ་འགགས་ནས་བཞི་ཆ་གསུམ་བྲལ་གྱི་རིག་པ་སོ་མ་རྣམ་པར་མི་རྟོག་པའི་ཡེ་ཤེས། རིག་གེ །སང་ངེ་། ཡེ་རེ། ཝལ་ལེ་བར་གནས་པ་སྟེ། གསང་བ་སྒྲ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སང་ངེ་སལ་ལེ་བ། ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་། །ཞེས་གསུངས། དེས་ན་བཞི་ཆ་གསུམ་བྲལ་ཞེས་པ་ནི། འདས་མ་འོང་ད་ལྟ་བ་སྟེ་རྟོག་བཅས་ཀྱི་དུས་གསུམ་དང་། རྟོག་མེད་ད་ལྟ་བའི་རིག་པ་དྲན་བསམ་གྱིས་བཅོས་བསླད་མེད་པའི་སོ་མ་སྟེ། ཆ་བཞི་ལས་རྟོག་བཅས་ཀྱི་དུས་གསུམ་དང་བྲལ་བའི་རྣམ་པར་མི་རྟོག་པའི་དུས་དེ་བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པའོ། །གདེངས་གྲོལ་ཐོག་ཏུ་བཅས་པ་ཞེས་པ་ནི། གང་ཤར་གྱི་རང་ངོ་ལ་བཅོས་བསླད་མེད་པར་ཅེ་རེ་བལྟས་ཏེ་དེའི་ངང་ལ་གློད་པས། དྲན་རྟོག་རྗེས་མེད་དུ་ཡལ་བས་རྦ་རླབས་ཆུར་ཐིམ་པ་ལྟར་གང་ཤར་རང་གྲོལ་སྤང་གཉེན་དང་བྲལ་བའི་ངང་ལ་གདེངས་འཆོས་པའོ། །གསང་བ་སྒྲ་རྒྱུད་ལས། དེ་ལ་གདེངས་ཀྱིས་གྲོལ་བར་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་གསུངས་པ་ལྟར་རོ། །རྫོགས་ཆེན་སྡེ་གསུམ་གྱི་ཁྱད་པར་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་གསུངས་པ་ལྟར། སེམས་སྡེ་ནི་འདི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་སེམས་ཉིད་བྱང་ཆུབ་སེམས་གཅིག་གི་རོལ་པ་ལས་མ་འདས་པར་འདོད་པ་སྟེ། ཀ་དག་གི་ངང་ལ་མཉམ་པར་བཞག་པས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་སྐུར་ཐག་ཆོད་པ་དང་གནད་གཅིག །ཀློང་སྡེ་ནི། རང་བྱུང་གི་ཡེ་ཤེས་དང་དེའི་ངང་ལས་ཤར་བའི་ཆོས་སོ་ཅོག་ཡེ་གྲོལ་རང་དག་ཆེན་པོ་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་འདོད་པ་སྟེ། འདི་ནི་ཀ་དག་གི་ཉམས་ལེན་དང་བསྟུན་ན་གང་ལའང་བྱ་རྩོལ་བྲལ་བའི་ཆོས་ཉིད་ཀྱི་ཀློང་དུ་ཐག་ཆོད་པ་དང་གནད་གཅིག་པས། དེའི་ཕྱིར་སེམས་ཀློང་གཉིས་ཀྱི་ཉམས་ལེན་ཐམས་ཅད་མན་ངག་གི་སྡེའི་ཁྲེགས་གཅོད་ཀྱི་ཉམས་ལེན་གྱི་ཁོངས་སུ་འདུས་པས་རྫོགས་པ་ཆེན་པོའི་ལམ་གྱི་མཆོག་རྩེ་མོ་ནི་མན་ངག་གི་སྡེ་སྟེ། འཁོར་འདས་སྤང་བླང་དང་བྲལ་བའི་ཡིན་ལུགས་གནད་ཐོག་ཏུ་འབེབས་པའི་ཐབས་ཀྱིས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པས། དོན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་གསལ་གྱི་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕབ་ནས་ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་ངོ་སྤྲོད་པའི་ཐབས་མཆོག་བླ་ན་མེད་པའོ། །ཚོགས་དྲུག་གི་སྣང་བ་གང་ཤར་རང་གྲོལ་དུ་ལམ་དུ་འཁྱེར་བ་དང་ལྷ་སྔགས་སུ་རྒྱས་བཏབ་པ་གཉིས་སྔ་མ་ནུས་པ་ཆེ་མོད། འོན་ཀྱང་རང་གྲོལ་གཉུག་མའི་རྩལ་སྣང་ལྷ་སྔགས་ཀྱི་རང་གདངས་སུ་བྱ་རྩོལ་མེད་པར་ཁྱེར་ཤེས་ན་ཟུང་འབྲེལ་གྱི་ལམ་ཁྱད་པར་ཅན་དུ་འགྲོ་བ་ལགས་ཤིང་། དྲི་བ་ཀུན་ལན་ལྡོན་པ་ནི། །སངས་རྒྱས་འཕགས་པའི་ཁྱད་ཆོས་ཡིན། །ཞེས་པ་ལྟར་ཚུར་མཐོང་གི་བློས་དཔྱད་དཀའ་ཡང་རང་བློས་གང་སྤོབས་ཀྱི་ཞུ་ལན་ཕུལ་བ་ཐུགས་ཀྱི་ཀློང་དུ་སིམ་ངོས། སླད་མར་ཡང་སྔར་ལས་མ་གཡོས་པའི་སྒྲུབ་པའི་རྒྱལ་མཚན་ནུབ་པ་མེད་པས་སྒྲུབ་བརྒྱུད་བསྟན་པའི་དམིགས་རྐྱེན་དུ་འགྲོ་བའི་མཛད་ཕྲིན་གོང་འཕེལ་ནས་སྐུའི་འཕྲོད་བཞེས་དང་ཕེབས་འོས་ཀྱང་ཆུ་ཀླུང་གི་རྒྱུན་ལྟར་མཁྱེན་མཁྱེན། རྟེན་དམ་རྫས་ཁ་བཏགས་བཅས་ཕུལ།

༈ རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་ཨོ་རྒྱན་བསྟན་འཛིན་གྱི་དྲུང་དུ། དགེ་སློང་རྒན་པོས་ཞུ་བ། དེང་སྐུ་ལ་འབྱུང་འཁྲུགས་ཀྱི་ཉེར་འཚེས་མ་གོས་ཤིང་དམ་ཆོས་ཚུལ་བཞིན་སྒྲུབ་པའི་མཐུན་རྐྱེན་ཡང་མི་དམའ་བ་ནས་རྒྱལ་ཀུན་སྤྱི་གཟུགས་རིག་འཛིན་ཆེན་པོ་པདྨས་བྱིན་གྱིས་བརླབས་པའི་གནས་ངོ་མཚར་མཆོག་ཏུ་གྱུར་པའི་དབེན་རིར་འཁོར་འདས་ཀྱི་ཆོས་ཀུན་རང་རིག་གཉུག་མའི་དབྱིངས་སུ་རོ་མཉམ་ཁྱབ་བརྡལ་ཆེན་པོར་འཛིན་རྩོལ་མེད་པར་སྐྱོང་བའི་ཉམས་བཞེས་ལས་གཡེལ་བ་མ་མཆིས་པའི་རིང་ནས་ཕྱག་བྲིས་ཞིབ་འཁོད། གསེར་ཞོ་གང་། དངུལ་བལ་ཊཾ། ལྷ་རྫས་བཟང་པོའི་གནང་སྐྱེས་བཅས་ཉམས་མེད་དུ་ཕེབས་པ་དངོས་མཇལ་དང་མི་གཉིས་པའི་ཡིད་སྤྲོའི་སྣང་བ་གོང་འཕེལ་དུ་ཐོབ། འདིར་རྒན་པོའང་ལུས་འཚོ་བདེ་མུས་ནས་བཅད་རྒྱའི་ཟོལ་གྱིས་འགོལ་སྡོད་དུ་གནས་སྐབས་ལགས། ཇི་ལྟར་ཕེབས་འབྲས་ལྟར། རིག་པ་རྗེན་པ་འཆར་སྒོ་སྣ་ཚོགས་སུ་འཆར་ཡང་གང་ཤར་ཐམས་ཅད་དྲན་པ་ཁོ་རང་ལས་མ་གཡོས་པ་གཟུང་དྲན་ལ་མ་ལྟོས་པར་སྐྱོང་ཐུབ་པ་དེ། རྫོགས་ཆེན་པའི་ལུགས་ལ་ཉམས་ཀྱི་སྐྱེ་རིམ་བཞི་ལས། གནས་པའི་ཉམས་དང་། ཕྱག་ཆེན་པའི་ལུགས་ཀྱི་རྩེ་གཅིག་ཏུ་གནས་པ་དང་ཕྱོགས་འདྲ་བས་སེམས་ཀྱི་ངོ་བོའི་ཕྱོགས་མཐོང་ཙམ་ལོས་ཡིན། འོན་ཀྱང་བརྟན་པ་ཐོབ་མ་ཐོབ་ཙམ་ལས་འདི་བས་ལྷག་པ་ཞིག་རང་མཐོང་རྒྱུའམ་རྟོགས་རྒྱུ་མེད་དམ་སྙམ་པ་དེ། ཡིན་ལུགས་དང་མཐུན་པའི་གོ་མྱོང་གི་ཆ་ནས་བློ་མ་འཁྲུལ་བའི་ཡེ་ཤེས་འདྲའང་། འདི་ལས་ལྷག་པ་མེད་དམ་སྙམ་པ་ཆོས་ཀྱི་བདག་འཛིན་གྱི་བློ་དང་བཅས་པའི་རྣམ་རྟོག་ཅན་དུ་འགྱུར་བས། རང་གི་རིག་པ་ལ་རྗེན་ཅེར་བལྟས་པའི་དུས་ཀྱི་གཤིས་སྤྲོས་བྲལ་ལ་བློས་གང་དུ་ཡང་གཟུང་དུ་མེད་པ་དེ་དང་། གོ་བའི་སྟོང་ཉིད་གཉིས་ལ་མྱོང་ལུགས་མི་འདྲ་བ་མཁྱེན་ཚོད་ལྟར་ལགས་མོད། འོན་ཀྱང་སེམས་ཀྱི་ངོ་བོ་མཐོང་བ་ཞེས་པ་ཡང་དོན་སྤྱི་ཙམ་མཐོང་བའི་དཔེའི་ཡེ་ཤེས་ལ་ངོ་སྤྲོད་པའི་ཐབས་མཁས་ལས། རང་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོ་རང་མཚན་པ་ནི་འཕགས་པའི་ལམ་ས་དང་པོ་ཐོབ་ནས་མ་གཏོགས། སྒོམ་བྱུང་ལ་རང་དབང་འབྱོར་བའི་སྦྱོར་ལམ་ངེས་འབྱེད་ཀྱི་དུས་སུའང་མེད་ན་ཚོགས་ལམ་པ་དང་ལམ་མ་ཞུགས་ཀྱི་བསམ་གཏན་པའི་རྒྱུད་ལ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་ཤན་ཤུན་ཕྱེད་པ་གལ་ཆེ་བ་ལགས། རྨི་ལམ་ངོ་ཤེས་ཀྱི་དྲན་པའི་ངང་ནས་རྩལ་སྦྱོང་དང་། རྨི་ལམ་མོ་སྙམ་པའི་དྲན་ཤེས་མེད་པར་རྩལ་སྦྱོང་། ཉིན་མོ་ལས་གསལ་དྭངས་ཆེ་བ་ཡོང་བ་དེ། རྨི་ལམ་ཟིན་སྦྱོང་སྤེལ་སྒྱུར་གྱི་ངོས་ནས་སྔ་མ་མི་འགྱུར་ཞིང་བརྟན་ལ་ཕྱིས་བོགས་ཆེ། ཕྱི་མ་དེ་ཉིན་མོའི་དགེ་སྦྱོར་གྱི་ཤུགས་ཀྱིས་སླེབས་པའི་ཉམས་སྣང་ཙམ་དུ་ཟད་པས་རྨི་ལམ་ཟིན་སྦྱོང་བརྟན་ཆགས་ཀྱི་གནད་དུ་འགྲོ་བ་ཉུང་། ལར་ནས་གཉིད་འཐུག་གི་སྐབས་སུ་གསལ་སྟོང་གི་རིག་པ་རྣམ་རྟོག་གི་གཡའ་དང་བྲལ་ཞིང་རང་ངོ་སྐྱོང་ཐུབ་ལ། དེའི་རྩལ་སྣང་རྨི་ལམ་གྱི་སྤྲུལ་སྒྱུར་དུ་ལྡང་ཐུབ་པ་ཞིག་ཀྱང་འབྱུང་སྟེ། གཉིད་ཀྱི་འོད་གསལ་ཟིན་པའི་གྲངས་སུ་འགྲོ་ཞིང་། དེ་འདྲ་དེ་རྨི་ལམ་དུ་ལངས་ནས་ཀྱང་རྨི་ལམ་དུ་དྲན་ཤེས་ཀྱིས་མ་ཟིན་ནའང་གནད་དུ་འགྲོ། ཐོད་རྒལ་གྱི་དུས་སྟོང་གཟུགས་ཀྱི་རྟགས་སྣང་ལ་ལྟ་སྟངས་ཀྱི་ལམ་ནས་དྲངས་ཏེ་རྣམ་པར་རྟོག་མེད་ཀྱི་ངང་དུ་འཇོག་པ་དེ་ལ། དེང་སང་ཀློག་པའི་གྲྭ་སར་བསམ་མནོ་འཕེལ་པོ་བཏང་བའི་རིགས་གྲས་ཀྱི་བློར། མི་རྟོག་པ་དེ་འདྲ་དེ་ལ་གོམས་པས་ཞི་གནས་ཙམ་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་མེད་པས་ལྷག་མཐོང་དུ་མི་འགྲོ་སྙམ་མཁན་མང་ནའང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གོམས་པ་ལས་མི་རྟོག་པའི་ཡེ་ཤེས་སྐྱེས་པར་གྱུར་པ་དེ་ཀ་སོ་སོར་རྟོག་པའི་ཤེས་རབ་ཀྱི་ལྷག་མཐོང་སྐྱེས་པ་ཡིན་ཏེ། དུས་འཁོར་གྱི་མན་ངག་ལས། ལུས་ངག་སེམས་ནི་དབེན་པ་ལས། །མི་རྟོག་ཏིང་འཛིན་སྐྱེ་བར་ངེས། །མི་རྟོག་ཏིང་འཛིན་སྐྱེས་པ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་ཤིང་། སློབ་དཔོན་སངས་རྒྱས་གསང་བས་སྒྱུ་འཕྲུལ་ལམ་རིམ་དུའང་། མི་དམིགས་ཤིན་ཏུ་མི་དམིགས་དང་། །རྗེས་སུ་མི་དམིགས་རིམ་པ་ཡིས། །མི་གནས་མི་རྟོག་རློམ་སེམས་མེད། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཉིད་རང་གསལ་མི་གཡོ་བ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཞེས་གསུངས། ཁྱད་པར་རྫོགས་པ་ཆེན་པོ་རང་གི་ལུགས་ལ། ལུས་བཞུགས་སྟངས། མིག་ལྟ་སྟངས། རླུང་རིག་མི་འགུལ་བ་གསུམ་ལ་གཞི་བཅས་པས་རིམ་པར། རྩ་རླུང་ལ་གནད་དུ་བསྣུན་པས་རྣམ་རྟོག་འགག །མངོན་སུམ་ཡུལ་ལ་གསལ་བས་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་དང་བྲལ། ཆོས་ཉིད་རང་ངོར་གནས་པས་མ་བུ་འདྲེས་ཏེ་གདོད་མའི་དབྱིངས་སུ་ལ་ཟློ་བ་ཡིན་པས། ཐིག་ལེ་ལུག་རྒྱུད་དང་བཅས་པའི་རྟགས་སྣང་ལ་ལྟ་སྟངས་ཀྱིས་ཅེར་རེ་གཏད་དེ། རྟགས་སྣང་དེ་ཁའི་རང་ཞལ་རིག་གེ་བའི་ངང་ལ་བཟོ་མེད་ཡེངས་མེད་དུ་འཇོག་པ་ཁོ་ནས་གནད་དུ་འགྲོ་བ་ལགས། ཆོས་ཉིད་བར་དོའི་སྐབས་ཀྱི་བསམ་གཏན་གྱི་ཞག་གི་ཚད། འོད་གསལ་གྱི་སྣང་བ་ལ་ཇི་ཙམ་མཉམ་བཞག་གནས་པའི་ཐུན་ཚོད་ཀྱིས་འཛིན་པ་ལགས་པས། མཉམ་རྗེས་འདྲེས་ནས་ཏིང་ངེ་འཛིན་ཐུན་ཚོད་ལས་འདས་པ་ཡེ་ཤེས་ལྷུན་གྲུབ་ཀྱི་ཉམས་སྐྱེས་པ་ལ་མཐའ་འདི་ཙམ་ཞེས་འཛིན་པ་དཀའ་མོད། སྤྱི་ཙམ་དུ་བསམ་གཏན་ལ་བཞག་པས་རྣམ་རྟོག་གིས་བར་མ་ཆོད་པར་ཇི་ཙམ་གནས་པའི་ཡུན་དེ་ཙམ་ལ་འཇོག །ཆོས་ཉིད་བར་དོར་གྲོལ་ནུས་ཀྱི་ཚད་འོད་གསལ་སྣང་བ་བཞི་ལ་ད་ལྟ་ནས་རང་བྱན་ཆུད་པ་ཞིག་གལ་ཆེ་བས་རྨི་ལམ་གྱི་ཉམས་ལེན་ཚད་དུ་སོང་མ་སོང་གིས་འཛིན་པ་ལགས། བདེ་བ་ཅན་སོགས་དག་ཞིང་དུ་སྐྱེ་བ་བླངས་ཕྱིན་འཕགས་པ་ཡིན་དགོས་ནའང་། གང་ཟག་སོ་སྐྱེ་འགའ་རེ་དེར་བགྲོད་པར་བཤད་པ་ནི་གཞན་སྟོབས་ཀྱིས་གྲོལ་བ་དགག་ཏུ་མེད་པར། སྣང་བཞི་ཚད་དུ་ཕྱིན་པའི་རྣལ་འབྱོར་པས་སེམས་ཅན་ཕལ་པ་ལ་རིག་པ་བཅུག་ན། དེ་ལའང་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས། ལས་ལ་བཟང་ངན་མེད་པར་འཚང་རྒྱ་བར་བཤད་པ་དང་། ཡུལ་དང་འཕྲད་པའི་ཐུགས་རྗེས་འདུལ་བའི་དུས་ལ་བབ་པའི་ཚེ་སངས་རྒྱས་ཀྱི་སྐུ་ལས་འོད་ཟེར་སྣ་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་མཐའ་ཡས་པ་མྱ་ངན་ལས་འདས་པ་ལ་འགོད་ནུས་པར་གསུངས་པ་སོགས་ཀྱིས་མཚོན་ནོ། །ཐིམ་རིམ་གྱི་སྐབས་ཀྱི་སྣང་བ་གསུམ་ནི། འབྱུང་བཞི་ཐིམ་པའི་རྟགས་སྨིག་རྒྱུ་ལ་སོགས་པ་བཞི་དང་འབྱུང་ལྔ་འདུས་པའི་འོད་ཟེར་ལྔ་ལྡན་རྣམས་སྔོན་དུ་འགྲོ་བས། སྤྲིན་དང་བྲལ་བའི་ནམ་མཁའ་དྭངས་པ་ལ་ཟླ་འོད་དང་། ཉི་འོད་དང་། མུན་པས་ཁྱབ་པ་ལྟ་བུའི་དཀར་དམར་ནག་པོའི་ལམ་གསུམ་གྱིས་མཚོན་པའི་སྣང་མཆེད་ཐོབ་པའི་འོད་གསལ་གསུམ་དང་། ཐོ་རངས་ཀྱི་ནམ་མཁའ་དྭངས་པ་ལྟ་བུ་ཐམས་ཅད་སྟོང་པ་འོད་གསལ་གྱི་སྣང་བ་འཆར་བ་ལ་གྲགས་ཤིང་། དེ་ལའང་རགས་པ་འཆི་བའི་ཚེ་དང་། འབྲིང་གཉིད་དང་འཁྲིག་པའི་དུས་དང་། ཕྲ་བ་སད་དུས་ཚོགས་དྲུག་གི་སྣང་བ་ལ་ཀུན་ལའང་འཆར། ལམ་གྱི་སྣང་བཞི་ནི་ལམ་སྒོམ་སྟོབས་ཀྱིས་སྣང་བ་བཞིའི་ས་ཐོབ་པ་ལ་ཟེར་བ་ལགས། སླད་མར་ཡང་སྐུའི་འཕྲོད་བཞེས་དང་ཟབ་དོན་གྱི་ཉམས་ལེན་སྒྲུབ་བརྒྱུད་འཛིན་པ་རྣམས་ཀྱི་དམིགས་རྐྱེན་དུ་འགྱུར་བའི་ཕྲིན་ལས་རྣམ་པར་དཀར་བ་ནས་མཉེས་གཤིན་པའི་ཕེབས་མཆིད་ཀྱང་ཆུ་ཀླུང་གི་རྒྱུན་ལྟར་མཁྱེན། རྟེན་སྔགས་མདུད་དམ་རྫས་བཅས་ཐུན་མཚམས་ཀྱི་ངོས་ལ་ཕུལ།

༈ སྤོང་བ་པ་སྒྲུབ་ཆེན་འགྱུར་མེད་འོད་གསལ་གྱི་སྙན་ལམ་དུ། ཆེད་འབུལ། ཉེ་བའི་ཆར་ཡང་སྐུ་མཚོ་དྭངས་ཤིང་ཚེ་འདི་བལྟས་ཀྱི་འཁྲི་བ་བཙན་ཆོད་ཀྱིས་མི་མེད་ལུང་སྟོང་དུ་འཚོ་བའི་ཡོ་བྱད་ངན་ངོན་ཙམ་ལ་བརྟེན་ནས་ས་སྡེ་བཙུགས་ཏེ་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་ཉམས་བཞེས་ཀྱི་བཅད་རྒྱ་ལ་བརྩོན་པར་བཞུགས་པ་ནས་ཕྱག་བྲིས་མ་བུ་རྟེན་ཁ་བཏགས། བལ་ཊཾ་གཉིས། ཤེལ་ཕྲེང་བཅས་བསྐུར་བ་ཉམས་མེད་དུ་འཕྲོད་པས་ཡི་རང་བར་གྱུར། འདིར་ཡང་༢རྗེ་བཀའ་དྲིན་མཉམ་མེད་ཆོས་ཀྱི་རྒྱལ་པོ་མཆོག་གི་དགོངས་རྫོགས་ཕྱི་རྟེན་རྣམས་ཚང་མ་གྲུབ་པའི་དེང་སང་ལོ་དུས་ཀྱི་མཆོད་པའི་ཐོག་ཏུ་གྲྭ་ཚང་ལ་བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན་འཛུགས་པའི་ཉེར་བསྡོགས་ཀྱི་སྐབས་སུ་མཆིས། སྔར་མཉམ་བཞག་གི་ངོ་འཕྲོད་པར་སྣང་ཡང་དྲན་པ་ཁོར་རེ་འཁྱོངས་ཙམ་བདེ་གསལ་གྱི་ཉམས་དང་བཅས་ཤར་བ་དེ་ལ་མྱོང་བྱ་དང་མྱོང་འདོད་ཀྱི་འཛིན་པ་མ་ཞུགས་ན་གནད་དུ་འགྲོ། ད་ལྟའི་གནས་སྐབས་སུ། གང་ཤར་རང་སེམས་སུ་ཐག་ཆོད་ཅིང་། སེམས་ཉིད་རྩ་བྲལ་གསལ་སྟོང་འཛིན་མེད་དུ་ཤར་བས་མཉམ་བཞག་གི་ངོ་ན་ལུས་སྣང་སེམས་སོགས་ཐ་དད་དུ་འཛིན་པ་རང་དག་ནས་ཕྱི་ནང་བར་མེད་ཧར་སང་རྗེན་པར་གནས་པས་རྣམ་རྟོག་རང་ག་མ་མི་འཆར་ལ། ཤར་ཡང་ངོ་ཤེས་པ་ཙམ་གྱིས་ཆོག་པར་སྣང་གསུང་བ། སྣང་སེམས་འདྲེས་ཏེ་སྣང་བ་སྒོམ་དུ་ཤར་ཤར་འདྲ་ཡང་། ད་དུང་སྟོང་ཉིད་ཀྱི་གཟུང་དྲན་ལ་ལྟོས་དགོས་མི་དགོས་ཤན་ཕྱེད་དགོས་པས། སྣང་རིག་སོ་མ་འདི་རང་རིག་རང་གསལ་ལ་རྩོལ་སྒྲུབ་དང་དགག་སྒྲུབ་བྲལ་བ་ཞིག་བྱུང་ན་སྣང་བ་སྒོམ་དུ་ཤར་བས་གཟུང་དྲན་ལ་རག་མ་ལུས་པ་ལགས། དེས་ན་རྩོལ་བཅས་ཀྱི་འཛིན་པ་མ་ཞུགས་པར་གང་ཤར་རང་གྲོལ་གུ་ཡངས་སུ་འཆར་ན་གནད་དུ་འགྲོ་ཞིང་། ལར་ནས་ཅོག་བཞག་གསུམ་གྱིས་རང་གི་དགེ་སྦྱོར་རྒྱུན་བསྐྱངས་ཏེ། དེ་ལྟར་རྟོགས་པའི་ངོ་བོ་ལ་ཅེར་བལྟ་ཅེར་གྲོལ་གྱིས་བལྟས་པ་ན། ཕྱི་ཆོས་ཅན་ལ་བལྟས་པས་འཁྲུལ་སྣང་བདེན་མེད་དུ་སྣང་བ་སྒྱུ་མ་ལྟ་བུར་རྟོགས་པའི་ངང་ལ་ཞེན་འཛིན་མེད་པར་ལྷོད། ནང་ཆོས་ཉིད་ལ་བལྟས་པས་ཡུལ་མེད་ནམ་མཁའ་ལྟ་བུར་རྟོགས་པའི་ངང་ལ་འཛིན་མེད་དུ་ལྷོད། གསང་བ་རིག་པའི་ངོ་བོ་ལ་བལྟས་པས་སྟོང་གསལ་འགག་མེད་དུ་རྟོགས་ནས་དེའི་ངང་ལ་རྩོལ་སྒྲུབ་མེད་པར་ལྷོད་དེ་མཉམ་པར་བཞག་པས་གནས་སྐབས་སུ་སྤྱན་དང་མངོན་ཤེས་སོགས་ཡོན་ཏན་དཔག་ཏུ་མེད་པ་ལ་རང་དབང་བསྒྱུར་ནུས་ཤིང་ཉོན་མོངས་པ་རང་སངས་སུ་གྲོལ་བ་ལ་ཚེགས་མེད། དེའང་ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། གོམས་པ་ཀློང་དུ་གྱུར་པའི་ཡོན་ཏན་རྣམས་སྐྱེ་རིམ་གྱིས་འཕེལ་ནས་སངས་རྒྱས་ཀྱི་ཡེ་ཤེས་འགྲུབ་པའི་ཐབས་ཟབ་མོར་འགྲོ་ཞེས་རྗེ་བླ་མ་དམ་པའི་ཞལ་ལས་མང་དུ་ཐོས་ཤིང་གསུང་དེ་ལ་ཡིད་ཆེས་ཀྱི་ཚད་མར་བཟུང་ནས་གཞན་ལའང་འདོམས་པ་ལགས་པས་ཐུགས་ལ་གཅགས་པ་འཚལ། ལྟ་བའི་ངོ་བོར་གཉིས་ཆོས་སུ་སྣང་བ་ཐམས་ཅད་སོ་སོར་མ་དམིགས་པར་རང་རིག་ཡེ་གྲོལ་ལྷུན་གྲུབ་སྟོང་གསལ་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་དུ་མ་རོ་གཅིག་ཏུ་རྟོགས་པས་ཅི་ལའང་ཡ་ང་བག་ཚ་མེད་པ་ལྟར་སྣང་ཡང་། ཡུལ་ལ་བརྟེན་ནས་ཆགས་སྡང་སོགས་འཆར་འཆར་འདྲ་བ་འབྱུང་བ་བདག་འཛིན་གྱི་བློ་མ་ནུབ་ཀྱི་བར་ལྟ་བའི་གོ་ཡུལ་བཟང་ཡང་མྱོང་ཐོག་ཏུ་དེ་དང་འགལ་བ་ལྟར་སྣང་བའང་ཆོས་ཉིད་ཡིན་པས། དེའི་ཚེ་གང་ཤར་རང་གྲོལ་རྗེན་པར་ལམ་དུ་ཁྱེར་བས་གནད་དུ་འགྲོ། དེས་ན་གྲུབ་མཐའི་རྟོག་དཔྱོད་དང་། ཞེན་པའི་སྣང་ཡུལ་དང་། ཡིད་ཀྱི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཡེ་ནས་གནས་པ་ལྟར་དེའི་ངང་བསྐྱང་བ་གནད་ཡིན། གང་ལྟར་ཡང་དབྱར་གྱི་ས་གཞི་ལ་མྱུ་གུ་གང་ཡང་སྐྱེ་བ་ལྟར་རྣལ་འབྱོར་པའི་ཉམས་ལ་མཐོ་དམན་མཐའ་གཅིག་ཏུ་མ་ངེས་པས་བཟང་རྟོག་ངན་རྟོག་གིས་བསྡུས་པའི་རྟོག་པའི་རི་མོ་ལྟ་ཅི་སྨོས། མི་རྟོག་པའི་རང་གདངས་ཀྱི་རྩལ་ལ་མཐའ་དང་བྲལ་བའི་ལྟ་བ། གཉེན་པོས་མ་བཅིངས་པའི་སྒོམ་པ། གང་ཤར་རང་གྲོལ་དུ་གཏོང་བའི་སྤྱོད་པ། རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུའི་སྣང་བ། གང་ཤར་ཡང་མྱོང་འདོད་ཀྱི་བློ་ཞུགས་ན་སྨན་མ་ཞུ་བ་དུག་ཏུ་སོང་བ་དང་འདྲ་བས། དེའི་ཚེ་ཐག་ཆོད་པའི་དོན་དེ་ཁའི་ངང་ལ་འཛིན་ཞེན་གྱིས་མ་བཅིངས་པར་མ་ཡེངས་མི་སྒོམ་པའི་རང་འགྲོས་ཀྱིས་རྟག་ཏུ་འཚོ་བར་མཛད་ན་འཚེངས་པ་ལགས། རྨི་ལམ་རགས་པ་རྟག་ཏུ་ཟིན་པ་འདྲ་བ་དེའང་ཟིན་ཙམ་གྱིས་མི་ཆོག་པས། ད་དུང་ཉིན་པར་ཚོགས་དྲུག་གི་སྣང་བ་ལ་འཛིན་པ་མ་ཞུགས་པར་འབད་རྩོལ་གྱིས་འཆུན་པར་མཛད་ནས་གཉིད་དུ་འགྲོ་དུས་ཉིན་པར་གྱི་དྲན་ཤུགས་མ་ཤོར་བར་གཉིད་ལོག་པས་ཉམས་དང་རྟོགས་པ་འོད་གསལ་རྣམས་རིམ་པར་འཆར་བ་ཡིན་ཞིང་། རྡོར་སེམས་རྨི་ལམ་གྱི་མན་ངག་ལ་འགྲེལ་པ་དགོས་ཚུལ་སྔར་བརྩམས་པ་འདི་བཞིན་ད་ལམ་འབུལ་ལམ་ཞུས་ཡོད། སླད་མར་ཡང་ཟབ་མོའི་ཉམས་ལེན་ལ་སྔར་ལས་མ་གཡོས་པའི་བརྩོན་པ་མུ་སྐྱོང་བའི་རིང་ནས། གནས་སྐབས་སུ་དམ་པའི་ཆོས་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་འདི་ཉིད་རིང་པོར་འཚོ་བའི་རྟེན་འབྲེལ་གྱི་འཕྲོད་བཞེས་མི་དམན་ངོས་འཕྲོས་འོས་ཀྱང་རིམ་པར་འཚལ་ཞིང་། འདི་ནས་ཀྱང་༢རྗེ་བླ་མ་དམ་པ་མཆོག་གི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང་རང་ངོས་ནས་ཀྱང་རང་མཐུས་གང་སྤོབས་ཀྱིས་ཆོས་སྒྲུབ་པའི་བཞེད་དོན་འབད་མེད་དུ་སྒྲུབ་པའི་སྨོན་ལམ་ཡང་ཞུ། རྟེན་སྔགས་མདུད་དམ་རྫས་ལེ་ཚན་ཁ་བཏགས་བཅས་ཕུལ།

༈ ཐང་འབྲོག་སྤྲུལ་སྐུའི་དྲི་བ་སྣ་ཚོགས་ལན་དང་བཅས་པ་བཞུགས། འདི་ལ་བླ་མ་དམ་པ་འགྱུར་མེད་སྐལ་བཟང་གི་དྲི་ལན་ཡང་ཟེར། ལགས། དྲི་བ་ཕྲན་བུ་ཞུ་རྒྱུ་ལ། རྫོགས་ཆེན་ཐོད་རྒལ་མེད་པ་སེམས་སྡེ་སོགས་དང་། ཕྱག་ཆེན་སོགས་སེམས་ཀྱི་གནས་ལུགས་གཅིག་པུ་སྐྱོང་བས་རླུང་དག་ནས་ལུས་ཀྱི་རྩ་མདུད་གྲོལ་ཐུབ་བམ་མི་ཐུབ་ཐབས་ལམ་རྩ་རླུང་སོགས་ལ་བལྟས་ན་དེ་དག་གིས་འཕྲལ་དུ་དག་མི་ཐུབ་པ་འདྲ་ཞིག་འདུག །ལན། རྫོགས་ཆེན་གྱི་ཀ་དག་དང་། དབང་བཞི་པའི་ལམ་ཕྱག་ཆེན་གཉིས་ཀ་ཀུན་རྫོབ་རྩ་རླུང་ཐིག་ལེ་སོགས་བསྒོམ་པ་མ་བྱུང་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱངས་པས་སྣང་གསུམ་འོད་གསལ་གྱི་མཚན་མ་ཤར་ནས་དུས་གསུམ་གྱི་རྣམ་རྟོག་འགགས་པའི་རྣམ་པར་མི་རྟོག་པའི་འོད་གསལ་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་ནས། དེ་ལས་ལངས་པའི་སྟོང་གཟུགས་ནམ་མཁའ་དང་མཉམ་པར་འཆར་བ་སོགས་རྫོགས་རིམ་མཚན་ཉིད་པའི་རྟགས་སྣང་འཆར་བའི་ཕྱིར་རྩ་མདུད་འགྲོལ་བ་ཤིན་ཏུ་ནུས་ཏེ། དཔེར་ན་དུས་འཁོར་བའི་རྩ་དག་པར་བྱེད་པ་སོར་སྡུད་ཀྱི་རྣལ་འབྱོར་བཞིན་ནོ། །དེས་ན་རྫོགས་རིམ་གྱི་ངོ་བོ་སེམས་ཡིད་ཀློང་གསུམ་དབུ་མར་ཐིམ་པས་མངོན་དུ་གྱུར་པའི་བདེ་སྟོང་ཞིག་ལ་འཇོག་པའི་ཕྱིར་རོ། །སེམས་དེ་ཁུ་རྡུལ་རླུང་དང་འགྲོགས་པའི་རྟེན་བརྟེན་པ་ལ་ཕྲ་བའི་ལུས་ཞེས་བཤད་པས། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་དོན་ཡང་དེ་འདྲའི་བྱེད་བཅིངས་ལ་ཟེར་བ་ཡིན་པས་རགས་པའི་རྩ་སོགས་མ་བསྒོམས་ཀྱང་རྣམ་པར་མི་རྟོག་པའི་བྱེད་བཅིངས་ཀྱིས་རྩ་རླུང་ཐིག་ལེ་འབྱོངས་པ་ཡོད། རྒྱུན་རྩ་སྒོམ་པ་སོགས་ཀྱང་ཕྲ་ལུས་དེ་རགས་ལུས་ལ་བརྟེན་པས་དེའི་དབང་གིས་ཡིན་ནོ། །གཞན་དུ་ལུས་གནད་བཅིངས་པ་ཙམ་ལ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ཟེར་བ་དེ་ལྟར་མདོ་ལས་ཀྱང་བཤད། ༧ཕྱག་ཆེན་པ་རྣམས་ཀྱིས་ནི་རྩ་རླུང་སོགས་མ་དགོས་པར་མྱུར་དུ་དག་ནུས་པ་ཡིན་ཟེར་བ། དག་མ་ནུས་ན་དེ་དག་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མེད་དགོས་པར་འདུག་ཀྱང་སྔོན་བྱོན་གྲུབ་ཐོབ་མང་དུ་བྱོན་འདུག་པས་དག་ཐུབ་པ་ཡིན་ནམ། བཀའ་བརྒྱུད་གོང་མ་རྣམས་ཀྱི་ཡི་གེར། མི་ཟབ་པའི་རྫོགས་རིམ་རྩ་རླུང་ཐིག་ལེ་ལ་བརྟེན་པ་དང་། ཟབ་པ་ཕྱག་རྒྱ་ཆེན་པོའོ། །ཞེས་བཞེད་པས་ངེས་པར་དག་ནུས། དེའི་གཞུང་ནི་མར་པས། ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །ཞེས་གསུངས་པ་དེ་ཡིན། ཕྱིས་ཀྱི་བཀའ་བརྒྱུད་པ་རྣམས་སྔགས་ལུགས་དབང་བཞི་པའི་ཕྱག་ཆེན་དང་། མདོ་ལུགས་གནས་ལུགས་ཕྱག་ཆེན་ཞེས་ཕྱེ་བས་ཕྱི་མ་རྫོགས་རིམ་མ་ཡིན་མོད། འོན་ཀྱང་དེས་ལུས་ཀྱི་ཆོས་རྩ་རགས་པ་སོགས་སྦྱོང་ནུས་ཏེ། དབུ་མའི་ལམ་གྱིས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཡོད་ལ། དེ་ཡོད་ན་བྱང་སེམས་དབང་རྣོན་དང་པོ་ནས་ཟག་མེད་ཀྱི་ལུས་གྲུབ་པར་བཤད་པའི་ཕྱིར་རོ། །༧ལྟ་བ་གཅིག་པུ་བསྐྱངས་པས་ཚེ་གཅིག་ཏུ་སངས་རྒྱ་ནུས་ན། དབུ་མའི་ལྟ་བ་མཚན་ཉིད་པ་རྟོགས་པ་རྣམས་ཀྱང་དེ་དང་རྗེས་མཐུན་ཙམ་ཡོང་དགོས་པར་འདུག །དེ་དག་ལ་ཡང་ཡོད་ན་ནི་མདོ་སྔགས་ཀྱི་ལམ་མྱུར་མི་མྱུར་ཁྱད་པར་མ་བྱུང་། ལྟ་བ་གཅིག་པུ་ཞེས་པ་ལ་དེ་འདྲས་མ་ཁྱབ་སྟེ། ཉན་རང་སོགས་ཀྱི་ལྟ་བ་རྗེས་མཐུན་གྱི་ལམ་སྒོམ་པའང་ཡོད་དགོས་པའི་ཕྱིར་རོ། །སྤྱིར་སྔགས་ཀྱི་ཐབས་མཁས་དང་མ་འབྲེལ་བའི་མདོ་ལམ་རྐྱང་པ་ལ་ཐབས་དང་བྲལ་བའི་སྟོང་ཉིད་རྐྱང་པས་ས་ལམ་ཆོད་པར་དཀའ་བར་མཁས་པ་རྣམས་བཞེད། ༧དབུ་མའི་ལྟ་བ་རྟོགས་ཀྱང་མྱུར་དུ་མི་གྲོལ་བ་ནི། ཆོས་སྐུ་རང་ཆས་ངོས་བཟུང་ནས་འབྲས་བུ་གཞན་དུ་མི་འཚོལ་བ་འདིའི་ཁྱད་ཡིན་ནམ། ལྟ་བ་གཅིག་པུས་དག་ཐུབ་ན་དེའི་གནད་གང་ལགས། ལར་དབུ་མའི་ལམ་གྱིས་རང་ལུགས་ལ་ས་བཅུ་རྒྱུན་མཐའི་བར་འགྲོ་ནུས་ཀྱང་། མཐར་ཐུག་སངས་རྒྱས་ཀྱི་སར་སྦྱོར་བ་ལ་ངེས་པར་སྔགས་བླ་མེད་ཀྱི་ལམ་རྫོགས་པའི་རིམ་པས་འཕོ་བའི་བག་ཆགས་ཕྲ་མོ་སྦྱངས་ནས་ཐོབ་དགོས་པས། དབུ་མའི་༼ལྟ་བ་༽རྟོགས་ཀྱང་ཞེས་པའི་སྡུད་པའི་སྒྲ་ལ་ནུས་པ་མེད་དོ། །དེར་མ་ཟད་དབུ་ལམ་གྱིས་ཐོབ་པའི་ས་དང་པོས་མཐོང་ལམ་གྱི་གོ་ཆོད་མོད། འོན་ཀྱང་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡིན་པས་སྔགས་བླ་མེད་ཀྱི་རྫོགས་རིམ་གྱིས་ཐོབ་པའི་མཐོང་ལམ་དང་ཁྱད་ཆེ་སྟེ། འདི་ལ་ས་དང་པོ་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་རྗེས་མཐུན་པ་ཞིག་ཡོད་པའི་ཕྱིར་རོ། །༧རྫོགས་ཆེན་སྙིང་ཐིག་མྱུར་ལམ་ཐམས་ཅད་ཀྱི་མཐར་ཐུག་ཡིན་འདུག་ནའང་། རབ་ལོ་གསུམ། ཐ་མ་ལོ་བདུན་ན་འཇའ་ལུས་འགྲུབ་པར་བཤད། དུས་ཀྱི་འཁོར་ལོ་སོགས་ནས་ཟླ་བ་དྲུག་ལ་སོགས་པ་ནས་བརྩོན་འགྲུས་ཅན་རྣམས་མཆོག་གི་དངོས་གྲུབ་ཐོབ་པར་བཤད་ན། འབྲས་བུ་དེ་རྫོགས་ཆེན་པས་ཐོབ་པ་དེ་སངས་རྒྱ་ངེས་དང་། གཞན་ནས་གསུངས་པ་དེ་ལམ་ལྷག་མ་སྦྱང་དགོས་རྒྱུ་ཡིན་ནམ། ལར་ནས་བསྐྱེད་རིམ་གྱིས་ཀྱང་མི་སྣང་བའི་རིག་འཛིན་གྲུབ་པ་ཡོད་པས་འཇའ་ལུས་ལའང་ཁྱད་པར་མང་དུ་སྣང་། རྫོགས་ཆེན་པའི་སྣང་བཞི་རྫོགས་པའི་འཇའ་ལུས་ཡིན་ན་སྒོམ་ལམ་ཐོབ་པ་ལ་ཐེ་ཚོམ་མེད་དོ། །ཟླ་དྲུག་བསྒོམ་པའི་སྦྱོར་བས་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་པ་རྣམས་བློ་ཆེ་ན་སློབ་པའི་ཟུང་འཇུག་ས་དང་པོ་དང་། ཆུང་ན་སྦྱོར་ལམ་དྲོད་ཡན་ཆད་འབྲས་བུའི་རྫོགས་རིམ་གྲུབ་པའི་དུས་ལ་དགོངས་པ་མང་བས། མཆོག་གི་དངོས་གྲུབ་ཡིན་ན་མི་སློབ་པའི་ཟུང་འཇུག་ཉིད་ལ་སྦྱོར་མི་དགོས། བསྐྱེད་རིམ་གྱིས་གཟུགས་ཀྱི་རིག་པ་འཛིན་པ་ལྟ་བུའི་འཇའ་ལུས་གྲུབ་པ་དེ་དག་ཞིང་དུ་སངས་རྒྱས་རྣམས་ལ་ལམ་ཉན་ནས། རྫོགས་རིམ་གྱི་སློབ་པའི་ཟུང་འཇུག་སྒྲུབ་དགོས་པས་ལམ་ལྷག་མ་ངེས་པར་སྦྱང་དགོས། ༧དོན་ལ་ལུས་ཀྱི་རྩ་མདུད་མ་གྲོལ་ན་ནི་སངས་རྒྱས་མི་འཐོབ་པར་བཤད། རྒྱུད་རྣམས་སུ་ལུས་ཀྱི་རྩ་མདུད་གྲོལ་ནས་རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་ཡེ་ཤེས་ཟང་མར་སོང་བ་དེ་སངས་རྒྱས་སུ་བཞེད་པ་མང་ཡང་། ཏིང་ངེ་འཛིན་གྱི་ས་ཞེས་མོས་སྤྱོད་ན་ས་བཅུའི་རྣམ་གཞག་ཡོད་པ་དེ་ཡིན་གསུང་བའང་ཡོད། གང་ལྟར་གྲོལ་བའི་ལམ་གྱི་དོན་སྔར་བཤད་ལྟར་རོ། །༧བསྐྱེད་རིམ་དང་ངག་བཟླས་ཀྱིས་མཆོག་གི་དངོས་གྲུབ་མི་འཐོབ་པར་གསུངས་ན་དེང་སང་གི་སྒྲུབ་རྐྱང་ཐོར་བུ་འདི་དག་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མེད་དམ། བསྐྱེད་རིམ་གྱིས་མཆོག་གི་དངོས་གྲུབ་ཀྱི་བརྒྱུད་རྒྱུར་འགྲོ་བ་ནི་ཡོད་མོད། དངོས་རྒྱུ་བྱེད་པ་མི་སྲིད་པས་བསྐྱེད་རིམ་ཁོ་ནས་ས་དང་པོ་ལྟ་ཅི་སྨོས། སྦྱོར་ལམ་ཐོབ་པ་ལའང་རྫོགས་རིམ་ཉིད་དགོས། འོན་ཀྱང་ཚོགས་ལམ་ཆེན་པོའི་བར་བགྲོད་ནུས་པར་བཤད། མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་བསྒོམས་ན་ནི་སྨོས་མ་དགོས། ༧བསྙེན་སྒྲུབ་གཅིག་པུས་སངས་རྒྱས་ཐོབ་པ་འདི་ལྟ་དེའི་བྱིན་རླབས་ལ་བརྟེན་ནས་ལས་རླུང་དག་པ་ཡིན་ནམ། བསྙེན་སྒྲུབ་ཀྱི་སྒྲ་བསྐྱེད་རིམ་དང་རྫོགས་རིམ་གྱི་ལམ་གཉིས་ཀ་ལ་འཇུག་པས་དབྱེ་བ་ཕྱེ་དགོས། ༧གེགས་ཆེ་བ་མ་གཏོགས་མཚན་བཅས་ཀྱི་རྫོགས་རིམ་འདི་ཆེས་མྱུར་རྒྱུ་ཡིན་པ་འདྲ་ཞིག་འདུག་པ་དེ་ལྟར་ལགས་སམ། དུས་འཁོར་ལས། ཀོ་ཊའི་ས་བོན་ལས་འབྲས་བུ་ས་ལུ་མི་སྨིན་པ་བཞིན་དུ་མཚན་བཅས་ཁོ་ནས་མཆོག་གྲུབ་པ་མ་གསུངས། མཚན་བཅས་རྩ་རླུང་ལས་རྒྱ་སོགས་ཀྱིས་དབུ་མར་འབར་འཛག་བྱས་པའི་བདེ་སྟོང་ལ་མཉམ་པར་བཞག་པས་རླུང་དབུ་མར་འགགས་ཏེ་བདེ་དྲོད་ཀྱི་ཉམས་སྐྱེ་བ་ནི་ཡོད་མོད། འོན་ཀྱང་རྣམ་མེད་རྣམ་པར་མི་རྟོག་པའི་ལམ་སྒོམ་པ་རང་ཟབ་པ་ཡིན་ཞིང་། འདི་ལ་མཐའ་དཔྱོད་ད་དུང་རྒྱས་པར་བྱར་ཡོད་དོ། །༧དམིགས་པའི་ཟབ་གནད་གཞན་མེད་ནའང་བུམ་ཅན་གཅིག་པུས་རླུང་དག་ནས་འཕུར་ནུས་པ་སོགས་འོང་བར་ནུས་ཟེར་བ་དེ་བདེན་ནམ། བུམ་ཅན་གྱིས་རླུང་ལྟེ་བའི་འཁོར་ལོར་བརྟན་པས་འཆི་མེད་གྲུབ་པ་དང་། འཕུར་བ་སོགས་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཕྱི་ནང་གཉིས་ཀ་ལ་ཡོད་པར་བཤད་ཀྱང་། དེ་འདྲ་རྫོགས་རིམ་ཡིན་པའི་ངེས་པ་མེད་དོ། །༧རྡོ་རྗེའི་བཟླས་པ་འདི་དོན་ལ་རྫོགས་རིམ་ཡིན་ཟེར་བ་འདུག་ན་འདི་གཅིག་པུས་སངས་རྒྱས་ཨེ་ཐོབ། རྡོ་རྗེའི་བཟླས་པས་རྩ་རླུང་དབུ་མར་དག་ནུས་པར་གསུངས་པ། རྫོགས་རིམ་དང་འབྲེལ་བའི་རྡོ་རྗེའི་བཟླས་པ་ལ་དགོངས་པས་གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་རླུང་དབུ་མར་འཇུག་པར་བྱེད་པའི་མན་ངག་དག་དགོས་པ་ལགས་ཤིང་། སྤྱིར་བསྐྱེད་རིམ་དང་འབྲེལ་བའི་རྡོར་བཟླས་ཀྱང་བཤད་པས་མཐའ་གཅིག་ཏུ་དམ་འཆའ་མི་རུང་། ༧སྨིན་བྱེད་དུ་འགྱུར་བའི་དབང་གི་ཁྱད་པར་དེ་རྙིང་མའི་ཕྱོགས་འདིར་དབང་ལ་སྤྲོས་པ་ཆེ་ཆུང་དང་། བསྐུར་ལུགས་མི་འདྲ་བ་སོགས་འབྱེད་དཀའ་བ་འདུག་ཅིང་། མདོ་དབང་ལྟ་བུ་དབང་ཆེན་རིགས་དང་རྡོར་སེམས་ཀྱི་དབང་འདིས་ཀྱང་སྨིན་བྱེད་དུ་འགྱུར་ན། དབང་རྫས་མང་ཉུང་དང་ཚིག་གི་སྤྲོས་པ་ལ་མ་ལྟོས་པར་དབང་བཞི་དངོས་བསྟན་དུ་ཡིན་ཕྱིན་སྨིན་བྱེད་དང་། དེ་དང་དབྱིབས་མཚུངས་ཀྱི་རྫས་སོགས་ལ་བརྟེན་པ་ཟླུམ་པོ་བཞི་དབང་ལྟ་བུ་ནི་སྨིན་བྱེད་དུ་མི་རུང་བ་བྱིན་རླབས་ཡིན་ནམ། གསར་རྙིང་གི་དབྱེ་བ་སྔགས་བླ་མེད་ཀྱི་ནང་ཚན་གྱིས་ཕྱེ་བ་ཡིན་པས། བླ་མེད་ཡིན་ཕྱིན་བུའི་རྒྱུད་ལ་དབང་དོན་ངོ་འཕྲོད་ནས་སྐུ་བཞིའི་རྟེན་འབྲེལ་སྒྲིག་ནུས་པ་ལ་རག་ལས་པས། གནས་སྐབས་ཚིག་ཚོགས་དང་ལག་ལེན་སྤྲོས་པ་ཆེ་ཆུང་ཙམ་ལ་མ་ལྟོས། བསྐུར་ལུགས་མི་འདྲ་བའང་གསར་མ་རྣམས་བློ་འཛིན་བདེ་ཕྱིར། ས་ལུགས་ཀྱི་ཀྱེ་རྡོར། དགེ་ལུགས་ཀྱི་གསང་འདུས། བཀའ་བརྒྱུད་པའི་བདེ་མཆོག་ལྟ་བུས་ཁོག་ཕུབ་ནས་བླ་མེད་ཀྱི་དབང་ཐམས་ཅད་རིགས་འགྲེ་བཟོས་པས་བསྐུར་ལུགས་གཅིག་ཏུ་སོང་། རྙིང་མ་བས་རང་རང་གི་གཞུང་བཞིན་བསྐུར་བས་གནས་སྐབས་ལག་ལེན་མི་བདེ་བ་ལྟར་དུ་སོང་བ་ལགས། ཁྱད་པར་མདོ་དབང་གི་ལམ་སྟེགས་རྣམས་ནི་གོང་མར་འོག་མ་འདུ་བའི་དོན་གྱིས་སྔགས་ཀྱི་ཐབས་མཁས་ཀྱིས། ལམ་སྟེགས་ཀྱི་ཐེག་པ་དེ་དང་དེའི་སྤངས་རྟོགས་ཀྱི་ཡོན་ཏན་རིགས་འདྲ་སྐྱེ་བའི་མྱུར་ལམ་དུ་འགྱུར་བས། ཉན་རང་བྱང་སེམས་རང་གཞུང་ལ་དབང་འདོད་པ་མ་ཡིན་པས་ཐུགས་དོགས་མི་འཚལ། ཟླུམ་པོ་བཞི་དབང་འདི་ཉིདབླ་མའི་ངོ་སྤྲོད་པའི་ཐབས་མཁས་ཀྱིས་བསྐུར་ན་སྨིན་བྱེད་དུ་འགྲོ་སྟེ། དབང་བཞིའི་དོན་ཚང་ཞིང་རྒྱས་བསྡུས་ལ་མ་ལྟོས་པའི་ཕྱིར་རོ། །༧རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་འདིའི་གཞུང་ནས་ཁོ་རང་གི་དབང་དེ་ཐོབ་ན། བསྐྱེད་རྫོགས་གཉིས་ཀ་ཉམས་སུ་ལེན་རུང་བར་བཤད་པ་དང་། དེ་དུས་གསང་སྔགས་གཞན་ནི་ཡེ་མ་དར་བར་གསུངས་ན་སྨིན་བྱེད་གཞན་ནི་ཡོངས་གྲགས་ལ་ཡོང་དོན་མི་འདུག །འདོད་འཇོའི་བུམ་བཟང་དུ་སྨིན་བྱེད་གཞན་ཞིག་མ་ཐོབ་ན་མཆོག་གི་འབྲས་བུ་ལ་རིང་བའི་རྒྱུ་ཡིན་པར་གསུངས་ན་ཇི་ལྟར་ལགས། འདི་ནང་གི་བྱིན་རླབས་དང་རྗེས་གནང་རིག་གཏད་ཀྱི་ཆོ་ག་རྣམས་ལ་དགོངས་པས་དེ་ཁ་ལྟར་གོ་བ་བླང་དགོས། ༧གཏེར་གསར་ཐུགས་རྗེ་ཆེན་པོ་ནས་རྩ་ཁྲིད། གཏུམ་མོ། ཨ་ཏི་ཐམས་ཅད་མ་ཚང་ན་ལམ་དེའི་ཆ་རྐྱེན་མ་ཚང་བར་བཤད་པ་ནི་ལུགས་གཞན་ལས་ཁྱད་པར་དུ་བྱས་པའི་ཟབ་གནད་ཡིན་ནམ། གཞན་དེ་དག་རེ་རེས་ཀྱང་ལམ་ཆ་ཚང་བ་རེ་མགོ་ཐོན་པ་འདྲ། དེ་མ་ཐོན་ན་རྫོགས་ཆེན་དང་ཐུགས་ཐིག་སོགས་ལ་དེ་འདྲའི་སུམ་ཆ་ཙམ་ཡང་མི་འདུག་ན་ཇི་ལྟར་ལགས། རྩ་ཁྲིད་དང་མཆོག་དབང་གསུམ་དང་འབྲེལ་བའི་ཡན་ལག་རྣམས་ལམ་རེ་རེས་རང་རྐྱ་ཐུབ་པ་ཡིན་པས་ཐམས་ཅད་སྦྱོར་དགོས་པའི་ངེས་པ་མེད། འོན་ཀྱང་རྩ་ཁྲིད་ཀྱི་གཞུང་ཤིང་ལ་ཡན་ལག་གཞན་རྣམས་སྦྱར་བས་རྩལ་འགྲན་པ་དང་བོགས་འབྱིན་པའི་སྒོ་ནས་ཆ་རྐྱེན་གྱི་གྲོགས་སུ་འགྱུར་བ་ཡིན། ༧ཐུགས་ཐིག་ལས་བྱང་དུ། འཕྲུལ་འཁོར་ལུས་དང་རླུང་གི་གནད་དང་བསྟུན། གསུངས་པ་དེ་སྐུ་ཞབས་ནས་སྦྱང་བ་གསུམ་སྔོན་དུ་འགྲོ་བས་བུམ་པ་ཅན་དང་སྦྱར་བར་གསུངས་ན། སྦྱང་བ་གསུམ་པོ་ཁོ་རང་ལ་ཟུར་དུ་ཡོད་དམ། ཐུགས་རྗེ་ཆེན་པོའི་གཏུམ་མོ་ནས་བཤད་པ་དེ་ཇི་ལྟ་བ་བཞིན་སྦྱོར་རུང་ཟེར་བ་འདུག་པས་དེ་ཨེ་ཆོག །རླུང་གི་རྣལ་འབྱོར་སྒོམ་པའི་སྔོན་དུ་སྦྱང་བ་གསུམ་ངེས་པར་གཏོང་དགོས་པས་འདི་ཁ་རང་ལ་ཟུར་གསལ་མེད་ཀྱང་། གསང་བ་སྤྱིའི་འགྲོས་ཀྱིས་རྟོགས་དགོས་པ་ཡིན་པས་གང་རུང་སྦྱར་བས་འཐུས། ༧གཞན་ཡང་དབང་ཆོག་ཏུ་དགུ་ཕྲུགས་རླུང་གི་གནད་ལ་བསླབ་པར་གསུངས་པ་འདི་ལ་ཡང་། རླུང་གི་གདམས་པ་ཞིག་ཡོང་ཐང་པ་སྐུ་ཞབས་ནས་གཏུམ་མོ་བསྡུས་པ་ཞིག་གནང་རྒྱུ་འདུག་པ་འདི་ལས་ཟུར་དུ་ཡོད་དམ་མེད། རིག་འཛིན་ཡོངས་འདུས་ལས། སྤྲུག་པ་དགུ་དང་སྡིག་པ་དགུ། །བསྐོར་བ་དགུ་དང་འབུད་པ་དགུ། །རྔུབ་པ་དགུ་དང་དགང་གཞིལ་དགུ། །ཞེས་གསུངས་པ་ལྟར་ཏེ། དབང་ཐོབ་ནས་དབང་དོན་སྒོམ་པ་ཡིན་པས་སྒོམ་ཆོག་ནའང་ཁྲིད་ཡིག་ནས་མ་བཀྲལ་བས། ཁྲིད་འབོགས་པའི་ཕྱག་ལེན་མི་མཛད། ༧འདིའི་བསྙེན་ཡིག་ཏུ་བསྙེན་སྔགས་ལས་བྱང་ལྟར་བྱས་འདུག །གཏེར་གཞུང་རྩ་བའི་སྒྲུབ་ཐབས་སུ་ༀ་ཨཱཿཧཱུྃ་མཧཱ་གུ་རུ་ཞེས་འདུག་པར་ཁྱད་མེད་པའི་དབང་དུ་བཏང་བ་ཡིན་ནམ། ཕྱི་སྒྲུབ་རྡོ་རྗེ་སྙིང་པོར། ༀ་བཛྲ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿཞེས་ལས་བྱང་དང་འདྲ་བ་རང་ཡོད་པས་འབྲུ་གསུམ་བསྣོན་མི་དགོས། འབྲུ་གསུམ་བསྣོན་པ་ནི་ལས་ཚོགས་འདོད་རྒུའི་བང་མཛོད་དུ་ལས་བཞིའི་དུས་གསུངས་པ་ཡིན་ཅིང་། དེ་ལ་ཡང་མ་ཧཱ་དོར་བས་མ་འདྲེས་པ་དགོས། ༧དེར་མ་ཟད་ལས་བྱང་རང་དུ་ཡང་བསྙེན་སྒྲུབ་སོ་སོར་དགོས་པ་བྱས་འདུག་པ་ཇི་ལྟར་ལགས། ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་ནི་སོ་སོ་དང་ལས་བྱང་སྦྲགས་སྒྲུབ་ཡིན་པས་བསྙེན་སྒྲུབ་ཀྱི་བཟླ་བྱའི་སྔགས་སོ་སོ་འདི་ལས་ཀྱང་གསུངས་ཤིང་། ཁྱད་པར་སྒྲུབ་སྔགས་ལ་དེ་བ་ཌཱ་ཀི་ནི་བསྣོན་པའང་རྩ་གསུམ་དྲིལ་སྒྲུབ་ཡིན་པ་ལ་དགོངས། ༧ཀུན་མཁྱེན་ཆེན་པོ་ནི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་གསུངས་པ་འདི་བརྡ་རྙིང་ཡིན་གསུངས་པ་དང་། ཡང་གཞན་གྱིས་མཛུབ་མོ་གཅིག་གི་གོ་ས་ནས་ཐག་རིང་དུ་གླང་པོ་ཆེ་བརྒྱ་ཕྲག་གི་གཟུགས་ཤོང་བ་བཞིན་སྐུ་ཆུང་ཡང་ཡེ་ཤེས་ཀྱི་གཟིགས་པ་རྒྱ་ཆེ་ཞིང་འཁོར་འདས་དུས་གཅིག་ལ་གཟིགས་པའི་དོན་ཡིན་པར་འཐད་ཟེར་བ་གང་ལགས། རང་ལུགས་ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་འཚམས་པའི་བརྡ་རྙིང་དུ་བཤད་པ་འདོད། འདི་མཛུབ་མོའི་རྩེ་ན་གླང་པོ་བརྒྱའོ་ཞེས་པ་གླང་པོ་བརྒྱའི་ཕྱོགས་སུ་མཛུབ་མོས་བརྡའ་སྟོན་པའི་དོན་གྱིས་ན་ཞེས་གནས་གཞིའི་དོན་ཡིན་པ་ད་རེས་མི་འཐད། ༧ཏིང་འཛིན་རྒྱལ་པོ་ལ་སོགས་ནས་ཆུ་ཤིང་སྙིང་པོ་མེད་པར་གསུངས་པ་འདི། འགའ་ཞིག་ཤིང་ཆུ་ནང་དུ་ལུས་པ་པགས་པ་རིམ་པ་མང་པོ་འོང་བ་ཡིན་ཟེར་བ་དང་། ཁ་ཅིག་སྨྱུག་གི་མིང་ལ་ཆུ་ཤིང་ཟེར་བས་དེ་ཡིན་ཟེར། ལ་ལ་རྒྱ་གར་དུ་ཤིང་དེ་ལྟ་བུ་ཞིག་ཡོད་པ་འདྲ་ཟེར་བ་དེ་དག་གང་ལགས། དྲེའུ་མོ་སྦྲུམ་ན་ཤི་བ་དང་། ཆུ་ཤིང་ལ་འབྲས་བུ་ཆགས་ན་བསྐམས་པར་བཤད་གདའ་བས་སྨྱུག་མ་འདྲ་མོད། དེ་ལྟར་ཡིན་པའི་བཤད་ཁུངས་ཡོད་པ་མ་མཐོང་ངོ་། །༧རྩ་དབུ་མ་ལ་ཆུ་ཤིང་ཟེར་བའང་འདི་དང་འདྲའམ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ་ཞེས་པས་དབུ་མ་དྲང་ཐལ་ལེར་ཡོད་པའི་དཔེའོ། །ཡང་རང་གི་གོ་བ་ལ། སྡོམ་འབྱུང་ལས། སྙིང་གི་དབུས་སུ་སོན་པའི་རྩ། །ཆུ་ཤིང་མེ་ཏོག་བཞིན་དུ་སྟོང་། །ཞེས་གསུངས་པའི་ཕྱིར། རྩ་དབུ་མ་སྟོང་སང་ངེ་བའི་དཔེར་བཤད་པ་ལྟར་ན། ཆུ་ཤིང་སྙིང་པོ་མེད་པ་ཞེས་པའང་། ཆུ་ཤིང་གི་མེ་ཏོག་དེ་ལ་སྙིང་པོའི་ཟེའུ་འབྲུ་མེད་པར་འདབ་མའི་དཀྱིལ་འཁོར་སྟོང་པ་ཞིག་ཡོད་དམ་སྙམ། ༧འཕོ་བ་དང་གཅོད་སོགས་ལ་བྱ་མ་གསར་སྒོང་ཟེར་བ་གཅོད་གཞུང་དུ་རྒྱ་གར་དུ་བྱེའུ་དེ་ལྟ་བུ་ཡོད་པར་བཤད་པ་དང་། དེང་སང་ནི་བྱ་མོ་གསར་པའི་སྒོ་ང་ལ་ངོས་འཛིན་པ་མང་འདུག་པས་དེ་ལྟར་ཨེ་ཡིན། གསུང་རྒྱུན་ལ་འདི་ཁ་རང་ལ་ངོས་འཛིན་གྱིན་འདུག །༧འདུལ་བ་སོགས་ནས་བཤད་པའི་སྲེད་མེད་བུ་འདི་ཁ་ཅིག་གི་སྟོབས་དང་ཡང་རྩལ་ཆེ་བའི་ཚད་ཙམ་མ་གཏོགས་དེ་ལྟ་བུའི་གང་ཟག་ཟུར་དུ་ངོས་འཛིན་རྒྱུ་མེད་ཟེར་བ་དོན་ལ་ཨེ་གནས། འདིའི་ཚད་གླང་ཆེན་ཕལ་པ་བཅུའི་སྟོབས་སྤོས་ཀྱི་གླང་པོ་གཅིག་ལ། དེ་བཅུ་ཚན་པོ་ཆེ་གཅིག་ལ། དེ་བཅུ་རབ་གནོན། དེ་བཅུ་ཡན་ལག་མཆོག །དེ་བཅུ་སྟོབས་མཆོག་གཅིག་ལ། དེ་བཅུ་སྲེད་མེད་ཀྱི་བུ་གཅིག་ལ་ཡོད་པར་མཛད་པས་གཏམ་རྒྱུད་རྣམས་སུ་གང་ཟག་ཡོད་པར་བཤད། ༧ཨ་ཏིའི་ནང་དུ་ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་ལྡེར་བཟོ་ལྟ་བུ། ནང་སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ་གསུངས་པ། ལྡེར་བཟོ་དེ་དབང་པོ་ཐམས་ཅད་བཀྲ་ཧྲིག་གེ་ཡོད་ཀྱང་ནང་ན་དེ་དག་ལ་འཛིན་པའི་ཤེས་པ་མེད་པའི་དོན་ཡིན་ནམ། རྨི་ལམ་དུའང་འཛིན་པ་ཅུང་ཟད་འདུག་ན་ཉིན་མོ་ལྟར་ཤེས་པ་ཨ་འཐས་མེད་པའི་དོན་ཨེ་ཡིན། སྒོ་ལྔ་རང་ཡན་དུ་གློད་པས་ཕྱི་སྣ་ཚོགས་སུ་སྣང་ཡང་སྣང་ཙམ་ནས་དཔྱད་ར་མེད་པ་རང་གསལ་འཛིན་མེད་དུ་སྐྱོང་བ་སྟེ་ལྡེར་བཟོ་ནི་དཔེའོ། །རྨི་ལམ་གྱི་སྐྱེས་བུ་ལྟ་བུ་ཞེས་པ་རྨི་ལམ་དུ་སྐྱེས་བུའི་རྣམ་པར་སྣང་ཡང་གཉིད་ཀྱི་འཁྲུལ་སྣང་ལ་ཤར་བ་ཙམ་ལས། ཤར་དུས་ཉིད་ནས་དེར་ཡོད་མ་མྱོང་བས་སྣང་ལ་རང་བཞིན་མ་གྲུབ་པའི་དོན་ནོ། །༧སོས་ཀའི་ཉ་རྡོས་ཟེར་བ་འདི་བླ་མ་ནོར་བུ་རྒྱ་མཚོ་ནས་ཉ་རྒྱ་ཡིན་པར་བྱས་འདུག་པ་དེ་ག་ཡིན་ནམ། འཇིག་རྟེན་ཕྱི་མ་སོས་ཀའི་ཉ་རྡོས་འདྲ༔ཞེས་ད་ལྟ་འབྱུང་མ་རག་པ་ཞིག་ལ་བྱས་འདུག་ཉ་དོལ་དུ་ཚུད་པ་དེ་ཀ་ཡིན་པ་འདྲ། ༧བར་དོ་ངོ་སྤྲོད་དུ་རྩ་བརྒྱད་ཟེར་བ་འདི་ཡང་རྩ་བརྒྱད་མཆོད་རྟེན་ཟེར་བ་ཆུང་ཆུང་མང་པོ་བྲེང་ཚར་བྱས་པ་དེ་ཡིན་ནམ། རྩ་བརྒྱད་ཟེར་བ་མིང་བསྡུས་པ་སྟེ་བརྒྱ་རྩ་བརྒྱད་ཀྱི་དོན་ཡིན་པས་སྔར་ལྕགས་རི་ལ་མཆོད་རྟེན་མང་པོ་བྲེང་ཚར་དུ་བསྐོར་བ་ལ་ཟེར་བ་ཡིན་པར་སྣང་། ༧ལས་གཤིན་ལ་བྷེ་བ་སཏྭ་ཟེར་བ་བོད་སྐད་ལ་གང་ཟེར། འདི་བོད་སྐད་ལ་བཤད་པ་མ་མཐོང་ཡང་། བྷེ་ནི་བྷེ་ད་སྟེ་དབྱེ་བ། བ་ནི་བྷནྡྷ་སྟེ་འཆིང་བ། སཏྭ་སེམས་ཅན་ཏེ་སེམས་ཅན་རྣམས་འཆི་བདག་གི་ཞགས་པས་བཅིངས་ནས་ལུས་སེམས་དབྱེ་བས་སྲིད་པ་ཕྱི་མར་འཕེན་པའི་བདག་པོ་ལ་ཟེར་བ་འདྲ། ༧ཡང་ཁ་ཅིག་དབང་བཞི་རྒྱུན་མ་ཉམས་པར་སྔར་ཁྲིད་ཆེ་བ་ཞིག་ཐོབ་ན་དེའི་གདམས་པ་ཐམས་ཅད་ཉམས་སུ་ལེན་རུང་རྟོགས་པ་རྒྱུད་ལ་ཇི་བཞིན་མ་སྐྱེས་པ་མིན་པ། དེ་དུས་ཆ་ཚང་བར་ཚར་གཅིག་སྒོམ་པ་ཡིན་པས་སྔར་བླ་མ་དག་གིས་དབང་བཞི་ལ་བརྟེན་ནས་དེའི་ཁྲིད་ཡིག་ཀྱང་མཛད་པ་ཡོད་པས། རང་གིས་ཉམས་སུ་ལེན་ཤེས་ན་མི་རུང་བ་མེད་ཟེར་བ་དོན་ལ་གནས་སམ། གསང་སྔགས་ཀྱི་བསྐྱེད་རྫོགས་ཀྱི་ལམ་རྣམས་དབང་དོན་སྒོམ་པ་ཡིན་པས་དབང་ཐོབ་ནས་དེ་ལྟར་སྒོམ་པ་མི་འགལ་བར་རིག་པས་ཐོབ་མོད། འོན་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་དོགས་ཕྱོགས་ལ་གཟུ་ལུམ་ཅན་རྣམས་ཀྱིས་རང་དགར་ཞུགས་པས་གདམས་ངག་གི་ཟུར་ཉམས་པ་དང་། ལོག་པར་འགྲེལ་བ་སོགས་བྱུང་དོགས་ནས་དེ་འདྲའི་ཕྱག་བཞེས་མི་མཛད་པར་ཁྲིད་རྒྱུན་ཟུར་དུ་རང་འཚོལ་བར་མཛད་པས་ལག་ལེན་ལེགས་པ་ཡིན་ནོ། །༧རྣལ་འབྱོར་རྒྱུད་ཀྱི་ཀུན་རིག་ལྟ་བུ་ཞིག་གི་དབང་ཐོབ་ན། དེ་མན་རྒྱུད་སྡེ་འོག་མ་དག་གི་སྨིན་བྱེད་དུ་ཨེ་འགྱུར། ཀུན་རིག་གི་དབང་ལྟ་བུས་རྒྱུད་སྨིན་པས། དེ་དང་རིགས་འདྲའི་རྒྱུད་སྡེའི་ཉམས་ལེན་བྱར་རུང་ཡང་། སྒོས་ཀྱི་བཀའ་ཐོབ་ན་བྱིན་རླབས་མྱུར་ཞིང་། བཀའ་དེའང་མི་ཆད་པའི་དགོས་པ་སོགས་ཀྱིས་ད་ལྟ་ཕྱག་ལེན་ལ་རྒྱུད་སྡེ་གང་ཡིན་དེ་རང་གི་སྒོས་དབང་རེ་ངེས་པར་ནོད་དགོས་པར་བཞེད་དོ། །༧ཨར་ཙིག་ནི་རྩིག་འདི་ལ་ཁ་ཅིག་བོད་སྐད་དུ་ཁྲོས་པ་ཆེར་ཁྲོས་པ་ཡིན་ཟེར་བ་དང་། ལ་ལ་བོད་སྐད་དུ་འགྱུར་རྒྱུ་མེད་ཟེར་བ་གང་ལགས། འདི་ལེགས་སྦྱར་གྱི་སྐད་རང་ཡིན་པའི་ངེས་པ་མི་འདུག་ཀྱང་། བླ་མ་གོང་མའི་གསུང་རྒྱུན་ལ་གཟིར་ཅིག་ངེས་པར་གཟིར་ཅིག་ཡིན་གསུངས། ༧ཐོད་རྒལ་སྒོམ་དུས་ཐིག་ལེ་འཆར་ཚུལ་གྱི་གཡས་གཡོན་དུ་ཁྲིད་ནས་ལྟ་བར་གསུངས་པ་རང་ལ་ལྟོས་པའི་གཡས་གཡོན་ཨེ་ཡིན། སྟོང་གཟུགས་ཀྱི་ཐིག་ལེ་དེ་ཉིད་ལས་སྣང་དང་བསྲེ་ཞིང་གང་འདོད་དུ་འཛིན་འདོད་པས། མིག་གནད་ཟུར་བལྟ་ཟུར་ཁྲིད་བྱེད་པར་གསུངས་པ། ལྟ་བ་པོ་ཉིད་རང་ལ་ལྟོས་པའི་གཡས་གཡོན་དུ་ཁྲིད་པ་རང་གིས་ལོས་ཡོང་། ལར་གཡས་གཡོན་ཐ་སྙད་ཙམ་སྟེ་ཕྱོགས་གང་དུ་ཁྲིད་ཀྱང་འདྲ་ཞིང་། སྟེང་ནས་ཐུར་དང་། ཐུར་ནས་གྱེན་དུ་འཁྲིད་པ་སོགས་ཀྱང་འགྲེ། ༧རྩིབས་ཤར་གྱེན་འགྲེང་ཟེར་བའི་རྩིབས་ཤར་དེ་རི་མོ་འཕྲེད་ལ་ཤར་བ་དང་། གྱེན་འགྲེང་དེ་མདུང་སློང་བ་ལྟར་གྱེན་ལངས་སུ་ཤར་བ་ལ་ཟེར་རམ། སྟོང་གཟུགས་ཀྱི་རྣམ་པ་འཁོར་ལོའི་རྩིབས་ཀྱི་རྣམ་པ་དང་། གྱེན་འགྲེེང་གི་རྣམ་པར་འོང་བ་སོགས་སྤྱིར་བཏང་ཙམ་སྟེ། དེའི་ནང་ཚན་རེ་རེའང་དབྱིབས་ཀྱི་ཁྱད་པར་མཐའ་གཅིག་ཏུ་ངེས་པ་འཆའ་ཐུབ་པ་རང་དཀའ། ༧ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཟེར་བའི་གྲུལ་བུམ་དེ་གང་ལགས། གང་སྨྲས་ཡིད་དུ་འོང་བའི་དཔེ་སྟེ་མིའམ་ཅི་དང་གྲུལ་བུམ་སོགས་ཡོངས་གྲགས་དེ་ཀ༧མཁའ་འགྲོ་ཡང་ཏིག་ཏུ་འཕོ་བ་དང་གསང་ལམ་ངོ་སྤྲོད་སོགས་སུ་ཡིག་འབྲུའི་ཚུལ་དུ་རིག་པ་མིག་ནས་འཕོས་པར་གཡས་གཡོན་གསལ་ཁ་མི་འདུག་ཀྱང་། སྙིང་ཐིག་གཞན་ནས་མིག་གཡོན་ནས་འཕོ་བར་བཤད་པས་དེ་ལྟར་ཡིན་ནམ། འཕོ་བའི་སྒོ་རྒྱུད་སྡེ་ཐམས་ཅད་ལས་གཡས་ལས་གཡོན་ནས་འཕོ་བ་འཕགས་པར་གསུངས་པ་དང་འབྱོར་བས་འདི་ག་འཐད། ༧དེའི་བླ་མའི་ཐུགས་སྒྲུབ་ཏུ་ཉིན་མོ་སྤྱི་བོར་ཨོ་རྒྱན་ཟ་ཧོར་མ་དང་། མཚན་མོ་སྙིང་གར་ཧེ་རུ་ཀ་ཡབ་ཡུམ་བསྒོམ་པར་གསུངས་པ་དེ་ཆ་ལུགས་ཇི་ལྟར། གཞུང་རང་དུ་མངོན་རྟོགས་དམིགས་བསལ་མེད་ན་བླ་མ་རལ་པའི་ཐོར་ཚུགས་དང་རུས་པའི་ཕྱག་རྒྱས་བརྒྱན་པ། ཡུམ་རྣལ་འབྱོར་མ་དང་འཁྲིལ་བ་བསྒོམ་པ་ལས་འོས་མེད་ཀྱི་རིགས་པས་གྲུབ། ༧བླ་མ་ཡང་ཐིག་གི་འཕོ་བ་དེ་རིག་པ་མར་ཕབ་རྒྱུ་མི་འདུག་པ་ནས་འཕོ་བ་གཞན་ལྟར་གནོད་དམ་མི་གནོད། དབྱིངས་རིག་བསྲེ་བའི་ལྟ་ཐོག་ནས་འཕོ་བ་རྣམས་ལ་སླར་འབེབས་པ་སོགས་མ་བཤད་པ་མང་། ༧ཨ་ཏིའི་ཐོད་རྒལ་འདུག་སྟངས་ལ་ལག་པས་ལྟག་རྩ་འཐེན་པར་གསུངས་པ་དེ་གང་ཡིན། ལྟག་རྩ་སོར་མོས་མནན་ཏེ་གྲུ་མོ་བརྒྱང་པ། ༧ཡིད་བཟླས་དང་འགོག་བཟླས་སོ་སོར་བཤད་པ་རླུང་དང་སྦྱར་བ་ལ་ཡིད་བཟླས་དང་། རླུང་བུམ་ཅན་དང་སྦྱར་བ་ལ་འགོག་བཟླས་ཟེར་བ་ཡིན་ནམ། སྤྱི་ལྡོག་ནས་དེ་ལྟར་ཁས་བླངས་པས་ཆོག །ཡིད་བཟླས་ལའང་རགས་པ་ཡི་གེའི་སྒྲ་གདངས་ལ་སེམས་གཏོད་པ་དང་། ཕྲ་བ་ཤངས་ལུགས་རྒྱུད་སྡེ་བཞིའི་ཏིང་འཛིན་གྱི་བཟླས་པ་ལྟ་བུ་ཡིག་གཟུགས་ལ་གཏད་དེ་སྒོམ་པའང་སྣང་། འགོག་བཟླས་རླུང་བུམ་ཅན་ནམ་རྒྱ་ཡན་ལ་འཇོག་པ་སོགས་རྣམ་གྲངས་མང་ངོ་། །༧བདག་མདུན་དབྱེར་མེད་བྱེད་པ་འདི་ལ་འཛབ་ཁང་མི་དབྱེ་ན་ཆོ་ག་ཚར་གཅིག་དེས་བདག་མདུན་གྱི་ཐ་སྙད་སོ་སོར་མི་འཛིན་ནས། དོན་ལ་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་མོས་པ་ལ་བུམ་སྒྲུབ་ཀྱི་བཟླས་པ་ཟུར་དུ་བྱེད་པ་ཙམ་མ་གཏོགས་དཀྱིལ་འཁོར་གཉིས་མེད་པ་ལ་བཟླས་པ་ཡང་གཉིས་དགོས་དོན་མ་བྱུང་། འཛབ་ཁང་དབྱེ་ན་བཟླས་པའི་སྐབས་མདུན་རྟེན་གསལ་བཏབ་ལ་བཟླས་པ་བྱེད་པ་འདི་ཡིན་ནམ། དབྱེར་མེད་ལའང་ཐོག་མ་ནས་སྒོམ་པ་དང་། ཐོག་མར་སོ་སོར་བསྒོམས་ནས་བསྲེ་བ་གཉིས་བཤད་པས་འདིར་གྱེར་ཚིག་གཅིག་གིས་སོ་སོར་མི་སྒོམ་པར་མཚན་མའི་དཀྱིལ་འཁོར་དང་རང་དབྱེར་མེད་དཀྱིལ་འཁོར་དུ་སྒོམ་པ་དེ་རང་ཡིན། བདག་མདུན་དབྱེར་མེད་ཀྱི་ཚེ་བཟླས་པ་སོ་སོར་མི་དགོས། བདག་མདུན་དབྱེར་མེད་ལ་བུམ་བཟླས་བྱེད་དུས་བུམ་སྒྲུབ་ཟུར་པ་བྱེད་ན་སྨོས་མ་དགོས། མི་བྱེད་ན་བུམ་པའི་དཀྱིལ་འཁོར་ཕྱེ་ནས་བཟླ། ཛཔ྄་ཁང་ཕྱེ་བའི་ལུགས་ལ་ཐོག་མར་བདག་དང་མཚན་མའི་རྟེན་གྱིས་མཚོན། སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་སྒོམ་ཞིང་ཡེ་ཤེས་པ་སྤྱན་དྲངས་ནས་གཉིས་མེད་དུ་བྱས་པ་དེ། བཟླས་པའི་དུས་མདུན་བསྐྱེད་ཡེ་ཤེས་པའི་ངོ་བོར་རྟེན་བརྟེན་པར་བཅས་པ་མདུན་དུ་ཕྱེ་སྟེ། བདག་དམ་ཚིག་པ། མདུན་བསྐྱེད་ཡེ་ཤེས་པ། བར་འོད་ཟེར་གྱི་འཕྲོ་འདུ་གསལ་བ་སྟེ་གསལ་བ་གསུམ་གྱི་སྒོ་ནས་བྱེད་པ་ཡིན་ནོ། །༧ཁ་ཅིག་ཆོ་ག་ཚར་གཅིག་ལས་མ་དགོས་ཀྱང་དམིགས་ཡུལ་དུ་བདག་མདུན་གཉིས་ཀ་མེ་ལོང་དང་གཟུགས་བརྙན་གྱི་དཔེ་བཞིན་སོ་སོར་ཐོག་མ་ནས་བསྒོམ་དགོས། དེ་བཞིན་བཟླས་པ་ཡང་སོ་སོར་དགོས་ཟེར་བ་ཇི་ལྟར་ལགས། བདག་མདུན་ཐ་དད་དུ་བསྒྲུབ་པ་ལ་སྤྱིར་ཐོག་མར་བདག་བསྐྱེད་བསྒོམས་ནས་མདུན་བསྐྱེད་སླར་བསྒོམ་པ་དང་། སྔར་བཤད་ལྟར་བཟླས་དུས་ཛཔ྄་ཁང་ཕྱེ་ནས་དང་། ཐོག་མ་ནས་གྱེར་ཚིག་གཅིག་གི་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་སྒོམ་པ་གསུམ་ག་བཤད་པས་གང་ལྟར་ཡང་མི་འགལ། ༧ཌཱ་མ་རུ་ལ་མཐིང་རིལ་གྱི་རྐང་རུས་ཀྱིས་བརྡུང་བར་གསུངས་པ་དེ་གང་གི་རུས་པ་ཡིན། སྤྱོད་འཇུག་ལས། མཐིང་རིལ་ངུར་པ་དག་དང་ངང་པ་དག །ཅེས་པས་ཆུ་བྱ་ཞིག་ཡིན་པར་མངོན། ༧རྒྱུད་སྡེ་དང་སྒྲུབ་སྡེ་གསུངས་པ་ཏནྟྲ་བཅོ་བརྒྱད་སོགས་རྒྱུད་སྡེ། བཀའ་བརྒྱད་ཀྱི་རྒྱུད་སོགས་སྒྲུབ་སྡེར་བཤད་ན་སྟོན་པས་གསུང་དུས་ན་རྒྱུད་མི་འདྲ་བ་འདི་ལ་ཁྱད་པར་གང་ཡོད། རྒྱུད་སྡེ་ནི། མ་ཧཱ་ཨ་ནུ་ཨ་ཏིའི་རྒྱུད་རྣམས་ཏེ་སྟོན་པས་གསུངས་པ་ཕྱག་རྡོར་གྱིས་བསྡུས་ནས། མ་ཧཱ་ཨ་ནུ་གཉིས་རིགས་ཅན་ལྔ་དང་རྒྱལ་པོ་ཛཿལ་ལག་ན་རྡོ་རྗེས་བསྟན། ཨ་ཏི་རྣམས་དགའ་རབ་རྡོ་རྗེ་ལ་བབས། སྒྲུབ་སྡེ་སྤྱི་བྱེ་བྲག་གི་རྒྱུད་རྣམས་སྟོན་པས་གསུངས་པ་རྡོ་རྗེ་ཆོས་ཀྱིས་བསྡུས་ནས། ཌཱ་ཀི་ལས་ཀྱི་དབང་མོ་ཆེར་གཏད། དེས་གཏེར་དུ་སྦས་པའི་བྱེ་བྲག་གི་རྒྱུད་རྣམས་རིག་འཛིན་བརྒྱད་པོ་དང་སྤྱི་རྒྱུད་རྣམས་ཨོཌྱཱན་ལ་བཀའ་བབས། ༧ཐུགས་རྗེ་ཆེན་པོའི་རྣམ་ངེས་སུ་ཁྱད་པར་གྱི་སྤོས་ཡི་དྭགས་ཀྱི་མེར་བསྲེག་གསུང་བ་དེ་གང་ལགས། རོ་སོལ་གྱི་མེའོ། །༧ཚོགས་རྫས་སོགས་ལ་ཟླ་ཕྲོམ། ཟླ་རྒྱས། ཟླ་ཚེ། འཇམ་དེས། སྤང་ན་སྐྱེས་ཟེར་བའི་བརྡའ་རྙིང་འདི་དག་གང་ལགས། ཟླ་ཕྲོམ་ཧཱུྃ་མཛད་ཀྱིས་ཕྲུམ་ལ་བཤད་ཅིང་བླ་མ་ཕལ་ཆེར་ཐུད་ལ་བཞེད། ཟླ་རྒྱས་རྔམ་གློག་ལས་ཁུར་བའམ་ཞོ། ཚེ་ནི་ཟན། འཇམ་དེས་མར། ཕྱི་མ་མ་ངེས་སོ། །༧གདན་གསུམ་ཚང་བའི་ལྷ་ཚོགས་འདི་ལ། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་འདི་དག་རང་གི་ཕུང་ཁམས་སྐྱེ་མཆེད་རྣམས་ལ་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་པས་ན་གདན་གྱི་ཐ་སྙད་ཡིན་ཟེར་བ་དེ་ལྟར་ལགས་སམ། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་ལ་གདན་གསུམ་ཟེར་བ་གཉུག་མའི་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་བཞུགས་པས་རང་བཞིན་གཉིས་སུ་མེད་པ་ཡིན་གྱི། གཟུགས་ཕུང་ལ་རྣམ་སྣང་གནས་པ་ལྟ་བུའི་རྟེན་བརྟེན་པ་མི་འདོད་དེ། མ་དག་པའི་གཟུགས་ནི་རྟེན་འབྲེལ་གྱི་འཆར་སྒོ་མ་འགགས་པ་ཙམ་ལས་བདེན་པར་མ་གྲུབ་ལ། གཉུག་མའི་ལུས་རྣམ་སྣང་དུ་བཞུགས་པ་ནི་གཤིས་ལུགས་ཡིན་པས་བདེན་པའོ། །དེས་ན་དེ་གསུམ་ལ་གདན་གསུམ་གྱི་ཐ་སྙད་འདོགས་པ་ནི་འཇིག་རྟེན་པའི་ཁ་སྐད་དུ་དཔོན་སློབ་ཐམས་ཅད་གདན་འཛོམས་པ་ཞེས་པ་དང་འདྲའོ། །༧འབྱུང་བ་རིམ་བརྩེགས་སྒོམ་དུས་རླུང་གཞུའི་དབྱིབས་ཅན་འདི་ལ་ཁ་ཅིག་གཞུ་བསྣོལ་མ་རྒྱ་གྲམ་གྱི་ཚུལ་དུ་གཞུ་རྒྱུད་གྱེན་ལ་བསྟན་པའི་མཆོག་མ་བཞི་ལ་བ་དན་གྱིས་མཚན་པ་ཡིན་ཟེར་བ་དང་། ལ་ལ་ནི་གཞུ་བཀུག་པའི་རྣམ་པ་ཉལ་ཐབས་སུ་གནས་པ་ཡིན་རྒྱ་གྲམ་མིན་ཟེར་བ་དེ་གཉིས་གང་ཡིན། གཞུ་བདུང་བ་གཉིས་བསྣོལ་བས་སྟེང་འོག་ནས་བལྟས་ན་རླུང་རྡོ་རྗེ་རྒྱ་གྲམ་དང་ཕྱོགས་བཞི་གང་ནས་བལྟས་ཀྱང་གཞུའི་དབྱིབས་སུ་བཞེད། ༧དམིགས་པ་འགའ་ཞིག་ལུས་ནང་དུའང་རླུང་གཞུའི་དབྱིབས་ཅན་སྒོམ་ཟེར་བ་དེ་ཡང་དེ་ལྟར་ཡིན་ནམ། འདི་བཤང་སྒོའི་རླུང་གི་དབྱིབས་སྤྱི་པ་རྣམས་གཞུ་བདུང་བ་གྱེན་བསྟན་ལྟ་བུར་བཞེད། ཤངས་ལུགས་ཀྱི་ཆོས་དྲུག་ཏུ་རླུང་ཟླ་གམ་གྱིས་བཅད་ཁ་མདུན་བསྟན་དུ་བཞེད་པ་མི་འདྲ་བས་སོ་སོའི་ལུགས་མ་འདྲེས་པར་བྱ་དགོས། ༧མེའི་དཀྱིལ་འཁོར་གྲུ་གསུམ་ཟེར་བ་ངོར་པ་སོགས་ནི་དམར་གཏོར་རྩེ་ཐུར་བསྟན་ལྟ་བུ་ཡིན་ཟེར་བ་དེ་ལྟར་ཡིན་ནམ། ནམ་མཁའི་ཆོས་འབྱུང་དང་མེའི་ཆོས་འབྱུང་གཉིས་ཀ་འདྲ་སྟེ། སྤྱིར་ཟུར་བཞི་ཡིན་ཡང་རྩེ་མོ་ཕྲ་བ་ཐུར་དང་གདེངས་ཀ་རྒྱས་པ་གྱེན་དུ་བསྟན་པས་གང་ནས་བལྟས་ཀྱང་དབྱིབས་ཟུར་གསུམ་པའོ། །༧གུར་དྲག་སོགས་ལ་དཀྱིལ་འཁོར་དྲག་པོའི་སྤྱི་འགྲོ་རྩིག་པ་སོགས་ཀྱང་མི་མགོ་སྐམ་རློན་ལ་བྱས་པ་དང་ནང་ཡང་ཁྲག་མཚོ་སོགས་དགོས་པ་འདྲ་ཡང་དེང་སང་རི་མོ་ལ་ཞི་བ་དང་འདྲ་བར་འདུག་ཀྱང་སྒོམ་དོན་ལ་དེ་ལྟར་ཨེ་དགོས། འདི་ལ་སྤྱིར་དུར་ཁྲོད་ཀྱི་རྫས་ཀྱི་དཀྱིལ་འཁོར་དགོས་ཀྱང་སྤྱི་ལྡོག་ནས་ཁ་སྐད་དུ་དྲག་པོ་ལ་ཞི་རྒྱན་མ་བཀག་ཟེར་བ་ལྟར་མི་མགོ་ལ་སོགས་པའི་རྩིག་པས་མཚོན་བྱེད་དུ་བྱས་ནས། མཚོན་བྱ་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་བརྡར་རིན་པོ་ཆེའི་རྣམ་པའང་སྐྱོན་མེད་དེ་མཚོན་བྱ་མཚོན་བྱེད་མི་འགལ་བའི་ཕྱིར་རོ། །༧གུར་དྲུག་གི་རྒྱུའི་རྡོ་རྗེ་རྩེ་དགུ་དེ་ཕྱག་མཚན་དང་བསྟུན་ན་སེར་པོ་དང་། སྐུ་མདོག་དང་བསྟུན་ན་དམར་པོ་དགོས་མདོག་ཁ་བས་གང་འཐད། རྗེའི་བསྙེན་ཡིག་ན་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་འཛིན་སེམས་དཔའི་རྡོ་རྗེ་སྔོན་པོ་གསུངས་པ་ལྟར་དེ་དུས་དེ་ལྟར་བྱ་དགོས་ཏེ་ཆོས་ཉིད་འགྱུར་བ་མེད་པའི་བརྡར་དབྱིབས་རྡོ་རྗེ་དང་ཁ་དོག་སྔོན་པོར་བྱས་པ་ཡིན་ལ། ཆོ་ག་གསུམ་བསྐྱེད་ཀྱི་རྡོ་རྗེ་ཕྱག་མཚན་ལྟར་བྱས་ཀྱང་མི་འགལ། ༧དགེ་ལུགས་དབུ་མ་སྒོམ་ཚུལ་འདི་ནི་དབུ་མ་སྤྱི་དང་མི་འདྲ་བར་འདུག །དབུ་མ་ཡོངས་གྲགས་དང་ཕྱག་ཆེན་གཉིས་ཀྱང་མི་འདྲ་བ་དང་། དགེ་ལུགས་ལ་ལྷག་མཐོང་ཐོས་བསམ་གྱི་དཔྱད་སྒོམ་ལ་གཙོ་བོར་མཛད་པ་དང་། སྔར་གྱི་ས་རྔོག་བཙན་ལུགས་སོགས་ཀྱི་བཞེད་པ་ལྟར་བོད་འདིར་དབུ་མ་པ་གཞན་རྣམས་ཐོག་མར་དཔྱད་པས་ལྟ་བའི་བག་ཆགས་བཞག་ནས། སྒོམ་དུས་འཇོག་སྒོམ་ལ་གཙོ་བོར་མཛད་པ་འདུག །ཕྱག་ཆེན་ལའང་སྔགས་ལུགས་དབང་བཞི་པའི་མན་ངག་གི་དབང་དུ་བཏང་ན། བླ་མ་དང་ལྷའི་བྱིན་རླབས་དང་བྱེད་བཅིངས་ཀྱི་གནད་སོགས་ཀྱིས་ཡེ་ཤེས་འབེབས་པས་མདོའི་དབུ་ལམ་དང་མི་འདྲ་ཡང་། དབང་སོགས་ལ་མ་ལྟོས་པའི་དེང་སང་གནས་ལུགས་ཕྱག་ཆེན་དུ་གྲགས་པ་ལྟར་ན་རྒྱུད་བླའི་མན་ངག་ཡིན་པར་འདོད་པས་དབུ་མ་དང་འདྲ་དགོས་པར་མངོན། ༧ཕྱག་རྫོགས་གཉིས་བླ་མ་ལ་ལས་ཁྱད་ཡོད། ལ་ལས་ཁྱད་མེད་གསུངས་ཤིང་སྐུ་ཞབས་ནས་སྣང་ཐོག་ཏུ་བཞག་པ་དང་། རིག་ཐོག་ཏུ་བཞག་པའི་ཁྱད་ཡོད་གསུང་ཞིང་ཞི་བྱེད་གཅོད་སོགས་དང་ཡང་ཁྱད་དེ་ཙམ་ཡོད་མི་ཤེས་པར་འདུག །ཕྱག་ཆེན་པ་ལྟ་བས་ཡུལ་ལ་ཕར་རྒྱས་བཏབ་ནས་ཡུལ་གསལ་སྟོང་དུ་གཏན་ལ་འབེབས། རྫོགས་ཆེན་པས་ཆོས་ཐམས་ཅད་སེམས་ཀྱི་རོལ་པར་བསྡུས་ནས་ཡུལ་རིག་སྟོང་དུ་གཏན་ལ་འབེབས་པ་ཡིན། ༧སེམས་ཀློང་མན་ངག་གསུམ་ལ་ཀ་དག་སྐྱོང་ཚུལ་ཁྱད་ཡོད་དམ་མེད། རྫོགས་ཆེན་སྡེ་གསུམ་ཀ་ཡུལ་སྣང་བ་དང་བཅས་པ་ཡུལ་ཅན་རིག་པའི་ཀློང་དུ་རྫོགས་པར་འདྲ་ཡང་སེམས་སྡེས་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་དུ་འདོད། ཀློང་སྡེས་སེམས་ཉིད་རྩལ་སྣང་དང་བཅས་པ་ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས་འགྲོ་ས་གཞན་མེད་པས་ཡེ་གྲོལ་རང་དག་ཏུ་འདོད། མན་ངག་སྡེས་ཡེ་ནས་བདག་མེད་བློ་འདས་རང་བྱུང་གི་ཡེ་ཤེས་རྩོལ་བྲལ་དུ་འདོད་པས། མདོར་ན་བསྐྱེད་རྫོགས་གསུམ་གྱིས་དབང་བཞི་པའི་ཡེ་ཤེས་ལུས་རྫོགས་པར་སྟོན་པ་ལ་སྡེ་གསུམ་རིམ་གྱིས་བྱུང་ངོ་། །བསྐྱང་ཚུལ་ཡང་རིམ་པར་རང་བྱུང་གི་ཡེ་ཤེས་ཇི་ལྟར་གཏན་ལ་ཕབ་པའི་ངང་ལ་བསལ་གཞག་དང་། བྱ་རྩོལ་དང་། སྤང་བླང་དང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་སྐྱེལ་བ་ཡིན་ནོ། །༧གྲི་གུག་ལ་རྩེ་ཧ་ཅང་མ་གུག་པ་ཡུམ་གྱི་ཕྱག་མཚན་དང་། ལྕགས་ཀྱུའི་རྩེ་ལྟར་གུག་པ་དེ་ཡབ་ཀྱི་ཡིན་ཟེར་བ་དེ་ལྟར་ཨེ་ཡིན། གྲི་གུག་ལ་ཡབ་ཡུམ་གྱི་ཁྱད་པར་བྲིས་རྙིང་ལ་ཡོང་བར་འདུག་ཀྱང་བཤད་ཁུངས་མ་མཐོང་། ༧ཐུགས་ཐིག་ཁྲིད་ཡིག་ཏུ་དུ་བ་ལ་སོགས་ཤེས་ཉམས་དང་སྣང་ཉམས་མང་པོ་འཆར་བར་གསུངས་འདུག་པ་དེ་མཚན་བཅས་བསྐྱེད་རྫོགས་རྣམས་ལ་ལམ་རྟགས་སུ། དུ་བ་དང་སྨིག་རྒྱུ་ན་བུན་སྲིན་བུ་མེ་ཁྱེར་མར་མེ་ལྟ་བུ། སྐར་མ་དང་ཉི་ཟླ་ཤར་བ་ལྟ་བུ། མེ་འབར་བ་སྤྲིན་དང་འཇའ་འོད་ཕྱག་མཚན། ཅི་ཡང་མེད་པའི་སྟོང་ཉམས། ལྷ་འདྲེ་མ་རུངས་པའི་གཟུགས་དང་ཆོ་འཕྲུལ། རོ་དང་ཀེང་རུས་སོགས་མ་དག་པ་རིགས་དྲུག་གི་སྣང་བ་དང་། དག་པ་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས། སྤྲིན་མེད་པའི་ནམ་མཁའ་གཡའ་དག་པ་ལྟ་བུ་དང་། ཡི་དམ་མང་པོའི་ཞལ་མཐོང་བ་དང་། མཁའ་འགྲོས་ལུང་སྟོན་པ་དང་། སྡེ་བརྒྱད་ཀྱིས་སྲོག་སྙིང་འབུལ་བ་སོགས་མདོར་ན་འཇིག་རྟེན་འདི་ན་ཇི་སྲིད་པ་ཐམས་ཅད་རྣལ་འབྱོར་པའི་དངོས་ཉམས་ཐམས་ཅད་ལ་འབྱོར་བར་གསུངས་པ་དེ་ཁྲེགས་ཆོད་ལྟ་བུ་སེམས་ཀྱི་གནས་ལུགས་གཅིག་པུ་སྐྱོང་བ་ལ་ཡང་རྟགས་མཚན་དེ་དག་འཆར་བ་ལ་ཆོས་ཨེ་མཚུངས། ཁ་ཅིག་སེམས་ངོ་སྐྱོང་བར་རྫོགས་རིམ་གྱི་རྟགས་རྣམས་འཆར་མི་ཐུབ་ཟེར་བས་ཇི་ལྟར་ལགས། དུ་བ་མེ་ཁྱེར་ལ་སོགས་པའི་སྟོང་གཟུགས་འཆར་བར་མཚན་བཅས་ཀྱི་ལམ་དགོས་པར་འདོད་པ་དེང་སང་སྒོམ་མ་མྱོང་བ་རྣམས་ཀྱིས་ཚོད་དཔག་ཡིན། འདི་དག་ནང་དུ་འབྱུང་ལྔའི་རླུང་ཐིམ་པའི་རྟགས་ཡིན་པས་ད་དུང་མཚན་མེད་རྣམ་པར་མི་རྟོག་པའི་རྫོགས་རིམ་ལ་འཆར་བ་ཤིན་ཏུ་གསལ་ཏེ། དཔེར་ན་དུས་འཁོར་བའི་སོར་སྡུད་ཀྱི་རྣལ་འབྱོར་བཞིན་ནོ། །དེ་བཞིན་དུ་རྫོགས་ཆེན་པའི་ཐོད་རྒལ་གྱི་ལམ་ཡང་མཚན་བཅས་ཀྱི་རྫོགས་རིམ་དུ་ཇི་ལྟར་འགྲུབ་སྟེ། དེ་ནི་མཚན་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་རྟོག་པའི་སྤྲིན་འོད་གསལ་གྱི་མཁའ་ལ་དེངས་པའི་ལག་རྗེས་ལས་སྣང་བའི་ཕྱིར་རོ། །དེས་ན་སྟོང་ཉིད་ཀྱང་བེམ་སྟོང་དང་ཆད་སྟོང་དུ་འདོད་པ་མ་ཡིན་ཏེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཞོན་ནུ་མའི་པྲ་སེ་ན་ལྟར་སྣང་བ་ཡིན་ནོ། །༧རཏྣའི་རྟ་ནག་གི་བསྙེན་པ་བྱས་ན་འགའ་ཞིག་གིས་ཞིག་གླིང་རྟ་ནག་གི་བསྙེན་པའི་སྐབས་གསུངས་པ་ལྟར། སྐུ་རྟེན་དང་གཏོར་མ་ཙམ་ལ་བརྟེན་ནས་རྩ་སྔགས་འབུམ་ཕྲག་གསུམ་ལ་སོགས་ཐེམ་པར་བྱེད། དེ་ནས་སྒྲུབ་གཞུང་དུ་བཤད་པ་ལྟར་རས་བྲིས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་བྱེད་ཅིང་མཐའ་ལས་སྔགས་སྤུ་གྲི་རིང་མོ་བཟླ་བ་ནི་ལས་སྦྱོར་གྱི་ཚུལ་ཡིན། ནཱ་ག་རཀྴ་ཟེར་བའི་ལས་སྔགས་ཐུང་བ་འདི་ཀླུ་ནད་སོགས་དམིགས་བསལ་ཡོད་ན་མ་གཏོགས་མི་དགོས་ཟེར་བ་འདུག་པ་དེ་ལྟར་བྱས་ཆོག་གམ་མི་ཆོག་ལགས། བསྙེན་རྐྱང་ཙམ་ལ་དེ་ལྟར་རུང་། བསྙེན་པ་སོང་རྗེས་སྒྲུབ་པ་བྱེད་ན་ལས་གཞུང་བཞིན་བཅས་གཤོམ་སོགས་བྱ། ལས་སྔགས་ཁ་བསྒྱུར་རྣམས་ཕྲིན་ལས་གང་བྱེད་ཀྱི་རིགས་པའི་མདའ་དང་བསྟུན་དགོས་པ་གསང་བ་སྤྱིའི་ལུགས་ཏེ། སོ་སོའི་ཡི་གེར་སྤྱིར་བཏང་གི་ལག་ལེན་རྣམས་རིགས་འགྲེ་ཤེས་པའི་དབང་དུ་མཛད་པ་མང་བས་སོ། །༧གཏེར་གཞུང་དུ་དང་པོ་ནས་སྒྲུབ་པའི་ཆས་བཤམས་པ་ལས་བསྙེན་པ་ཟུར་དུ་མི་འདུག་པས་དེ་དག་ཇི་ལྟར་བྱེད་པ་སོགས་འདི་ལ་ལན་ཞིག་གནང་བ་མཁྱེན་མཁྱེན་ལགས། དཔེར་ན་གཏེར་གསར་གཤིན་རྗེ་གཤེད་ཀྱི་ལས་བྱང་དུ་ཐོག་མ་ནས་སྒྲུབ་རྫས་ཀྱི་བཤམ་བྱུང་ཡང་བསྙེན་རྐྱང་ཙམ་ལ་མི་མཛད་པ་དང་འདྲའོ། །


previousལེགས་བཤད་ཉི་མའི་སྙིང་པོ་ལས། དྲི་བ་སྣ་ཚོགས་ཀྱི་ལན་ཕྱོགས་བསྡོམས་བཞུགས།next