Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
 
  
  
  
ཆབ་མདོ་དྲུང་ཡིག་ངག་དབང་ཚེ་རིང་གི་དྲི་ལན་སྔ་ཕྱི་ཕྱོགས་བསྡོམས་བཞུགས།
  


5 occurrences of ཁྲོལ་བུ་
[Clear Hits]

 
previousཆབ་མདོ་དྲུང་ཡིག་ངག་དབང་ཚེ་རིང་གི་དྲི་ལན་སྔ་ཕྱི་ཕྱོགས་བསྡོམས་བཞུགས།next

ཆབ་མདོ་དྲུང་ཡིག་ངག་དབང་ཚེ་རིང་གི་དྲི་ལན་སྔ་ཕྱི་ཕྱོགས་བསྡོམས་བཞུགས།

༄༅། །ཆབ་མདོ་དྲུང་ཡིག་ངག་དབང་ཚེ་རིང་གི་དྲི་ལན་སྔ་ཕྱི་ཕྱོགས་བསྡོམས་བཞུགས།

༈ ཀུན་བཟང་གི་གྲོལ་ཚུལ་འདི་གདོད་ནས་གྲུབ་པའི་སངས་རྒྱས་ཡོད་པ་ལ་དགོངས་གསུངས་པ་སྔོན་བྱུང་གི་ལོ་རྒྱུས་ཡིན་གསུངས་པའམ། སེམས་ཅན་གྱི་རྒྱུད་ལ་གདོད་ཀྱི་སངས་རྒྱས་ཡོད་པར་དགོངས། གང་ལགས། རྒྱུད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ལྟ་བུ་ནི་ལམ་པའི་གང་ཟག་གིས་ལམ་སྦྱངས་ནས་གསར་སྒྲུབ་ཀྱི་འབྲས་བུ་མ་ཡིན་པར། གདོད་ནས་གྲུབ་པའི་དོན་ཐོག་མ་མེད་པ་ནས་སངས་རྒྱས་པ་སྟེ། འཁྲུལ་མ་མྱོང་བ་ཡིན་པས་ཐོག་མའི་སངས་རྒྱས་ཏེ། འདི་ཡོད་པས་ལམ་སྟོན་པ་པོ་འབྱུང་ལ། འདི་འདྲ་ཞིག་ཁས་མ་བླངས་པར་འབྲས་བུ་གསར་སྒྲུབ་{འདོད་ལ་}ཁོ་ནར་འདོད་པ་ལ་ཐོག་མ་དེ་ལ་ལམ་སུ་ཞིག་གིས་བསྟན། ཐོག་མའི་དེ་རང་སྣང་གི་གཟིགས་ངོ་ནས་གཞལ་ན་སེམས་ཅན་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ཡིན་ཞིང་། སྒྲིབ་པ་མེད་སྣང་ཡིན་པས་དེ་ཡི་གཟིགས་ངོར་རང་མཚན་དུ་མི་སྣང་བའི་ཕྱིར། གནས་ལུགས་ཀྱི་ངོས་ནས་གཞལ་ན་གདོད་མའི་སངས་རྒྱས་དེའི་ཆོས་སྐུ་དང་། སེམས་ཅན་རང་བཞིན་རྣམ་དག་གི་ཆོས་སྐུ་གཉིས་ཆ་མེད་ཀུན་འགྲོ་ཡིན་པར་མཚུངས་སོ་ཞེས་འདོད་པ་ལགས་ཏེ། དེང་སང་བློ་ལ་ཤོང་མཁན་ཉུང་བར་འདུག་གོ །༧རྩལ་ནུས་པའི་དོན་ཡིན་ན། རྡོ་རྗེ་ཐོད་ཕྲེང་རྩལ་དང་། དྲག་པོ་རྩལ་ལྟ་བུ་རྩལ་དང་སྦྲེལ་ན་ཇི་ལྟ་བུ་ཡོང་། བརྡ་རྟགས་ཐོད་པའི་ཕྲེང་བ་ཐོགས་པའི་རིག་སྔགས་འཆང་དེའི་ཕྲིན་ལས་ཀྱི་ནུས་རྩལ་གྱིས་སྔགས་འབྲས་ཇི་ལྟ་བ་ལྟར་འགྲུབ་པའི་དོན་ནོ། །༧བདེ་འདུས་རྩ་རྒྱུད་ལས། ཁ་ཅིག་ཏུ་ཆོས་སྐུས་འགྲོ་དོན་མཛད་གསུངས་པ་དེ་ཇི་ལྟ་བུའི་ཚུལ། མངོན་རྟོགས་རྒྱན་དུ། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་གཟུགས་སྐུ་གཉིས་ཀྱང་ཆོས་སྐུའི་ཕྲིན་ལས་སུ་བཤད་པས་ཆོས་སྐུས་འགྲོ་དོན་མཛད་པ་གྲུབ་མཐའ་སྤྱི་ལྟར་ཡང་སྐྱོན་ཅི། ཁྱད་པར་དུ་འཁོར་རྒྱལ་བ་རྒྱ་མཚོར་ཆོས་འཆད་དོ། །༧འགྲོ་འདུལ་གྱི་དབང་དངོས་དང་། ནམ་མཁའ་རྒྱལ་པོའི་སྒོམ་ལུང་ཐོབ་པས། ནམ་མཁའ་རྒྱལ་པོའི་དབང་དངོས་ཐོབ་པར་ཨེ་འགྲོ། བླ་མེད་ཀྱི་དབང་རིགས་མཐུན་གྱི་སྨིན་བྱེད་ཐོབ་ན་ནམ་མཁའ་རྒྱལ་པོའི་སྒོམ་ལུང་ཐོབ་པས་དེ་ཀའི་ཉམས་ལེན་ཙམ་ལ་རུང་བས་ཐོབ་པར་བཤད་ཆོག །༧པོ་བསྟོད་ན། ཆུ་ཡི་མཚོ་དང་འོ་མའི་མཚོ་ལས་སྒྲོལ་བ་པོ། །གསུངས་པ་དེ་གང་། འགྲེལ་པ་མ་མཐོང་ཡང་སྲིད་ཞི་གཉིས་ཀྱི་མཚོ་ལས་སྒྲོལ་བའི་དོན་བསྡུས་བརྗོད་པ་ལྟ་བུར་བཀོད་པ་འདྲ། ༧སྨྱུང་གནས་ལོ་རྒྱུས་ན་བུད་མེད་སྡིག་པ་ཚབས་ཆེན་བྱས་པ་གཅིག་སྨྱུང་གནས་མཐུས་སྐྱེ་བ་གསུམ་ནས་བདེ་བ་ཅན་དུ་སྐྱེས་གསུངས་པ་ངེས་པ་ཅན་ཨེ་ཡིན། དེ་བཞིན་དུ་སྨན་བླ་འོད་དཔག་མེད་སོགས་ཀྱི་མཚན་ཐོས་པའི་ཕན་ཡོན་སྔོན་བྱུང་བཅས་པ། གང་ཟག་བསག་རྒྱབ་ཅན་ལས་ཀྱི་འབྲེལ་པ་ཡོད་པ་འགའ་ཞིག་ལ་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་ལས་སྡིག་ཅན་ཡིན་ཡང་དེ་འཕྲལ་དུ་བསྲབ་པ་སྲིད་མོད། སྤྱི་ལྡོག་ནས་འདི་རིགས་དུས་གཞན་ལ་དགོངས་པ་པདྨོ་ཨུཥྞི་ཥའི་གཟུངས་ཀྱི་ཕན་ཡོན་དང་འདྲ། སྐྱེ་བདུན་བཏགས་གྲོལ་རྣམས་ཀྱི་ཕན་ཡོན་དེ། དུས་ལ་དགོངས་སམ། སྒྲ་ཇི་བཞིན་པ་ཡིན། སྐྱེ་བདུན་ནི་སྔགས་ཀྱི་རྫས་ཁྱད་པར་ཅན་གསར་རྙིང་གི་རྒྱུད་ཐམས་ཅད་ནས་བསྔགས་པས་ཤ་དངོས་བཟའ་རྒྱུ་བྱུང་ན་མཁའ་སྤྱོད་འགྲུབ་ངེས་སུ་བཤད་འདུག །དེའི་ཕབས་རྒྱུན་ཙམ་ལ་ཡང་དེ་དང་ཆ་འདྲའི་ནུས་པ་ཡོད་པ་གཞིར་བཅས། བཏགས་གྲོལ་ཡང་འཆང་བ་པོའི་རྒྱུད་ཚོད་གཙོ་མོད། ཐ་ན་དབུགས་ཙམ་ལ་སླེབས་ཀྱང་གྲོལ་བའི་དོན་སྡིག་ཅན་ལྟ་བུ་ཡིན་ན་གནས་བཟང་པོར་སྤོར་བ་ཙམ་རེད། ༧ལེའུ་བདུན་མའི་ལྷོ་ནུབ་རྔ་ཡབ་སོགས། རྔ་ཡབ་ཨོ་རྒྱན་གཉིས་གོ་ས་གཅིག་ལྟ་བུ་དང་། ཕ་དང་མ་མེད། རྒྱུ་དང་རྐྱེན་མེད་གསུངས་པ་དེ་གང་གི་དོན་ཡིན། རྔ་ཡབ་གླིང་ཕྲན་ཡིན་ཞིང་། ཨོ་རྒྱན་གྱི་ཡུལ་འཛམ་གླིང་གི་ནུབ་ཕྱོགས་ན་ཡོད་པས་དེ་གཉིས་མི་གཅིག །འོན་ཀྱང་ལེའུ་བདུན་མར། རྔ་ཡབ་ལ་ཨོ་རྒྱན་གྱི་སྒྲ་བརྗོད་པ། རྟེན་ལ་བརྟེན་པའི་མིང་གིས་བཏགས་པ་ཙམ་དུ་ཟད། རྫུས་སྐྱེས་ལ་ཕ་མའི་དོད་མཚོ་དང་། པདྨ་དང་། ཁུ་རྡུལ་གྱི་དོད་སྲེད་ལེན་ཡིན་ཡང་། མངལ་སྐྱེས་ལྟར་ཕ་མ་མེད་པ་དང་། རྒྱུ་རྐྱེན་ཡང་ཁུ་རྡུལ་དང་རྐྱེན་མངལ་གྱི་འབྱུང་བ་སོགས་མེད་པ་ལ་དགོངས། ༧སེམས་བསྐྱེད་གསུམ་གྱི་རབ་རྫི་བོ་ལྟ་བུ་དང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །གསུངས་པ་འདིའི་ཁྱད་པར་གང་། གོང་མ་ལྟར་ན་སེམས་ཅན་སངས་རྒྱས་ཀྱི་ས་ལ་བཀོད་པ་ལ་ཐོག་མར་རང་སངས་རྒྱས་ཐོབ་པར་མི་ལྟོས་པ་ལྟ་བུ་འདི་གང་ལགས། རབ་རྫི་བོ་ལྟ་བུ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་རྗེས་རང་གྲོལ་བར་འདོད་པས་གཞན་དོན་དུ་རྫོགས་པའི་སངས་རྒྱས་འདོད་པ་རྣམས་ཀྱི་ནང་ནས་རབ་དང་ཕུལ་དུ་གྱུར་པ་ཡིན་པས། དེ་རིས་ངེས་པར་འབྱོར། ཁྱད་པར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་མ་བསྒྲུབས་པར་བྱང་སེམས་འཕགས་པའི་ཚུལ་གྱིས་དོན་བྱེད་པ་ཡིན་པས་ཁྱད་པར་འཕགས་ཏེ། སངས་རྒྱས་འཕགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར། སྙིང་རྗེ་ཆེན་པོས་ཞི་བའི་མཐའ་ལ་མི་གནས་པར་སྲིད་པའི་ལུས་བླངས་ཏེ། འགྲོ་བ་མཆོག་དམན་མཐའ་དག་སྒྲོལ་བའི་སྙིང་རྗེ་ཆེན་པོ་ཐབས་མཁས་ཀྱིས་ཁྱད་པར་དུ་བྱས་སོ། །༧སྤྲུལ་པ་གཉིས་དང་འཕགས་པ་རྣམས་འཁོར་བར་སྐྱེ་བ་བཞེས་སྐབས་ངན་འགྲོའི་ལས་བསགས་ཨེ་སྲིད། ངན་འགྲོའི་ལས་གསོག་པ་རྨི་ལམ་དུའང་ཅི་སྲིད། འོན་ཀྱང་སྐྱེ་བ་ལེན་པ་ལ་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་འདོད་སྲེད་ཀྱི་བག་ལ་ཉལ་གྱི་སྒྲིབ་པ་ཆེད་དུ་གཉེར་ནས་མི་སྤོང་བར་མདོ་ལས་བཤད། ༧རྗེ་བླ་མས་བདག་མེད་མངོན་སུམ་རྟོགས་ཀྱང་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ཡོད་གསུངས་པ་དོན་གང་ལགས། བདག་མེད་མངོན་སུམ་རྟོགས་པའི་འཕགས་པས་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པ་མེད་དེ། འཕགས་པས་སྐྱེ་འཆི་ལ་སོགས་སྤངས་ཟིན་པའི་ཕྱིར། འོན་ཀྱང་འགྲོ་བའི་དོན་དུ་ཐབས་ལ་མཁས་པའི་སྙིང་རྗེས་སྐྱེ་སྲིད་འཛིན་པའི་རྒྱུ་འདོད་སྲེད་ཀྱི་བག་ཆགས་ལ་དེར་བཏགས་པར་མངོན་ནོ། །༧སྐུ་ཞབས་ཀྱི་རྣམ་ཐར་དུ། ཉིད་ཀྱིས་མཆོག་ཐུན་ལྟས་བྱུང་བའི་ལྷ་ལྔ་གསུངས་པ་དེ་རྣམས་གང་ལགས། འདི་གསང་བའི་རྣམ་ཐར་དུའང་གསལ་ཁ་མ་མཛད་ཅིང་། གསུང་ནས་ཀྱང་འདི་དང་འདི་གསུངས་པ་མ་ཐོས། ༧མོས་པའི་གོང་དུ་རྣམ་རོལ་མཐའ་ཡས་སུ་སངས་རྒྱས་པའི་ཚུལ་གསུངས་པ་འདི་དུས་སྔ་ཕྱི་གསལ་ཁ་ཨེ་ཡོད། འདི་རྡོར་གླིང་གི་རྣམ་ཐར་ན་རྒྱས་པར་ཡོད་ཀྱང་དུས་ཀྱི་ངེས་བཟུང་མ་མཛད། ༧པདྨས་བརྒྱན་པ་བདེ་ཆེན་ཞིང་ཡིན་ནམ། སངས་རྒྱས་དེ་ལོངས་སྤྲུལ་གང་ཡིན། རྡོ་རྗེ་ཆོས་ཕྱག་ན་རྡོ་རྗེ་སྟེ། གདོད་མ་ནས་སངས་རྒྱས་ཟིན་པས་འདི་དག་ཚུལ་བསྟན་ཏེ། སངས་རྒྱས་ཀྱི་སྤྲུལ་སྐུ་དང་། ཞིང་དེའང་དེས་སྨོན་ལམ་གྱིས་བསྒྲུབས་པའི་དག་ཞིང་ཡིན་པ་ལས་འོས་མེད། ༧ད་ལྟའི་སྒོ་གསུམ་འབྲེལ་ཐོགས་རྣམས་དེ་དུས་འཁོར་དུ་སྐྱེ་གསུངས་པ་སྒྲ་ཇི་བཞིན་པའམ། འབྲེལ་ཐོགས་དེ་ལའང་སྐལ་པ་ཆེ་ཆུང་དང་དྲང་ངེས་འདྲ་ཡོད་དམ། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བས། །བདེ་བའི་འབྱུང་གནས། ཞེས་གསུངས་པ་ལྟར་བཟང་ངན་གྱི་འབྲེལ་གང་ལྟར་ཐོགས་ཀྱང་ཕྱིས་དེ་ཉིད་ཀྱིས་སྨིན་གྲོལ་ལ་འགོད་པ་འཕགས་ཆེན་སྤྱིའི་རྣམ་ཐར་ཏེ་ངེས་དོན་ལགས། ༧མོས་པའི་སྐབས་ད་ལྟའི་བསྟན་ཞུགས་ཚུལ་ཁྲིམས་ཡོད་མེད་ཐམས་ཅད་དགྲ་བཅོམ་དུ་གསུངས་པ་ངེས་དོན་ཨེ་ཡིན། ངེས་དོན་དུ་བྱ་ཆོག །༧ཤ་འུག་ཐུགས་རྗེ་ཆེན་པོའི་དབང་སྐབས་སྐུ་ཞབས་ནས་ལྷོ་གཏེར་དུ་གསུངས། ཉིད་ཀྱི་དབང་ཆོག་ཏུ་དབུས་གཏེར་དུ་གསུངས་པ་བཞེད་ཚུལ་གང་ལགས། གཏེར་གནས་ཀྱི་དབང་དུ་ལྷོ་གཏེར་དང་། གཏེར་སྟོན་འཁྲུངས་བཞུགས་ཀྱི་དབང་དུ་བྱས་ན་དབུས་གཏེར་ཡིན་པས་མི་འགལ། ༧གཅོད་དབང་གསང་ཡེའི་སྐབས་ཡབ་ཧེ་རུ་ཀར་བསྒོམ་གསུངས་པ་བདེ་མཆོག་གམ། འགའ་རེས་བླ་མེད་ཀྱི་སྔགས་ལ་ཞུགས་ནས་མཛུབ་མོ་མར་མེར་ཕུལ་བ་དང་། གཅོད་ཀྱི་ལུས་སྦྱིན། སྨྱུང་གནས་སོགས་ཀྱིས་རྩ་ལྟུང་ལྔ་པར་ཉེ་གསུངས་པ་གང་། ཕུང་པོ་ངོས་འཛིན་མི་གཅིག་པ་ཡོད་དམ། འདི་རིགས་ཀུན་སློང་གཙོ་བས། ལམ་སྒྲུབ་པའི་ཆ་རྐྱེན་ལྟ་བུའི་ལུས་འབུལ་བ་སོགས་བྱ་དཀའ་བའི་གནས་རྣམས་གཏོང་བ་ལ་ལྟུང་བ་ཅི་ཡོད། དེ་ཀ་ཐབས་ཀྱི་ལམ་ཡིན་པའི་ཕྱིར། གཞན་དུ་ཕུང་པོ་ལ་མི་གཙང་བ་སོགས་ཀྱི་འདུ་ཤེས་ཀྱིས་དེ་ལྟར་བྱས་ན་ལྟུང་བར་འདྲེན་ནོ། །༧སྟན་ཐོག་གཅིག་མ་ཐོབ་ནས་བོག་འདོན་དུ་ཞག་བདུན་མ་སྦྱར་ཨེ་རུང་། འགལ་མེད་འདྲ་ཡང་། དེང་སང་ཕྱག་བཞེས་སུ་ཟུར་དུ་ཉན་སྲོལ། ༧སྟན་ཐོག་གཅིག་མར་ཆོ་འཕྲུལ་བྱུང་ནས་ཚར་ཚད་མ་བྱུང་བར་གཞན་དུ་སྤོས་ན་བར་ཆད་ཡོང་གསུངས། ཞག་བདུན་མར་ཚར་ཚད་ལ་མ་ལྟོས་པར་སྤོས་ཀྱང་མི་སྐྱོན་གསུངས་པ་ཅི། སྟན་ཐོག་གཅིག་མར་སྨིན་སློབ་ལ་དེ་ལྟར་ཡིན་མོད། མོས་སློབ་ཙམ་ལ་བཀག་པ་མེད་འདྲ་ཡང་ལམ་དུ་ལོངས་པ་དཀའ་བ་ལ་དགོངས། དམིགས་བསལ་ཡིན། ༧ཐོག་སེར་དང་ཆོ་འཕྲུལ་དྲག་པོར་དམིགས་གནད་ཁ་བསྒྱུར་གསུང་བ་དང་། སྣང་མེད་བློས་བཏང་གི་མཉམ་བཞག་བྱེད་པ་གཉིས་གང་ཟབ། རྣལ་འབྱོར་པའི་ལྟ་སྒོམ་གྱི་རྩལ་གཙོ་བ་ལས་མཐའ་གཅིག་ཏུ་མ་ངེས། ༧ཐེག་དམན་བསྙེན་གནས་རབ་བྱུང་དང། ཐེག་ཆེན་གསོ་སྦྱོང་དབང་མ་ཐོབ་པས་ལེན་མི་རུང་བ་ཨེ་ཡིན། དུས་ཁྲིམས་བླང་བས་གཏན་ཁྲིམས་ཉམས་པས་ལེན་མི་རུང་། བྱ་རྒྱུད་ཐུན་མིན་ལ་དབང་དགོས་མོད། ཐུན་མོང་བ་ལ་དབང་མ་ཐོབ་ཀྱང་དོན་ཞགས་ཀྱི་གསོ་སྦྱོང་ཙམ་བླངས་པས་ཉམས་ལེན་བྱར་རུང་བར་བཤད་པས། གསོ་སྦྱོང་ལེན་པ་དབང་ལ་མ་ལྟོས། ༧སྨྱུང་ཆོག་དངོས་མི་བཏང་བར་རང་བཞིན་གྱི་ཕན་ཡོན་ཙམ་དང་། སྨན་བླ་སོགས་བཏང་བར་གསོ་སྦྱོང་གི་སྡོམ་པ་ལེན་པར་སྡོར་དཀར་གདན་གཅིག་དང་། སྨྱུང་བ་གནས་པ་ངེས་པར་དགོས་སམ། གསོ་སྦྱོང་ལེན་པ་སྨན་བླའང་བྱ་རྒྱུད་དུ་བཀྲལ་བའི་ལུགས་ཡིན་པས་སྡོར་དཀར་ལ་བརྟེན་ན་བཟང་། སྨྱུང་གནས་སོགས་མཐའ་གཅིག་ཏུ་མི་དགོས། ༧ཁམས་ན་དབང་མ་ཐོབ་པའི་ཨ་མཆོད་མང་པོས་རྒྱུད་འབུམ་ཀློག་དར་བ་ཨེ་རུང་། སྔགས་རང་ལུགས་དབང་དུ་བཏང་ན་དབང་མ་ཐོབ་པར་ཀློག་མི་ཆོག་པར་བདེན་མོད། འོན་ཀྱང་དེང་སང་སྡེ་དགོན་རྣམས་སུ་དབང་བསྐུར་མེད་པར་ཟབ་མོའི་ཆོ་ག་གཏོང་སྲོལ་དར་བས་ལག་ལེན་དུ་ལོངས་པ་དཀའ། ༧ཐར་མདོ་ན་སངས་རྒྱས་འདི་དག་གིས་མཚམས་མེད་དང་ཆོས་སྤོང་བ་མ་གཏོགས་ཀྱི་འདོད་ཆེན་པ་དང་ལོག་སྲེད་ཅན་མི་ཐར་གསུངས་པ་གང་། འདོད་ཆེན་དང་ལོག་སྲེད་ཀྱི་བློས་ཐེག་ཆེན་ལ་སྒྲིབ་པས་དེ་དགག་ཕྱིར་གསུང་ཞིང་། མཚམས་མེད་བྱས་པ་དག་པ་སོགས་དུས་གཞན་ལ་དགོངས། ༧རྣམ་པར་འཐག་པའི་མདོར། ཆོས་ལ་བཟང་ངན་ཟབ་མི་ཟབ་གཅིག་ཐ་དད་དུ་འཛིན་པ་སོགས་ཆོས་སྤང་དུ་གསུངས་པར། ཉན་ཐོས་ཀྱིས་ཐེག་ཆེན་རྩ་བ་ནས་སྤང་བ་དང་། གྲུབ་མཐའ་གོང་མས་འོག་མ་སུན་འབྱིན་པ། སྔར་གྱི་འབྱམས་ཡིག་ཟེར་བ་དེ་རྣམས་ཆོས་སྤོང་མི་སྤོང་བ་གང་ལགས། འདི་རྣམས་ཀྱང་ཤེས་རབ་ཀྱི་རྩལ་འདོན་ཕྱིར་དགག་བཞག་བྱེད་པ་འགལ་བ་མེད། སྡང་སེམས་ཀྱིས་སྨོད་ན་ཆོས་སྤང་དུ་འགྲོ། མགོན་པོ་བྱམས་པས། ཆོས་ལ་ཉེས་སྨོད་ཐུབ་པའི་གཞུང་ལས་བཀག །ཅེས་པས་རིགས་པ་རྩལ་འགྲན་ཕྱིར་མ་གཏོགས་སྐྱོན་ཡོད། ༧གཟའ་སོགས་ས་ཐོབ་པ་འགའ་རེ་སྨོན་ལམ་ལོག་ཚུལ་དང་། རྣམ་ཐར་གཏམ་རྒྱུད་མང་པོར་སྐྱེ་བ་སྔོན་མ་བདེན་མཐོང་ཉོན་མོངས་སྤངས་པ་འགའ་རྗེས་མ་སླར་ཉོན་མོངས་ལྡང་ཞིང་ལྟུང་བའི་ཚུལ་སྣང་བས་ས་ལམ་དང་མི་མཐུན་པ་ལྟ་བུར་གོ་བས་གང་ལགས། འདི་དག་དཔལ་ཕྲེང་གི་མདོར། འདུས་བྱས་ཀྱི་འཁོར་འདས་ཞེས་བཤད་པའི་མོས་སྤྱོད་ཀྱི་ས་ལ་ལམ་ལྔའི་རྣམ་བཞག་བྱས་པ་ཞིག་ཡོད་པ་དེ་ལ་བསམ། ༧སྐུ་ཞབས་གསན་ཡིག་ན་བྱང་སྡོམ་ཀུན་མཁྱེན་ཆེན་པོའི་བཞེད་པ་གཅིག་པུ་ལ། བརྒྱུད་པ་དབུ་སེམས་:གསུམ་༼གཉིས༽ཀ་དྲང་བ་གནང་འདུག་པ་དེ་གཉིས་ཆོ་ག་གཅིག་ཏུ་བཞེད་པ་དང་། གཅིག་ཐོབ་པས་གཉིས་ཀ་ཐོབ་པར་འགྲོ་བ་ཨེ་ཡིན། ཆོ་ག་དབུ་སེམས་གཉིས་སོ་སོ་བ་ཡིན། འོན་ཀྱང་ཕྱིས་ཀྱི་བླ་མ་རྣམས་ཀྱིས་ཆོ་ག་བརྗོད་བདེ་བའི་དབང་དུ་མཛད་དེ་རྒྱལ་སྲས་པའི་ཆོ་གའི་སྟེང་ནས་གནང་བས། ཡིག་རྙིང་ནུབ་པ་དེར་འདུག །༧དེང་སང་ཡོངས་གྲགས་ཐིམ་རིམ་སྐབས་ལས་འཕོ་སྔ་ན་དུས་མིན་ཉེས་པར་གསུངས། གདན་བཞི་ལས་འཆི་རྟགས་བྱུང་ནས་བསླུས་པས་ཀྱང་དེའི་མཚན་མ་མ་མཐོང་ན་ནད་མ་ཕོག་གོང་ནས་འཕོ་ཆོག་པར་གསུངས་པའི་ཁྱད་གང་། ཐིམ་རིམ་སྐབས་གསུངས་པ་ལས་སྦྱོར་ལ་དགོངས། འཆི་ལྟས་བྱུང་ནས་སྒོམ་པར་གསུངས་པ་དེ་སྦྱོང་བ་ལ་དགོངས་པ། དགོངས་པ་སོ་སོར་ལེན་དགོས། ༧འཕོ་བ་གཞན་ལ་འདེབས་དུས་རང་གཞན་གཉིས་ཀ་བདག་མདུན་ལྟར་དམིགས་པ་གཅིག་གིས་གསལ་འདེབས་ནས་གཉིས་ཀ་འཕོ། སླར་རང་སེམས་ཕབ་པའམ། ཚེ་འདས་གཅིག་པུར་གསལ་འདེབས་སྤར་བའམ། གཉིས་ཀ་བསྲེ་ནས་གསུངས་པ་ཕར་ཡིན་ནམ་ཚུར་ཡིན་པ་བཅས་གང་ལགས། དམིགས་པ་འཆུན་པའི་རྣལ་འབྱོར་པས་རླུང་སེམས་གཞུ་ལྟ་བུ་ལ། ཚེ་འདས་ཀྱི་རྣམ་ཤེས་མདའ་ལྟ་བུར་སྦྱར་ནས། རང་ལུས་ལ་དམིགས་པ་བྱེད་ཆོག །དེས་རང་གི་ཚེ་ལ་གནོད་པ་སོགས་ཀྱི་སྐྱོན་མེད་པས་འབེབས་མི་དགོས། དེ་ལྟར་མི་འཆུན་པའི་ལས་དང་པོ་པས་གཤིན་པོ་རང་གི་ལུས་ལ་བསྒོམས་ནས་སྤར་བ་ལས་འོས་ཅི་ཡོད། ༧ལྷུན་གྲུབ་བར་དོ་ནང་དབུགས་ཆད་ནས་ཤར་བར་གསུངས་པ་དང་། མ་ཆད་གོང་རླུང་སེམས་ཀྱི་དྭངས་མ་སྙིང་གར་འདུས་པའི་རྐྱེན་གྱིས་ཤར་བ་གཉིས་གང་འཐད། གོང་མ་ལྟར་ནང་དབུགས་ཆད་པ་ནས་སྲིད་པ་བར་དོའི་ལུས་གྲུབ་པར་གསུངས་པ་ལ། ལྷུན་གྲུབ་བར་དོ་དེར་ཤར་བ་དང་བར་ལུས་གྲུབ་པ་དུས་མཉམ་ཨེ་ཡིན། ལྷུན་གྲུབ་བར་དོ་བཞེད་པའི་ལུགས་ལ། དེ་ལ་ལུས་ཀྱི་རྣམ་པར་ལངས་ཀྱང་། སྲིད་པ་བར་དོ་དང་རགས་ཕྲའི་ཁྱད་པར་ཆེ། མི་བཞེད་པའི་ལུགས་ལ་འཆི་སྲིད་ནས་ལུགས་ལྡོག་གི་སྲིད་པ་བར་དོར་ལྡང་། རིགས་དྲུག་གི་འོད་ལམ་ལ་རྣམ་བྱང་གི་འོད་ལམ་གསུངས་པ་གང་། རིགས་དྲུག་གི་འོད་བཀྲག་མེད་དང་མཉམ་དུ་ཡེ་ཤེས་ཀྱི་འོད་བཀྲག་ཅན་འཆར་བ་ལ་ཟེར། ༧ཕྱི་དབུགས་ཆད་འཕྲལ་ཐིམ་རིམ་དང་འཕོ་དམིགས་གསལ་འདེབས་བྱེད་པ་དེ་དུས་སྒོ་ལྔའི་རྣམ་ཤེས་ཐིམ་ཚར་ཞིང་བརྒྱལ་ཐབས་སོགས་གསུངས་པས་གོ་ཨེ་སྲིད། འོད་གསལ་ཅུང་ཟད་ཟིན་ཅིང་། འཕོ་བའི་མཚམས་སྦྱོར་ལའང་ལྟོས་དགོས་པ་ལ་རང་སྟོབས་ཀྱིས་འཕོ་ནུས་མེད། གཞན་སྟོབས་ལ་དེ་འདྲའི་གོ་མ་གོའི་དོགས་པ་མི་དགོས། ༧སྡིག་རྣམས་ཀྱི་ལྕི་ཤོས་དང་དགེ་བའི་ཕན་ཡོན་ཆེ་ཤོས་དེ་གང་ལ་བཞེད། ཡུལ་དང་ཀུན་སློང་དྲག་ཞན་གྱིས་མཐའ་གཅིག་ཏུ་ངེས་པ་མེད། ༧སངས་རྒྱས་བྱང་སེམས་མང་པོ་ངོ་བོ་གཅིག་གསུངས་པ་དང་ཐུགས་རྒྱུད་གཅིག་གསུངས་པ་ཁྱད་པར་གང་། གང་གཅིག་རྒྱུའི་ཁྱད་གཞི་དང་ཁྱད་ཆོས་ལ་བརྩི་ཤེས་དགོས་པ་ལགས། ༧ཡང་གོང་དུ་ཞུས་པའི་སྨྱུང་གནས་དང་ཚེས་བཅུ་ལྟ་བུ་འདོམས་ན་ཚོགས་ཟ་རུང་ངམ། དེ་གཉིས་ལམ་གྱི་རྣམ་པ་མི་འདྲ་བས་དེ་རིས་ཆོ་གའི་གཙོ་བོ་གང་བྱེད་རང་གི་ལུགས་གཙོ། ༧སངས་རྒྱས་ཆོས་སྐུ་རྣམས་དབྱེར་མེད་དུ་གསུངས་པ་ཆུ་ལ་ཆུ་བཞག་ལྟ་བུའི་ངོ་བོ་གཅིག་ཏུ་གྱུར་པ་ཡིན་ནམ། རིགས་འདྲ་དང་འཛིན་མེད་དགོངས། གང་ཟག་གང་རྒྱུན་མཐའི་ཡེ་ཤེས་ཀྱི་སངས་རྒྱས་ཐོབ་དུས་སྟོན་པ་དེ་དང་རོ་གཅིག་ཏུ་འགྱུར་བ་ལས་རྒྱུད་ཐ་དད་པའི་ཆོས་སྐུ་མི་སྲིད། ༧ལོངས་སྐུའི་ཞིང་འོག་མིན་དེ་གང་ཟག་རེ་རེས་ལོངས་སྐུ་མངོན་དུ་གྱུར་པའི་དུས་མཉམ་གྲུབ་ལགས་སམ། འོག་མིན་གཅིག་ཏུ་ལོངས་སྐུ་རིགས་ལྔ་སྔོན་བཞུགས་པ་དེར་རེ་རེ་ནས་ཐིམ་སྟེ་སངས་རྒྱས་པ་ལགས་སམ། སློབ་ལམ་འཕགས་པའི་ངོར་སྣང་བའི་འོག་མིན་རྣམས་རང་གིས་གསར་སྒྲུབ་ལྟ་བུར་སྣང་ཡང་། དོན་ལ་སངས་རྒྱས་རང་སྣང་གི་འོག་མིན་དེ་ལ་མཐོང་ཚུལ་ཐ་དད་པ་ཙམ་གྱི་གོ་བ་ལེན་པ་ཟབ། ༧མཛོད་བདུན་སོགས་སུ་ཀུན་བཟང་ལས་སྔ་བའི་སངས་རྒྱས་མེད་པར་བཤད་པ་ལ། གཙུག་ལག་ཕྲེང་བས་དེ་ནི་སྔོན་བྱུང་གི་ལོ་རྒྱུས་བརྗོད་པ་མིན། རང་བཞིན་གནས་རིགས་ལ་ཐོག་མའི་སངས་རྒྱས་སུ་གླེང་གཞི་ལྟ་བུའི་སྒོ་ནས་བསྟན་པ་ཡིན་ཅིང་། བདེ་གཤེགས་སྙིང་པོའི་ཐོག་མཐའ་མེད་པས། སངས་རྒྱས་ཐོག་མ་ཐ་མ་མེད། སོགས་ཡིན་གྱི་སྔོན་བྱུང་ན་ཀུན་བཟང་ལས་ཀྱང་སྔོན་བྱོན་པའི་སངས་རྒྱས་གྲངས་མེད་གསུངས་པ་རྣམས་གང་ལགས། འདི་ནི་གདོད་ནས་གྲུབ་པའི་སངས་རྒྱས་ཡོད་པ་ལ་དགོངས། དཔའ་བོའི་དེ་གང་ཟག་ཐུན་མོང་བའི་དབང་དུ་རང་བཞིན་རྣམ་དག་གི་སངས་རྒྱས་ཙམ་ལ་དགོངས་པ་འགལ་བ་ལྟར་སྣང་ཡང་། དོན་ལ་འཁྲུལ་མ་མྱོང་བའི་གདོད་མའི་སངས་རྒྱས་དང་། སེམས་ཅན་གྱི་རྒྱུད་ཀྱི་རང་བཞིན་རྣམ་དག་གི་སངས་རྒྱས་ལ་ཆོས་ཉིད་ཀྱི་ངོས་ནས་ཐ་དད་མེད་པས་མི་འགལ། འདི་འདྲ་བྱ་དང་སྒོ་ང་གང་སྔ་རྟོག་པའི་རིགས་པ་དང་ཚུལ་འདྲ་བས་བསམ་བྱ་མ་ཡིན་པའི་གནས་ལ་བསམ་པ་ཟེར། ༧ཞྭ་དམར་ལྔ་པས་བདེ་གཤེགས་སྙིང་པོ་མདོར་གསུངས་པ་དྲང་དོན་ཡིན་གྱི། དེ་ཉིད་ཇི་བཞིན་ཁས་བླངས་ན་སེམས་ཅན་རེ་ལ་སངས་རྒྱས་རེ། ཞེས་གསུངས་པ་དེ་མ་གོ་བས་གང་ལགས། བདེ་སྙིང་དྲང་ངེས་གང་དུ་འདོད་པ་གྲུབ་མཐའི་དབང་གིས་མཐའ་གཅིག་ཏུ་མ་ངེས། ངེས་དོན་འདོད་པའི་ཕྱོགས་ལ་ཆོས་ཉིད་རིས་མེད་ཀུན་ཁྱབ་ཡིན་པས། སེམས་ཅན་རེ་རེ་ལ་སངས་རྒྱས་རེ་དགོས་པའི་གུ་དོག་མི་དགོས། ༧སློབ་དཔོན་ཆེན་པོའི་གསང་མཚན་སོགས་ཀྱི་མཇུག་ཏུ་རྩལ་མང་པོ་ཡོང་བ་འདིར་མི་བསྐྱོད་རྡོ་རྗེའི་རྩོད་པར་སོག་བཟློག་པས་ལན་གསལ་པོ་གནང་མི་འདུག་པ་ཐོད་ཕྲེང་ཅན་ལྟ་བུ་ཡིན་ནམ་གང་ལགས། ཅན་མ་ཡིན། རྩལ་ཞེས་ནུས་པའི་དོན་ཡིན་པས་སྐད་དོད་ལའང་ཤ་ཀྲི་ཟེར། ༧བྱང་བདག་ཆོས་འབྱུང་དུ་སྲོང་བཙན་སྐབས་སུ་ཨོ་རྒྱན་ཤཱི་ལ་མཉྫུ་སོགས་བྱོན་པར་གསུངས་པ་དེའི་ཁུངས་གང་ནས་བཤད། ཡོངས་གྲགས་ཀྱི་ལོ་རྒྱུས་སུ་མི་འབྱུང་ཡང་། འཕགས་ཆེན་རྣམས་རྫུ་འཕྲུལ་ལ་མངའ་བརྙེས་པས་མ་བྱོན་པའི་མཐའ་ཅི་བཀག །༧རྒྱ་གར་དུ་སུམ་སྟོང་དྲུག་བརྒྱ་དང་། བོད་དུ་བརྒྱ་དང་བཅུ་གཅིག་འདི་ལོ་དངོས་ཨེ་ཡིན། བོད་ཀྱི་བརྒྱ་དང་བཅུ་གཅིག་ཕྱེད་ལོ་ཡིན་པས་རྒྱ་གར་གྱི་སུམ་སྟོང་དྲུག་བརྒྱ་ཡང་དེ་ལྟར་ཡིན་ནམ་བསམ། འོན་ཀྱང་ཐང་ཡིག་ཏུ་ལོ་ཟླའི་གྲངས་བཞག་པ་ནི་ཆེ་བརྗོད་ཙམ་དུ་ཟད། ༧ལྟུང་བཤགས་ལ་དེ་བཞིན་གཤེགས་པ་སྦྱར་བ་དང་། ཕྱོགས་བཞིའི་དཀོར་འཕྲོག་གསུངས་པ་དང་། ཡོངས་གྲགས་འདི་གང་ལེགས། དེ་བཞིན་གཤེགས་པའི་མཚན་སྦྱོར་བ་དེ། འདུལ་བ་ལས་དེ་བཞིན་གཤེགས་པ་མིང་དང་རུས་སོགས་ཀྱིས་མི་འབོད་པའི་དོན་དུ་གདའ་ནའང་། ཚིགས་ལྷུག་ལ་དེ་ལྟར་རུང་མོད། ཚིགས་བཅད་ལ་སྦྱར་ཐེབ་མེད་པས་ལྟུང་བཤགས་ལའང་དེའི་རིགས་འགྲེ་གོ་དགོས། ཕྱོགས་བཞིའི་ཟེར་བ་དགེ་འདུན་རིས་མེད་པའི་དཀོར་འཕྲོག་པའི་དོན། ༧གང་བློ་མའི་མཇུག་ཏུ། རབ་ཏུ་འདུད་གསུངས་པའི་རབ་ཏུ་གཉིས་པོ་འདི་ཚིག་རྐང་གོང་མ་ལས་མང་འདུག་པ་གང་ལགས། པྲ་ཎ་ཡྻཾ་ཞེས་པ་རབ་ཏུ་འདུད་པའི་དོན་ཏེ་རབ་ཏུ་ཞེས་པ་མེད་ཀྱང་ཆོག །༧འཁོར་གསུམ་མི་རྟོག་པའི་བསྔོ་བ་སོགས་ལ་ཡུལ་དེ་དག་གང་ཡང་མི་དམིགས་པའི་ངང་ཁོ་ནས་བྱེད་པ་དང་། དེ་དག་ལ་སྒྱུ་མ་རྨི་ལམ་ལྟ་བུའི་བློའི་ངང་ནས་བསྔོ་བ་གཉིས་ཁྱད་པར་ཅི་མཆིས། བསྔོ་ས་བསྔོ་རྒྱུ་བསྔོ་བའི་བྱ་བ་དེ། འཁོར་གསུམ་གང་ལའང་རྣམ་པར་མི་རྟོག་པའི་ངང་ནས་སྒྱུ་མ་ལྟ་བུའི་བློས་བསྔོ་བ་ལ་ཟེར། ༧ལུང་ཉན་པར་འགའ་རེས་ལེགས་པར་རབ་ཏུ་ཉོན་ལ་གསུངས་པས་ཆད་ལྷག་མེད་པར་མ་གོ་ན་ཕན་མེད་ཟེར་བ་ལྟར་ན་བསྟན་བཅོས་མང་པོའི་ལུང་འདྲེན་རྣམས་རྩོམ་པ་པོས་ཐོབ་དཀའ་ཞིང་། རྗེས་མ་གཞན་ལ་ལུང་མཛད་དར་བ་བཅས་གང་ལགས། ཉན་འདོད་ཀྱི་དད་འདུན་ཡོད་ན་ཚིག་མ་གོ་ནའང་འོན་པ་ལྟ་བུས་ཀྱང་ཐོབ་པ་མི་འགལ། དཔེར་ན་པཎྜི་ཏས་ལེགས་སྦྱར་སྐད་དུ་ལུང་ཀློག་པ་བོད་པས་ཐོབ་པ་ལྟ་བུའོ། །ལུང་འདྲེན་ཙམ་ཀློག་པ་ལ་དེ་འདྲའི་གུ་དོག་ཅི་དགོས། བསྟན་བཅོས་གཞིའི་ཚིག་དེ་གཏན་ལ་འབེབས་པའི་གཞུང་ལ་ནི་བླ་མས་ཐོབ་ཅིང་རྒྱུན་ཡོད་པ་ཞིག་ངེས་པར་དགོས་སོ། །དགེའོ།། །།

༈ དྲི་བ་ཞུས་པའི་ལན། རཀྴ་ཟུར་ཆག་ཡིན། གཞན་རཀྵ་མ་གཏོགས་མེད། ས་ཏྭ་ཨཱཿཧྲཱིཥྛིཿསོགས་ཀྱི་རྣམ་བཅད་འདི་ཇི་ལྟར་བཀླག །དཔེར་ན་བཱི་འདི་ལ་ཡང་ངེས་པ་མེད། ཀྲྀ་ཏཱ་ལ་ཝི་ཀྲི་ན་ན་ལྟ་བུ་དགོས་གསུངས་པ་ཨེ་དག །རྣམ་བཅད་ཧ་སྒྲ་ཅན་དུ་བཀླག །ཅེས་གསུངས་པས། ཨཱཿཧ་ཞེས་པ་དག་ཧྲིཧིཥྠི་ཞེས་པ་འདྲ་བ་མྱུར་བར་བཀླག །ཧྲཱིཥྛིའི་སྔགས་སོགས་ལ་ཝི་ཀྲིར་འབོད་པ། བ་དག་ཝ་སྲོག་མཐུན་གྱི་དེ་ལྟར་མཛད། བི་ཀྲི་ཏཱ་ན་ན་ཞེས་པ་རྣམ་པར་འགྱུར་བའི་དོན་དུ་འབོད་པས། བེ་ནི་རྣམ་ལོག་བྲལ་ལྷག་འཕགས། ཞེས་པའི་དོན་ཡིན།

༈ གསལ་བྱེད་གཅིག་ལ་དབྱངས་གཉིས་ཞུགས་པ། བ་རིུ་ལྟ་བུ་ཇི་ལྟར་བཀླག །འདི་རྫོགས་ཆེན་དུ་རང་བྱུང་གི་ཡི་གེར། རིུ། འདི་དང་འདི་འདྲ་ཀློག་ལུགས་བཅས་བཤད་མོད། སྒྲ་པའི་ལུགས་ལ་མེད།

༈ ཀུན་སྙིང་གིས། ཀ་ཁ་ག་གསུམ་ཡ་བཏགས་བོད་དང་མཚུངས། གསུངས་པ་དང་། བརྩེག་མ་དབྱངས་ཞུགས་ཀུན་ལ་སྦྱར་གསུངས་པ་དང་། སྒྲ་གཉིས་བརྗོད་པ་ཀུན་ཏེ་གསུངས་པ་འདི་རྣམས་གྲོགས་ཀྱི་ཁྱད་པར་ཡོད་དམ་མེད་གསལ་བ་ཞིག །ཕྱོགས་འདྲ་བས་བཤད། གཞན་བོད་ལ། ཀྱེ་མ། མཁྱེན། གྱིས་ཤིག་ལྟ་བུ་གོ་སླ། ལེགས་སྦྱར་བྱ་ཀ་ར་ཎ་ལ་བྷ་ཡ་ཞེས་པ་ལྟ་བུ་དང་། ཀྱ་ལ་ཀལ་ཡྻ་འདྲ་བ་མྱུར་བར་བཀླག །ཡང་། དེ་ཝིནྡྲ་ལྟ་བུ་རིང་ཆ་ཡིན་ཟེར་བ་དང་། ཨིནྡྲ་ཟེར་བ་བཀླག་པ། དེ་ཝིནྡྲ། ཨིནྡྷ་དང་མཚམས་སྦྱར་བ་ཡིན། ཀློག་ཚེ་དེ་ཝིནྡྲ།

༈ རྣམ་རྒྱལ་མའི་བཛྲོད་འདི་བཛྲ་ཨུཏྦྷ་ཞེས་དང་འབད་རོད་བྷ་ཝེ། འབད་ཛོ་རོད་བྷ་ཡིན་ཟེར་བ་གསུམ་གང་དག །བཛྲ་ཨུཏྦྷ་ཝེ་མཚམས་སྦྱར་བས། བཛྲོརྦྷབེ་འབྱུང་། འབད་ཛོ་རོད་བྷ་མ་དག །

༈ པཱ་ལ་ལྟ་བུའི་རིང་ཆ་ཐམས་ཅད་ལ་ཨ་ཞུགས་པས་པ་ཨ་ལ་ལྟ་བུ་བཀླག་ཟེར་བ་ཨེ་བདེན། འདི་འདྲ་རུང་འ་སྒྲ་ཐོན་ཙམ་བྱ།

༈ བྱི་ཤྭ་ཀརྨ། ལི་ཙ་བྱི། ཨ་བྱི་ལ་སོགས་ཀྱི་ཡ་བཏགས་འདི་གང་ཡིན། བརྡ་རྙིང་། དམི་དམྱིག །ཡོད་མྱེད་སོགས་དང་འདྲ།

༈ རྫོགས་་ལྟ་བུའི་ཧ་འདི་དཔེ་རྙིང་འགའ་རེར་བྱུང་བ་ཇི་ལྟར་ལགས། བརྡ་རྙིང་ཡིན། མི་དམྱིག་སོགས་དང་འདྲ།

༈ དྷུ་མ་ཐ་ལ་དང་། དུ་བའི་ཐང་ཞེས་ཨོ་རྒྱན་ཡུལ་གྱི་བྱེ་བྲག་ཅིག་གི་མིང་། ཨ་ཝ་དྷུ་ཏི་འདི་བོད་སྐད་དུ་གང་ཡོང་། ཀུན་དྷར་མ་སྟེ་དབུ་མའི་མིང་། རྣམ་རྒྱལ་མའི་སྔགས་དེང་སང་བཀླག་ལུགས་ལ་འབད་རོད་བྷ་ཝེ་ཞེས་བཀླག་དགོས་པ་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་དངོས་སུ་ཐོས་ཞེས་ཆབ་མདོ་དྲུང་ཡིག་གི་ངག་ལས་ཐོས་སོ། །


previousཆབ་མདོ་དྲུང་ཡིག་ངག་དབང་ཚེ་རིང་གི་དྲི་ལན་སྔ་ཕྱི་ཕྱོགས་བསྡོམས་བཞུགས།next