Nitartha Digital Library
Tibetan
གླེགས་བམ་གཉིས་པ།


  collapse section
   
   
   
གཉིས་པ་ཐེག་བཀའ་བསྒྲུབ་བྱེ་བྲག་ཏུ་བཤད་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་ཐེག་བཀའ་བསྒྲུབ་བྱེ་བྲག་ཏུ་བཤད་པའི་ལེའུ།next

གཉིས་པ་ཐེག་བཀའ་བསྒྲུབ་བྱེ་བྲག་ཏུ་བཤད་པའི་ལེའུ།


MR02_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐེག་ཆེན་བཀར་བསྒྲུབ་པའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ། ལོག་པར་རྟོག་པ་ཟློག་བྱེད་ཀྱི་རིགས་པའི་རྣམ་གྲངས་བསྟན་པ་དང་། ཐེག་ཆེན་ལ་ལོག་པར་འཛིན་པ་སྤོང་བར་གདམས་པ་གཉིས། དང་པོ་སྔར་ལུང་མ་བསྟན་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། དེ་ཡང་ཉན་ཐོས་པ་དག་ན་རེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་པོ་འདི་སངས་རྒྱས་ཀྱི་བཀའ་ཡིན་གྱི། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་བདུད་ཀྱིས་བསྟན་པ་ལ་ཐོ་བརྩམ་ཕྱིར་མུ་སྟེགས་དང་རྟོག་གེ་པ་དག་གིས་བརྩམས་པ་ཡིན་ནོ་ཞེས་ཟེར་ཞིང་། སངས་རྒྱས་རང་ཉིད་ཀྱིས་སངས་རྒྱས་ཀྱི་བཀའ་ཡིན་མིན་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པས་ཁྱད་པར་འབྱེད་དགོས་པར་གསུངས་ཤིང་། གང་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། མངོན་པའི་ཆོས་ཉིད་དང་མི་འགལ་བ་ནི་ཆེན་པོ་བསྟན་པ་སྟེ་དེ་ལྟ་བུ་སངས་རྒྱས་ཀྱི་བཀའ་ཡིན་ལ། དེ་ལས་ལྡོག་པ་ནག་པོ་བསྟན་པ་ནི་བདུད་དང་མུ་སྟེགས་པའི་ཆོས་ཡིན་ནོ་ཞེས་གསུངས་ན། ཐེག་ཆེན་ལས་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀྱི་ངོ་བོ་མེད་པར་བཤད་པ་དེ་ཉན་


MR02_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་གཞུང་གིས་ཕུང་ཁམས་ཡོད་པར་བཤད་པའི་མདོ་སྡེ་དང་མི་མཐུན། ཉན་ཐོས་པའི་འདུལ་བར་སངས་རྒྱས་དང་ཆོས་དང་དགེ་འདུན་མེད་པར་སྨྲས་ན་ལྟུང་བ་འབྱུང་བར་གསུངས། ཐེག་ཆེན་ལས་མེད་པར་བཤད་པས་འདུལ་བ་ལ་མི་སྣང་། ཉན་ཐོས་པའི་གཞུང་ལས་རྟེན་ཅིང་འབྲེལ་འབྱུང་སྐྱེ་ཞིང་འགག་པའི་ཆོས་ཅན་ལུགས་འབྱུང་གིས་འཁོར་བ་དང་། ལུགས་ལས་ལྡོག་པས་མྱང་འདས་སུ་བཤད་ཅིང་། ཐེག་ཆེན་ལས་ཆོས་ཐམས་ཅད་མི་སྐྱེ་མི་འགག་ཅེས་བཤད་པ་དང་། ཡང་ཉན་ཐོས་པའི་གཞུང་ལས་མཐོང་སྒོམ་གྱིས་སྤང་བྱ་དངོས་པོར་གྱུར་པ་སྤངས་ནས་མྱང་འདས་ཐོབ་པར་བཤད། ཐེག་ཆེན་ལས་སྤང་བྱ་སྤོང་བྱེད་ཀྱི་ངོ་བོ་ཉིད་མེད་པ་དང་། ཆོས་རྣམས་རང་བཞིན་གྱིས་མྱང་འདས་སུ་བཤད་པ་སོགས་མངོན་པའི་ཆོས་ཉིད་དང་འགལ་བས་བཀའ་མ་ཡིན་ཞེས་ཟེར། ཡང་ཉན་ཐོས་ཀྱི་ཐེག་པ་འདི་ཁོ་ན་དབང་པོ་དམན་པས་རང་དོན་དུ་བསྒྲུབས་ན་ཉན་ཐོས་ཀྱི་འབྲས་བུ་དང་། འབྲིང་གིས་བསྐལ་པ་བརྒྱར་གོམས་པར་བྱས་ན་རང་རྒྱལ་བསེ་རུ་ལྟ་བུ། གང་ཟག་རབ་འཁོར་བའི་སྡུག་བསྔལ་བསྲན་ནུས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་གོམས་པར་བྱས་ན་སངས་རྒྱས་འགྲུབ་ཀྱི་ཉན་ཐོས་ཀྱི་ཐེག་པ་ལས་གཞན་པའི་ཐེག་ཆེན་མེད་ཅེས་ཟེར་རོ། །དེ་ལ་ལན་གསུངས་པ། གལ་ཏེ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་བསྟན་པ་ལ་གནོད་པ་ཞིག་ཡིན་ན་སངས་རྒྱས་ཀྱིས་སྔར་མ་འོངས་པ་ན་འདི་ལྟར་འབྱུང་ཞེས་ལུང་སྟོན་རིགས་པ་ལ་སྔར་ལུང་མ་བསྟན་པའི་


MR02_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། ཐེག་པ་ཆེ་ཆུང་གཉིས་ཀ་སངས་རྒྱས་བཞུགས་པའི་དུས་སུ་ལྷན་ཅིག་བྱུང་བ་ཡིན་པས་ཕྱིས་སུ་བྱུང་ངོ་ཞེས་པ་མ་ངེས་པའི་ཕྱིར་དང་། ས་དང་ཕར་ཕྱིན་དང་སྟོང་པ་ཉིད་སོགས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་འདི་ལྟ་བུ་རྟོག་གེ་དང་མུ་སྟེགས་པའི་སྤྱོད་ཡུལ་མ་ཡིན་པས་དེ་དག་གིས་རྩོམ་མི་ནུས་པའི་ཕྱིར་དང་། གལ་ཏེ་ས་དང་ཕར་ཕྱིན་སོགས་རང་ཉིད་ཀྱིས་ཇི་ལྟ་བར་རྟོགས་པའི་སངས་རྒྱས་གཞན་གྱིས་རྩོམ་པ་ཡིན་ན་དེས་སངས་རྒྱས་ཀྱི་གསུང་དུའང་གྲུབ་པ་ཡིན་པའི་ཕྱིར་དང་། གཞན་ཡང་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ཉིད་ཀྱིས་ཉན་ཐོས་རྣམས་ལ་ཆོས་བསྟན་པའི་ཚེ་ན་ཐེག་པ་གསུམ་ཞེས་ཡོངས་སུ་གྲགས་པ་ཡིན་པར་ནི་རྩོད་པ་མེད་ལ། སངས་རྒྱས་དེ་ཉིད་ཐེག་པ་གསུམ་སྟོན་པ་པོ་ཡིན་ཏེ་རིགས་ཅན་གསུམ་གྱི་ལམ་ཐམས་ཅད་མཁྱེན་པའི་སྟོན་པ་པོར་གྲུབ་བོ། །དེའི་ཕྱིར་ཡོད་དང་མེད་དང་ཡོད་མེད་དང་ཞེས་པ། ཐེག་པ་ཆེན་པོ་ཞེས་པ་ཉན་ཐོས་ཀྱི་ཐེག་པ་ལས་ལོགས་སུ་ཡོད་ན་ཉན་ཐོས་ཀྱི་ཐེག་པའང་ཡོད་པར་འགྱུར་ཏེ་ཐེག་པ་ཆེན་པོ་སངས་རྒྱས་ཉིད་ཀྱི་ལམ་ལ་མི་བསྟན་པའི་རང་དོན་ཞི་བ་དོན་གཉེར་གྱི་ཉན་ཐོས་ཀྱི་ཐེག་པ་ཡང་ཡོད་པར་གྲུབ་བོ། །ཉན་ཐོས་ཀྱི་ཐེག་པ་ལས་གཞན་དུ་ཐེག་ཆེན་མེད་ན་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པར་འགྱུར་ཏེ། ཐེག་པ་གཅིག་ལ་ཆེ་ཆུང་གཉིས་སུ་བཞག་པ་མི་སྲིད་པའི་ཕྱིར་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་སྒྲུབ་པའི་ལམ་ལོགས་སུ་མེད་པས་སངས་རྒྱས་མི་སྲིད་པར་འགྱུར་ལ་དེས་ན་དེ་སངས་རྒྱས་ནས་ཉན་ཐོས་ཀྱི་ཐེག་པ་ཡང་བསྟན་པར་མི་


MR02_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་ཕྱིར་དང་། ཡང་ན་ཉན་ཐོས་རྣམས་ཀྱང་སངས་རྒྱས་སུ་འགྱུར་རིགས་ན་དེ་མི་སྲིད་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པ་མགོ་མཉམ་པར་འགྱུར་རོ། །གལ་ཏེ་ཐེག་ཆེན་ཞིག་ཡོད་ན་ནི་དེ་སངས་རྒྱས་འཇིག་རྟེན་དུ་བྱུང་བའི་ཚེ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་རྣམས་ལ་བསྟན་པར་རིགས་ཏེ། དེ་ཐམས་ཅད་མཁྱེན་པ་ཡིན་པ་དང་རིགས་ཅན་གསུམ་རྗེས་སུ་འཛིན་པའི་ཐུགས་རྗེ་མངའ་བའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཐེག་ཆེན་གསུང་རིགས་པས་ཐེག་ཆེན་ཡོད་དགོས་ལ། ཡོད་ན་ས་དང་ཕར་ཕྱིན་སྟོང་ཉིད་སོགས་ཕྱིན་ཅི་མ་ལོག་པར་བསྟན་པའི་ཆོས་འདི་ལས་ཐེག་ཆེན་གཞན་དུ་མ་དམིགས་པའི་ཕྱིར་འདི་སངས་རྒྱས་ཀྱི་བཀའ་ཐེག་པ་ཆེན་པོ་ཡིན་གྱི་རྟོག་གེ་པས་བརྩམས་པ་མ་ཡིན་ནོ། །གཞན་ཡང་ཐེག་ཆེན་གྱི་ཆོས་ནི་སྒྲིབ་གཉིས་ཀྱི་གཉེན་པོ་ཡིན་པའི་ཕྱིར། གལ་ཏེ་དེ་མེད་ན་ཉན་ཐོས་ཀྱི་ཐེག་པ་ལས་བསྟན་པའི་ཆོས་གང་ཟག་གི་བདག་མེད་རྟོགས་པ་ཙམ་ལ་ཇི་ཙམ་གོམས་ཀྱང་ཤེས་སྒྲིབ་མི་སྤོང་བས་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྲུབ་པའི་ལམ་མེད་པར་འགྱུར་རོ། །སངས་རྒྱས་མེད་ལམ་མེད་འབྲས་བུ་མེད་སྐྱེ་འགག་མེད་སོགས་གསུངས་པ་ནི། སྒྲ་ཇི་བཞིན་དུ་ཀུན་རྫོབ་ཏུ་མེད་པར་དགག་པ་མ་ཡིན་ཏེ་སྒྲ་དོན་གཞན་ནམ་དགོངས་པ་གཞན་གྱི་ཕྱིར་ཡིན་པས། དེ་ཆོས་ཉིད་དང་འགལ་བ་མ་ཡིན་ནོ། །ཞེས་རིགས་པའི་རྣམ་གྲངས་བརྒྱད་གསུངས་སོ། །སངས་རྒྱས་ཀྱིས་སྔར་ལུང་མ་བསྟན་པ་ཙམ་གྱིས་ཐེག་ཆེན་ཆོས་ལོག་མིན་པར་མ་ངེས་སྙམ་ན། སངས་རྒྱས་རྣམས་ནི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་


MR02_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཆོས་ཀུན་ལ་མངོན་སུམ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་མངའ་བས་མི་མཁྱེན་པ་ནི་མི་སྲིད་ལ། སེམས་ཅན་གྱི་དོན་དུ་བསྟན་པ་སྲུང་བར་མཛད་པའི་ཐུགས་རྗེ་དུས་ལས་མི་ཡོལ་བ་མངའ་བས་བསྟན་པ་ལ་གནོད་པའི་ཆོས་འབྱུང་བར་གཟིགས་ཀྱང་ལུང་མི་སྟོན་པར་བཏང་སྙོམས་སུ་བཞག་པར་མི་མཛད་པ་དང་། དུས་གསུམ་ཀུན་ལའང་ཡེ་ཤེས་ཀྱི་གཟིགས་པ་མ་སྒྲིབ་པར་འཇུག་པས་ན། རྒྱུ་མཚན་དེ་གསུམ་གྱི་ཕྱིར་ལུང་མི་སྟོན་པར་བཏང་སྙོམས་མཛད་པར་མི་རུང་ངོ་། །གཞན་ཡང་ཉན་ཐོས་ཀྱི་ཐེག་པ་འབའ་ཞིག་ཡུན་རིང་གོམས་པས་སངས་རྒྱས་སུ་འགྱུར་བ་མི་རིགས་ཏེ། ཐེག་པ་ཆེན་པོའི་ལམ་ནི་རང་དང་གཞན་གྱི་དོན་གཉིས་སྒྲུབ་པར་བྱེད་པ་ཡིན་ན། ཉན་ཐོས་ཀྱི་ཐེག་པར་གཞན་དོན་སྒྲུབ་པའི་བྱ་བ་མ་ཚང་བ་དང་། རང་འཁོར་བས་འཇིགས་ནས་སྐྱོ་ཞིང་ཆགས་པ་བྲལ་ཏེ་ཞི་བདེ་དོན་དུ་གཉེར་བས་གཞན་དོན་བསྒྲུབ་པར་འགལ་བ་དང་། བླ་མེད་བྱང་ཆུབ་ཐོབ་པའི་ཐབས་ནི་བདག་མེད་གཉིས་ཀ་རྟོགས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་དེ་གཉིས་གཙོ་བོ་ཡིན་ན་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ནི་དེ་ལྟ་བུའི་ཐབས་མིན་ཞིང་ཐབས་དེ་ལྟར་མ་བསྟན་པའི་ཕྱིར། ཉན་ཐོས་ཀྱི་ནི་ཐེག་པ་འདི་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་མིན་ཏེ་ཐེག་ཆེན་དང་འགལ་བའི་ཕྱིར་རོ། །ཇི་ལྟར་འགལ་ན། རང་དོན་ཡིད་བྱེད་ཀྱི་བསམ་པ་དང་ནི་བསམ་པ་དེ་དང་མཐུན་པར་དེའི་ལམ་ཡང་རང་དོན་ཞི་བ་ཙམ་ཐོབ་པའི་ཆེད་དུ་བསྟན་པ་དང་།


MR02_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དེ་ལྟ་བུ་ལ་བརྩོན་པས་སྦྱོར་བ་དང་ནི། རྟོག་པ་ཚོགས་གཉིས་རྒྱ་ཆེན་པོ་ལ་མི་འཇུག་པར་དམན་པ་དང་། དུས་ཡུན་ཐུང་ཚེ་གསུམ་ལ་སོགས་པས་འབྲས་བུ་མཐར་ཐུག་པ་ཐོབ་ནུས་པའི་ཕྱིར་ན་བསམ་པ་སོགས་ལྔ་པོ་དེ་ཐེག་ཆེན་ལས་དམན་པ་གང་ཡིན་པ་དེ་ནི་རྣམ་པ་ཀུན་ཏུ་ལམ་རང་གི་ངོ་བོས་ཐེག་པ་ཆེན་པོ་ལས་དམན་པ་ཁོ་ན་ཡིན་པས་ཐེག་ཆེན་དུ་ག་ལ་འགྱུར་ཞེས་སོ། །མདོ་སྡེ་ལ་མི་འཇུག་པ་སོགས་ཀྱི་སྐྱོན་བརྗོད་པ་དོན་མེད་དེ། ཉན་ཐོས་པའི་མདོ་སྡེ་སོགས་ཁ་ཅིག་དང་མ་མཐུན་པས་ཐེག་ཆེན་བཀའ་མིན་པར་མི་འགྲུབ་སྟེ། ཉན་ཐོས་སྡེ་པ་རྣམས་ཀྱི་མདོ་སྡེ་ཡང་ཕན་ཚུན་མི་མཐུན་པ་ཡོད་པས། ངེད་ཀྱི་འདོད་ཚོད་ཀྱི་མདོ་སྡེ་སོགས་དང་མི་མཐུན་ནོ་སྙམ་པ་ཁྱེད་རང་གི་བློ་སྐྱོན་ཡིན་གྱི། ཐེག་པ་ཆེན་པོའི་ཆོས་ཀྱི་སྐྱོན་མ་ཡིན་ཏེ། ཁྱེད་རང་གིས་མདོ་སྡེའི་དགོངས་དོན་ཟབ་མོ་མ་རྟོགས་པས་འགལ་བར་བཟུང་གི་སངས་རྒྱས་ཀྱི་གསུང་སྔ་ཕྱི་ལ་ནི་དོན་གྱིས་འགལ་བ་མེད་དོ། །མཆོག་གསུམ་དང་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་བྱིས་པའི་ངོར་ཀུན་བརྟགས་པ་ཙམ་དུ་ཡོད་པའམ་ཐ་སྙད་དུ་ཡོད་པར་ཐེག་ཆེན་པས་ཀྱང་འདོད་ལ། འདི་ནི་རྣམ་པ་ཀུན་ཏུ་བདེན་པར་གྲུབ་ཅིང་མི་བསླུ་བའོ་ཞེས་དེ་དག་རང་གི་ངོ་བོ་ཉིད་དོན་དམ་པར་མེད་པ་ནི་ཁྱེད་ཅག་གིས་རྟོགས་མི་ནུས་པས་སངས་རྒྱས་ཀྱིས་ཀྱང་ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ཏེ་སྐྱེ་འགག་དང་ཀུན་བྱང་དང་སྤང་བྱ་དང་གཉེན་པོ་ལ་སོགས་པ་གསུངས་ནས། ཆོས་རྣམས་ངོ་བོ་ཉིད་མེད་པ་མ་བསྟན་ཀྱང་། ངོ་བོ་ཉིད་མེད་པའི་སྟོང་པ་མ་ཡིན་པར་བསྟན་པ་ནི་མེད་དེ། གཟུགས་ནི་


MR02_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བ་རྡོས་པ་འདྲ་ཞེས་སོགས་ཕུང་པོ་ལྔ་གསོག་གསོབ་སྒྱུ་མ་ལྟར་གསུངས་པ་ཉན་ཐོས་ཀྱི་ཐེག་པར་ཡང་བསྟན་ཏོ། །དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ཆེས་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོ་རང་གི་དབང་དུ་བྱས་ནས་ལྷག་པའི་བསླབ་པ་གསུམ་བསྟན་པའི་མདོ་སྡེ་འདུལ་བ་མངོན་པའི་ཆོས་གསུམ་ཡོད་པས། རང་གི་མདོ་སྡེ་ཉིད་ལ་འཇུག་པ་དང་། ཐེག་ཆེན་རང་གི་ཉོན་མོངས་པའི་ཕྱོགས་འདུལ་བ་ལ་སྣང་བའི་ཕྱིར་དང་། ཟབ་པ་དང་རྒྱ་ཆེ་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར། ཐེག་པ་ཆེན་པོའི་མངོན་པ་ནས་བསྟན་པའི་ཆོས་ཉིད་དང་འགལ་བ་མེད་དོ། །སྔར་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཞེས་པ་དེར་མ་ངེས་ཏེ་རྟོག་གེ་པ་དཔྱོད་པ་ཅན་དག་གིས་ཅི་ཡང་རྩོམ་ནུས་སོ་སྙམ་ན་མ་ཡིན་ཏེ། རྟོག་གེ་ཞེས་པ་ནི་ཚུ་རོལ་མཐོང་བའི་སྤྱོད་ཡུལ་འབའ་ཞིག་ལ་རྟོག་དཔྱོད་བྱེད་ཀྱི། ཚུར་མཐོང་ལས་བརྒལ་བའི་དོན་ཟབ་མོ་ལ་འཇུག་མི་ནུས་པས་རྟོག་གེ་པ་ཞེས་གྲགས་སོ། །དེ་འདྲའི་རྟོག་གེ་པ་ནི་གཞན་གྱིས་བཤད་པའམ་རང་གིས་མཐོང་བའི་རྟགས་ཀྱི་རྒྱུ་མཚན་སོགས་ལ་བརྟེན་ཅིང་། དཔྱོད་པ་ཙམ་བྱེད་པ་དང་། ཤེས་བྱ་ཐམས་ཅད་ཡོངས་སུ་མ་ངེས་ལ་རང་གི་བློས་ཅི་ཙམ་བཟོད་པའི་དོན་ཉི་ཚེ་བ་ལ་བསམ་པ་ཙམ་ཡིན་པས་ཇི་སྙེད་པའི་ཤེས་བྱ་ཀུན་ལ་མ་ཁྱབ་པ་དང་། ཇི་ལྟ་བ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་མི་ཤེས་པར་ཚུལ་རོལ་མཐོང་བའི་རྒྱུད་ཀྱི་དབང་པོ་དང་ཡིད་ཀྱིས་ཅི་ཙམ་ཤེས་ནུས་པ་དེ་ཙམ་གྱི་ཀུན་རྫོབ་ཀྱི་སྤྱོད་ཡུལ་ཅན་ཡིན་པ་དང་། དོན་གྱི་གནས་ཟབ་ཅིང་རྒྱ་ཆེ་བ་གཞལ་བ་ལ་སྤོབས་པ་གཏུགས་ཤིང་


MR02_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མི་ནུས་པར་སྐྱོ་བ་ཅན་ཡིན་ལ། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་ལ་ནི་རྟེན་པར་འདོད་དོ། །རྒྱུ་མཚན་དེ་ཡི་ཕྱིར་ན་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བ་དང་རྒྱ་ཆེ་མུ་མེད་པའི་དོན་བསྟན་པའི་ཐེག་པ་ཆེན་པོ་དེ་ནི་རྟོག་གེ་དེ་ཡི་ཡུལ་མིན་ཏེ། སངས་རྒྱས་ཀྱིས་བཤད་པའི་ཆོས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་གཞན་ལ་རྟེན་པ་སོགས་རྟོག་གེའི་མཚན་ཉིད་གོང་བཤད་ཀུན་ལས་འདས་ཏེ་བསམ་གྱིས་མི་ཁྱབ་པ་ཡིན་པས། རྟོག་གེ་དང་མུ་སྟེགས་ཀྱི་ཆོས་ལ་འདི་ལྟ་བུའི་ཆོས་འབྱུང་མི་སྲིད་པས་དེ་དག་གི་གཞུང་ན་ས་དང་ཕར་ཕྱིན་སྟོང་པ་ཉིད་སོགས་ཐེག་ཆེན་ལས་བཤད་པ་དེ་ལྟ་བུ་སྔར་ཡང་མ་མཐོང་ལ་ཕྱིས་ཀྱང་མཐོང་མི་སྲིད་དོ། །ཉན་ཐོས་ཀྱི་ཐེག་པར་འཚང་རྒྱ་བའི་ཐབས་མ་བསྟན་ན་ཐེག་པ་ཆེན་པོ་ལས་ཇི་ལྟར་བསྟན་ཞེ་ན། རྒྱ་ཆེའི་ཕྱིར་དང་སོགས་ཚིགས་བཅད་གཅིག་གསུངས་ཏེ། ཇི་སྙེད་པ་ས་དང་ཕར་ཕྱིན་སོགས་རྒྱ་ཆེ་བའི་ཆོས་བསྟན་པའི་ཕྱིར་དང་། ཇི་ལྟ་བ་ཟབ་མོ་སྟོང་པ་ཉིད་བསྟན་པའི་ཕྱིར། རྒྱ་ཆེ་བ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་རང་གི་རྒྱུད་ཡོངས་སུ་སྨིན་པ་དང་། ཟབ་པ་སྟོང་ཉིད་རྟོགས་པའི་དབང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་དེ་ཕྱིར་ཐེག་པ་ཆེན་པོ་འདི་ལས་ཟབ་དང་རྒྱ་ཆེ་དེ་གཉིས་བསྟན་ཏེ། དེ་ནི་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ཡིན་ནོ། །ཉན་ཐོས་རང་དོན་དུ་འཁོར་བའི་སྡུག་བསྔལ་ཞི་བ་དོན་དུ་གཉེར་བ་རྣམས་ནི་གང་ཟག་གི་བདག་མེད་ཙམ་ཤེས་པས་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱང་ཐེག་ཆེན་པ་ལ་ལྟོས་ན་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟར་རྒྱ་ཆུང་ཞིང་། ཇི་


MR02_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་པ་རྟོགས་པའང་སྨོན་ནས་ཤེས་པའི་མཐུས་ཡུལ་དུས་རྣམ་པས་ཤིན་ཏུ་བསྐལ་བར་མ་གྱུར་པའི་དངོས་པོ་ཙམ་བརྟགས་ན་ཤེས་པ་དང་། དམ་པའི་ཆོས་ཀྱང་ཚད་མེད་པ་མ་རྟོགས་ཀྱང་། རྟེན་འབྲེལ་སྙིང་པོའི་ཚིགས་བཅད་གཅིག་ཙམ་གྱི་དོན་ལས་བདག་མེད་པར་རྟོགས་ནས་འབྲས་བུ་ཐོབ་ནུས་སོ། །ཐེག་པ་ཆེན་པོའི་ཟབ་མོའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་བྱ་ཀུན་གྱི་རྗེས་སུ་སོང་བས་ནམ་མཁའ་ལྟར་རྒྱ་ཆེ་བ་དང་། རིག་པའི་གནས་ལྔ་དང་།ནང་དོན་གྱི་རིག་པ་ཐེག་པ་གསུམ་གྱི་ཆོས་རྒྱ་ཆེ་ཞིང་གྲངས་ཚད་མེད་པའི་ཡུལ་ཅན་ཡིན་ནོ། །ཐེག་ཆེན་པའི་བསོད་ནམས་ཀྱི་ཚོགས་ནི་རྒྱ་མཚོ་ཆེན་པོའི་ཆུ་ལྟར་ཚད་མེད་ལ། ཉན་ཐོས་པའི་བསོད་ནམས་ཀྱི་ཚོགས་ནི་བ་ལང་གི་རྨིག་རྗེས་ཀྱི་ཆུ་ལྟར་ཆུང་བ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཐེག་པ་ཆེན་པོ་ལ་ལོག་པར་འཛིན་པ་སྤང་བར་གདམས་པ་ལ། འགྲོ་བ་དེའི་གནས་སོགས་ཚིགས་བཅད་བརྒྱད་གསུངས་ཏེ། འགྲོ་བ་དམན་པ་རྣམས་ནི་སྐྲག་པ་དེའི་གནས་མིན་པ་ཐེག་ཆེན་ལ་སྐྲག་པ་ཡིས་རང་གི་ཡིད་གདུང་བར་བྱེད་ཅིང་ཆོས་ལ་སྡང་བར་བྱེད་དོ། །དེས་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་བསགས་པར་བྱས་ནས་དུས་ཕྱི་མར་དམྱལ་བའི་སྡུག་བསྔལ་གྱིས་ཡུན་རིང་དུ་གདུང་བར་བྱེད་དོ། །དེ་ལྟར་ཐེག་ཆེན་ལ་སྐྲག་ནས་འདོར་བ་དེ་རྒྱུ་གང་ལས་འབྱུང་ན་ཐེག་ཆེན་གྱི་རིགས་མེད་པ་དང་། རྐྱེན་ཐེག་ཆེན་ལ་སྡང་བའི་གྲོགས་ངན་པས་བཟུང་བ་དང་། སྔོན་གྱི་དགེ་བ་མ་བསགས་པས་མོས་པར་མི་ནུས་པ་དང་། ཚེ་འདིར་ཟབ་དོན་ལ་


MR02_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བློ་མ་སྦྱངས་པ་རྣམས་ཐེག་པ་ཆེན་པོའི་ཆོས་འདིས་སྐྲག་པར་འགྱུར་ཞིང་། འདི་ན་ཐེག་པ་ཆེན་པོའི་ཆོས་ཡོད་བཞིན་དུ་དེ་ལ་གུས་པར་མི་བྱེད་པར་དོན་ཆེན་པོ་འདི་ལས་ལྟུང་བར་འགྱུར་བ་ཡིན་པས་ཅི་ནས་དེ་ལྟར་ཤེས་པས་བག་ཡོད་པའི་སེམས་ཀྱིས་ཉེས་པ་དེ་ལས་རང་བསྲུང་བར་གྱིས་ཤིག་ཅེས་གདམས་པའོ། །ཐེག་པ་ཆེན་པོ་དེ་ལས་མཆོག་ཏུ་གྱུར་པའི་ཐེག་པ་གཞན་དང་གཞན་ཡུལ་དུས་གང་ན་ཡང་མེད་ལ། དེའི་དགོངས་པ་ཤིན་ཏུ་ཟབ་ཅིང་གདུལ་བྱའི་བསམ་པའམ་ཤེས་བྱའི་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཕྱིར། རྗེས་སོང་གི་དོན་ཐེག་པ་ཆེ་ཆུང་དུས་མཚུངས་སུ་བྱུང་བ་ལ་འཆད་པའང་ཡོད། མཆན། ས་དང་ཕར་ཕྱིན་བྱང་ཕྱོགས་ཕུང་ཁམས་སྐྱེ་མཆེད་གནས་གནས་མིན་སོགས་རྒྱ་ཆེ་བའི་ཆོས་ཀྱི་རྣམ་པ་སྣ་ཚོགས་སྟོན་ཅིང་། སྟོང་པ་ཉིད་སོགས་ཆོས་ཀྱི་རྣམ་གྲངས་རེ་རེ་ཡང་ཚིག་དང་དོན་གྱི་རྣམ་པ་ཐ་དད་པའི་མདོ་སྡེ་མང་པོའི་སྒོ་ནས་ཡང་ཡང་རྟག་ཏུ་སྟོན་པ་དང་ལྡན་ལ་དགོངས་པ་དང་ལྡེམ་དགོངས་ཀྱི་སྒོ་ནས་བསྟན་པ་ཕལ་ཆེར་ཇི་སྐད་བཤད་པའི་ཚིག་དེ་བཞིན་དོན་དུ་གཟུང་བར་བྱ་བའང་མིན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་ཤིན་ཏུ་ཟབ་པའོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཐེག་ཆེན་གྱི་ཆོས་འདིས་སྐྲག་པར་མི་འགྱུར་བར་སླར་ངོ་མཚར་ཞིང་གུས་པའི་འདུ་ཤེས་སྐྱེ་བའི་ཕྱིར་བརྟགས་པར་བྱ་ཡི་མ་བརྟགས་པར་སྤང་བར་མི་བྱའོ། །ཞེས་གདམས་པའོ། །བརྟགས་ཀྱང་ངེས་པ་མ་རྙེད་པ་ཡང་སྲིད་མོད་ཀྱི་དེ་ནི་ཟབ་མོའི་དོན་ལ་སོ་སོ་རང་གིས་རིག་པ་


MR02_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལྟ་ཅི་རྗེས་སུ་མཐུན་པའི་བློ་གྲོས་མ་སྐྱེས་པས་ཡིན་པར་བསྟན་པ་ནི། ཆོས་ལ་འཇུག་པའི་གནས་སྐབས་འདི་ན་དང་པོ་ཐོས་པ་ལ་བརྟེན་ནས་དེའི་དོན་ཡིད་ལ་བྱེད་པ་འབྱུང་སྟེ་མ་ཐོས་པར་བསམ་པའམ་ཡིད་བྱེད་དེ་འབྱུང་མི་སྲིད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་དོན་ཡུལ་དུ་བྱེད་པའི་མོས་སྤྱོད་པའི་བཟོད་པའི་ཡེ་ཤེས་འབྱུང་ལ། དེ་ལས་འཕགས་པའི་ཆོས་ས་དང་པོ་ཐོབ་པ་དང་། དེ་ལས་ས་བཅུའི་ཡེ་ཤེས་སམ་བློ་གྲོས་རབ་ཏུ་སྐྱེ་བ་ཡིན་ཡང་། གང་གི་ཚེ་ཡང་དག་པའི་དོན་ཟབ་མོ་དེ་ནི་རྟོགས་པར་བྱེད་པ་དག་ཚུར་མཐོང་གི་བློས་ནམ་ཡང་མ་ཡིན་ཏེ་སོ་སོ་རང་རིག་པ་ཡིན་ལ། དེ་འདྲའི་སོ་སོ་རང་རིག་མེད་ན་གཞན་རྟོག་གེའི་བློ་གྲོས་ཀྱིས་ཇི་ལྟར་ངེས་ཏེ་གཟུགས་ལ་ལྟ་བའི་མིག་མེད་ན་རྣ་བ་སོགས་ཡོད་ཀྱང་མི་མཐོང་བ་བཞིན་ནོ། །དེའི་ཕྱིར་ན་རང་གིས་ཐེག་ཆེན་གྱི་དོན་ཁོང་དུ་མ་ཆུད་ཀྱང་སྤང་བར་མི་རིགས་ཏེ། བདག་གིས་མི་ཤེས་པས་ན་འདི་ཆོས་ཡང་དག་མིན་ནོ་ཞེས་བསམ་པར་མི་རུང་སྟེ། བདག་ཚོགས་མ་བསགས་པས་ཟབ་མོའི་དོན་རྟོགས་པའི་སྐལ་བ་མེད་པས་ན། དམུས་ལོང་གིས་ཉི་མ་ཡོད་ཀྱང་མི་མཐོང་བ་བཞིན་ནོ། །སངས་རྒྱས་ཀྱིས་ཀྱང་ཟབ་མོ་གང་ཞིག་བདག་ཅག་གི་བློའི་ཡུལ་དུ་མ་གྱུར་པ་མཁྱེན་པ་མ་ཡིན་ཞེས་བསམ་པར་མི་རིགས་ཏེ། བདག་ཅག་ཡང་དག་པའི་དོན་ལ་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་རྒྱས་ནི་སྒྲིབ་པ་ཐམས་ཅད་བྲལ་བའི་ཡེ་ཤེས་མངའ་བའི་ཕྱིར་བདག་གིས་མི་ཤེས་པ་སངས་རྒྱས་ཀྱིས་ཅིས་མི་མཁྱེན་ཏེ། རབ་རིབ་ཅན་གྱིས་གཟུགས་ཕྲ་མོ་མ་མཐོང་ཡང་ལྷའི་མིག་གིས་མི་


MR02_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་མ་ཡིན་པ་བཞིན་ནོ། །ཟབ་མོ་ཡིན་ཡང་ཅིའི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན་ཞེས་བསམ་པར་མི་བྱ་སྟེ། རྟོག་གེའི་ཤེས་པ་ཙམ་ལས་མ་འཕགས་ན་སངས་རྒྱས་རྣམས་ཟབ་མོ་མངོན་པར་བྱང་ཆུབ་པར་ག་ལ་འགྱུར། ཅིའི་ཕྱིར་ཟབ་མོའི་དོན་སྐྱེ་འགགས་མེད་པ་རིག་པ་དག་ཐར་བར་འགྱུར་ལ། མངོན་རྗེས་ཀྱི་ཚད་མས་དཔྱོད་པའི་རྟོག་གེ་པ་དག་ཐར་བར་མི་འགྱུར་ཞེས་བསམ་པར་བྱ་བ་དེ་ནི་ཐེག་ཆེན་ལ་སྐྲག་པའི་གནས་སུ་རིགས་པ་མ་ཡིན་ཏེ། མངོན་རྗེས་ཙམ་གྱིས་དངོས་པོ་ལ་ཡོངས་སུ་རྟོག་པས་གྲོལ་ན་སེམས་ཅན་ཐམས་ཅད་ཡེ་ནས་གྲོལ་བར་རིགས་ན་ཡང་། དེ་མི་འཐད་དེ་དངོས་པོ་ལ་མངོན་པར་ཞེན་པས་འཆིང་ཞིང་དངོས་པོ་རང་བཞིན་མེད་པར་ཤེས་ན་གྲོལ་བར་འཐད་པའི་ཕྱིར་རོ། །དེ་ལྟར་བྱིས་པ་རྟོག་གེ་པ་རང་གི་བློ་གྲོས་ཚད་མར་བཟུང་ནས་འཕགས་ཆེན་རྣམས་ཀྱིས་གཟིགས་པའི་ཆོས་ཀྱི་དོན་ཟབ་མོ་སྤངས་པ་ནི་ཁྲོན་པའི་རུས་སྦལ་གྱི་དཔེ་དང་། དམུས་ལོང་གིས་མིག་ལྡན་ལ་འགྲན་པ་ལྟ་བུ་ཤིན་ཏུ་བློ་གྲོས་བླུན་པ་སྟེ་རང་བློ་ཚད་མིན་ལ་དཔང་པོར་བྱས་ནས་ཚད་མ་སུན་འབྱིན་པའི་ཕྱིར་རོ། །འདི་ལྟར་བསམ་པ་དམན་པར་མོས་ཤིང་། རྒྱུ་རིགས་སམ་ཁམས་ཀྱང་ཤིན་ཏུ་དམན་པ་དང་། རྐྱེན་གྲོགས་པོ་དམན་པ་ཐེག་ཆེན་ལ་སྡང་བ་དག་གིས་ཡོངས་སུ་བསྐོར་བ་དེ་དག །ཟབ་ཅིང་རྒྱ་ཆེ་བའི་དོན་མ་ནོར་བར་བཤད་པའི་ཆོས་འདི་ལ་གལ་ཏེ་མོས་པ་མེད་པ་དེ་ཉིད་ཀྱིས་ཆོས་འདི་མཆོག་ཏུ་གྲུབ་པ་ཡིན་ཏེ། དམན་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཐུན་མོང་མིན་པའི་ཆོས་སུ་མཁས་པ་རྣམས་ཀྱིས་ཤེས་སོ། །ཐོས་པའི་རྗེས་སུ་


MR02_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་ཏེ་རིགས་མི་རིགས་ཅུང་ཟད་ཅིག་དཔྱོད་པའི་བློ་དང་ལྡན་པ་ཐོབ་ནས་ནི། ད་དུང་རང་གིས་སྔར་མ་ཤེས་པའི་དོན་ཟབ་མོ་ལ་མི་དཔྱོད་པར། གང་ཞིག་ཐོས་པ་གཞན་ཐེག་ཆེན་ལ་མ་བརྟགས་པར་རབ་ཏུ་བརྙས་པར་བྱེད་པ་ནི་མི་རིགས་ཏེ། ཅིའི་ཕྱིར་ན་ཁྱོད་རང་གིས་ཐེག་པ་ཆེན་པོའི་དགོངས་དོན་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་མ་ཤེས་པར་ལྷག་མར་ལུས་པ་ལ། འདི་རིགས་མི་རིགས་ཆོས་ཡིན་མིན་ཞེས་རྨོངས་པ་ཁྱོད་གང་གི་ཕྱིར་ན་ངེས་པར་བྱེད་དེ་དོན་ཚུལ་བཞིན་མ་ཤེས་པར་བླང་བྱ་དང་དོར་བྱའི་ཁྱད་པར་ངེས་པར་མི་ནུས་པའི་ཕྱིར་རོ། །མདོ་ལས་གཟུགས་མེད་སྒྲ་མེད་སོགས་དོན་གང་ཞིག་སྒྲ་ཡིས་བསྟན་ཚོད་ལྟར་དེ་ཇི་བཞིན་དུ་ངེས་པར་ཡོངས་སུ་རྟོགས་པའམ་ཁོང་དུ་ཆུད་དོ་ཞེས་དགོངས་པ་མ་ཤེས་པར་ཕྱིན་ཅི་ལོག་ཏུ་བཟུང་ན། ཚིག་དེའི་དོན་བདག་གིས་ཤེས་སོ་སྙམ་དུ་སྙེམས་པ་སྐྱེ་ཞིང་། དོན་ཡང་དག་པར་མ་ཤེས་པས་བློ་ཉམས་པར་འགྱུར་བ་དང་། དེ་དང་དེ་ལྟ་བུ་ལ་བརྟེན་ནས་ལེགས་པར་གསུངས་པ་གཞན་ཡང་སྤངས་པར་བྱེད་པས་ན།རང་ཉིད་བརླག་པར་འགྱུར་ཏེ་ཅིའི་ཕྱིར་ན་ཟབ་མོའི་ཆོས་ལ་ཁོང་ཁྲོ་བས་སྒྲིབ་པ་ཚབས་པོ་ཆེ་བསགས་པར་འགྱུར་བས་སོ། །དེའི་རྒྱུ་མཚན་ཡིད་ཀྱི་ཉེས་པ་ཁྲོ་བ་ནི་རང་བཞིན་གྱིས་གདུག་པ་སྟེ། ལུས་ངག་གི་བྱ་བ་ལྟར་ཀུན་སློང་སོགས་ཀྱིས་གཞན་དུ་མི་འགྱུར་བ་ངོ་བོ་ཉིད་ཀྱི་ཁ་ན་མ་ཐོ་བ་ཡིན་པ་སྟེ། དེའི་ཕྱིར་ཡིད་དུ་མི་འོང་ཞིང་གནོད་པའི་རྐྱེན་དུ་གྱུར་པའམ། མི་རིགས་པ་ཡི་གཟུགས་མགལ་དུམ་སོགས་ལའང་ཁྲོ་བར་མི་རིགས་པ་ནི། ཉན་ཐོས་ཀྱི་གཞུང་སོག་ལེ་ལྟ་བུའི་མདོ་ལས། དགེ་སློང་དག་མེས་ཚིག་པའི་


MR02_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མགལ་དུམ་ལ་ཡང་ཁྲོ་བའི་སེམས་ཀྱང་སྐྱེད་པར་མི་རིགས་ན། སེམས་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས། ཞེས་གསུངས་པ་དེ་ལྟར་ན། ཆོས་ཡང་དག་ཡིན་མིན་གཏན་ལ་མ་ཕབ་པར་ཐེ་ཚོམ་ཟ་བའི་ཆོས་ལ་ཁྲོ་བ་མི་རུང་བ་ནི་སྨོས་ཅི་དགོས་ཏེ།ཡང་དག་པ་ཐེག་པ་ཆེན་པོའི་ཆོས་སྤངས་ན་འཇིག་རྟེན་གྱི་ཁམས་དུ་མ་ཆགས་འཇིག་གི་བསྐལ་བ་མང་པོར་ཡང་ནས་ཡང་དུ་བརྒྱུད་དེ་མནར་མེད་དུ་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་མྱོང་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་རང་གིས་ཉམས་འོག་ཏུ་མ་ཆུད་པའི་ཆོས་གང་ལ་ཡང་མོས་པ་མ་སྐྱེས་སུ་ཟིན་ཀྱང་ཁྲོ་བ་དང་བརྙས་པའི་སྒོ་ནས་སྨད་པར་མི་བྱ་བར་བཏང་སྙོམས་སུ་བཞག་ན་ལེགས་ཏེ་རང་ལ་ཉེས་པ་འབྱུང་བ་མེད་པས་སོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ཐེག་པ་ཆེན་པོ་སྒྲུབ་པའི་སྐབས་ཀྱི་ལེའུ་སྟེ་གཉིས་པའི་དོན་རྣམ་པར་བཤད་པའོ།། །།


previousགཉིས་པ་ཐེག་བཀའ་བསྒྲུབ་བྱེ་བྲག་ཏུ་བཤད་པའི་ལེའུ།next