Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫས་བྱིན་རླབས་ཁ་བསྒྱུར།
   
   
   
   
   
   
   
   
   
   
   
   
   
   


 
previousརྫས་བྱིན་རླབས་ཁ་བསྒྱུར།next

རྫས་བྱིན་རླབས་ཁ་བསྒྱུར།


MR05_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བྱིན་རླབས་དུ་བསང་ཆུའི་རྗེས་བཀྲུ་བ་སྦྱར་བར་བྱ་སྟེ། ལག་གཉིས་ཁུ་ཚུར་ཁ་སྦྱར་བའི་གུང་མོ་གཉིས་བསྒྲེང་བ་རྩེ་སྤྲད་པ་རྫས་རྣམས་ལ་གཏད་དེ། ཨོཾ་སྭཱ་ཧཱ། ཞེས་པས་རྫས་རྣམས་སྤྱིར་བཀྲུ་དེ་ནས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ་ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ་ཨོཾ་ཛྲིཾ་སྭཱ་ཧཱ། རྫས་ལྷག་མ་ཀུན་ལ་ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་རྫས་རྣམས་བཀྲུས་སྐྱོན་ཀུན་དག་པར་བསམ། དེ་ནས་སྭ་བྷཱ་ཝ་ལ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སོགས་བྱིན་རླབས་གཞུང་ལྟར་བྱས་རྗེས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། སོགས་རང་སྔགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། ཡེ་ཤེས་ཀྱི་ཐབ་ཁུང་སེར་པོ་གྲུ་ལ་བཞི་རྒྱར་ཁྲུ་དོ་ཟབས་སུ་ཁྲུ་གང་བ་མུ་རན་ཁ་ཁྱེར་དང་བཅས་པའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ནང་གི་དབུས་སུ་ཨུཏྤ་ལ་དང་རལ་གྲིས་མཚན་པའི་རིན་པོ་ཆེས་སྤྲས་པ་ནང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། མེ་ལྷ་སེར་པོ་ཞེས་བསྒྱུར། རྫས་ཆེན་བཅུ་བདུན་དུས་རང་སྔགས་ལན་བདུན་སོགས་མཐར་ཨོཾ་བོ་དྷི་བྲྀཀྵ་ཡ་མ་མ་པྲ་ཛྙཱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ་ཞེས་ལས་སྔགས་གསུམ་ལྟ་བུར་སྦྱར། བདག་ཅག་རྣམས་ཀྱི་གཟུངས་དང་སྤོབས་པ་བློ་གྲོས་གཙོ་བོར་གྱུར་པའི་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་དང་གཟི་བརྗིད་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ་ཞེས་སོགས་ཀུན་ལ་དེས་


MR05_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེ། འདོད་གསོལ་དུའང་། གོང་ལྟར་ལ་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་སྦྱར། འདས་ལྷའི་སྐབས་ལྷ་དེ་དག་ཐམས་ཅད་འཛུམ་ཞིང་ཚིམ་པའི་ཉམས་ཅན་འོད་ཟེར་སེར་པོ་འཁོར་འདས་ཡོངས་ལ་ཁྱབ་པར་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་གཟུངས་དང་སྤོབས་པ་བློ་གྲོས་དང་ཡེ་ཤེས་ངག་གི་དཔལ་ཡོན་གཙོ་བོར་གྱུར་པའི་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་པར་གྱུར། ལས་སྔགས་དུས་དམིགས་པ་ནི། ཡེ་ཤེས་འདོད་དགུའི་རང་བཞིན་རྫས་དེ་དག་ཕུལ་བས་ལྷ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཤིན་ཏུ་དགྱེས་པའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མདུན་གྱི་ལྷའི་རྣམ་པར་སྤྱན་དྲངས། ཕྱག་ན་གསེར་གྱི་བུམ་པ་བདུད་རྩིས་གང་བས་ཟླ་བ་སེར་པོ་ལ་གནས་པ་བདག་ཅག་རྣམས་ལ་དབང་བསྐུར་བས་རང་ལུས་གང་ཞིང་བློ་དང་ཡེ་ཤེས་རྒྱས། གཞན་ཡང་ནོར་བུའི་ཆར་རྒྱུན་གྱིས་ཕྱོགས་ཐམས་ཅད་གསེར་ཞུན་མ་ལྟར་ལྟེམ་མེར་གང་བས་རྒྱས་པའི་ཕྲིན་ལས་ཡིད་བཞིན་དུ་གྲུབ་ཅིང་དངས་བཅུད་བདག་ལ་འདུས་པར་བསམ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ མ་མ་པྲ་ཛྙཱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ་ཞེས་པའི་སྔགས་ཀྱིས་ར་དཀར་དང་བ་དམར་གཙོ་བོར་གྱུར་པའི་འོ་མ་དང་སྦྲང་རྩི་སྲེག་བླུགས་ཀྱིས་བློ་གྲོས་དང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པར་རྒྱས་པར་བྱའོ། །བློ་གྲོས་རྒྱས་པའི་ཁ་བསྒྱུར་ཆུ་ལུག་ཟླ་བ་བདུན་


MR05_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེས་དགུ་ལ་བློ་རྒྱས་སྲེག་བླུག་སྐབས་མཁོ་བས་མི་ཕམ་པས་བྲིས་དགེའོ། །བཀྲ་ཤིས་སོཿ ༈། །བསང་བའི་རྗེས་ལག་གཉིས་ཁུ་ཚུར་ཁ་སྦྱར་བའི་གུང་མོ་གཉིས་བསྒྲེངས་ལ་རྩེ་སྤྲད་པ་རྫས་རྣམས་ལ་གཏད་དེ། ཨོཾ་སྭཱ་ཧཱ། ཞེས་པས་རྫས་རྣམས་བཀྲུས་པར་བསམ། སླར་ཡམ་ཤིང་ལ་ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ་ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ་ཨོཾ་ཛྲིཾ་སྭཱ་ཧཱ། རྫས་ལྷག་མ་ཀུན་ལ་ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་བཀྲུས་པས་སྐྱོན་བཀྲུས་ཏེ་དག་པར་བསམ། སྟོང་པར་སྦྱངས་ནས་བྱིན་བས་གཞུང་ལྟར་བྱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། སོགས་རྫས་སྔགས་རྣམས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་སོ། །མེ་བསང་ཞིང་འབྲུ་གསུམ་གྱིས་བྱིན་རླབས་སྔར་གྱི་ཀུ་ཤ་གཉིས་བཅིང་པ་བ་ལང་གི་རྣ་བ་ལྟ་བུ་ཞི་བ་ལ་ཐོག་མར་ཤར་དུ་རྩེ་བསྟན་རྒྱས་བྱང་སོགས་སྔ་མའི་རྩ་བ་ཕྱི་མས་ནོན་པར་བཀྲམ། ཡེ་ཤེས་ཀྱི་ཐབ་ཁུང་སེར་པོ་གྲུ་བཞི་རྒྱར་ཁྲུ་དོ་ཟབས་སུ་ཁྲུ་གང་བ་མུ་རན་ཁ་ཁྱེར་དང་བཅས་པའི་ཁ་ཁྱེར་ལ་རིན་པོ་ཆེས་ཕྲེང་བས་བསྐོར་ཞིང་ནང་གི་དབུས་སུ་ཨུཏྤ་ལ་དང་རལ་གྲིས་མཚན་པའི་རིན་པོ་ཆེས་སྤྲས་པ་ནང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། ཐབ་དབུས་པད་ཉིའི་གདན་ལ་འཁོད་པ་ནི། མེ་ལྷ་སེར་པོ་སོགས། ཨོཾ་བོ་དྷི་པྲྀཀྵ་ཡ་མ་མ་པྲ་ཛྙཱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ་ཞེས་གཅིག་དང་། བདག་ཅག་རྣམས་ཀྱི་གཟུངས་དང་སྤོབས་


MR05_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློ་གྲོས་གཙོ་བོར་གྱུར་པའི་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་དང་གཟི་བརྗིད་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ་སོགས་ཀུན་ལ་འགྲེ། འདོད་གསོལ་དུ་གོང་གི་མཐར། དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་ཞེས་སྦྱར། ལྷ་དེ་དག་ཐམས་ཅད་འཛུམ་ཞིང་ཚིམ་པའི་ཉམས་ཅན་འོད་ཟེར་སེར་པོ་འཁོར་འདས་ཡོངས་ལ་ཁྱབ་པར་སྤྲོ་བ་དང་བསྡུ་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་གཟུངས་དང་སྤོབས་པ་བློ་གྲོས་དང་ཡེ་ཤེས་ངག་གི་དཔལ་ཡོན་གཙོ་བོར་གྱུར་པའི་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་པར་གྱུར། ཐབ་ནང་གི་ལྷ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་དགྱེས་པའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལྷའི་རྣམ་པར་སྤྱན་དྲངས། ཕྱག་ན་གསེར་གྱི་བུམ་པ་བདུད་རྩིའི་གང་བས་དབང་བསྐུར་བས་རང་ལུས་གང་ཞིང་བློ་དང་ཡེ་ཤེས་རྒྱས། གཞན་ཡང་ནོར་བུའི་ཆར་རྒྱུན་གྱིས་ཕྱོགས་ཐམས་ཅད་གསེར་ཞུན་མ་ལྟར་ལྟེམ་མེ་གང་བས་རྒྱས་པའི་ཕྲིན་ལས་ཡིད་བཞིན་དུ་གྲུབ་ཅིང་དངས་བཅུད་བདག་ལ་འདུས་པར་བསམ། རྩ་སྔགས་དང་། མ་མ་པྲ་ཛྙཱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ། ཞེས་པའི་ཤམས་གདགས་པར་བྱའོ།། །།


previousརྫས་བྱིན་རླབས་ཁ་བསྒྱུར།next