Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་མར་མེ་མཆོད་པའི་ལག་ལེན་མདོར་བསྡུས་འབེལ་གཏམ་རྣ་བའི་བདུད་རྩི།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་མར་མེ་མཆོད་པའི་ལག་ལེན་མདོར་བསྡུས་འབེལ་གཏམ་རྣ་བའི་བདུད་རྩི།next

འཇམ་དཔལ་མར་མེ་མཆོད་པའི་ལག་ལེན་མདོར་བསྡུས་འབེལ་གཏམ་རྣ་བའི་བདུད་རྩི།


MR05_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་མར་མེ་མཆོད་པའི་ལག་ལེན་མདོར་བསྡུས་འབེལ་གཏམ་རྣ་བའི་བདུད་རྩི་བཞུགས། །


MR05_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་མར་མེ་མཆོད་པ་ཇི་ལྟར་བྱ་བའི་ལག་ལེན་མདོར་བསྡུས་འགོད་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒྲུབ་མཆོད་ཞག་བདུན་ནམ་ལྔའམ་གསུམ་གང་རིགས་སོང་བའི་ཞག་ཐ་མ་ལ། བླ་མའམ་དགེ་བསྐོས་སོགས་ཀྱིས་སྤྱིར་མཆོད་པ་འདིའི་ཕན་ཡོན་དང་རྟེན་འབྲེལ་གྱི་ཆེ་བ་དང་། དེ་རིང་གི་མཚན་སྟོད་ཀྱི་མཆོད་པའི་དུས་ཀྱི་སྒོ་གསུམ་གྱི་བྱ་བ་ཆེད་དུ་བརྡའ་སྦྱར་བར་བྱ་སྟེ། དེ་ཡང་། རིག་གྲོལ་འདུས་པ་རྒྱ་མཚོ་ནས་ལེགས་པར་གསན་རྒྱུར། རང་རེ་སྙིགས་མའི་དུས་སུ་སྐྱེས་ཤིང་ལམ་དོན་གཉེར་གྱི་གང་ཟག་རྣམས་


MR05_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆེད་དུ་གཉེར་བར་བྱ་བ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་ཡིན་ལ། དེ་ཐོབ་པར་བྱེད་པའི་རྒྱུ་ནི་ཚོགས་གཉིས་པོ་ཁོ་ན་ཡིན་ཅིང་། དེ་ལྟ་བུའི་ཚོགས་ཀྱང་བསོད་ནམས་ལ་རག་ལས་པས་བསོད་ནམས་འདི་གལ་ཆེ་བ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སྤང་། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་པ་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་པ་ལྟར་མཐར་ཐུག་སངས་རྒྱས་ཀྱི་ས་ནས། འཇིག་རྟེན་གྱི་བདེ་སྐྱིད་སྙན་གསུམ་ཕྲ་མོ་ཙམ་ཡན་ཆོད་བསོད་ནམས་ལ་བརྟེན་ནས་


MR05_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་ཤ་སྟག་ཡིན་པས་བསོད་ནམས་བསགས་པ་གལ་ཆེ་ཚུལ་མདོ་རྒྱུད་ཀྱི་ལུང་དང་། སྤྲོ་ན་རྒྱལ་བུ་བསོད་ནམས་སྟོབས་ལ་སོགས་པའི་གཏམ་རྒྱུད་ཀྱིས་བརྒྱན་ཏེ་བཤད། འོ་དེ་ལྟ་བུའི་བསོད་ནམས་བསགས་པའི་ཐབས་མང་དུ་ཡོད་ཀྱང་། མཆོག་ཏུ་གྱུར་པ་ནི་མཆོད་པ་ཡིན་ལ། མཆོད་པ་བགྱིས་པའི་ཕན་ཡོན་ཚད་མེད་པ་ཡང་། མདོ་ལས། མེ་ཏོག་གཅིག་ཙམ་གྱིས་ཀྱང་མཆོད་པ་ཡང་། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །ལུས་འཁྲུགས་བཞིན་དུ་སེམས་ཀྱིས་ཕུལ་བ་ན། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་དང་། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ཙམ་ནམ་མཁར་གཏོར་ན། རང་སྔོན་གྱི་མཐའ་མི་མངོན་པ་དེ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ་བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་ཐོབ་པའི་མཐའ་མི་རྙེད། ཅེས་དང་། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་། །ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་གྱུར་དུ། །འདུས་བྱས་འདི་ན་བར་མ་དོར་ནི་ཟད་མི་འགྱུར། །ཞེས་དང་། རྩ་སྐམ་སྤུངས་པ་རི་བོའི་མཆོག་ཙམ་ཡོད་གྱུར་ཀྱང་། །མེ་མདག་


MR05_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་འབྲུ་ཙམ་གྱིས་དེ་ནི་འཚིག་འགྱུར་ཏེ། །དེ་བཞིན་བདེ་གཤེགས་མཆོད་པ་ཅུང་ཟད་ཅིག་བྱས་ཀྱང་། །ཉོན་མོངས་ཐམས་ཅད་འཚིག་བྱེད་མྱ་ངན་འདས་རྒྱུར་འགྱུར། །ཞེས་པ་ལ་སོགས་པས་མཚོན་ཏེ་ལུང་དུ་མ་དང་། དབང་པོ་རྟུལ་པོ། རྣོན་པོ། འབྲས་གནས་དང་། བྱང་སེམས་དང་སངས་རྒྱས་ཀྱི་བར་གོང་ནས་གོང་དུ་ཡོན་ཏན་གྱི་ཞིང་ཁྱད་པར་འཕགས་པའི་ཚུལ་དང་། སངས་རྒྱས་ཀྱི་ཡོན་ཏན་བསམ་མི་ཁྱབ་པ། རྡོ་འཕང་བའི་མདོ་དང་གསང་བ་བསམ་མི་ཁྱབ་པའི་མདོ་ལ་སོགས་པ་བཞིན་དུ་རྒྱས་བསྡུས་ཅི་རིགས་དང་། སངས་རྒྱས་ལ་དམིགས་པའི་དགེ་རྩ་ཡང་ཆུད་མི་ཟ་བ་ཡིན་པར་མདོ་ལས་གསུངས་པ་ལྟར་དང་། དེ་ལས་བྱེ་བྲག་དུའང་། སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་ལས། འཇམ་དཔལ་ཞེས་ལན་གཅིག་བརྗོད་པ་ཕན་ཡོན་ཆེ་བར་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པས་གསུངས་པ་དང་། དེའི་རྒྱུ་མཚན་ནི། འཇམ་དཔལ་ཞེས་བྱ་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་གང་ཡིན་པ་ལ་བྱ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་སེམས་དཔར་གྱུར་པས་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་


MR05_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མཚན་དུ་གྲགས་པ་དེ་ཉིད། བདེ་བར་གཤེགས་པའི་མགྲིན་པ་ཆོས་ཀྱི་དུང་ངམ་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོའང་ཡིན་པས་ན། གསུང་གི་དབང་ཕྱུག་ཅེས་ཀྱང་བྱ། དེ་ནི་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་བདག་ཉིད་ཀྱང་ཡིན་པས། སྐུ་མཆོག་འཇམ་དཔལ་རྡོ་རྗེ་ཞེས་བྱ་སྟེ། དེ་ལྟར་དུས་གསུམ་གྱི་འདྲེན་པ་ཀུན་གྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་ངེས་པ་དོན་གྱི་འཇམ་དཔལ་དབྱངས་དེ་ཉིད། མཚན་དཔེ་བཞིན་ལེགས་ཀྱི་རྣམ་པར་བཞེངས་ཏེ། རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་སྲིད་པ་ཇི་སྲིད་དུ་ཐབས་ཚུལ་ཚད་མེད་པས་འགྲོ་བ་རྣམས་རྣམ་གྲོལ་གྱི་ལམ་ལ་བགྲོད་པའི་དེད་དཔོན་དམ་པར་གྱུར་པ་སྟེ། ཇི་སྐད་དུ། རྒྱལ་བ་ཀུན་གྱི་ཡབ་གཅིག་ཏུ་གྱུར་ཀྱང་། རྒྱལ་སྲས་གཞོན་ནུའི་རྣམ་པར་རོལ་པ་ཞེས་བསྔགས་པ་དེ་ཉིད། རྒྱ་བོད་དུ་དངོས་གྲུབ་བརྙེས་པའི། དམ་པ་ཀུན་གྱིས་ཡི་དམ་ཐུན་མིན་དུ་བསྟེན་པ་ཡིན་ཞེས་བསྔགས་དབྱངས་མགྲིན་གཅིག་ཏུ་སྒྲོགས་པ་ཡིན་ལ། དེའི་རྒྱུ་མཚན་སངས་རྒྱས་ཀྱི་ཆོས་ཚུལ་ཟབ་ཅིང་ཕྲ་བ་རྟོག་པར་དཀའ་བ་རྣམས་ལྔ་འདི་ཡི་མཐུས་འགྲོལ་བ་ཡིན་ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་དམ་པ་དུ་མ་ལ་ཞལ་གཟིགས་ཏེ་ཡང་ཡང་གདམས་པར་སྩལ་


MR05_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཐེག་པའི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོའི་གནད་ཀྱང་ལྷ་འདི་ལ་བརྟེན་ནས་རྟོགས་དགོས་པས། འཇམ་དཔལ་བཤེས་གཉེན་སོགས་རིག་འཛིན་བརྒྱུད་པའི་ཡི་དམ་གྱི་གཙོ་བོར་མཛད་ཅིང་། སྔ་འགྱུར་གྱི་བཀའ་རྒྱུད་སྡེའི་ཕྱོགས་དང་། དཔལ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་དུ་མ་ནས་ཡང་ནས་ཡང་དུ་འཇམ་དཔལ་རྫོགས་པ་ཆེན་པོ་ཞེས་ལྷ་འདི་ལ་རྩལ་དུ་བཏོན་པ་ཡིན་ཏེ། དེའི་རྒྱུ་མཚན། འཇམ་དཔལ་དབྱངས་ཀྱི་ངོ་བོ་ལམ་དུས་ན་ཤེས་རབ་རང་བྱུང་གི་སྒྲོན་མེའི་རྣམ་པར་ཤར་ནས་མ་དག་སྲིད་པའི་སྣང་ཞེན་ཐམས་ཅད་བསྲེགས་ཏེ་ནང་དབྱིངས་ཆོས་སྐུ་ཆེན་པོར་རང་བྱུང་ཡེ་ཤེས་ཀྱི་སྐུ་འབྲས་དུས་ཀྱི་འཇམ་དཔལ་རྡོ་རྗེར་མངོན་པར་གྲུབ་པ་ཡིན་ཏེ། རྒྱུད་ལས། འཇམ་དཔལ་ཤེས་རབ་ཡེ་ཤེས་འོད་པོ་ཆེ། །ངང་ལས་འོད་བྱུང་ཐམས་ཅད་ངང་དུ་རྟོགས། །ཞེས་སོགས་གསུངས་པ་ལྟར་ཡིན་པས་རང་རེ་ལམ་དོན་གཉེར་གྱི་གང་ཟག་སྣང་སྟོང་མི་ཕྱེད་པའི་གྲུབ་མཐར་མོས་པ་རྣམས་ཀྱི་ལྷག་པའི་ལྷ་ཐུན་མོང་མིན་པ་ཡིན་པས། ཕྱོགས་དུས་རྒྱལ་བ་མ་ལུས་པ་ལྷ་འདི་ཉིད་གཅིག་པུའི་ངོ་བོར་འདུས་ཤིང་དུས་ཀྱི་ཐ་མར་ལྷག་པར་འགྲུབ་ཐག་ཉེ་བར་འཇམ་དཔལ་རྩ་


MR05_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས་གསུངས་པ་ལྟར་ཡིན་པས། མཆོད་པའང་འདི་དང་འབྲེལ་བ་ལ་རྟེན་འབྲེལ་གྱི་ཆེ་བ་དུ་མ་ཡོད་པ་དང་། བོད་གངས་ཅན་དུ་ས་སྐྱ་གོང་མ་རྣམས་དང་། རྗེ་ཙོང་ཁ་པས་འཇམ་དཔལ་ཡི་དམ་གྱི་ལྷར་བཟུང་བས་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་རྟེན་འབྲེལ་གྱིས་སློབ་བརྒྱུད་ལ་འཆད་རྩོད་རྩོམ་གསུམ་ཆེས་དར་བ་ཡིན་ལ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ནི། རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཀྱི་རྣམ་པར་རོལ་བ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་གསུངས་པ་དང་། གཞན་ཡང་ཐུ་མི་སཾ་བྷོ་ཊ་དང་། ཆོས་རྒྱལ་ཁྲི་སྲོང་ཡང་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན་ཞིང་། མཁན་ཆེན་བྱང་ཆུབ་སེམས་དཔའ་དང་། སྔ་འགྱུར་གྱི་ལོ་པཎ་རྣམས་ནས་བརྩམས་རིག་འཛིན་བརྒྱུད་པ་ཕལ་མོ་ཆེ་ཐམས་ཅད་འཇམ་དཔལ་གྱིས་རྗེས་སུ་བཟུང་པ་ཁོ་ན་ཡིན་པས། རང་རེ་རྗེས་འཇུག་རྣམས་ལའང་བྱིན་རླབས་ལྷག་པར་འཇུག་པའི་རྟེན་འབྲེལ་གྱི་ཁྱད་པར་དང་། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ལ་རག་ལས། དེ་ཚུལ་བཞིན་རྟོགས་


MR05_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེས་རབ་ལ་རག་ལས་པས། ཤེས་རབ་ཀྱི་ལྷ་འཇམ་དཔལ་བརྟེན་པ་ཉིད་ཟབ་པ་དང་། ལྷག་པར་བསྟན་པ་འདིར་སྟོན་པ་ཤཱཀྱ་སེང་གེའི་སྲས་ཀྱི་ཐུ་བོ་འཇམ་པའི་དབྱངས་ཉིད་རྣམ་རོལ་སྣ་ཚོགས་པས་བསྟན་པ་སྤེལ་ཞིང་བསྟན་འཛིན་ལ་བྱིན་གྱིས་རློབ་པར་གསུངས་པ་སོགས་དགོས་པ་ཁྱད་པར་བ་མང་དུ་སྣང་ཞིང་། དེ་དང་འབྲེལ་བའི་མཆོད་པའང་བསྟན་པའི་མངའ་ཐང་རྒྱས་པའི་རྟེན་འབྲེལ་གྱི་སྒོ་མཆོག་ཅིག་ཏུ་གྲུབ་ཅིང་། ཁྱད་པར་མཆོད་པ་རྣམས་ལས་མར་མེ་ནི་རྨད་དུ་བྱུང་བ་ཡིན་ཏེ། མདོ་ལས། མར་མེ་ཅུང་ཟད་ཞིག་ཕུལ་བ་དེའི་བསོད་ནམས་སངས་རྒྱས་བཅོམ་ལྡན་འདས་ཁོ་མ་གཏོགས། འཇིག་རྟེན་ན་སུས་ཀྱང་བསྟན་མི་ནུས་པར་གསུངས་པ་དང་། ཁྱད་པར། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དྲི་མ་མེད་པའི་རྒྱུར་གྱུར་པའང་ཡིན་ཞིང་། ཤེས་རབ་ཀྱི་ལྷ་ལ་ཤེས་རབ་འཕེལ་བའི་རྫས་ཕུལ་པའི་རྟེན་འབྲེལ་གྱིས་འཇམ་དཔལ་ལ་མར་མེའི་མཆོད་པ་ཕུལ་བ་ཆེས་ཟབ་པར་དམ་པའི་ལུང་གིས་བསྔགས་པ་ཡིན་ལ། ལྷག་པར་རང་རེ་སྔ་འགྱུར་བ་རྣམས་ཀྱིས་རྒྱུད་ཀྱི་དགོངས་པ་མ་ནོར་བར་བཀྲལ་བའི་རིག་འཛིན་བརྒྱུད་པའི་ལུང་ལས། ཟུང་བཞིའི་བསྐང་བ་དང་།


MR05_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལྟ་བུའི་མཐར་མཆེད་ལྕམ་ཚོམ་བུ་གཅིག་དུ་འཁོད་པའི་རྟེན་འབྲེལ་གྱི་མཐའ་བརྟེན་མར་མེའི་སྨོན་ལམ་ཞེས། ཤིན་ཏུ་གལ་ཆེ་ཤོས་མཛད་པ་ཡིན་ཏེ། སྣོད་ཀོང་བུ། བཅུད་མར་ཁུ། རྒྱུད་རྣམ་ཤེས་མར་མེ། སྟོང་པ་སྣོད། གསལ་བ་མར་ཁུ། ཟུང་འཇུག་མར་མེ། ལུས་རྩ་ཡི་རྐོང་བུ། དངས་མ་ལྔ་མར་ཁུ། མི་ཤིགས་ཏིལ་ཀ་མར་མེ་སོགས། གཞི་ལམ་འབྲས་བུའི་མཚོན་དོན་ཁྱད་པར་ཅན་གྱི་གནད་ཀྱིས། ཕྱི་ནང་གསང་བའི་དག་པ་གཅིག་འགྲིག་གི་རྫས་ཁྱད་འཕགས་ཡིན་པས་དང་། ཁྱད་པར་ཀུན་ཉོན་འཁོར་བ་ནི་མ་རིག་པའི་མུན་པ་ཁོ་ནའི་འཕྲུལ་འཁོར་ལས་བྱུང་བ་ཡིན་ལ། རྣམ་བྱང་མྱང་འདས་ནི། དེའི་ལྡོག་ཕྱོགས་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་པས། འདི་ལྟར་མར་མེས་མུན་པ་འཇོམས་པ་ལྟར་རང་བྱུང་གི་ཡེ་ཤེས་ཀྱིས་འཁྲུལ་སྣང་འཁོར་བའི་མུན་པ་དྲུང་ནས་ཕྱུང་བ་ན། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་སྐུར་རོ་གཅིག་མཉམ་པ་ཉིད་དུ་འཚང་རྒྱ་བའི་དོན་མཚོན་པའི་མར་མེ་ནི་ཆེས་མཆོག་གི་དོན་དང་ལྡན་ཏེ། ཧེ་རུ་ཀ་ཀལྤོ་ལས། སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལས། །འབྲས་བུ་རང་བྱུང་ཡེ་ཤེས་མེ་ཤར་བ། །མཐའ་དབུས་


MR05_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བར་གསལ་བའི་འོད་འབར་ནི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །ཞེས་གསུངས་པ་ལྟར་མཆོད་རྫས་ཀུན་གྱི་རྒྱལ་པོ་ཡིན་ནོ། །དེས་ན་དུས་སྤྱི་དང་ཁྱད་པར་མཚན་མོའི་དུས་ན་ཕྱི་རོལ་དུ་མར་མེ་སྦར་བ་ལ་རྟེན་འབྲེལ་གྱི་ཁྱད་ཆོས་དུ་མ་ཡོད་དེ། མཚན་མོ་མུན་པའི་དབུས་ན་ལྷང་ངེར་གསལ་བར་ལྟར། སྙིགས་མ་ལྔ་བོད་པའི་དུས་སུ་ཡང་རྒྱལ་བསྟན་གྱི་སྣང་བ་གསལ་ནུས་པ་དང་། ངོ་མཚར་སྙན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ན་འགོགས་མེད་དུ་ཉི་ཟླ་ལྟར་སྣང་ནུས་པ་སོགས་ཀྱི་རྟེན་འབྲེལ་གྱི་དབང་གིས་སྔོན་བྱོན་གྱི་དམ་པ་རྣམས་ལ་ལེགས་པའི་བློ་གྲོས་ཀྱི་སྒོ་ལྷག་པའི་ལྷ་ཡིས་ཕྱེས་པའི་སྤོབས་པ་འདི་འདྲ་བ་སྐྱེས་པའི་ཕྲིན་ལས་ཀྱི་འབྲས་བུ་ཆོས་སྲིད་ནོར་བུའི་རྒྱལ་མཚན་མངོན་པར་མཐོ་བ་ཉིད་དུ་གྱུར་ཅེས་བདེན་དོན་གཟིགས་པའི་དམ་པ་རྣམས་ཀྱིས་དཔལ་གྱི་མགྲིན་པ་གཡས་སུ་འཁྱིལ་བའི་དུང་དཀར་པོའི་སྒྲ་དབྱངས་གྱིས་ཉེ་བར་བསྔགས་པའི་རྗེས་སུ་འབྲངས་ཏེ་དོ་ནུབ་ཀྱི་སྲོད་ཐུན་དང་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་དགྱེས་པ་སྐྱེད་བྱེད་མར་མེའི་མཆོད་པ་དགེ་ལེགས་ཡེ་ཤེས་ཀྱི་སྣང་བ་སྤྲོ་བ་ཡིན་པས།


MR05_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན་ནས་ཇི་འབྱོར་བའི་མཆོད་པ་བཤམས་ཤིང་སྨོན་ལམ་རྩེ་གཅིག་ཏུ་བཏབ་ན། ལྷག་པའི་ལྷ་དང་དགེ་འདུན་རྒྱ་མཚོའི་བྱིན་རླབས་ཀྱིས་དགེ་བའི་འགྱུར་ཁྱད་དང་ལེགས་བྱས་ཀྱི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་ཡོད་པས་ཐུགས་ངེས་བགྱིད་དགོས་པ་དང་། དེ་ལྟ་བུའི་དུས་སུའང་། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཇི་བཏབ་པ། །དེ་འདྲའི་འབྲས་བུ་འབྱུང་བར་འགྱུར། །ཞེས་གསུང་པ་ལྟར་གལ་ཆེ་བས། དེ་ལྟ་བུའི་ངང་ནས་འདི་ལྟར་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་ཟབ་གནད་དང་ཆེ་བ་དུ་མས་མཆོག་ཏུ་འཕགས་པ་སྔ་འགྱུར་མཁན་སློབ་ཆོས་གསུམ་གྱི་རང་ལུགས་རིན་པོ་ཆེ་བཤད་སྒྲུབ་དྲི་མ་མེད་པའི་སྒོ་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཕྱོགས་ལས་རྣམ་པར་རྒྱལ་བཞིན་དུས་རྟག་ཏུ་མི་ནུབ་པར་ཤོག་ཅིག་ཅེས། ངག་གིས་སྨོན་ཅིང་ཡིད་ཀྱིས་དེ་ལྟར་མོས་པ་གལ་ཆེ་སྟེ། མདོ་ལས། དུས་ཐ་མར་བསྟན་པ་ཉིད་ནུབ་འགྲོ་བ་ཕངས་སྙམ་པ་ཙམ་ལན་གཅིག་སེམས་པའང་ཆེས་རྨད་དུ་བྱུང་བའི་ཡོན་ཏན་གྱིས་བསྔགས་པ་དང་། བསྟན་པ་ལ་སེམས་པ་


MR05_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་གྱི་ངང་ཚུལ་ཡིན་ཞིང་། དེ་དང་འདྲ་བའི་ཕན་པའི་ཡོན་ཏན་ཅན་གཞན་གཅིག་ཀྱང་མེད་པ་ལྟ་བུར་གསུངས་པ་དང་། རྒྱལ་སྲས་ཀྱི་སྨོན་ལམ་རྒྱ་མཚོ་ལྟ་བུ་ཡང་དམ་ཆོས་འཛིན་པའི་སྨོན་ལམ་ལ་འདུ་བ་དང་། དེའི་ཕན་ཡོན་ཚད་ཀྱིས་བགྲང་བར་མི་ནུས་པ་སོགས་མདོ་ལས་གསུངས་པ་དང་། དམ་པ་གོང་མའི་ཐུགས་ཟིན་ཅིང་། རང་ཉིད་ཀྱི་རྫོགས་སྨིན་སྦྱང་བ་མཐར་ཕྱིན་པར་འགྱུར་བའི་ཐུགས་སྨོན་དེ་ལྟར་གནང་བ་ཅི་ནས་ཀྱང་ངེས་འཚལ་ཞེས་བརྡ་འཕྲོད་ངེས་སུ་བཤད་པར་བྱའོ། །གཉིས་པ་དངོས་གཞི། སྲོད་ཀྱི་དུས་ལག་རིས་མི་མངོན་ཙ་ན་དུང་སོགས་ཀྱི་བརྡ་དང་བསྟུན། གཙུག་ལག་ཁང་དང་གྲྭ་ཁང་སོ་སོ་ནས་ཀྱང་། སྟེང་དང་གློ་སྐར་གར་ཡོད་དུ་མར་མེའི་ཕྲེང་བ་ཚར་དུ་དངར་བ་བཤམས་ཤིང་། གཞན་ཡང་རྣམ་ལྔ་དང་། སྐུ་རྟེན་སོགས་དགྲམ་ཀྱང་ལེགས། དེ་ལྟར་བཤམས་གྲུབ་པ་ན། རྒྱ་གླིང་འབུད་པ་དང་བསྟུན། མར་མེ་སྦར་ཏེ། གཙུག་ལག་ཁང་གི་སྟེང་དུ་དཔོན་སློབ་ཅི་ཙམ་འོས་པ་དང་། ཉུང་མཐའ་རོལ་མོ་ཆ་ཚང་གྲོབ་ངེས་ཀྱི་གྲངས་ཙམ་གྱིས་མཆོད་པ་བྱིན་རླབས། སྤྱན་འདྲེན། སྐྱབས་སེམས། མཆོད་འབུལ། ཡན་ལག་བདུན་པ། སྨོན་ལམ་


MR05_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོན་ཆ་ལྟར་རོལ་སྒྲིགས་བཅས་མཛད་པ་དང་། གྲྭ་པ་སོ་སོ་ནས་ན་བཟའ་ཞྭ་མོ་བཅས་ཆ་ཚང་ལེགས་པར་བགོས། རང་གི་གྲྭ་ཁང་སྟེང་དུ་བཞེངས་ཏེ། སྤོས་བསྲེགས་པ་ཐོགས་ལ། མ་ལུས་སེམས་ཅན་མ་དང་། མཆོད་གཟུངས། གང་བློ་མ། བསྟན་པ་རྒྱས་པའི་སྨོན་ལམ་ཅི་རིགས་འུར་ཏེ་འདོན། གཙུག་ལག་ཁང་དང་ཁང་པ་གཞན་གྱི་སྟེང་ཅི་རིགས་ནས་ཀྱང་། རྒྱ་གླིང་། དུང་དཀར། རྔ་སིལ་སྙན་སོགས་རོལ་མོ་རྒྱུད་མར་སྒྲོགས། མཐར་གཞུང་གི་འདོན་པ་རྫོགས་མཚམས་དུང་བརྡ་ལ་བསྟུན། མར་མེ་ལྷག་མ་རྣམས་ནང་དུ་བཞག་པར་བྱའོ། །དུས་ཀྱི་ཐུན་གསུམ་ཐ་མའི་སྐབས་ཞིག་ན། །ལེགས་བྱས་རྟེན་འབྲེལ་བཟང་པོའི་སྐྱ་རེངས་ཀྱིས། །མཚོ་འཁྲུངས་བསྟན་པའི་ཉི་མ་གསལ་འགྱུར་ཞེས། །སྐལ་བཟང་རྣམས་ལ་མཚོན་པ་བཞིན་དུ་གྱུར། །ཅེས་པའང་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོའི་ཞལ་གྱི་པདྨོ་ལས་ལྷ་མཆོག་འདི་ཉིད་ལྷག་པའི་ལྷར་དགྱེས་བཞིན་རྗེས་སུ་གནང་བ་སྩལ་པ་དང་། སྤྱན་རས་གཟིགས་དབང་དཔལ་དབང་ཆེན་གར་གྱི་དབང་ཕྱུག་དགྱེས་རབ་རྡོ་རྗེའི་ཞལ་སྔ་ནས་ཀྱང་ལྷ་འདི་ཉིད་ཀྱི་བྱིན་རླབས་ཐུན་མོང་མིན་པ་ནོས་ཤིང་དགྱེས་པའི་གསུང་གི་སྣང་བ་བསྩལ་བའི་རྟེན་འབྲེལ་


MR05_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐུ་ལས། ལྷ་འདི་ཉིད་ལ་ཡིད་ཆེས་མཆོག་ཏུ་བརྟན་པའི་གསོལ་བ་འདེབས་ཤིང་འདི་འདྲ་བགྱིད་འདུན་གྱི་འཕྲོས་ལུས་པའི་ཐོག །མཁས་བཙུན་བཟང་པོའི་རྣམ་ཐར་དཔག་པར་དཀའ་བ་དབོན་ཨ་བྷ་ཡ་བཛྲ་དང་། དམ་པའི་རྣམ་ཐར་ངང་གིས་གསལ་བ་དབོན་རྣམ་གྲོལ་གྱི་མཚན་ཅན་གཉིས་ནས་བསྟན་པ་སྤྱི་ལ་ལྷག་བསམ་གྱིས་བཀས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། དམ་པའི་ཞལ་ལུང་དྲི་མེད་མ་ནོར་བར་བདག་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བས་རབ་ཚེས་ཤིང་ཕག་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་གཅིག་གཟའ་སྐར་རྟེན་འབྱུང་དགེ་བའི་དུས་སུ་བཀྲ་ཤིས་གདུགས་དཀར་གཡོ་བའི་ལྡིང་གུར་ནས་བྲིས་པ་འདིས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་ཀུན་ནས་རྒྱས་པའི་རྒྱུར་གྱུར་ཅིག །མངྒལཾཿ


previousའཇམ་དཔལ་མར་མེ་མཆོད་པའི་ལག་ལེན་མདོར་བསྡུས་འབེལ་གཏམ་རྣ་བའི་བདུད་རྩི།next