Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་གྱི་སཱཙྪའི་ལས་ཚོགས།
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་གྱི་སཱཙྪའི་ལས་ཚོགས།next

འཇམ་དཔལ་གྱི་སཱཙྪའི་ལས་ཚོགས།


MR05_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གྱི་སཱཙྪའི་ལས་ཚོགས་བཞུགས་སོ། །


MR05_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱི་ལས་ཚོགས་སཱཙྪ་གདབ་པའི་ཆོ་ག་ནི། ས་ཆུ་མེ་རླུང་ནམ་མཁའ་ཆོས་ཉིད་ལ་གདབ་པ་དྲུག་གི་སྒོ་ནས། སྒྲིབ་པ་སྦྱོང་བ་དང་། ཚོགས་རྫོགས་པ་དང་། སེམས་ཅན་ལ་ཕན་འདོགས་པ་དང་། ཁྱད་པར་དུ་ལྷ་མཉེས་ནས་ཉེ་ཞིང་དངོས་གྲུབ་སྩོལ་བ་དང་། ཞི་རྒྱས་དབང་དྲག་གི་ལས་བསྒྲུབ་པ་དང་། གཤིན་པོ་ལ་ཕན་གདགས་པ་རྣམས་འགྲུབ་སྟེ། དེ་ཡང་སཱཙྪ་ནི་ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་ལ། ཆོས་སྐུ་དེར་དཀོན་མཆོག་གསུམ་པོ་འདུས་པའི་ཕྱིར་དེ་བཏབ་པས་ཕན་ཡོན་ཚད་མེད་པ་ཐོབ་པར་གསུངས། དང་པོ་ཆོས་ཉིད་ལ་གདབ་པ་ནི། ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ཡིན་ལ། སེམས་ནི་ངོ་བོ་ཉིད་ཀྱིས་སྟོང་པས་ཆོས་ཀྱི་དབྱིངས་ཡིན་ནོ། །ཆོས་དབྱིངས་དེའི་ངང་ལས་སྣང་བའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བའི་ཆོས་ཀྱི་སྐུའི་མཆོད་རྟེན་དུ་མ་གྱུར་པ་གཅིག་ཀྱང་མེད་པར་བསམ་པས་གདབ་བོ། །ནམ་མཁའ་ལ་གདབ་པ་ནི། ནམ་མཁའ་ཐམས་ཅད་དུ་མཆོད་རྟེན་བཏབ་པར་བསྒོམས་ནས་སྐོས་པོར་ལག་ཏུ་ཐོགས་ཏེ། ལག་པའི་འདུ་བྱེད་ཀྱིས་བཏབ་པའི་ཚུལ་བྱའོ། །རླུང་འབྱུང་བ་ན་དེ་ལ་བཏབ་སྟེ་དེ་བཞིན་བསྒོམ། མེ་འབར་བ་ལ་བཏབ་པ་དང་།


MR05_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འགྲམ་དུ་ཆུ་ལ་བཏབ་སྟེ་ཆུ་ཡི་རྒྱུན་ཐམས་ཅད་མཆོད་རྟེན་ནམ་ཆུའི་རྡུལ་ཕྲན་རེ་རེ་མཆོད་རྟེན་དུ་གྱུར་པར་བསམ་པ་ནི་ཀུན་ལ་འདྲའོ། །ས་ལ་ནི་རིན་པོ་ཆེའམ་གཞན་དངོས་པོ་གང་རུང་ལས་སྐུའམ་མཆོད་རྟེན་བྱ་བའམ། ཡང་ན་འཇིམ་པ་བཟང་པོ་ལ་བཏབ་པར་བྱ་སྟེ། དངོས་པོ་གང་ལའང་བཏབ་པས་ཆོག་གོ །སྐུ་གཟུགས་འདེབས་པ་ཡང་དེ་དང་འདྲའོ། །དེའི་ཚེ་སྤྱིའི་བསམ་རྒྱུ་ནི། ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་སངས་རྒྱས་པའི་དཀྱིལ་འཁོར་ཡིན་པ་ལ། དེ་ལས་མ་གཡོས་བཞིན་དུ་སེམས་ཅན་སོ་སོའི་དབང་པོའི་སྤྱོད་ཡུལ་དུ་སྣང་བ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར། དེ་ལྟ་བུར་ཡིད་ཀྱིས་གསལ་བཏབ་སྟེ་རྩེ་གཅིག་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟེ། དེ་ལྟར་དཀྱིལ་འཁོར་གསུམ་དུ་རྟོགས་པར་བྱས་ནས། ལས་སོ་སོའི་བསམ་རྒྱུ་ནི། ཞི་བ་རྣམ་སྣང་། རྒྱས་པར་རིན་འབྱུང་སོགས་སོ་སོར་བསྔགས་པའམ། ཡང་ན་གང་འདོད་ལྷག་པའི་ལྷར་བསྒོམས་ཀྱང་རུང་བས། སྐབས་འདིར་ཞི་བའི་སྐབས་སུ་རང་འཇམ་དཔལ་དུ་བསྒོམ། དེའི་ཕྱག་རྒྱ་ཨུཏྤ་ལ་བཅའ་ཞིང་སྔགས་བཟླ་བཞིན་བཏབ་པས། བདག་དང་མཆོད་རྟེན་ལས་འོད་དཀར་པོ་མཁའ་ཁྱབ་དུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་


MR05_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དེའི་རྣམ་པར་སྤྱན་དྲངས་ནས་བདག་དང་རྟེན་དེ་ལ་ཐིམ་པས་བདག་སྐུ་གསུང་ཐུགས་ཀྱི་བཅུད་དང་ལྡན། རྟེན་དེ་བསྐལ་པ་ཇི་སྲིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བྱིན་རླབས་དང་མཉམ་པ་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་མཐུ་དང་ལྡན་པར་བསྒོམ། དེའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས་ནད་ཐམས་ཅད་བསལ། གདོན་ཐམས་ཅད་གདུག་པ་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན། ཐམས་ཅད་ཞི་བ་ཆེན་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ་པས་ཞི་བའི་ལས་འགྲུབ་ཅིང་ཚོགས་བསགས་ཀྱི་མཆོག་ཏུ་འགྱུར་རོ། །གདོན་གདུག་པ་ཅན་འོད་ཀྱིས་བཀུག་ནས་མཆོད་རྟེན་གྱི་གདན་དུ་བྱས་པར་བསམ་ན་གནོད་པ་ནོན་པར་འགྱུར། ཞི་སོགས་ལྷའི་སྔགས་ལས་ལ་བསྐུལ་བའི་ཤམ་ཅན་བྲིས་ཏེ་མཆོད་རྟེན་ནང་དུ་གཞུག་པར་བྱའོ། །རྒྱས་པར་སངས་རྒྱས་རྣམས་སྤྱན་དྲངས་བསྟིམ་པ་དང་། འོད་ཟེར་སེར་པོས་བསྒྲུབ་བྱ་མཆོད་རྟེན་གན་དུ་འཁོད་པ་ལ་བསྟིམ་པས་ཡོན་ཏན་ཐམས་ཅད་རྒྱས་པར་བསམ་པས་རྒྱས་པར་འགྱུར་རོ། །དབང་ལ་གཞན་འདྲ། འོད་དམར་པོས་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་གདན་དུ་མནན་པ་འོད་ཀྱིས་མྱོས་ཤིང་རང་གི་དབང་དུ་གྱུར་བར་བསམ་པས་དབང་དུ་འགྱུར་རོ། །དྲག་པོ་ལ་ལྷག་པའི་ལྷ་ཁྲོ་བོའི་


MR05_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བཏབ། བདག་ཐུགས་འོད་ཀྱིས་སངས་རྒྱས་ཐམས་ཅད་ཁྲོ་བོའི་རྣམ་པར་སྤྱན་དྲངས་ནས་རྟེན་ལ་ཐིམ་པས་མཆོད་རྟེན་ནག་པོ་འོད་འབར་བར་བསམ། ཡང་འོད་འཕྲོས་པས་གནོད་བྱེད་བཀུག་སྟེ་མཆོད་རྟེན་འོག་དུ་མནན་པས་ཐར་པ་མེད་པར་བསམ། ཡང་ན་བསད་གཟིར་རྨོངས་དབྱེ་བསྐྲད་སོགས་གང་འདོད་དམིགས་ཀྱང་རུང་སྟེ་གཙོ་བོར་མནན་པའི་ལས་ལ་བསྔགས་སོ། །སཱཙྪའི་ཞབས་ངོས་སམ་གདན་དུ་དགྲ་བགེགས་ལིང་ག་ལྷ་སྔགས་དང་ཕ་རོལ་མིང་མནན་ཤམ་བཅས་བྲིས་པ་གཞུག་གོ །དེས་དྲག་པོའི་ལས་འགྲུབ་བོ། །དེ་ལ་ལས་སོ་སོའི་སྔགས་ནི། ལྷ་ཡི་རྩ་སྔགས་དང་། ཞི་བར་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་སྦྱར་བ་བྲི། རྒྱས་པར་སྔགས་ཤམ་དུ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་དེ་བཞིན་དབང་ལ་ཆེ་གེ་མོ་ཝ་ཤཾ་མ་ན་ཡེ་སྭཱ་ཧཱ། དྲག་པོའི་བསད་པར་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊཿ མནན་པར་ཆེ་གེ་མོ་སྟཾ་བྷ་ན་ཀུ་རུ་ལཾཿ དབྱེ་བར་ཆེ་གེ་མོ་དང་ཆེ་གེ་མོ་བྷེ་ད་ཤ་ཡ་ཕཊཿ བསྐྲད་པར་ཆེ་གེ་མོ་ཨུཙྪ་ཏ་ཡ་ཕཊ་ཅེས་སོ། །གདོན་གདུག་ཅན་ལ་ཁྲོ་བོའི་སྔགས་ཀྱིས་གདོན་དེའི་མིང་གཟིར་བའི་མནན་སྔགས་སྤེལ་བ་མཆོད་རྟེན་གྱི་འགྲམ་དུ་བཅུག་སྟེ་བཏབ་པས་བགེགས་རྣམས་མཐུ་མེད་པར་འགྱུར་རོ། །སྔགས་འདི་


MR05_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དག་ངག་ཏུའང་བཟླ་བར་བྱ། ལས་སོ་སོ་སྒྲུབ་པའི་སྐབས་སུ། གོས་རྒྱན་སོ་སོའི་ལས་མཚུངས་བྱ་བ་དང་བདག་མདུན་གྱི་ལྷའི་ཁ་དོག་སོ་སོར་བསྒྱུར་བ་དང་འདུག་སྟངས་ཁ་ལྟ་ཕྱོགས་ཡིད་ལ་བྱེད་པའམ་སྟངས་སེམས་སོགས་གཞུང་སྤྱི་ལྟར་བྱ་ཞིང་གོང་གི་དམིགས་པ་བྱ་སྟེ་སྔགས་བཟླས་ན་ཡང་མཆོག་ཏུ་འགྱུར་རོ། །བཏབ་ཟིན་ནས་མཆོད་པ་ལྔ་ཕུལ། གཏོར་མ་བཏང་། གསོལ་བ་བཏབ་སྟེ་བདེན་པའི་བྱིན་བརླབས་ལ་ཐེ་ཚོམ་མེད་པའི་ཡིད་ཀྱིས་དམིགས་པར་བྱ། དེའི་སྟེང་དུ་ལས་སོ་སོའི་སྦྱིན་སྲེག་ཀྱང་གྲུབ་ན་ལེགས། ཁྱད་པར་དུ་རང་གི་ལྷ་མཉེས་པའི་ཐབས་སུ་གདབ་ན། ལྷ་དེའི་ཕྱག་རྒྱ་ལ་སོ་སོའི་སྔགས་ཀྱིས་བསྐོར་བ་བྲིས་ཏེ་བཅུག་པ་དཔེར་ན་འཇམ་དཔལ་ལ་ཨུཏྤ་ལའི་མཚན་མའི་ཐ་མར། ཨ་ར་པ་ཙའམ། ཝཱ་གཱི་ཤྭ་རི་སོགས་སྔགས་གང་འདོད་པས་བསྐོར་བ་དང་། གཤིན་རྗེའི་གཤེད་ལ་བེ་ཅོན་གྱི་མཐར་ཨཱ་ཀྲོ་སོགས་སྔགས་ཀྱིས་བསྐོར་བ་དེ་བཞིན། ཡང་དག་ལ་རིན་ཆེན་ཟུར་བརྒྱད་པའི་དབུས་སུ་རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ། ཟུར་བརྒྱད་རུ་ལུ་འབྲུ་བརྒྱད། རྡོར་སེམས་ལ་རྡོ་རྗེ་རྩེ་ལྔའི་མཐར་ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུྃ་བཾ་ཧོ་སུ་ར་ཏ་སཏྭཾ། རྣམ་སྣང་ལ་འཁོར་ལོ་ཛི་ན་ཛིཀ་སོགས་ཐམས་ཅད་དེ་བཞིན་ཤེས་པར་བྱ། གལ་ཏེ་ཕྱག་རྒྱ་མེད་ཀྱང་སྙིང་པོ་ཁོ་ན་གཞུག་པས་ཀྱང་


MR05_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། དེ་ཡང་རང་སྐད་ཅིག་གིས་འཇམ་དཔལ་སོགས་ལྷ་གང་མོས་དེར་བསྒོམ་ཞིང་དེའི་ཕྱག་རྒྱ་བཅའ། སྔགས་བཟླ་ཞིང་མཆོད་རྟེན་བཏབ། དེ་ལ་སྙིང་པོ་ཕྱག་རྒྱ་བཅས་གཞུག །ཏིང་ངེ་འཛིན་ནི་རང་ལྷའི་ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཀུན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་བཀང་བས་ལྷ་མཉེས་པར་བྱས། འགྲོ་དོན་མཛད་ཅིང་དངོས་གྲུབ་སྩོལ་བའི་སྔོན་གྱི་ཐུགས་དམ་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས་ལྷར་གྱུར་ཏེ་སངས་རྒྱས་ཀྱི་ཞིང་དུ་འཁོད། མདུན་གྱི་མཆོད་རྟེན་ལ་ཐིམ་པས་དེ་གཞལ་ཡས་ཁང་དུ་གྱུར་པའི་ནང་ན་རང་གི་ལྷ་བཞུགས་པར་བསམ། ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་རང་གི་ལྷའི་རྣམ་པར་སྤྱན་དྲངས་ནས་མདུན་གྱི་མཆོད་རྟེན་ནང་གི་ལྷ་ལ་ཐིམ། དེ་ཉིད་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དང་ལྡན་པས་འཁོར་བ་མ་སྟོངས་ཀྱི་བར་དུ་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛད་པ་རྒྱུན་མི་འཆད་པ་དང་། བདག་སྒྲུབ་པ་པོ་ལ་དུས་ཐམས་ཅད་དུ་ཉེ་བའི་སྲས་སུ་དགོངས་ཏེ་བྱིན་གྱིས་བརླབས་པར་བསམ། དེ་ལ་མཆོད་པ་ལྔ་ཕུལ། གཏོར་མ་སྤྱི་ལྟར་བཏང་སྟེ་གསོལ་བ་གདབ། བདེན་པའི་བྱིན་བས་དམིགས་ཤིང་དགེ་བསྔོ་ཤིས་བརྗོད་བྱའོ། །འཇིག་རྟེན་པའི་


MR05_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྒྲུབ་ཅིང་དབང་དུ་བྱ་ན། ལྷ་ཆེན་པོ་སོགས་དང་བདུད་སོགས་ནས་རང་གི་ཡུལ་ལྷའི་བར་གྱི་གང་འདོད་དེའི་སྙིང་པོའམ། ཡང་ན་ཕྱག་རྒྱ་བྲིས་ནས་གཞུག་ཅིང་། རང་ལྷག་པའི་ལྷ་གང་ཡིན་ཟླ་བ་དམར་པོའི་སྟེང་ན་བཞུགས་པའི་མདུན་དུ། ཟླ་བ་དམར་པོའི་སྟེང་ན་བསྒྲུབ་བྱའི་ལྷ་དེ་མདོག་དམར་པོ་ཐལ་སྦྱར་རང་ལ་དགའ་བའི་ཚུལ་ཅན་དུ་བསམ། རང་གི་ཐུགས་ནས་སྔགས་ཀྱི་ཡི་གེ་འོད་ཟེར་དམར་པོ་ཅན་འཕྲོས་བསྒྲུབ་བྱའི་ལྷ་དེའི་སྙིང་གར་ཐིམ་པ། ཁོ་རང་གི་སྙིང་པོ་དང་དབྱེར་མེད་དུ་བསམས་ལ་སྔགས་བཟླས་ཏེ་མཆོད་རྟེན་བཏབ། འདི་ལ་དབང་ཤམ་གོང་ལྟར་རོ། །དེས་ཇི་སྲིད་འཚོའི་བར་དུ་རང་དང་ལུས་ལ་གྲིབ་བཞིན་འགྲོགས་ཤིང་། བདག་གཟི་བྱིན་ཆེ་བས་བདག་དེའི་དབང་དུ་མི་འགྲོ་ཞིང་དེ་ཉིད་རང་གི་དབང་དུ་འགྱུར་རོ། །མདོ་སྡེའི་ཚུལ་དུ་ན། རྟེན་འབྲེལ་སྙིང་པོ་བྲིས་ཏེ་བཅུག་ན་རྟེན་ཅིང་འབྲེལ་འབྱུང་གི་དོན་རྟོགས་ནས་འཁོར་བ་ལས་གྲོལ་བར་འགྱུར་རོ། །ཚེ་འདས་ཀྱི་སྒྲིབ་སྦྱོང་གི་ཆེད་དུ་བྱེད་ན། གཙུག་ཏོར་གྱི་ཕྱག་རྒྱ་སོགས་རིགས་ལྔའི་ཕྱག་མཚན་དང་། དེའི་གཟུངས་དང་། སྙིང་པོ་བྲིས་ཏེ་བཅུག །ཡང་ན་འཇམ་དཔལ་གྱི་རྩ་སྔགས་དང་ཨཱ་ཝཱི་ར་བྲིས་ཏེ་བཅུག །དེ་ལ་ཚེ་འདས་ཀྱི་མིང་སྒྲིབ་སྦྱང་ཤམ་སྤེལ་བྱ། རང་ལྷ་གང་ཡིན་ནམ་འཇམ་དཔལ་གསལ་


MR05_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐུགས་ཀར་ཟླ་བ་ལ་ས་བོན་དང་སྔགས་ཕྲེང་བཀོད་པའི་འོད་ཀྱིས་འཕགས་པ་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱངས། ཁྱད་པར་ཚེ་འདས་དེའི་ངན་སོང་གི་ལུས་སྦྱངས་ཏེ། ལྷ་མིའི་ལུས་དག་པའི་མདོག་དཀར་པོའི་ཚུལ་དུ་རང་མདུན་ཟླ་སྟེང་འཁོད་པ་ལ། རང་ཐུགས་སྔགས་ཕྲེང་གི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གསང་སྔགས་དེའི་རྣམ་པར་སྤྱན་དྲངས་ནས་མདུན་གྱི་བསྒྲུབ་བྱ་ལ་ཐིམ་པས་ལས་སྒྲིབ་ལྷག་མ་ཐམས་ཅད་དག་སྟེ། དེ་ལ་སངས་རྒྱས་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་ཤིང་རྒྱས་བཏབ་ནས། རྒྱལ་བའི་སྲས་སུ་གྱུར་པ་དག་པའི་ཞིང་དུ་བཀོད། དེའི་སྤྲུལ་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཤིང་སངས་རྒྱས་ཀྱི་མཛད་པ་བསྟན་ཏེ། མྱ་ངན་ལས་འདས་པའི་མཆོད་རྟེན་འཇིག་རྟེན་དུ་བཞག་པར་བསམས་ལ་སྔགས་བཟླ་ཞིང་བཏབ། དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུ་གདུང་འཇིག་རྟེན་དུ་བཞག་པ་ཇི་སྙེད་པ་ཐམས་ཅད་ཀྱང་འདུས་པ་ཡིན་པར་བསམ་པར་བྱའོ། །དེར་མཆོད་པ་ཕུལ་གཏོར་མ་བཏང་། བདེན་པའི་བྱིན་རླབས་དམིགས། སྨོན་ལམ་ཡང་དེ་བཞིན་དུ་བཏབ་པར་བྱའོ། །འདིའི་གྲོགས་སུ་སྡིག་སྦྱོང་གི་སྦྱིན་བསྲེག་བྱས་ལ། ལྷ་རྣམས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་སྡིག་པ་བསྲེག་པར་བསམས་


MR05_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྔགས་ཀྱིས་ཏིལ་སོགས་རྫས་ཕུལ་ཀྱང་ལེགས་སོ། །མེད་ཀྱང་ཆད་སྐྱོན་དུ་མི་བལྟའོ། །ཡང་ཞི་ཁྲོའི་ལས་གཞུང་བསྲངས་ཏེ་བཟླས་པ་བྱ་ཞིང་ཟན་གཏད། ལྕགས་སྦྱང་གཏོར་མ་བཏང་ནས་བདེན་སྟོབས་བརྗོད་པ་སྤྲོ་ན་བྱ། དེ་ནས་ཕུང་པོ་སྲེག་ཁང་དུ་བཞག་ལ། དེར་རོ་དང་སྲེག་ཁང་མི་དམིགས་པའི་ངང་ལས་སྲེག་ཁང་གཞལ་ཡས་ཁང་གི་ནང་དུ། ཕུང་པོ་ཚེ་འདས་དབྱེར་མེད་ལ། དེའི་ཕུང་ཁམས་སྐྱེ་མཆེད་ལྷར་གསལ། ཡེ་ཤེས་མེ་ལྷ་སྤྱན་དྲངས་ནས་མཆོད་པ་ཕུལ། ཡེ་ཤེས་འོད་ཟེར་གྱིས་གཤིན་པོ་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བྱང་བར་བསམ་མོ། །རུས་པ་རྣམས་བསྡུས་ནས་བརྡུངས་ལ་སྤུངས་པ་དེ་ལ་རུས་ཆོག་མདོར་བསྡུས་བསྒྲུབ་ན། རང་གི་ལྷའི་བདག་བསྐྱེད་ཀྱི་བཟླས་པ་བཅས་གྲུབ་པའམ་མིན་ཡང་ཐལ་བ་བསྡུས་ལ། བུམ་པ་དང་། བ་བྱུང་ལྔ་དྲི་བཟང་གི་ཆུ། ས་བཟང་པོའི་འཇིམ་པ་རྣམས་སྟ་གོན་བྱས་ལ། སྐྱབས་སེམས་སྔོན་དུ་བཏང་། རྣམ་པར་མི་རྟོག་པའི་ངང་ལས་ཨ་ལས་ཟླ་དཀྱིལ་སྟེང་དུ་ས་བོན་ལས་རྣམ་སྣང་སོགས་ལྷའམ། འཇམ་དཔལ་བསྒོམས་ལ་ལྷ་དེའི་གཟུངས་ཇི་འགྲུབ་བཟླས་པས་བུམ་པ་སོགས་རྫས་ཐམས་ཅད་ལ་བཏབ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ། འཇམ་དཔལ་ཡེ་ཤེས་སེམས་དཔའ་


MR05_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཡི་དཀྱིལ་འཁོར་རྣམས་ཀྱིས། ཆེ་གེ་མོའི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་འོད་ཟེར་གྱིས་བྱང་བར་མཛད་དུ་གསོལ། ཐུགས་རྗེ་ཆེན་པོས་ངན་སོང་གི་གནས་ནས་དྲངས་ཏེ་རྣམ་པར་གྲོལ་བའི་གོ་འཕང་དམ་པ་ཐོབ་པར་མཛད་དུ་གསོལ་ཞེས་བྱས་ལ། བུམ་ཆུ་དེ་རུས་པའི་རྡུལ་ཕུང་ལ་བཏབ། བ་བྱུང་ལྔ་ཡང་བསྲེས་ཏེ་དང་པོར་རུས་པའི་རྡུལ་ཕུང་དེ་བཏགས་ཤིང་འཇིམ་པར་བྱའོ། །དེ་ནས་ག་བུར་སོགས་དྲི་བཟང་གི་ཆུ་ལ་ལས་ཐམས་ཅད་པའི་སྔགས་བཟླས་པས། ས་བཟང་པོའི་འཇིམ་པ་དེ་དང་། སྔར་གྱི་ཐལ་འཇིམ་གཅིག་ཏུ་བསྲེས་ཏེ་འཕྲོད་པར་བརྫིས་ནས། མཆོད་རྟེན་ནམ་ལྷ་སྐུའི་དབྱིབས་སུ་བྱ་བའམ། སཱཙྪ་བཏབ། ལྷ་སྔགས་ལ་དེའི་མིང་སྦྱར་བ་གུར་གུམ་གྱིས་བྲིས་པ་ནང་དུ་གཞུག །བཏབ་ཚར་ནས་མཆོད་པ་ལྔ་ཕུལ། འགྲོ་བ་ལ་སྦྱིན་གཏོང་བསྩོལ། དེ་ནས་མཆོད་པ་སོགས་དང་དབང་བསྐུར་བ་རྣམས་ཀུན་རིག་གི་སྐབས་ལྟར་བྱ་ཞིང་སྦྱིན་གཏོར་སྤྱི་ལྟར་རོ། །འདི་ལ་ངན་སོང་སྦྱོང་བ་རིགས་ལྔའི་སྔགས་ལྔ་ཆར་རམ། འཇམ་དཔལ་རྩ་སྔགས་དང་། ཨཱ་ཝཱི་ར་སོགས་གང་འདོད་པས་བྱའོ། །ཡང་ན་རུས་པའི་དུམ་བུ་མིང་བྱང་བཅས་ལ་སྔགས་རྣམས་བཏབ་པའི་བྱེ་མས་བྲབ་ཅིང་། དྲི་བཟང་བྱུགས་ནས་ས་འཇིམ་བསྲེས་ཏེ་སཱཙྪ་


MR05_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ཀྱང་རུང་ངོ་། །དེའི་གྲོགས་སུ་མཆོད་རྟེན་བཏབ་པའི་བྱ་བ་རྫོགས་པའི་འོག་ཏུ་ཞི་བ་དང་ཁྲོ་བོའི་ལྷ་གང་འདོད་བསྒོམ་ཞིང་རང་གི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་གྱིས་ཚེ་འདས་ཀྱི་སྒྲིབ་པ་སྦྱང་བར་བསམས་ཏེ་སྔགས་དེ་ཉིད་མང་དུ་བཟླས་ན་དེ་ངན་སོང་ལས་ཐར་བའི་མཚན་མ་སྣང་བར་འགྱུར་རོ། །དེ་ལྟར་སཱཙྪ་གདབ་པ་གྲུབ་ནས་རང་ལྷར་གསལ་སཱཙྪ་གཞལ་ཡས་ཁང་གི་ནང་དུ་ལྷ་གང་ཡིན་དེ་ཐུགས་སྲོག་སྔགས་ཕྲེང་བཅས་གསལ་བའི་འོད་ཀྱིས་ལས་གང་ཡིན་བསྒྲུབ་པར་བསམས་ནས་སོ་སོའི་སྔགས་དེ་རྟགས་མ་བྱུང་བར་བཟླས་ན་ལས་དངོས་སུ་འགྲུབ་པར་འགྱུར་རོ། །སྤྲོས་མེད་སྙིང་པོའི་ཚུལ་དུ་འདེབས་ན་ནམ་མཁའ་སོགས་ལ་རྐོས་ཕོར་བཏབ་སྟེ་ཨོཾ་ཨཱཿཧཱུྃ་འབའ་ཞིག་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆོས་སྐུའི་གཟུགས་བརྙན་གསང་གསུམ་མི་ཟད་པའི་བྱིན་རླབས་དང་ལྡན་པ་རེ་རེ་ལམ་ལམ་བྱུང་སྟེ་འཁོར་བ་སྲིད་དུ་གནས་པ་དང་། དེའི་ཚུལ་གྱིས་ནམ་མཁའ་སོགས་འབྱུང་བ་དེས་གར་ཁྱབ་དེ་ལྟར་གྱུར་པར་བསམས་ལ་བཏབ། དེ་ལ་ཡིད་ཀྱིས་མཆོད་པ་འབུལ་ཞིང་གསོལ་བ་བཏབ་སྟེ་བདེན་པའི་བྱིན་གྱིས་བརླབས་དམིགས་ནས་སྨོན་ལམ་ཡང་དེ་བཞིན་གདབ་པ་ནི་མཆོག་ཏུ་འགྱུར་རོ། །དེ་ལྟར་ལས་གང་འདོད་དུ་འདུན་པ་བསྒྱུར་བས་འགྲུབ་བོ། །འདི་ནི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་


MR05_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དགོངས་པ་བཞིན་ལེགས་པར་བཤད་པ་ཀུན་གཟིགས་རོང་ཟོམ་པཎྜི་ཏ་ཆེན་པོའི་གསུང་དང་། ལས་ཐམས་ཅད་པའི་རྒྱུད་སོགས་ཀྱི་དགོངས་པ་བཞིན་མེ་རྟ་ནག་ཟླའི་ཡར་ཚེས་བཅུ་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་འདིས་གཞན་ལ་ཕན་པ་རྒྱ་ཆེར་བྱེད་པར་གྱུར་ཅིག །མངྒལཾ།། །།


previousའཇམ་དཔལ་གྱི་སཱཙྪའི་ལས་ཚོགས།next