Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད།
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད།next

འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད།


MR05_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད་བཞུགས། །ཡིད་མཐུན་གནས་སུ་རྟེན་དང་མཆོད་པ་བཀྲམ། མ་ཡེངས་སྤྲོ་བའི་ཡིད་ཀྱིས་སྐྱབས་སེམས་དང་། ཚད་མེད་བཞི་བསྒོམ་སྟོང་ཉིད་དོན་བསམས་ནས། སྭ་བྷཱ་བ་ཡིས་ཆོས་ཀུན་སྟོང་པར་སྦྱངས། སྟོང་ལས་སེང་སྔོན་བསྣོལ་ཁྲི་པད་ཟླའི་སྟེང་། །དྷཱི་ལས་རང་ཉིད་འཇམ་དཔལ་སྐུ་མདོག་དམར། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་རལ་གྲི་ཨུཏྤལ་གླེགས་བམ་བསྣམས། །མདུན་དུ་པད་ཟླར་ཧྲཱིཿ ལས་དབྱངས་ཅན་མ། །སྔོན་མོ་འཛུམ་ཁྲོ་དར་དང་རིན་ཆེན་བརྒྱན། །རལ་གྲི་པོ་ཏི་འཛིན་ཅིང་བཞེངས་སྟབས་བཞུགས། །ཡབ་ཀྱི་ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་སེར། །རྩིབས་བཞིའི་ལྟེ་བར་རལ་གྲི་དྷཱིཿཡིས་མཚན། །དེ་མཐར་སྔགས་ཕྲེང་མར་མེ་ལྟ་བུས་བསྐོར། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་དབུས། །རལ་གྲི་ཧྲཱིཿམཚན་སྔགས་ཀྱིས་བསྐོར་བའོ། །རང་འདྲའི་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ཐུགས་ཀའི་ས་བོན་སྔགས་འཕྲེང་འོད་ཟེར་གྱིས། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང་། །རིག་སྔགས་བཟླས་པས་ཐུགས་ཀའི་དྷཱིཿཡིག་ལས། །དྷཱིཿཡིག་དམར་སེར་མར་མེའི་ཕྲེང་བ་བཞིན། །བརྒྱུད་མར་བྱུང་བ་ཡབ་ཀྱི་ཤངས་གཡས་ནས། །ཡུམ་གྱི་ཤངས་བུག་གཡོན་ཞུགས་ཧྲཱིཿ ལ་ཐིམ། །དེ་ལས་


MR05_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ ཡི་ཕྲེང་བ་མགལ་མེ་ལྟར། །བྱུང་བ་ཡུམ་གྱི་ཤངས་བུག་གཡས་ནས་ཐོན། །ཡབ་ཀྱི་ཤངས་བུག་གཡོན་དུ་ཞུགས་པ་ཉིད། །དབྱངས་གསལ་ཡི་གེའི་རྣམ་པར་གྱུར་པ་ཡིས། །རང་ལུས་བ་སྤུའི་མཐར་ཐུག་ལྟེམ་གྱིས་གང་། །འོད་ཀྱིས་མི་ཤེས་མུན་བསལ་བློ་གྲོས་རྒྱས། །དེ་ལྟར་བར་མེད་འཁོར་བའི་སྔགས་ཕྲེང་ལས། །འོད་ཟེར་ཤེས་རབ་བུང་བའི་ཚུལ་དུ་འཕྲོས། །བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་བྱས་པས། །རྒྱལ་དང་རྒྱལ་སྲས་ཉན་རང་པཎྜི་ཏ། །སོ་སྐྱེའི་ཤེས་རབ་གཟུངས་དྲན་ནུས་མཐུ་རྣམས། །འོད་ཟེར་བདུད་རྩི་དཀར་པོའི་རྣམ་པར་བསྡུས། །རང་གི་སྤྱི་བོར་ཐིམ་པས་ལུས་གང་གྱུར། །སྡེ་སྣོད་རྒྱུད་སྡེ་གསང་སྔགས་རིག་སྔགས་གཟུངས། །བརྟན་གཡོའི་སྒྲ་དབྱངས་སྨྲ་བ་ངག་གི་དཔལ། །མ་ལུས་དབྱངས་གསལ་ཡི་གེའི་རྣམ་པར་བསྡུས། །ལྕེ་ལ་ཐིམ་པས་ངག་དབང་བདེན་གྲུབ་གྱུར། །ཉི་ཟླ་ནོར་བུ་སྐར་མ་སོགས་ཀྱི་འོད། །འབྱུང་ལྔ་སྨན་སོགས་བརྟན་གཡོའི་བཀྲག་མདངས་བཅུད། །རྒྱལ་དང་རྒྱལ་སྲས་འཇིག་རྟེན་སྐྱོང་རྣམས་ཀྱི། །སྤོབས་པ་རྒྱལ་བློན་བཙུན་མོ་སོགས་ཀྱི་སེམས། །མདངས་ལྡན་འོད་ལྔའི་རྣམ་པས་ཐུགས་ཀར་ཐིམ། །མི་ཤིགས་སྤོབས་གྲུབ་རྡོ་རྗེའི་ཐུགས་སུ་གྱུར། །དེ་ལྟར་དམིགས་པའི་འཕྲོ་འདུ་འབའ་ཞིག་ལ། །སེམས་བཞག་རིག་སྔགས་རྒྱལ་པོ་འདི་ཉིད་བཟླ། །ཨོཾ་ཧྲཱིཿ དྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿ པྲཛྙཱ་བརྡྷ་ནི་ཧྲཱིཿ དྷཱིཿསྭཱ་ཧཱཿ གསང་སྔགས་ཕྲེང་བ་ཉེར་གཅིག་པ། །ཡབ་ཡུམ་གཉིས་མེད་ཐུན་མོང་


MR05_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། །ཡིད་ཆེས་དད་པ་རྩེ་གཅིག་དང་། །བཟླས་པའི་སྐྱོན་བྲལ་ཅི་ནུས་བཟླ། །བརྒྱ་ ༡ སྟོང་ ༢ ཁྲི་ ༣ འབུམ་ ༤ བཟླས་པ་ཡིས། །རིམ་བཞིན་མི་བརྗེད་གཟུངས་ ༡ ཐོབ་ཅིང་། །སྒྲ་དང་སྐད་རིགས་ཀུན་ ༢ ལ་མཁས། །ཉིན་རེ་ཚིགས་བཅད་ ༣ ལྔ་སྟོང་ཟིན། །ཤེས་རབ་མེ་ལྟར་མྱུར་འབར་ ༤ ནས། །བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི། །དོན་རྟོགས་ངག་གི་དབང་ཕྱུག་འགྱུར། །ཆེད་དུ་རྩོམ་པར་མ་བྱས་ཀྱང་། །ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ། །འགྲོ་བ་དབང་འགྱུར་སྟོབས་ཤུགས་འཕེལ། །མངོན་པར་ཤེས་པ་འཆར་བ་དང་། །ས་ཡི་དབང་ཕྱུག་དག་ཀྱང་ཐོབ། །མདོར་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་སྣ་ཚོགས་ཚེགས་མེད་རྙེད། །རབ་ཀྱིས་ཞག་གཅིག་འབྲིང་གིས་གཉིས། །ཐ་མས་ཞག་གསུམ་འགྲུབ་ཅེས་གསུངས། །བྱིན་རླབས་མྱུར་ལ་རླབས་ཆེ་བའི། །ཟབ་མོའི་སྒྲུབ་ཐབས་འདི་ཉིད་ནི། །རྗེ་བཙུན་དམ་པས་འཇམ་དབྱངས་ལས། །མནོས་ཏེ་བརྩེ་བས་གཞན་ལ་གདམས། །འདི་ཡི་སྨིན་བྱེད་རྗེས་གནང་དང་། །རིལ་བུ་བསྒྲུབ་པའི་ལས་ཚོགས་སོགས། །དམ་པའི་རྒྱ་གཞུང་བཞིན་དུ་བྱ། །ཐུན་མཐར་མཆོད་ཅིང་བསྟོད་གསོལ་གདབ། །བདག་ཐུགས་འོད་ཀྱིས་སྣོད་བཅུད་རང་ལ་ཐིམ། །རིམ་བཞིན་དྷཱིཿདང་ཐིག་ལེ་དམར་པོར་བསྡུ། །དེ་ཉིད་འོད་ཞུ་སྣང་ཀུན་དམར་ལམ་སོང་། །འདས་དང་མ་འདས་དངོས་གྲུབ་དབང་བྱས་བསམ། །དགེ་བ་བསྔོ་ཞིང་སྨོན་ལམ་ཤིས་བརྗོད་བྱ། །སྒྲུབ་ཐབས་ཚིགས་བཅད་བསྡེབས་པ་འདི། །རབ་ཚེས་མེ་སྤྲེལ་སྣྲོན་ཟླ་ཡ། །ཡར་ངོའི་ཚེས་གྲངས་བཅུ་གསུམ་ལ། །འཆི་མེད་མཆོག་གྲུབ་གླིང་ཞེས་པར། །མི་ཕམ་པས་བྲིས་དགེ་ལེགས་གྱུར། །སླར་ས་སྤྲེལ་ཟླ་བ་དང་པོའི་ཚེས་བཅུ་གསུམ་སྒྲོན་འོད་ལ་བདེ་མཆོག་ཕོ་བྲང་དུ་དཔེ་བཤུས་པ་མངྒ་ལཾཿ ༈ །སྨྲར་སེང་རིལ་བུ་སྒྲུབ་ཐབས་བཞུགས། དེ་


MR05_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དམ་པའི་རྒྱ་གཞུང་ལས། །སྐར་མ་རྒྱལ་ལ་བསྒྲུབ་པར་བྱ། །གཅིག་དང་བརྒྱད་དང་བཅོ་ལྔ་ལ། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །དཀར་རྐྱང་དམར་མདངས་ཅན་སྤང་རྒྱན་ཁྲ་བོ་སོགས་ཀྱི་མི་ལོ། གླ་རྩི་རྡོ་ཤ ། བ་མཚལ། སྨུག་འོད་ཅན་ནག་པོ་མིན་སྤངས། བཙག་ཁ་དམར་མདངས་ཅན། དཀར་གསུམ། །ཡུང་བ་སེར་པོ། ཙན་དན་དཀར་པོ། ཨ་ག་རུ་ནག་པོ། །སྤང་སྤོས་དབང་ལག་སོར་མོ་ལྔ་དེ་བཟང་། ཤུ་དག་དཀར་པོ། གསུམ། །གསེར་ཨ་རུ། མདོག་རྒྱ་ཤིང་སྤང་། སྐྱེགས་ཤིང་མངར་གསུམ། །དཔའ་བོ་བཅུ་གཉིས་བསྡུ་བྱས་ལ། །ཞིབ་པར་བཏགས་ལ་སྦྲང་རྩི་་ དབང་སྡུད་དེ་མེད་ཀྱང་ཆོག་གསུང་དང་། །བ་དམར་འཇམ་དབྱངས། འོ་མས་ར་དཀར་འོ་མ་དབྱངས་ཅན་མ། རིལ་བུ་ནི། །བརྒྱ་དང་རྩ་བརྒྱད་བྱས་ནས་ཀྱང་། །སྟེང་དང་འོག་ཏུ་ཧྲཱིཿདང་དྷཱིཿ བྲི་བའི་སྣགས་ཚ་རྒྱ་སྐྱེགས་དང་། །གུར་གུམ་གི་ཝཾ་བསྲེས་ལ་བྲི། །རིན་ཆེན་སྣོད་དུ་བླུག་པར་བྱ། །པདྨ་དམར་པོ་འདབ་བརྒྱད་དབུས། །གོང་གི་རིལ་བུ་བཞག་ནས་ནི། །དམར་སེར་དར་གྱི་གུར་ཡང་ཕུབ། །ཤར་དུ་ཁ་བལྟས་སྟོང་ཉིད་བསྒོམ། །ཞེས་སོགས་གསུངས་པ་ལྟར། དབང་ལག་ཞོ་གསུམ། ཙནྡན་ཨ་གར་ཞོ་རེ། གཞན་རྣམས་ཞོ་ཕྱེད་ཚད་དུ་གསུངས་ཀྱང་ཅི་འོས་བྱ། རིལ་བུའི་སྟེང་འོག་གི་འཁོར་ལོ་ལ་བཞེད་པ་མི་འདྲ་བ་དུ་མ་ཡོད། རང་ལུགས་དར་དམར་རམ་རས་ལ་མཚལ་རྒྱ་སྐེག་གུར་གུཾ་གི་ཝཾ་བཞིས་ཕོ་འཁོར་འཁོར་ལོ་རྩིབ་བརྒྱད་མུ་ཁྱུད་གསུམ་ཅན། ལྟེ་བར་རལ་གྲིའི་ཆང་ཟུང་ལ་དྷཱིཿ རྩེ་མོར་ཧྲཱིཿ བར་དུ་རྩ་


MR05_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། རང་མིང་འདོད་གསོལ་ཤམ་ཅན་བྱས་ཀྱང་ལེགས། རྩིབ་ཀུན་གྱི་རྩེ་མོར་ཧྲཱིཿ རེ་རེ། རྩ་བར་དྷཱི་རེ་བྲི། རྩིབ་བརྒྱད་ཧྲཱིཿ དྷཱིའི་བར་དུ་རྩ་སྔགས་ཆ་བརྒྱད་དུ་བགོས་པ། ཨོཾ་ཧྲཱིཿ ༡ དྷཱིཿ མ་ ༢ མེ་དཱི་པཾ། མཉྫུ་ ༣ ཤྲཱི། མུཾ་ ༤ ཧྲཱིཿཔྲ་ ༥ ཛྙཱ། ཝརྡྷ་ ༦ ནི། ཧྲཱིཿ ༧ དྷཱིཿ སྭཱ་ ༨ ཧཱ༔ ཞེས་དང་དེའི་ཕྱིའི་མུ་ཁྱུད་དང་པོར་ཨཱ་ལི་བཅུ་དྲུག །གཉིས་པར་ཀཱ་ལི་སོ་བཞི། གསུམ་པར་རྟེན་འབྲེལ་སྙིང་པོ། དམོད་དམ་མིན་ཀྱང་། འདོད་གསོལ་བཅས་བྲིས་པས་འགྲུབ། མོ་འཁོར་པདྨ་འདབ་བརྒྱད་ལ་སྔགས་བཀོད་ལུགས་ཕོ་འཁོར་ཇི་ལྟ་བ་ལ། འོན་ཀྱང་ཕོ་འཁོར་གྱི་རྩིབས་དང་མུ་ཁྱུད་ཀྱི་སྔགས་ཐམས་ཅད་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དང་། མོ་འཁོར་གྱི་སྔགས། ཐམས་ཅད་མགོ་ནང་བསྟན་གཡོན་སྐོར་འདབ་མའི་དྷཱི་ཧྲཱི་འང་མགོ་ནང་བསྟན་བྱ། བྱས་པའི་ཁྱད་པར་ཙམ་མོ། །བསྡུ་ན་ཕོ་འཁོར་གཅིག་པུས་ཀྱང་ཆོག །གདན་འཁོར་འཁོར་ལོ་རྩིབ་བཞིར་རྒྱལ་ཆེན་བཞིའམ་སྒྲོལ་དཀར་སོགས་ལྷ་བཞིའི་ས་བོན་བཀོད་ནས་དེའི་སྒོམ་བཟླས་མཛད་པ་ཡོད་མོད། འདིར་གདན་རྡུལ་ཚོན་ནམ། ཡང་ན་རས་བྲིས་ཀྱི་པདྨ་སེར་པོ་འདབ་མ་བརྒྱད་པ་ཙམ་བྱས་པས་ཆོག་གོ །གདན་འཁོར་དེ་སྟེང་ལྷུང་བཟེད་དམ་རིན་པོ་ཆེའི་སྣོད་དུ་མོ་འཁོར་ཁ་ཡར་བསྟན་པའི་སྟེང་དུ་རིལ་བུ་རྣམ་མགོ་མཇུག་མ་ལོག་པར་བཀོད་ན་ལེགས་གསུངས། བཞག །སྟེང་ནས་ཕོ་འཁོར་ཁ་མཐུར་དུ་བསྟན་པས་དགབ། མགོ་ཕྱོགས་གཅིག་འོང་བར་བྱ། ཙནྡན་དམར་པོའམ། ཤུག་པ་དམར་པོའི་རལ་གྲི་སོར་མཁྱིད་གང་བྱས་ཀྱང་རུང་། བཞི་པ་ལ། རྩ་རྩེར་དྷཱི་ཧྲཱིཿ བར་དུ་རྩ་སྔགས་རང་མིང་འདོད་གསོལ་བྱས་ཀྱང་ལེགས། བཀོད་པ་སྔགས་རང་ལ་བསྟན་ཏེ་རིལ་བུའི་ནང་དུ་


MR05_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། སྟེང་ཁེབ་ཀྱི་འཁོར་ལོའི་སྟེང་དུ་དར་དམར་སེར་གྱི་གུར་ཕུབ་སྤྲོ་ན་ཆ་གསུམ་བཏང་། རིལ་བུ་ལ་སྦྱང་ཁྲུས་རྒྱས་བསྡུས་ཅི་རིགས་བྱ། རིལ་བུའི་ཐ་མར་ཉེར་སྤྱོད་བདུན་དང་འབུལ་གཏོར་སོགས་མཆོད་པས་བསྐོར། དེ་ནས་སྐྱབས་སེམས་སོགས་ཆོ་གའི་ཡན་ལག་རྣམས་བྱས་ལ། དངོས་གཞི་བདག་གི་བླ་མའི་གསུང་སྒྲུབ་ཐབས་གྲུབ་པ་མཆོག་གི་ཞལ་ལུང་བཞིན་བྱ། དེར་མདུན་གྱིས་གཞིར་པད་ཟླའི་སྟེང་དུ་རིལ་བུ་རྣམས་ཧྲཱིཿ ཡིག་ཞེས་བསྒྱུར། དེའི་རྗེས་སྔགས་ཀྱི་ཕྲེང་བས་བསྐོར་བ་ཞེས་པའི་མཚམས་སུ། དེའི་རྒྱབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་ཏིལ་གྱི་གང་བུ་བཞིན་དུ་བཞུགས་པ། ཞེས་སྦྱར་དེ་ནས་ཡབ་ཡུམ་གཉིས་ཀའི་སོགས་བཟླས་དམིགས་བཅས་གཞུང་ལྟར་ལ། འོད་ཟེར་བསྡུ་བའི་ཚེ་རང་གི་ཞེས་པ་དེ་བདག་མདུན་གྱི་ཞེས་ཁ་བསྒྱུར་ལ་སྔགས་བཟླས་པར་འབད། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང་འདོད་གསོལ་མཐར། མཆོད་པ་དང་གཏོར་མ་བྱིན་གྱིས་བརླབས་ལ་མཆོད་ཕྲེང་ཅི་རིགས་བཅས་གཏོར་མ་འབུལ། བསྟོད་པ་གང་འདོད་བྱས་ལ། མདུན་གྱི་ལྷ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛས་མེ་ཏོག་འཐོར། བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་གཞུང་དང་སྤྱི་འགྲེ་ལྟར་བྱའོ། །དེ་ལྟར་སྒྲུབ་པའི་ཚེ་རྟགས་ནི་འོད་དངོས་སུ་དང་དུ་བ་སོགས་དང་རྨི་ལམ་རིལ་བུ་རྒྱལ་ཆེན་བཞིར་མཐོང་བ་སོགས་སམ། ཉི་ཟླ་ཤར་བ་དང་སྣག་ཚ་འཐུང་བ་སོགས་འབྱུང་སྟེ་གཞུང་བཞིན་ནོ། །དམ་ཚིག་ཏུ་རྫུན་དང་ཤ་ཆང་སྒོག་པ་སྔོ་ངད་ཞེ་སྡང་དྲག་པོ་གྲོགས་ངན་མྱ་ངན་སྨྲེ་སེམས་ཅན་ལ་གནོད་པའི་ལས་སྤང་། སྔགས་ཕོ་


MR05_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྲིད་པར་འཆིང་བའི་ལས་རྣམས་སྤངས། འཁྲིག་པ་རྣམས་སྤངས་ལ་སེམས་ཅན་ལ་སྙིང་རྗེ་བདོག་པ་ཀུན་གྱིས་འཇམ་དཔལ་མཆོད་ཅིང་གསོལ་བ་རྟག་ཏུ་གདབ་བསྒོམ། རྟགས་བྱུང་ནས་མདུན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དབྱངས་ཅན་མ་ལ་བསྟིམ། དབྱངས་ཅན་མ་རིལ་བུའི་རྣམ་པར་གྱུར་པར་བསམས་ལ་རིལ་བུ་འཁོར་ལོས་གཏུམས་ནས་མགུལ་དུ་བཏགས། ནངས་མ་རེ་ལ་རིལ་བུ་རེ་ཟའོ། །ཕན་ཡོན་ནི་སྔགས་ཀྱི་དབང་དུ་བྱས་ན། བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར་སོགས་གཞུང་བཞིན་དང་། རྫས་ཀྱིས་བཅུད་ལེན་སོགས་ཀྱི་དགོས་པ་འགྲུབ་པའོ། །རིལ་བུ་ལ་དབང་སྡུད་དང་མངོན་ཤེས་སོགས་ཀྱི་ཁ་ཚར་ནི་གཞུང་དུ་གསལ་ལ། རིལ་བུའི་ཚད་ནི་སྲན་མ་ཙམ། མདོག་ཤེས་རབ་འཕེལ་བར་སེར་པོ། ཞི་བར་དཀར། རྒྱས་པ་སེར། དབང་སྡུད་ལ་དམར། དབྱིབས་ཞི་བར་ཟླུམ་ལེབ། དབང་ལ་ཟླ་གམ། རྒྱས་པར་གྲུ་བཞི་བྱ། རྒྱུ་སྐར་རྒྱལ་དང་ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་དང་། གཟའ་ཕུར་ལྷག་ཟླ་བ་པ་སངས་ཀྱི། དུས་སུ་བསྒྲུབ་པར་བྱས་ན་ལེགས་པར་གསུངས་སོ། །འདི་ནི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་རྩེར་འཇམ་དབྱངས་རིལ་བུ་ཕོན་ཆེར་སྒྲུབ་པའི་ཚེ་ཡིག་རྙིང་དུ་མའི་བཅུད་བསྡུས་ཏེ་འཇམ་དཔལ་དགྱེས་པའི་རྡོ་རྗེས་རབ་ཚེས་ཤིང་རྟ་ཟླ་༥ཚེས་༡ལ་བྲིས་པ་འདི་བཞིན་གང་སུ་ཞིག་གིས་བསྒྲུབས་ཀྱང་དངོས་གྲུབ་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག །མངྒ་ལཾ། ༈ །དམ་པའི་རྒྱ་གཞུང་ལས། སྔགས་ནི་ཕྲེང་བ་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཕྲག་གཅིག་ནི་བཟླས་པ་ན། །ཉི་མ་རེ་ལ་ཤླཽ་ཀ །ལྔ་སྟོང་རེ་རེ་ཟིན་འགྱུར་ཞིང་། །མངོན་པར་ཤེས་པ་འཆར་བ་དང་། །གཞན་གྱི་སེམས་ནི་


MR05_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་། །ཡི་གེའི་རིགས་ནི་ཐམས་ཅད་ཀྱང་། །ཐོགས་པ་མེད་པར་ཤེས་པར་འགྱུར། །སྒྲ་དང་བསྟན་བཅོས་ཐམས་ཅད་ཀྱང་། །བཀའ་བཞིན་རྩོམ་པར་ནུས་པ་ཡིན། །ཕྱིས་ནི་ས་ཡི་དབང་ཕྱུག་ཐོབ། །ཅེས་དང་། རིལ་བུ་རྒྱལ་ཆེན་བཞིར་མཐོང་ན། །ཤེས་རབ་འཇམ་དཔལ་རྡོ་རྗེ་དང་། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །རིལ་བུ་དབྱངས་ཅན་མར་མཐོང་ན། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །རིལ་བུ་ཉི་ཟླར་མཐོང་གྱུར་ན། །སྔོན་གྱི་སྐྱེ་བ་དྲན་པར་འགྱུར། །རིལ་བུ་འོད་དུ་མཐོང་གྱུར་ན། །སྒྲ་ལེགས་སྦྱར་ཟུར་ཆག་སོགས། བཞི་དག་ལ་མཁས་པར་འགྱུར། །འོད་དང་དུ་བ་རྔ་སྒྲ་དང་། །དུང་འབུད་ཉི་ཟླ་ཤར་བ་དང་། །མེ་ཏོག་འཛུགས་དང་ཞིང་རྨོ་དང་། །སྣག་ཚ་འཐུང་དང་ཉམས་དགའ་དང་། །ཡི་གེ་འབྲི་ཀློག་མཐོང་བ་དང་། །མངོན་པར་ཤེས་པ་འཆར་བ་རྣམས། །ཤེས་རབ་འཕེལ་བའི་རྟགས་སུ་འདོད། །ཞེས་དང་། གལ་ཏེ་ལས་འཕྲོ་ཡོད་གྱུར་ན། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གསུམ་དུ་བསྒྲུབ་པས་ན། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །གྲུབ་པའི་རྟགས་རྣམས་མ་བྱུང་ན། །བདག་ཉིད་དབྱངས་ཅན་མ་རུ་བསྒོམས། །མདུན་དུ་འཇམ་དཔལ་བསྒོམ་པར་བྱ། །མོ་འཁོར་སྟེང་ལ་ཕོ་འཁོར་འོག །རིལ་བུ་གུ་གུལ་དུད་པས་བདུག །དེས་ནི་ཡེ་ཤེས་མྱུར་དུ་འགྲུབ། །སྒྲུབ་པ་ཐོན་པའི་ནངས་པར་ནས། །ནངས་མ་ཉི་ཤུ་རྩ་གཅིག་ལ། །ལྟོ་སྟོང་དག་གི་དུས་ཉིད་དུ། །རིལ་བུ་རེ་རེ་གྱུར་མིད་བྱ། །རིལ་བུ་གཞན་འཁོར་ལོ་གཉིས་ཀྱི་བར་དུ་གཏུམས། རྫ་ཡི་གའུའི་ནང་དུ་གཞུག །མཆོད་གྲལ་བཞག་གསུངས་སོ། །ཤེས་རབ་འཕེལ་ཞིང་བཅུད་ལེན་འགྱུར། །ཞེས་གསུངས་སོ། །མངྒལཾ། །ཞུ་དག་པས་ཡོན་སྦྱར་བའོ།། །།


previousའཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད།next