Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་ཟབ་རྒྱ་འགྲོལ་ནས་གབ་སྦས་མེད་པར་བསྟན་པའི་ཕྲིན་ལས་རྡོ་རྗེའི་མེ་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་ཟབ་རྒྱ་འགྲོལ་ནས་གབ་སྦས་མེད་པར་བསྟན་པའི་ཕྲིན་ལས་རྡོ་རྗེའི་མེ་ཆེན།next

འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་ཟབ་རྒྱ་འགྲོལ་ནས་གབ་སྦས་མེད་པར་བསྟན་པའི་ཕྲིན་ལས་རྡོ་རྗེའི་མེ་ཆེན།


MR06_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་ཟབ་རྒྱ་འགྲོལ་ནས་གབ་སྦས་མེད་པར་བསྟན་པའི་ཕྲིན་ལས་རྡོ་རྗེའི་མེ་ཆེན་ཞེས་བྱ་བ་ཨི་ཐི་རྒྱཿཿ


MR06_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡ་མནྟ་ཀ་ལ་ཕྱག་འཚལ་ལོ། །འདིར་འཇམ་དཔལ་དཔའ་བོ་བསྒྲུབ་པའི་རྣལ་འབྱོར་བས་བྱད་ཕུར་རྦོད་གཏོང་ལྟས་ངན་སྐག་རིགས་ཆག་ཆེ་ཉམས་ང་བཟློག་པར་འདོད་པ་དང་། ཁྱད་པར་དུ་རང་ལ་འཚེ་བའི་དགྲ་བགེགས་སྡིག་ཅན་མྱུར་དུ་བསྒྲལ་བར་འདོད་པས། བྱ་སླ་ལས་མྱུར་བའི་གདམས་ངག་ཤིན་ཏུ་ཟབ་པ་འདི་ལྟར་བྱ་སྟེ། ལོ་ཟླ་ཟད་པའི་དུས་དང་ནི། །ཉེར་དགུ་ལ་སོགས་མར་གྱི་ངོར། །ཉི་མ་ལ་སོགས་ནག་པོ་དང་། །གཟའ་སྐར་ཕྱོགས་དུས་ཐེབ་དྲག་པོར། །གྲིབ་སོ་ས་ལ་ཕེབ་པའི་ཚེ། །གདུག་ཅན་ཤིང་གི་ཧོམ་ཁུང་བརྩིགས། །དམིགས་བྱའི་རཱུ་པ་ཆེ་བ་ཅིག །ལིང་ཕྲན་ལྔ་བཅུའམ་ཉེར་གཅིག་བསྐོར། །སྲོག་ཡིག་ལིང་ག་གཞུང་ལྟར་བྲི། །ཡན་ལག་བཞི་བརྒྱང་ཛ་སོགས་བཀོད། །སྙིང་


MR06_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གར་བགེགས་ལ་ཏྲི་ཡིག་དང་། །དགྲ་ལ་ནྲྀ་ཡིག་མིང་རུས་བྲི། །ཐ་མར་དམོད་བཅོལ་ལས་སྔགས་བྲིས། །བཙན་དུག་མི་རྟ་ཁྱི་ཁྲག་གསུམ། །གླང་ཁྲག་ཞ་ཉེ་མུ་ཟི་ནག །རོ་སོལ་ཐང་ཕྲོམ་དགུ་པོ་དང་། །དམིགས་བྱའི་ཟག་རྫས་བསྲེས་པ་རྣམས། །ལིངྒ་རྣམས་ལ་བྱུགས་པར་བྱ། །དེ་དང་གྲང་མཉམ་དམར་གཏོར་བཤམས། །ཤ་ཁྲག་དག་གིས་རྣམ་པར་བརྒྱན། །མདུན་དུ་དྲག་པོའི་ཟོར་བཀོད་དེ། །ཉེར་སྤྱོད་ལ་སོགས་མཆོད་པ་བཤམས། །རང་སྲུང་དམིགས་པ་སྔགས་དང་ནི། །ཆོས་སྨན་བྱིན་རླབས་རྫས་བཅས་འཐུང་། །སྐྱབས་སེམས་ཚོགས་བསགས་སྔོན་འགྲོ་བས། །སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་། །མཚན་ཉིད་


MR06_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་དྲག་པོའི་ཕོ་བྲང་འབར། །ཕྱི་རིམ་རྡོ་རྗེ་མེ་ཡི་རྭ་གུར་འཁྲིགས། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། །དེ་དབུས་ཕ་ལམ་ལས་གྲུབ་འཁོར་ལོ་ནི། །རྩིབས་བཞི་རྣོ་ངར་ལྡན་པའི་དབུས་ཉིད་དུ། །པདྨ་ཉི་མ་རོ་ཡི་གདན་སྟེང་དུ། །རང་སེམས་ཐོད་དབྱུག་ཡཿཡིས་མཚན་པ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་པ་སྦྱངས། །བགེགས་དང་ལོག་འདྲེན་བར་ཆད་ཐམས་ཅད་བཏུལ། །ཚུར་འདུས་ཡོངས་གྱུར་འཇམ་དཔལ་གཤིན་རྗེའི་གཤེད། །འཇིག་པའི་སྤྲིན་ནག་འཁྲིགས་པ་ལྟ་བུའི་ཞལ། །སྤྱན་གསུམ་ལྡང་མིག་དུས་མཐའི་མེ་ལྟར་འབར། །ཞལ་གདངས་མཆེ་གཙིགས་རྐན་སྒྲ་འབྲུག་ལྟར་སྒྲོག །རྔམ་པའི་ལྗགས་འདྲིལ་གློག་སྟོང་བཞིན་དུ་འཁྱུག །ཁམ་སེར་རལ་པ་ནམ་མཁའི་དབྱིངས་སུ་བསྒྲེང་། །སྨིན་མ་ཨག་ཚོམ་དམར་སེར་མེ་འོད་འཕྲོ། །ཞལ་གཅིག་ཕྱག་གཉིས་གཟི་བརྗིད་རབ་ཏུ་འབར། །ཕྱག་གཡས་བཞད་སྒྲ་སྒྲོག་པའི་ཐོད་དབྱུག་གདེངས། །གཡོན་པས་ཐོད་པ་ཁྲག་གིས་བཀང་བ་འཛིན། །ཞབས་གཉིས་འདོར་ཐབས་བརྐྱང་བསྐུམ་ཚུལ་གྱིས་བསྒྲད། །དཔལ་དང་དུར་ཁྲོད་ཆས་རྫོགས་གར་དགུས་རྔམ། །མི་སྡུག་སྲིན་པོ་ཁྲོས་པའི་


MR06_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་འགྱིང་། །ཡེ་ཤེས་བསྐལ་པའི་མེ་དཔུང་ཀུན་དུ་འབར། །ཕྱོགས་བཞིར་རིགས་བཞིའི་གཤིན་རྗེ་མཐིང་སེར་དམར། །ལྗང་ནག་རྡོ་རྗེའི་བེ་ཅོན་ལ་སོགས་དང་། །ཐོད་ཁྲག་འཛིན་ཅིང་ཆ་ལུགས་གཙོ་དང་མཐུན། །ཀུན་གྱི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་དང་། །གཙོ་བོའི་ཐུགས་ཀའི་མཐིང་ནག་ཡཿཡིག་ལས། །འོད་འཕྲོས་ཕྱོགས་དུས་དེ་བཞིན་གཤེགས་པ་ཀུན། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྣམ་པ་རུ། །སྤྱན་དྲངས་དམ་ཡེ་གཉིས་སུ་མེད་པར་གྱུར། །ཐུགས་ཀར་ཡ་མཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་རིགས་བཞི་གཤིན་རྗེའི་ཐུགས་ཀར་ཕོག །སྣང་སྲིད་རབ་འབྱམས་དཔལ་ལྡན་གཤིན་རྗེའི་གཤེད། །ཐམས་ཅད་རྡོ་རྗེ་སྔགས་ཀྱི་རང་སྒྲ་འུར། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊཿ མ་ཡེངས་རིག་པ་གཏད་ནས་བཟླ། །དེ་བར་གཞན་ཚིག་མ་འདྲེས་བྱ། །དེ་ནས་ལིང་ག་གཏོར་མ་ལ། །དགྲ་བགེགས་གྲིབ་གསུམ་འགུག་བསྟིམ་བྱ། །ཤན་པ་ལ་སོགས་གདུག་པའི་མེས། །ཐེབས་ཀྱིས་ཕྱོགས་བསྟུན་མེ་སྦར་ལ། །རང་གི་ལག་གཡོན་ཕྲེང་ནག་གམ། །རཀྴ་གང་འཛོམས་བཟུང་བྱས་ལ། །དགྲ་བགེགས་གང་ཡིན་ངོ་བོར་བསམ། །སྔགས་ཚིག་རེ་བསྒྲག་ཕྱིར་ལ་བསྒྱུར། །གཏོར་མ་ལིང་ག་རེ་བཤམས་ཕྲལ། །བསྔོ་ཞིང་མེ་ཡི་དབུས་སུ་བསྲེག །


MR06_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་སྟོང་མི་བཞག་དམ་ཚིག་གོ །མཆོད་གཡོག་ཡོད་ན་དེར་འབུལ་གཞུགས། རང་ཉིད་ཡ་མཱནྟ་ཀ་མཐིང་ནག་འབར། །ཞལ་གཅིག་ཕྱག་གཉིས་མཚོན་ཆའི་རལ་པ་ཅན། །ཞལ་གདངས་མཆེ་གཙིག་དྲག་པོའི་སྤྱན་གསུམ་བསྒྲད། །དུར་ཁྲོད་ཆས་རྫོགས་ཡེ་ཤེས་རྡོ་རྗེའི་སྐུ། །ཕྱག་གཡས་ལྕགས་ཀྱུས་གནོད་བྱེད་མ་ལུས་པ། །ཐོགས་མེད་འགུགས་ཤིང་སྲུང་སྐྱོབ་ལྷ་དང་ཕྲལ། །གཡོན་པའི་མཐེབ་མོ་གསེར་གྱི་སྟྭ་རེ་ཕྱར། །མཛུབ་མོ་དངུལ་གྱི་གདན་པ་དག་གི་བར། །དམིགས་བྱའི་མགོ་ལུས་ཧྲུ་ག་གིས་གཏུབ་པར་གྱུར། །མདུན་དུ་ཧོམ་ལ་མེ་འབར་དུག་གི་མཚོ། །ཁྲོ་ཆུའི་རྦ་རླབས་འཕྱུར་བའི་དབུས་ཉིད་དུ། །མེ་ལྷ་ལས་གཤིན་དམར་ནག་གཅེར་བུ་ནི། །ལྟེ་བ་ཡན་ཆད་མཚོ་ཡི་སྟེང་དུ་འཐོན། །ལག་པ་གཉིས་ན་ཉི་ཟླ་ཆ་ལང་བརྡེབས། །དམར་སེར་རལ་པ་བསྐལ་པའི་མེ་ལྟར་འབར། །ཟ་བྱེད་ཞལ་གྱི་དཀྱིལ་འཁོར་རབ་ཏུ་གདངས། །ཕྱོགས་རྣམས་རྡོ་རྗེའི་མཚོན་ཆའི་གུར་གྱིས་གཏམས། །དགྲ་བགེགས་ཤ་ཁྲག་ཞལ་དུ་ལྷག་མེད་བཞེས། །དེ་ལྟར་དམིགས་པ་ནན་བསྐྱེད་པར། །སྔགས་འདི་བརྒྱ་རྩ་གཅིག་བཟླའོ། །ཨྱཻ་ས་བྷྱོ་བཟློག་རྦད༔ མཐར་ནི་བཞེས་ཤིག་ལ་སོགས་པའི། །དམོད་བྱ་ཐལ་མོ་ལན་གསུམ་བརྡབས། །ཐ་མར་ལས་གཤིན་


MR06_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་བསྟིམ། །ཐལ་བར་མ་གྱུར་བར་དུ་བསྲེག །ཐལ་བར་གྱུར་ཚེ་གཏོར་ཆེན་དང་། །ལྷན་ཅིག་དགྲ་ཡི་ཕྱོགས་སུ་དོར། །གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས། །ཁྲོས་འཁྲུགས་རྔམ་པའི་དམག་ཚོགས་ཀྱིས། །དགྲ་བགེགས་ཐལ་བར་བརླག་པར་བསམ། །སྔགས་འདི་ཉེར་གཅིག་ལ་སོགས་བཟླ། །ཐལ་རྡེབ་དམིགས་པ་དྲག་ཏུ་བྱ། །ཨོཾ་ཧཱུཾ་ཏྲིག་ཁྲོཾ་བྷྱོ༔ མ་ཎི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ དེ་ལྟར་བྱས་པས་དེ་མ་ཐག །མི་དང་མི་མིན་གྱིས་འཚེ་བའི། །མི་མཐུན་ཕྱོགས་རྣམས་གང་ཡིན་པ། །དུས་མཐའི་མེ་ཡིས་རྩྭ་སྦུར་ལྟར། །སྐད་ཅིག་ལྷག་མ་མེད་པར་བྱེད། །དགྲ་ལ་བསོད་ནམས་ཆེ་ཆུང་དང་། །བགེགས་ལ་ནུས་པ་དྲག་ཞན་གྱི། །ལན་གསུམ་གཉིས་སམ་གཅིག་ཉིད་ཀྱིས། །འགྲུབ་འགྱུར་འདི་ལ་ཐེ་མི་ཚོམ། །མེ་ལ་རོ་སོལ་བྲོ་བ་དང་། །དངོས་ཉམས་རིག་པ་དཔའ་རྩལ་འུར། །རྨི་ལམ་ཐོད་མཁར་མེ་འབར་དང་། །གླང་སྨྱོན་མི་ནག་ཐོག་སེར་འདེབས། །དར་ནག་ཕྱར་དང་རལ་ནག་བསིགས། །ཆར་མུན་འཁྲིགས་སོགས་འཇིགས་པའི་ལྟས། །འཇིགས་ཤིང་སྐྱི་གཡའ་བག་དྲོ་དང་། །འོད་དང་གཟི་འབར་ལ་སོགས་དང་། །ཐེབ་ཕྱོགས་གཏོར་མ་འཕང་བའི་དུས། །ཕར་ལ་དྲག་པའི་རླུང་ལྡང་དང་། །ཧོམ་གྱི་མེ་ལ་སྒྲ་གྲགས་སོགས། །འགྲུབ་པའི་རྟགས་མཚན་ཅི་རིགས་འབྱུང་། །


MR06_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གདུལ་དཀའ་ག་བྱེད་པ། །མངོན་སྤྱོད་ལས་ཀྱི་མཐར་ཐུག་སྟེ། །གྲིབ་རྩོག་ཅིས་ཀྱང་མི་སེལ་བ། །སྐད་ཅིག་ཡུད་ལ་འདི་ཡིས་འཇོམས། །ལོ་རེ་ལན་རེ་བྱས་པ་ན། །སྐག་སོགས་ཉམ་ང་ཀུན་ཀྱང་འཇིག །དགྲ་བོ་ཚངས་པ་འདྲ་ཡང་འཆི། །བགེགས་ནི་འཆི་བདག་ཉིད་ཀྱང་བརླག །གྲིབ་ནི་རང་སྟོབས་གྲོགས་སུ་འབར། །ཚེ་མཐུ་བསམ་པའི་བར་ཆད་ཀུན། །བརླག་ནས་སླར་ཡང་སྐྱེ་མི་བྱེད། །གལ་ཆེ་ལན་རེ་ལྟ་བུ་ལས། །མང་དུ་བྱས་ན་སྲོག་ལ་འབར། །གལ་ཐོད་སྤེལ་ན་མྱུར་དུ་འཆི། །ལས་རྣམས་ཀུན་གྱི་རྣོ་འདོན་སྟེ། །ཕྲིན་ལས་གསང་བའི་མཐར་ཐུག་གོ །ཞེས་འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་རྡོ་རྗེའི་མེ་ཆེན་ཞེས་བྱ་བ་འདི་ནི། སངས་རྒྱས་གླིང་པ་དང་། གུ་རུ་ཆོས་དབང་། སྔགས་འཆང་རཏྣ་གླིང་པ་གསུམ་གྱི་གཏེར་ཁའི་བཅུད་གཅིག་ཏུ་དྲིལ་ནས་གུ་རུའི་གསུང་རྡོ་རྗེའི་བྱིན་རླབས་ཀྱི་དྲོད་མ་ཡལ་བར་བཀོད་པ་པོ་ནི་ལམ་འདིའི་བཀའ་བབ་༧འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་པ་རྡོ་རྗེ་བློ་གྲོས་དྲི་མེད་རྩལ་གྱིས་སྦྱར་བ་དགེའོ། །མངྒ་ལཾ།། །།


previousའཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་ཟབ་རྒྱ་འགྲོལ་ནས་གབ་སྦས་མེད་པར་བསྟན་པའི་ཕྲིན་ལས་རྡོ་རྗེའི་མེ་ཆེན།next