Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
བཀའ་བརྒྱད་ཀྱི་ཞི་བ་གསང་ཆེན་རིགས་གཅིག་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་ཀྱི་ཞི་བ་གསང་ཆེན་རིགས་གཅིག་སྒྲུབ་ཐབས།next

བཀའ་བརྒྱད་ཀྱི་ཞི་བ་གསང་ཆེན་རིགས་གཅིག་སྒྲུབ་ཐབས།


MR06_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཀྱི་ཞི་བ་གསང་ཆེན་རིགས་གཅིག་སྒྲུབ་ཐབས་ནི། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། སྐུ་ལྡེམ་བག་ཆགས་པ་གཞོན་ཚུལ་ཅན། ལོངས་སྐུའི་ཆས་སམ། གདན་ཉི་ཟླ་པདྨ་ལ་བཞུགས་པར་བསམ། དེ་ཡི་དབུ་ཡི་འཁོར་ལོ་རྩིབས་བཞི་པའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨ་འདབ་བཞིའི་སྟེང་དུ་ཨྃཿདམར་པོ། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་བསམ། དེ་ཡི་དུས་ན་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་རང་འདྲ་བའི་སྐུ། སྒྲར་གྲགས་པ་ཐམས་ཅད་འབྲུ་གསུམ་གྱི་གསུང་། སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་དུ་མོས་ལ། འབྲུ་གསུམ་བཟླ། ཡང་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཕྱི་ནང་གསང་བའི་མཆོད་པས་བདེ་གཤེགས་མཆོད་ཁམས་གསུམ་སེམས་ཅན་གྱི་སྒྲིབ་པ་སྦྱང་ནས་སངས་རྒྱས་ཀྱི་ས་ལ་བཀོད། ཚུར་འདུས་པས་ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་བསྡུས་ནས་རང་ལ་ཐིམ་པར་བསམ་ལ་འཕྲོ་འདུ་གསེར་གྱི་བ་ཐག་གཟེང་བ་ལྟར་བྱའོ། །


MR06_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲུབ་ན། སྤྱི་བོའི་ཨོཾ་གྱི་འོད་ཟེར་དཀར་པོས་ཞི་རྒྱས། མགྲིན་པའི་ཨཱཿཡི་འོད་ཟེར་དམར་པོས་དབང་། ཐུགས་ཀའི་ཧཱུྃ་གི་འོད་མཐིང་ནག་གིས་དྲག་པོའི་ལས་བྱས། སླར་བསྡུས་ནས་བདག་མི་དམིགས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསམ། དེ་དག་དབྱངས་དྲུག་གིས་འདྲེན་པར་བྱ། ཁྲོ་བོའི་སྐབས་ན། བདག་ཉིད་སྐད་ཅིག་གིས་དཔལ་བཛྲ་ཧེ་རུ་ཀ་རྡོ་རྗེ་དང་དུང་ཁྲག་འཛིན་པ་དུར་ཁྲོད་ཀྱི་ཆས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་འཁོར་ལོ་སོགས་གོང་ལྟར། དེ་ལ་སྒྲིབ་སྦྱང་དང་བགེགས་འདུལ་སོགས་དམིགས་པ་ཁ་བསྒྱུར་ནི། འབྲུ་གསུམ་གྱི་དོན་ཆོས་ཉིད་སྣང་སྟོང་ཟུང་འཇུག་ཏུ་ཤེས་ཤིང་ཡུལ་གསུམ་གསལ་བའི་དུས་ན་དྲོད་གསུམ་འབྱུང་སྟེ། ཕྱི་ལུས་ཡོད་དུ་མི་ཚོར། ནང་དབུགས་རྒྱུ་བ་མི་ཚོར། གསང་བ་བདེ་བ་སེམས་ལ་འཆར། རྟགས་གསུམ་ནི་རབ་བདེ་བར་གཤེགས་པའི་གཟུགས་མཐོང་། འབྲིང་ལུང་སྟོན་སྒྲ་ཐོས། ཐ་མ་ལུས་དྲི་འབྱུང་བའོ། །གཞན་ཡང་མཁའ་འགྲོ་མ་འདུ། སྐྲ་དཀར་གཉེར་མ་སོགས་མི་འབྱུང་ངོ་། །འཁོར་འདས་ཐམས་ཅད་ཀྱི་སྒོ་གསུམ་གྱི་སྲོག་འབྲུ་གསུམ་འདིར་འདུས་པས་གང་ལ་དམིགས་པ་རང་དབང་མེད་པར་འགྲུབ་ཅེས་གསུངས་སོ། །ཧཱུྃ་སྒྲུབ་ནི། རང་ཡི་དམ་གྱི་ཐུགས་ཀར་ཧཱུྃ་མཐིང་ནག་གཅིག་བསྒོམ། ཧཱུྃ་བཟླས་པས་ཧཱུྃ་ལས་འོད་འཕྲོས་སྣང་སྲིད་ས་རྡོ་རི་བྲག་རྩི་ཤིང་སོགས་གདོས་


MR06_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཐམས་ཅད་ཀྱང་ཧཱུྃ་དུ་གྱུར་པས་ཆི་ལི་ལི་གང་ནས་ཐམས་ཅད་ཧཱུྃ་དུ་མེར་མེར་གནས་པ་སྐུ། དེ་བཞིན་སྒྲ་ཐམས་ཅད་ཧཱུྃ་གི་སྒྲ་གདངས་ཁོ་ན་དང་། དྲན་རྟོགས་ཐམས་ཅད་བདེ་སྟོང་གི་ཏིང་འཛིན་དུ་གསལ་ལ། ཧཱུྃ་ཁོ་ན་བཟླ། ཁ་སྒྱུར་ཧཱུྃ་དེ་དག་ཁྲོ་བོ་སོགས་ཀྱི་སྐུར་བསྒྱུར་ལ་དགྲ་བགེགས་བསྒྲལ་བར་བསམ་པ་སོགས་བྱ། བཀའ་བརྒྱད་པོ་ཚུར་བསྡུས་ན་མཐར་ཐུག་སྙིང་པོ་ཧཱུྃ་གཅིག་ལ་ཐུག་འདི་ཁོ་ན་ཡང་དག་པའི་སྙིང་པོ་ཡིན་པས་གཞན་ཅི་ཡང་མི་དགོས། ཅི་བསམ་འགྲུབ་བོ་ཞེས་གསུངས་སོ། །ཧཱུྃ་གི་ཛབ་དགོངས་ས་མ་ཡ་རྒྱཿ བཀའ་བརྒྱད་ཆོས་སྡེ་ལས་བཏུས་པ་དགེའོ། །མངྒ་ལཾ། །


previousབཀའ་བརྒྱད་ཀྱི་ཞི་བ་གསང་ཆེན་རིགས་གཅིག་སྒྲུབ་ཐབས།next