Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་ཁྲོས་པའི་གཏོར་བཟློག་བཅུད་ཕུར།
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲང་སྲོང་ཁྲོས་པའི་གཏོར་བཟློག་བཅུད་ཕུར།next

དྲང་སྲོང་ཁྲོས་པའི་གཏོར་བཟློག་བཅུད་ཕུར།


MR06_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཁྲོས་པའི་གཏོར་བཟློག་བཅུད་ཕུར་བཞུགས་སོ། །ན་མོ་གུ་རུ་རི་ཥི་ཀྲོ་དྷཱ་ཡ། འདིར་མན་ངག་ཟབ་མོའི་ཆོས་སྡེ་རིག་པ་འཛིན་པའི་སྙིང་ཐིག་ལས། ས་བཅད་དྲུག་པ་དྲང་སྲོང་དྲི་མེད་མཐིང་ནག་ལ་བརྟེན་ནས་མངོན་སྤྱོད་དམོད་པའི་ལས་བརྩམ་པ་ནི། མདུན་དུ་ཕུང་སའི་ཧོམ་ནང་དགྲ་བགེགས་ལིང་ག་གཞུག །དེ་སྟེང་མཎྜལ་འཁོར་ལོ་རྩིབས་བརྒྱད་པའི་ཁར་དམར་གཏོར་གཙོ་འཁོར་དགུ་པ་ཤ་ཁྲག་མཚེ་ཡུངས་སོགས་ཀྱིས་བརྒྱན་པ། དྲག་མཆོད་དང་། ཐུན་རྫས་ཐུན་གཏོར་བཅས་བཤམས། ཐོག་མར་མདུན་དུ་སྐྱབས་ཡུལ་གསལ་ལ། རྡོ་རྗེ་སློབ་དཔོན་སོགས། ཡན་ལག་བརྒྱད་པ་བྱས་ནས་ཚོགས་ཞིང་རང་ལ་ཐིམ་པར་བསམ། མཆོད་པ་བྱིན་གྱིས་བརླབས་པ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གནས་ཡུལ་ཀུན། །དག་པ་རབ་འབྱམས་ཞིང་ཁམས་ཆེར། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ། བདག་མདུན་བསྒོམ་པ་ནི། ཤཱུ་ནྱ་ཏས་སྦྱངས་ཏེ། སྟོང་པའི་ངང་ལས་སྐད་ཅིག་གིས། །རྡོ་རྗེ་སྲུང་བའི་གུར་ཆེན་དབུས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྲུང་རྒྱ་མཚོ་སྤྲིན་ཕུང་འཁྲིགས། །དེ་དབུས་པད་ཉིད་དགྲ་བགེགས་སྟེང་། །ལོཀྟྲི་པཱ་ལ་ཤིན་ཏུ་འཇིགས། །མཐིང་ནག་དབུ་བརྒྱ་ཕྱག་སྟོང་འབར། །ཕྱག་མཚན་མཚོན་ཆ་སྣ་ཚོགས་གདེངས། །དེ་ཡི་ཐུགས་ཀར་དྲང་སྲོང་ཁྲོས། །


MR06_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སེམས་ཕྱག་བཞི་མཆན། དཔའི་སྤྲུལ་སྐུར་བཞེངས། །དེ་ཡི་ཐུགས་དཀར་དྲི་མེད་ཞི། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཚུལ། །དེ་ཡི་ཐུགས་ཀར་རྡོ་རྗེ་འཛིན། །ཆོས་ཀྱི་སྐུ་དང་དབྱེར་མེད་བཞུགས། །མདུན་དུ་གནམ་ལྕགས་འཁོར་ལོ་ནི། །རྩིབས་བརྒྱད་རྣོ་ངར་ལྡན་པའི་དབུས། །པད་ཉི་དྲེགས་པའི་གདན་གྱི་སྟེང་། །མངོན་སྤྱོད་དམོད་པ་སྟོབས་ཀྱི་ལྷ། །ཞེ་སྡང་རྡོ་རྗེ་གསང་བའི་བདག །འཇིག་རྟེན་སྒྲོལ་མཛད་སྐུ་མདོག་མཐིང་། །ཕྱག་བཞི་ཐོ་བ་རལ་གྲི་དང་། །ཐ་གཉི་གནམ་ལྕགས་ཕྱག་མཐིལ་ལ། །ལྕགས་སྡིག་སོར་མོ་འབར་བ་གདེངས། །གཅེར་བུ་རྒྱན་མེད་ཤིན་ཏུ་འཇིགས། །ཡེ་ཤེས་མེ་དཔུང་དོར་ཐབས་རོལ། །རྩིབས་བརྒྱད་རང་འདྲའི་སྤྲུལ་པ་བརྒྱད། །སྤྱི་བོར་རིགས་བདག་པད་འབྱུང་དང་། །ཐུགས་ཀར་དྲང་སྲོང་དྲི་མེད་བཞུགས། །མཐའ་བསྐོར་ཡེ་ཤེས་འཇིག་རྟེན་གྱི། །ཆོས་སྲུང་རྒྱ་མཚོ་སྤྲིན་ལྟར་གཏིབས། །བདག་དང་མདུན་གྱི་ལྷ་ཚོགས་ཀྱི། །གནས་གསུམ་དེ་བཞིན་གཤེགས་ཀུན་གྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ནི། །ཡི་གེ་གསུམ་ལས་འོད་འཕྲོས་པས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། བཛྲ་ས་མཱ་ཛ༔ ཛཿ ཧཱུཾ་བཾ་ཧོཿས་མ་ཡ་ཏིཥྛ་ལྷནཿ ཨོཾ་ཨཱཿཧཱུཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་


MR06_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྤྲིན་ཚོགས་ལས། །མཁའ་ཁྱབ་འདོད་ཡོན་རྒྱ་མཚོའི་གཏེར། །བདེ་བ་ཆེན་པོར་བཞེས་སུ་གསོལ། །སརྦ་པཱུ་ཛ་ས་མ་ཡ་ཧཱུཾ། ཧཱུཾ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་འཛིན། །དྲང་སྲོང་ཞེ་སྡང་རྡོ་རྗེ་ནི། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཐོག་མར་སྲུང་དམིགས་ནི། །ཐུགས་སྲོག་ཧཱུཾ་གི་ཐིག་ལེ་དང་། །བསྲུང་བྱའི་སྒོ་གསུམ་དབྱེར་མེད་འདྲེས། །མི་ཤིགས་གསུམ་ལྡན་འོད་ཟེར་སྤྲིན། །མེ་མཚོན་ཁྲོ་བོའི་ཚུལ་དུ་འཕྲོས། །ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས། །གནོད་བྱེད་འབྱུང་པོ་རྡུལ་དུ་བརླག །བྱད་ཕུར་རྦོད་གཏོང་དབྱིངས་སུ་བཟློག །ཐམས་ཅད་རིག་རྩལ་གཉུག་མའི་ངང་། །ཚུར་འདུས་ཐུགས་སྲོག་ཐིག་ལེར་ཐིམ། །བྱིན་རླབས་ནུས་སྟོབས་འབར་བར་གྱུར། །ཅེས་པའི་དོན་ལ་དམིགས་པ་རྩེ་གཅིག་པས། ཨོཾ་ལོག་ཏྲི་པཱ་ལ་ནན་སྲུངས། ས་ག་པ་ཤ་ནན་སྲུངས། ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། ཙི་ཙ་ར་ཙི་ཙ་ར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་ནན་སྲུངས་ཙི་དུ་སོད་ཙི་དུ་སོད། ཤིག་ལྷུར་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོ་ཀཱ་ཝཱ་ཙི་བརླག་བརླག་ནྲི་བྷཱུཾ་ཧཱུཾ་ཛཿམ་མ་སརྦ་རཀྵ་རཀྵ་བྷཱུྃ༔ ཞེས་ཅི་རིགས་བཟླ་ཞིང་སྟོངས་ཚིག་གི་


MR06_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་བྱའོ། །དེ་ལྟར་རང་རྡོ་རྗེའི་གུར་དུ་ཞུགས་ནས་ཕས་རྒོལ་གཞོམ་པའི་ལས་དངོས་ལ་འཇུག་པ་ནི་གཞུང་ལས་འོག་ཏུ་གནམ་ལྕགས་ཁང་སྒྲོམ་དབུས། དགྲ་བགེགས་བྱད་མ་དངོས་སུ་གསལ། ཛཿཧཱུཾ་བཾ་ཧོས་དབྱེར་མེད་བསྟིམ། མདུན་བསྐྱེད་ཕྱག་མཚན་ཐོ་བ་དང་། །རལ་གྲིའི་ཆར་བབས་བསད་བཅད་གཏུབ། །སོར་མོའི་ལྕགས་སྡིག་གྲངས་མེད་པས། །ཤ་ཁྲག་ཧབ་ཧབ་ཟོས་པར་བསམ། །ཞེས་གསུངས་པ་ལྟར་ལག་ཏུ་ལེན་པ་ལ། ཐོག་མར་གསེར་སྐྱེམས་ནི། ཧཱུཾ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་ཞེ་སྡང་རྡོ་རྗེའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་སོགས་དང་གཟུ་དཔང་ནི། ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །དྲང་སྲོང་ཁྲོས་པའི་ལྷ་ཚོགས་འཁོར་བཅས་རྣམས། །མི་མངོན་དབྱིངས་ནས་གསན་ཅིང་དགོངས་སུ་གསོལ། །རྣལ་འབྱོར་བདག་གི་གཟུ་དང་དཔང་པོར་མཛོད། །བསྡུ་ན་དེ་ཙམ་དང་། སྤྲོ་ན་གཟུ་དཔང་གཞན་ཡང་བྱའོ། །དེ་ནས་ཨེ་ཁང་བསྐྱེད་པ་སོགས་ནི། མདུན་འོག་དུར་ཁྲོད་འཇིགས་སུ་རུང་བ་ཡི། །ཨེ་ལས་གཞལ་ཡས་ལྕགས་ཁང་སྒོ་མེད་པའི། །ནང་དུ་གྲུ་གསུམ་ནག་པོ་གཏིང་ཟབ་པ། །དེ་དབུས་ནྲི་ལས་གནོད་བྱེད་བྱད་མ་རྣམས། །མགོན་མེད་མྱ་ངན་ཕྱག་རྒྱ་ཅན་དུ་གྱུར། །ཞེས་གསལ་བཏབ་ལ། ན་མོ་རྩ་རྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །


MR06_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང་། །ཁྱད་པར་མངོན་སྤྱོད་དམོད་པ་སྟོབས་ཀྱི་ལྷ། །དྲང་སྲོང་ཁྲོས་པ་ཞེ་སྡང་རྡོ་རྗེའི་སྐུ། །མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། །ཆོས་བྱེད་ཡོངས་ལ་འཚེ་བ་དམ་སྲིའི་དཔུང་། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །བསམ་ངན་སྦྱོར་རྩུབ་བྱད་ཕུར་རྦོད་གཏོང་དང་། །འགལ་རྐྱེན་བར་ཆད་རྩོམ་པའི་དགྲ་བགེགས་རྣམས། །གང་ན་ཡོད་ཀྱང་དམིགས་རྟེན་འདི་ཉིད་ལ། །ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གཎྚེ་ཧོཿ། ཕྱེས་ཤིག་བཛྲ་པྲ་བེ་ཤཱ་ཡ་ཕཊ། །དབྱེར་མེད་བསྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱཿཞེས་དང་ནན་ཆེན་བླ་འགུགས་ཀྱི་སྔགས་ཀྱང་ཇི་རིགས་བཟླའོ། །དེ་ནས་བསད་པའི་དམིགས་པ་ནི། མདུན་བསྐྱེད་ཕྱག་མཚན་གནམ་ལྕགས་ཐོ་བ་དང་། རལ་གྲིའི་ཆར་བ་ཐོག་གི་བུ་ཡུག་བཞིན། །དགྲ་བགེགས་བྱད་མའི་སྟེང་དུ་དབབ་པ་ཡིས། །ལུས་སྲོག་དབང་པོ་དུམ་བུར་གཅོད་ཅིང་གཏུབས། །སོར་མོ་ལྕགས་ཀྱི་སྡིག་པ་གྲངས་མེད་པས། །ཤ་ཁྲག་མ་ལུས་ཧབ་ཧབ་ཟོས་པར་གྱུར། །ཅེས་བསད་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ལོག་ཏྲི་པཱ་ལ་ནན། ས་ག་པ་ཤ་ནན།


MR06_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙི་ཙ་ར་ཙི་ཙ་ར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ། རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར་ནན། ཙི་དུ་སོད། ཙི་དུ་སོད། ཤིག་ལྷུར་གཏུབ། ཧ་ལ་བ་ཏི་ནན། འཁོར་བ་ཐུལ། ཨ་ཡ་མ་དུ་རུ་ཙ་ཤ་ན། གནོད་བྱེད་དགྲ་བགེགས་འབྱུང་པོ་ཀཱ་བཱ་ཙི་བརླག་བརླག །ཐུམ་རིལ་མྱོགས་རྨུགས་མཱ་ར་ཡ་རྦད་རྦད། ཅེས་བྲག་ཁ་ནས་ཆུ་འབབ་པ་ལྟར་བཟླ། ཐུན་མཐར་ཐུན་རྫས་ལ་བསྔགས་ཤིང་། ཐུན་གདབ་པ་ནི། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཞེས་བྱས་ལ་སྔགས་རིང་དང་དྲང་སྲོང་དམོད་པ་ཚར་གཅིག་བཅས་ཐུན་བརྡེག་ཅིང་། བསྒྲལ་པའི་ཤ་ཁྲག་རྣམས་དང་། །ཐུན་གཏོར་བཅས་ལ་རཀྟ་བྲན་ཏེ། རཾ་ཡཾ་ཁཾ། དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཁྲམ་ཁྲོད་ཆེན་པོ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བརླབས། ཨོཾ་མ་ཧཱ་རི་ཥི་ཀྲོདྷ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཏི། ལན་གསུམ། བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུཾ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་པ་ལ་སོགས་རྟག་ཏུ་བརྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཞེ་སྡང་རྡོ་རྗེའི་ལྷ་ཚོགས་འཁོར་བཅས་ལ། །དགྲ་བགེགས་


MR06_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་རྒུའི་བ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི ། ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་བསྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་རྣམས། །ནམ་ཡང་ལྡང་མེད་བརླག་པའི་ལས་མཛོད་ཅིག །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་ཐུན་གཏོར་འབུལ། དེ་ནས་བཟློག་པའི་དམིགས་པ་ནི། མདུན་བསྐྱེད་ཀྱི་འཁོར་རྣམས་ཞལ་ཕྱིར་གཟིགས་ཤིང་བཟློག་སྔགས་བཟླས་པ་དང་ལྷན་ཅིག་ཏུ་རང་འདྲའི་སྤྲུལ་པ་དང་ལས་བྱེད་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་མི་མཐུན་པའི་ཚོགས་ཐམས་ཅད་ཕྱིར་བཟློག་པར་བསམ་ལ། ཨོཾ་ལོ་གྷྲི་པཱ་ལ་ནན་སོགས་ནས། ཀཱ་ཝ་ཙི་བརླག་བརླག་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག །ཅེས་ཅི་ནུས་བཟླས་ལ། མཐར་དམོད་པ་དང་བཅས་ཐལ་མོ་བརྡབ་པའི་བར་དུ་བྱད་མ་འཁོར་བཅས་སྒོ་ང་བྲག་བར་བཅར་བ་ལྟར་མིང་མེད་དུ་བརླག་པར་བསམ་ལ།


MR06_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། རིག་འཛིན་རྩ་བརྒྱུད་སོགས་ནས། ཁྱད་པར་བཅོམ་ལྡན་འདས་དྲང་སྲོང་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་དང་ཁྱད་པར་བན་བོན་སྔགས་པའི་མཐུ་བྱད། རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག་བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིག་ཅིག །སྲིད་གསུམ་རྨངས་ནས་བསྒྱིལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པ་ཆོད་ཅིག །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམ་བྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཤ་ཏྲུཾ་མཱ་ར་ཡ་རྦད་རྦདཿ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ ཅེས་བདེན་སྟོབས་བརྗོད་པ་དང་དམོད་པས་གཟིར་ཞིང་ཐབ་མོ་བརྡབ་པ་ལན་གསུམ་བྱའོ། །དེ་ནས་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷྱོཿ ཞལ་གདམས་སྙིང་བྱང་རཀྴ་ཐོད་ཕྲེང་གི་བཟློག་པ་མཆན།


MR06_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང་༔ ཙཀྲ་འབར་བའི་གཞལ་ཡས་ནས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ ཞེ་སྡང་རྡོ་རྗེ་དབྱིངས་ནས་བཞེངས༔ སྤྲུལ་པའི་ཁྲོ་ཚོགས་ལས་ལ་ཆོས༔ ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་དང་༔ དྲང་སྲོང་དམོད་པའི་མཚོན་འཆང་བ༔ ལོཀྟྲི་པཱ་ལས་སྟོང་ཁམས་གང་༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ འདི་ནས་ཚིག་རྐང་བདུན་ཁ་སྐོང་། རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །སྔོན་ལས་ཕྲལ་རྐྱེན་ལས་བྱུང་བའི། །དགྲ་གྱོད་མི་ཁ་དམོད་བྱད་དང་། །སྡེ་བརྒྱད་གདུག་རྩུབ་ཆོ་འཕྲུལ་དང་། །ཐན་དང་ལྟས་ངན་དལ་ཡམས་དང་། །ཆགས་ཆེ་ཉམ་ང་འཇིགས་པའི་ཚོགས། །ནད་གདོན་བར་ཆད་མི་མཐུན་ཕྱོགས། །ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང་༔ གློ་བུར་རྩུབ་པའི་གེགས་རིགས་ཀུན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་བསྒྱུར༔ ཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ དེ་ནས་གང་དུ་འཕེན་པའི་ཕྱོགས་སུ་གསེར་སྐྱེམས་དང་གཟུ་དཔང་སྔོན་དུ་འགྲོ་བས། དམིགས་བྱའི་རཱུ་པ་ལ་དགུག་གཞུག་བྱ་ཞིང་དེ་འབེན་དུ་བཅས་ལ་ཟོར་འཕང་བ་ནི། ཧཱུྃ། གདུག་པའི་དམ་ཉམས་དགྲ་དང་བགེགས། །བསྟན་


MR06_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རུ་དྲ་མ་གཏོགས་པའི། །སྟེང་འོག་ཕྱོགས་འཚམས་གནས་པ་ཡི། །ལྷ་ཀླུ་གཞི་བདག་སྐུ་བཟུར་ཅིག །གཏོར་ཟོར་དགྲ་བགེགས་སྙིང་ལ་རྒྱོབ། ཡིག་རྙིང་ལས་སོ། །འདི་མན་གསར་རྩོམ། རྒྱལ་ཀུན་མཐུ་སྟོབས་ནུས་པ་དྲག་པོའི་རྩལ། །དྲང་སྲོང་དམོད་པའི་མཚོན་ཆར་ཡོངས་ཤར་བ། །དམར་ཆེན་གཏོར་ཟོར་གདུག་པའི་དུག་དབལ་ཅན། །དམ་ཉམས་སྡིག་ཅན་བསྟན་དགྲའི་སྙིང་ལ་འཕེན། །རྩ་གསུམ་སྲུང་མའི་ཚོགས་ཀྱི་མཐུ་བསྐྱེད་ལ། །སྣང329སྲིད་སྡེ་བརྒྱད་དྲེག་པ་ལས་ལ་བྷྱོ། །གང་ལ་བརྣགས་པའི་དགྲ་བགེགས་སྙིང་ལ་ཡ། །རྗེས་ཤུལ་མེད་པར་ཐལ་བའི་རྡུལ་དུ་རློག །རྦད་ཐུམ་རི་ལི་ལི། ཞེས་དང་སྔགས་རིང་དང་དམོད་པའི་མཐར། ཏྲིལ་ཤག་སྲོག་ཁྱེར་བྷྱོ། ཏྲི་མྱགས་ཀ་པ་ཡཿ སླར་ཡང་སྲུང་འཁོར་བསྒོམ་ཞིང་ནང་དུ་ལོགས། དྲང་སྲོང་ཞི་བའི་ཚེ་འགུགས་བྱ་ཞིང་ལས་རྗེས་སྤྱི་ལྟར་བྱའོ། །གཞན་ཡང་སྤྲོ་ན་ཚོགས་ཀྱི་མཆོད་པ་སོགས་དྲང་སྲོང་ཞི་བའི་གཞུང་ལྟར་བྱའོ། །གསང་བདག་རྡོ་རྗེ་འཛིན་པའི་ཡེ་ཤེས་སྐུ། །རིག་འཛིན་གྲུབ་པའི་ཚུལ་འཆང་མདོ་སྔགས་གླིང་། །གང་གི་ཞལ་ལུང་ཟབ་མོའི་མན་ངག་འདི། །ཐོབ་ཅིང་རྗེས་སུ་གནང་བས་འདི་བྲིས་སོ། །གྲུབ་པའི་བྱིན་རླབས་མི་ཤིགས་རྡོ་རྗེའི་མཚོན། །མི་བཟད་དམོད་པ་དྲག་པོའི་རྣོ་དབལ་ཅན། །སྡིག་ཅན་སྙིང་ལ་བསྣུན་པས་བདུད་སྡེའི་གཡུལ། །ཕ་མཐར་བྱེད་འདི་བསྟན་པའི་བཙས་སུ་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་མཆོག་གི་ཞལ་སྔ་ནས་ཚུལ་འདིའི་སྨིན་གྲོལ་ནོས་ཤིང་གཏོར་བཟློག་གི་རིམ་པ་འདི་ལྟ་བུའི་ཆོག་ཁྲིགས་ཀྱིས་ཞེས་རྗེས་སུ་གནང་བ་ལ་བརྟེན་ནས་བླ་མའི་བྲན་དུ་གྱུར་པ་མི་ཕམ་རྣམ་པར་རྒྱལ་བས་བྲིས་


MR06_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིས་འགྲོ་ཀུན་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་ཞིང་དཔལ་ཧེ་རུ་ཀའི་གོ་འཕང་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།དྲང་སྲོང་ཞི་བའི་གཏོར་འབུལ་འདོད་གསོལ། ཧོ། དྲང་སྲོང་ཆེན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རིག་འཛིན་རྣལ་འབྱོར་བདག་ཅག་གི །ལས་དང་ཡེ་ཤེས་རབ་འབྱམས་ཀྱི། །སྔགས་ཀྱི་གྲུབ་པ་ཚུལ་བཞིན་དུ། །བར་ཆད་མེད་པར་ཐོབ་པ་དང་། །ནད་དང་འཇིགས་པ་སྡེ་བརྒྱད་གདོན། །བྱད་ཕུར་དྲང་སྲོང་དམོད་པ་སོགས། །མི་མཐུན་བར་ཆད་ཐམས་ཅད་ཀུན། །སྲུང་དང་ཞི་དང་བཟློག་པ་དང་། །མདོར་ན་ཡིད་ལ་གང་འདོད་པའི། །མཆོག་ཐུན་དངོས་གྲུབ་མ་ལུས་པ། །གེགས་མེད་ཡིད་བཞིན་འགྲུབ་པ་རུ། །ཁྱེད་ཀྱིས་སྨོན་ལམ་གདབ་པ་དང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པའང་ཟླ་༨ཚེས་༢༦ལ་མི་ཕམ་པས་སོ། །ཤུབྷཾ་མངྒ་ལཾ།


previousདྲང་སྲོང་ཁྲོས་པའི་གཏོར་བཟློག་བཅུད་ཕུར།next