Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས།
   
   
   
   
   
   
   
   
   


 
previousའབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས།next

འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས།


MR06_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་དུང་ཟླ་དཀར་པོ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས་ཞེས་བྱ་བ་བཞུགས་སོ། །ཞལ་དཀར་འབུམ་པའི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས་ཞེས་བྱ་བ། ཧཱུྃ་ཧཱུྃ། མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་ནི། །གཉིས་མེད་ཡེ་ཤེས་སྐུ་མཆོག་པདྨ་སྐྱེས། །ཕྲིན་ལས་ཐོགས་མེད་དཔའ་བོའི་སྐུར་བཞེངས་པ། །སྐྱེས་མཆོག་རིག་འཛིན་ནོར་བུ་དགྲ་འདུལ་རྗེ། །སྙིང་དབུས་མི་ཤིག་ཐིག་ལེར་ཞལ་བཀོད་པའི། །ཕྲིན་ལས་རང་སྣང་སྒྱུ་འཕྲུལ་དཔའ་བོའི་གར། །འཛམ་གླིང་དུང་གི་ཟླ་བ་འབུམ་པའི་ཞབས། །ཞལ་དཀར་དགྲ་འདུལ་རྒྱལ་པོ་དབྱིངས་ནས་བཞེངས། །ཁྱེད་ཐུགས་ནམ་མཁའ་བཞིན་དུ་ཁྱབ་བརྡལ་ཡང་། །མི་བཟད་གདུག་པ་གཞོམས་པའི་ཕྲིན་ལས་ནི། །སྲིད་གསུམ་འཇོམས་པ་བསྐལ་པའི་མེ་ལྟར་འཁྲུགས། །འཕོ་མེད་དབྱིངས་ཀྱི་དཔའ་བརྟན་དགྲ་བླའི་རྒྱལ། །མི་ལྡོག་གནམ་ལྕགས་ཐོག་གི་མདའ་ལྟ་བུ། །དགྲ་སྙིང་འབིག་ལ་ཐོགས་མེད་ལས་ཀྱི་མཐུ། །རྣོ་མྱུར་མི་བཟད་གཏུམ་པའི་ངང་ལ་བཞུགས། །དངོས་གྲུབ་འདོད་རྒུའི་གཏེར་ཆེན་ཁྱོད་ལ་བསྟོད། །ཚད་མེད་སྙིང་རྗེས་ཞི་བ་བཅོམ་ལྡན་འདས། །མི་བཟད་བདུད་དཔུང་ཚར་གཅོད་ཁྲོ་བོའི་གར། །མཐར་བྱེད་གཤིན་རྗེའི་གཤེད་ཆེན་འབར་བའི་སྐུ། །ཁྱོད་ལ་མཆོད་དོ་བསྟོད་དོ་ཕྲིན་ལས་མཛོད། །མཚན་འཛིན་


MR06_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་མཚན་མའི་ཆུ་རླབ་རྣམས། །རིག་དབྱིངས་སེང་ཆེན་རྒྱ་མཚོར་མ་ཐིམ་པར། །སྒྱུ་འཕྲུལ་རྣམ་པར་རོལ་པའི་དཔའ་བོ་ཁྱོད། །འབྲལ་བ་མེད་པར་རིག་པའི་དཔྱིད་དུ་བཞུགས། །རིག་ཁམས་སྤྲིན་གྱི་སྙིང་པོར་དཔའ་བའི་གཟེར། །དར་ཆེན་གནམ་ལྕགས་འབར་བ་ཁྱེད་གཡོས་པས། །མི་ལྡོག་ཕས་རྒོལ་འཇོམས་ལ་ཐོགས་མེད་མདས། །དགྲ་སྙིང་རྔམས་པའི་ཟས་སུ་རོལ་པར་མཛོད། །གཞན་ཕྱོགས་ནགས་ཚལ་སྐམ་པའི་ཚང་ཚིང་ལ། །མི་བཟད་འབར་བ་མཐར་བྱེད་མེས་བཏབ་པས། །གཞན་སྟོབས་གྲོགས་སུ་འགྱུར་བ་ཝེར་མའི་རྒྱལ། །དགྱེས་པའི་གད་རྒྱང་འབྲུག་སྟོང་ལྟར་སྒྲོགས་མཛོད། །ལྷ་ཀླུ་མི་ཡི་ཆེ་རྒུའི་ཅོད་པན་ལ། །གཅིག་དུ་དབང་བའི་གོམས་སྟབས་རོལ་པ་ཡི། །ཟླ་མེད་སྙན་པའི་བ་དན་བཟུང་བྱས་ནས། །སྲིད་པ་གསུམ་པོ་བྲན་དུ་འཁོར་བར་མཛོད། །འདོད་རྒུའི་ཕྱྭ་གཡང་དག་པའི་དངོས་ཚང་བ། །མི་འདའ་སེང་ཆེན་རྡོ་རྗེའི་གཏེར་བུམ་ལ། །བཅུད་དུ་བསྐྱིལ་བ་ཕན་དང་བདེ་བའི་མཛོད། །མ་ལུས་ཡོངས་རྫོགས་འདོད་པ་བཞིན་མཐོང་ཞིང་། །རྒྱལ་བ་ཀུན་དངོས་རྡོ་རྗེ་ཐོད་ཕྲེང་གི །ཐུགས་ཀློང་རྗེ་བློན་འབྲལ་མེད་བྱང་ཆུབ་མཛོད། །ཅེས་འདི་བློ་གྲོས་དྲི་མེད་ཀྱི། །རིག་ཁམས་དྭངས་པའི་མཚོ་ལ་ཤར། །དེ་འཕྲལ་ཆུ་མིག་ལུད་པ་བཞིན། །མ་བྲིས་དབང་མེད་ཤུགས་


MR06_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱུངས། །རྟེན་འབྲེལ་རྡོ་རྗེའི་རླུང་ཤུགས་ཀྱིས། །སྙིང་སྟོབས་དཔའ་བའི་བ་དན་གང་། །བསྐྱོད་པའི་གཞན་གྱིས་མི་བརྫི་བའི། །ཝེར་མ་མཆོག་ཏུ་འདི་ཟུངས་ཤིག །བདེན་རྫུན་ལག་ཏུ་ལོངས་དང་ཤེས། །རྨི་ལམ་དངོས་ཀྱི་སྣང་ཆ་ལ། །དཔའ་བོའི་སྒྱུ་གར་བདག་ལ་འཆར། །དེ་ལ་ཉ་མོ་རྒྱ་མཚོར་བཞིན། །དགྲ་བླའི་སྐྱབས་སུ་ཚུད་པས་ན། །ཚེ་འདིར་གནས་རྙེད་དགོས་པ་ལས། །གྲོལ་ནས་འདོད་རྒུའི་འབྲས་མཐོང་ཞིང་། །རྣམ་གཉིས་དངོས་གྲུབ་མྱུར་དུ་འགྲུབ། །ས་མ་ཡཱ༔ མངྒ་ལཾ། མི་ཕམ་འཇམ་དབྱངས་དགྱེས་པའི་ཞལ་གསུངས་མའོ། །


previousའབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས།next