Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས།
   
   
   
   
   
   
   
   


 
previousསྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས།next

སྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས།


MR06_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས་ནི། ཧཱུྃ་ཧཱུྃ་ཧཱུྃ། རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྗེའི། །སྐུ་བསྲུང་ཕྱིར་དུ་མ་ཧཱ་ཀཱ་ལ་ནི། །དཔའ་བོའི་སྐུར་བཞེངས་མཐུ་སྟོབས་ནུས་པའི་བདག །སྒ་བདེའི་ཆོས་སྐྱོང་ཆེན་པོ་བེར་ནག་ཅན། །སྨུག་ནག་ཁྲོ་ཚུལ་དྲག་སྔགས་དམོད་པ་སྒྲོགས། །ཞྭ་ནག་ཕོད་ཀ་ལ་སོགས་སྔགས་ཆས་གསོལ། །ཕྱག་གཉིས་རྡོ་རྗེའི་སྒྱོགས་རྡོ་དགྲ་ལ་འཕེན། །དགྲ་བགེགས་དམ་སྲིའི་སྟེང་ན་རྔམ་སྟབས་འགྱིངས། །ནུས་མཐུ་ཆེ་བས་སྲིད་གསུམ་འཕུར་ནས་ཟ། །སྟོབས་རྩལ་ཆེ་བས་རི་རབ་ཚོགས་པོར་འཕེན། །རྫུ་འཕྲུལ་ཆེ་བས་གནམ་ས་སྟེང་འོག་བསྒྱུར། །མྱུར་མགྱོགས་ཆེ་བས་དགྲ་སྡེ་དྲན་པས་བརླག །ཆོས་སྐྱོང་དྲེགས་པ་བྲན་དུ་བཀོལ་ཞིང་འགྱེད། །རིག་འཛིན་སྲུང་མ་བདུད་སྡེའི་གཤེད་ཆེན་པོར། །དབྱིངས་ནས་སྐུར་བཞེངས་འདིར་གཤེགས་གདན་བཞུགས་དགོངས། །ཕྱི་ནང་གསང་བ་བདེ་ཆེན་མཆོད་སྤྲིན་གྱིས། །གསོལ་ལོ་མཆོད་དོ་མགོན་པོ་བེར་ནག་ཅན། །དམིགས་


MR06_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་དང་དམ་སྲི་རྒྱལ་འགོང་ལ། །གནམ་ལྕགས་རྡོ་རྗེ་འབར་བའི་སྒྱོགས་རྡོ་རྒྱོབས། །ལུས་ངག་ཡིད་ཀྱི་མཐུ་སྟོབས་ནུས་པ་ཆོམ། །ཕྱེ་མར་བརླག་ནས་རྗེས་ཤུལ་མེད་པར་མཛོད། །བྱད་ཕུར་རྦོད་གཏོང་གཏད་སེལ་ངག་མནན་དང་། །ནད་རིམས་དལ་ཡམས་འབྱུང་བཞིའི་འཇིགས་པ་ཟློག །དགྲ་སྣ་རྐུན་སྣ་ཇག་སྣ་གྱོད་སྣ་དང་། །མི་ཁ་སྨྲ་ངན་ཚིག་གི་མཚོན་ཆ་ཟློག །ཆོས་སྐྱོང་ཁྲོ་བོའི་ཚོགས་རྗེ་འཁོར་དང་བཅས། །བདག་གི་དྭངས་མའི་ཐིག་ལེར་རྟག་བཞུགས་ནས། །འཇིགས་མེད་དཔའ་སྤོབས་མཐུ་སྟོབས་ནུས་རྩལ་བསྐྱེད། །ཆེ་བཙན་ཤུགས་ཀྱིས་ཀུན་ལ་དབང་བསྒྱུར་ཞིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ས་ལུག་ཟླ་༦ཚེས་༢༢ལ་འཇམ་དཔལ་ནོར་བུས་གང་ཤར་བྲིས་པ་དགེ །


previousསྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས།next