Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་བསླུ་བསྡུས་པ་འཆི་མེད་སྲོག་སྦྱིན།
   
   
   


 
previousབླ་བསླུ་བསྡུས་པ་འཆི་མེད་སྲོག་སྦྱིན།next

བླ་བསླུ་བསྡུས་པ་འཆི་མེད་སྲོག་སྦྱིན།


MR06_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བསླུ་བསྡུས་པ་འཆི་མེད་སྲོག་སྦྱིན་བཞུགས་སོ། །རྩ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །འདིར་བླ་བསླུ་བསྡུས་པ་བྱ་ན། རིན་ཆེན་སྣོད་དུ་ངར་མི་ཆང་བུ་ཏིང་ལོ་ལ་གླུད་རྫས་འཕན་བཀྲ་སོགས་མཛེས་པར་བྱས་ལ། ཆུ་སྣའི་ནང་དུ་བླ་ལུག་གི་ཕོ་བ་སོགས་སུ་ཕོ་མོའི་སྐྱེ་མཆེད་དོད་པར་བཟོས་ལ་གྲོ་གའམ་ཤོག་གུར་གསེར་རམ། གུར་གུམ་མམ། མཚལ་གྱིས། བསྒྲུབ་བྱའི་མིང་བྱང་བྲིས་པ་དང་། བླ་གཡུ་འོད་འབར་བ། ནས་དཀར་ལོ་གྲངས་སམ། འབྲུ་བདུན་དར་དམར་གྱིས་དྲིལ་བ་ཤོག་བུར་བཅུག་ནས་བླ་ལུག་གི་ཁོག་ཏུ་གཞག་པ་དང་། ཡང་ན་བླ་ལུག་གི་རྒྱབ་ཏུ་མིང་བྱང་སྦྱར། ཚེ་རྟེན་མདའ་དར་བཤམས། གཞན་ཡང་ཡི་དམ་གྱི་གཏོར་མ་བསྐང་རྫས་སོགས་ཇི་འབྱོར་འདུ་བྱས་ཤིང་ལས་གཞུང་བསྲང་ནས། བསྙེན་པའི་མཐར། རང་ཉིད་ལྷའི་འོད་ཟེར་མགྱོགས་མའི་ཚོགས་ཀྱིས་དམིགས་བྱའི་བླ་ཚེ་ཆད་ཉམས་ཡར་བ་བརྐུས་པ་ཐམས་ཅད་བསྡུས་ནས་རྟེན་དང་བསྒྲུབ་བྱར་ཐིམ་པར་བསམ་ལ། སྔགས་ཤམ་དུ། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷི་ཏ་སློང་སློང་ནྲྀ་ཁུག་ཛ་ཛ། ཞེས་ཅི་མང་དང་མཐར་ཚེ་འགུགས་ཅི་རིགས་བཟླས་ནས་ཡས་རྣམས་བྱིན་གྱིས་བརླབས་ལ། ན་མོ། མཆོག་གསུམ་རྩ་གསུམ་བྱིན་རླབས་དང་། །ཁྱད་པར་ཡི་དམ་ལྷ་མཆོག་མཐུས། །དམིགས་བྱའི་བླ་ཚེ་བརྐུ་འཕྲོག་བྱེད། །ལན་ཆགས་གདོན་ཀུན་འདིར་ཁུག་ཅིག །སྔགས་ཤམ་དུ། སརྦ་ལོ་ཀ་བིགྷ་ནན་ཨ་ཀརྵ་ཡ་ཛ་ཛཿ ལན་གསུམ་


MR06_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་མཚན་བཞི་སཾ་བྷ་རས་བསྔོས་ལ། ཧཱུྃ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་གཟུང་དང་བསམ་དང་རེག༔ ལྷོད་དང་ཞི་དང་གྲོལ་བར་མཛོད༔ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་གྱི། །སྟེང་འོག་ཕྱོགས་མཚམས་བླ་བདུད་ནི། །ཕྱོགས་སྐྱོང་འབྱུང་པོ་གདོན་གྱི་ཚོགས། །སྤར་སྨེ་ལོ་སྐོར་ས་བདག་སྡེ། །ཕྱོགས་དུས་གནས་ཤིང་རྒྱུ་བ་ཡི། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས། །གཉུག་མར་གནས་དང་གློ་བུར་ལྷག །སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །བླ་ལ་བརྐུ་ཞིང་ཚེ་ལ་རློམས། །སྲོག་ལ་གནོད་པའི་གདོན་བགེགས་རིགས། །མ་ལུས་འཁོར་དང་བཅས་པ་ལ། །རྒྱུ་འབྱོར་མི་འུ་བསླུ་བའི་ཕྱིར། །ངར་མི་སྣ་ཚོགས་རྒྱན་གྱིས་མཛེས། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་པས། །ཁམས་དང་སྐྱེ་མཆེད་ལྷུན་གྱིས་གྲུབ། །བཀྲག་དང་གཟི་མདངས་འོད་ཟེར་འབར། །འདོད་ཡོན་དཀོར་ཆ་མ་ཚང་མེད། །འཛད་མེད་ནམ་མཁའ་མཛོད་དུ་འཁྱིལ། །ཕུན་ཚོགས་བདེ་སྐྱིད་དྭངས་རེ་སྤྲོ། །མི་ལས་ཆེས་ལྷག་གླུད་བཟང་འདི། །སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ། །འབུལ་བ་བདག་གིས་མ་ནོར་ལ། །བཞེས་


MR06_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱོད་ཀྱིས་མ་ནོར་ཅིག །ཞི་ཞིང་ཕན་པའི་སེམས་ཀྱིས་ནི། །བུ་ལོན་ལན་ཆགས་བྱང་བ་དང་། །མཁོན་འབྲས་འཁྲུགས་པ་འདུམ་པ་དང་། །གནོད་འཚེ་གདུག་རྩུབ་ཞི་ནས་ཀྱང་། །བླ་ཚེ་བརྐུས་ཕྲོག་ཡར་བ་ཀུན། །ད་ལྟ་ཉིད་དུ་སོར་ཆུད་དེ། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །ཚར་ཅི་རིགས་རྗེས། རང་གི་ཐུགས་ཀའི་འོད་ཟེར་བདུད་རྩིའི་རང་བཞིན་ཅན་དཀར་པོ་འཕྲོས། གདོན་བགེགས་རྣམས་ལ་ཕོག་པས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར། འོད་ཚུར་འདུས་པས་བླ་ཚེ་ཉམས་པ་ཐམས་ཅད་འོད་དང་ཐིག་ལེ་ཡིག་གེའི་རྣམ་པར་རྟེན་དང་སྒྲུབ་བྱར་ཐིམ་པས་བླ་ཚེ་སོར་ཆུད། བཀྲག་མདངས་རྒྱས་ཤིང་བརྟན་གཡོའི་ཚེ་བཅུད་ཐོབ་པར་བསམ་ལ། མདའ་དར་གཡབ་ཅིང་སྤྲོ་ན་འདིར་བླ་འཕྱོང་སྦྱར། མཆན། ཚེ་འགུགས་མཐར་གོང་གི་སྔགས་ཅི་རིགས་བཟླ། ན་མོ་མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་ལྷ་ཡི་བདེན་ཚིག་དང་། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །རྟེན་འབྲེལ་ལེགས་ཉེས་མ་འདྲེས་གསལ་གྱུར་ཅིག །ཅེས་དང་ཡེ་དྷར་བཟླ་བཞིན་བླ་ལུག་བསྐོར་བས་རྟེན་ལ་ཁ་ཕྱོགས་ན་ཁུག་པའི་རྟགས་སོ། །གཅིག་གིས་མ་བྱུང་ན་ལན་གསུམ་བར་དུ་བརྟགས། དེ་བཞིན་སྤྲོས་པ་བྱེད་ན། སྲང་མདའ་གང་མཐོ་


MR06_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤོ་དཀར་ནག་གང་རྒྱལ་དང་། ཆུ་ནང་རྡེའུ་དཀར་ནག་གང་ལོན་ཀྱང་གཞུང་གཞན་བཞིན་དུ་བརྟག་གོ །དེ་ནས་གླུད་རྫོང་བཏབ་ལ། མཚན་བཞི་དང་སྔགས་ཀྱིས་བསྔོས་ལ། ཁྱེར་ཅིག་སོགས་ཤོ་ལོ་ཀ་བརྗོད། མཐར། མཆོང་སྦྱིན་གནས་འདིར་སོགས་དང་། གཙྪ་ཞེས་པས་གཤེགས་གསོལ་དང་ཆབ་གཅིག་གླུད་བོར་ལ། རྟེན་རྣམས་སྦྱིན་བདག་གི་ལག་ཏུ་གཏད་ལ་རྒྱུན་དུ་འཆང་བར་གདམ་ཞིང་། བཀྲ་ཤིས་རྒྱས་པར་བྱའོ། །དེས་བླ་ཚེ་ཉམས་པ་སོར་ཆུད་ནས་ཚེ་དབང་རིག་འཛིན་ཐོབ་པར་འགྱུར་རོ། །བཀའ་གཏེར་ལུང་གི་མན་ངག་བཞིན། རབ་ཚེས་ཆུ་རྟ་ཟླ་༣ཚེས་༢༡ལ། ཟིལ་གནོན་དགྱེས་པ་རྩལ་ཞེས་པས། ཐུན་གསེང་ཞིག་ཏུ་སྤེལ་བ་དགེ། །།


previousབླ་བསླུ་བསྡུས་པ་འཆི་མེད་སྲོག་སྦྱིན།next