Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་འབོད་ཀྱི་འཕྱོངས།


 
previousབླ་འབོད་ཀྱི་འཕྱོངས།no next

བླ་འབོད་ཀྱི་འཕྱོངས།


MR06_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

བླ་འབོད་ཀྱི་འཕྱོངས་ནི་ཡིད་མཐུན་པའམ་མཐུན་གསུམ་ལོ་པ་གཅིག་གིས་ནད་པའི་གོས་དྲི་མ་ཅན་གཡོན་དུ་ཐོགས། གཡས་མདའ་དར་མཚོན་སྐུད་སྣ་ལྔ་མེ་ལོང་དོང་རྩེ་བཏགས་པ་ཕྱོགས་བཞི་མཚམས་བརྒྱད་དུ་གཡུག་ཅིང་མིང་ནས་འབོད་ཅིང་འདིར་ཤོག་ཅེས་བྱ། རྣལ་འབྱོར་པ་རྣམས་ཀྱིས་ཏིང་ངེ་འཛིན་དང་ལྡན་པས། ཧཱུྃ་ཛཿ །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་མགྱོགས་མའི་ཚོགས་སྤྲོས་པས། །སྟེང་འོག་ཕྱོགས་མཚམས་གང་དག་ཏུ། །དམིགས་བྱའི་བླ་ཚེ་འཁྱམས་པ་ཀུན། །རང་དབང་མེད་པར་བཀུག་ནས་ནི། །བསྒྲུབ་བྱའི་ལུས་དང་རྟེན་ལ་ཐིམ། །ཀྱེ། རྒྱུ་འབྱོར་ཡོན་གྱི་བདག་པོ་ཁྱོད། །ཕར་ལ་མ་འགྲོ་ཚུར་ལ་ཤོག །ཁྱོད་གཤིན་རྗེའི་ཡུལ་དུ་ཅི་ལ་འགྲོ། །གཤིན་ལམ་སྐྱ་བོར་ཅི་ལ་འགྲིམ། །གཤིན་ཆུ་རབ་མེད་ཅི་ལ་བརྒལ། །གཤིན་རྗེའི་མི་ནི་འཇིགས་རེ་ཆེ། །གཤིན་རྗེའི་གནས་ནི་ཡ་རེ་ང་། །གཤིན་རྗེའི་སྤྱོད་ཡུལ་སྐྱུགས་རེ་བྲོ། །དེ་ན་མ་འགྲོ་འདི་རུ་ཤོག །ཁྱོད་ཀྱི་ཉེ་འབྲེལ་འདི་ན་ཡོད། །གཉེན་དང་མཛའ་བོ་འདི་ན་ཡོད། །ཟས་གོས་གནས་མལ༴ རྒྱབ་ཆ་ལོངས་སྤྱོད༴ བདེ་སྐྱིད་ལྡན་པའི་གནས་འདི་རུ། །བླ་བདག་རང་གོས་དྲི་ཅན་དང་། །མེ་ལོང་དོང་རྩེ་ཚོན་སྐུད་བཅས། །མདའ་དར་གཡབ་པའི་ཕྱོགས་སུ་ཤོག །མི་ངོ་ཤེས་ཅན་གྱི་འབོད་སྐད་


MR06_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྣལ་འབྱོར་གསུངས་ལ་ཉན་ཞིང་ཤོག །རོལ་མོའི་སྒྲ་ལ་ཉན་ཏེ་ཤོག །ད་ལྟ་ཉིད་དུ་འདིར་ཤོག་ཅིག །མདའ་འཕང་བླ་ཡི་རྟེན་ལ་འཁོར། །ཡོད་མེད་གཉིས་ཀྱི་ས་མཚམས་སུ། །བླ་བསྐལ་པ་སྟོང་གི་ལམ་དུ་སོང་། །འདི་སྙིང་རེ་རྗེ་ལ་ཤ་རེ་ཚ། །ཁྱོད་མི་ཡུལ་བུ་ཚ་ཅི་ལ་བྱེད། །རང་རང་གནས་མལ་འདི་རུ་ཤོག །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་མཐུ་རྩལ་ཅན། །དམ་ཅན་སྲུང་མ་གཉན་པོ་ལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ། །དེ་རིང་མི་བླ་འགུགས་པར་མཛོད། །བླ་རྡོ་གནམ་དུ་མ་ཡར་ཅིག །བླ་ཞགས་ས་ལ་མ་ཡར་ཅིག །བླ་མདངས་ཕྱོགས་བཅུར་མ་འཐོར་ཅིག །སྣོད་བཅུད་འོད་དུ་མེ་རེ་རེ། །དྭངས་བཅུད་བླ་དང་ལྷན་ཅིག་བཀུག །བླ་རྟེན་རྣམས་ལ་བསྟིམ་པ་ཡིས། །བཀྲག་མདངས་གཟི་བརྗིད་དཔལ་དུ་འབར། །འགྱུར་བ་མེད་པ་རྡོ་རྗེའི་ཚེ། །རྒུད་པ་མེད་པ་ལང་ཚོའི་དཔྱིད། །ནུབ་པ་མེད་པའི་དཔལ་འབྱོར་གྱིས། །བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །དཀྱིལ་འཁོར་འདིར་ནི་བུ་ཁྱོད་ཀྱི། །སྨོན་ལམ་ཇི་ལྟར་བཏབ་པ་བཞིན། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བྱས་ལ་སྦྱིན་བདག་རྣམས་ཀྱིས་ལོ་བརྒྱར་འཚོ་བར་


MR06_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །མི་ངོ་ཤེས་ཅན་དང་འགྲོགས་ལ་ཤོག །གསུང་སྙན་ཅན་གྱི་སྐད་ལ་ཉོན་ལ་ཤོག །སིལ་སྙན་ཌཱ་རུའི་སྐད་ལ་ཉོན་ལ་ཤོག །སྔགས་འཆང་བདག་གི་སྐད་ལ༴ དར་དཀར་གཡབ་པའི་ཕྱོགས་སུ་འགྲོགས་ལ༴ མདའ་མོ་ལྟོང་བཟང་རྟེན་འབྲེལ༴ གསེར་འཕང་གཡུ་འཕང་རྟེན༴ མ་མོ་མཁའ་འགྲོའི་ལག་ནས་མི་བླ་བསླུ། །ཐེའུ་རང་ལག༴ འགོང་པོའི༴ རྒྱལ་འགོང༴ གྲི་ཕོ་གྲི་མོའི༴ མཐུ་ཆེན་གཉན་གྱི་སྲུང་མ་མཁྱེན། །བླ་ཡོད་མེད་གཉིས་ཀྱི་མཚམས་སུ་སོང་། །བསྐལ་པ་སྟོང་གི་ལམ་དུ་སོང་། །འདི་སྙིང་རེ་རྗེ་ལ་ཤ་རེ་ཚ། །ཁྱོད་མི་ཡུལ་བུ་ཚ་ཅི་ལ་བྱེད། །ཤར་བདུད་ཤར་བཙན་ལག་ནས་མི་བླ་བསླུ། །ལྷོ་བདུད་ལྷོ་བཙན་ལག༴ ནུབ་བདུད་ནུབ་བཙན༴ བྱང་བདུད་བྱང་བཙན༴ བླ་རྡོ་གནམ་ལ་མ་འབུད་ཅིག །བླ་རྡོ་ས་ལ་མ་འཇུག་ཅིག །བདུད་དང་བཙན་གྱི་ལག་ནས་མི་བླ་བསླུ། །བླ་རྔ་གནམ་ལ་མ་གཡུག་ཅིག །བླ་རྔ་ས་ལ་མ་འཇུག་ཅིག །བླ་བདག་རང་གི་གོས་ཟས་ཡོད། །བླ་ཡི་རྟེན་ས་མདའ་དར་ཡོད། །གསལ་བྱེད་ལྷ་ཡི་མེ་ལོང་ཡོད། །ཡི་གེའི་བདག་པོ་དོང་རྩེ་ཡོད། །རྒྱབ་ཆ་བལ་ཚོན་སྣ་ལྔ་ཡོད། །ཚོན་གྱི་སྐུད་པ་སྣ་ལྔ་ཡོད། །ཁྱོད་ཕར་ལ་མ་འགྲོ་ཚུར་ལ་ཤོག །ཁྱོད་ཀྱི་ཕ་མ་


MR06_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་འདི་ན་ཡོད། །ཁྱོད་ཀྱི་ཉེ་རིང་འདི་ན་ཡོད། །ཁྱོད་ཀྱི་སྤུན་དང་ཕུ་བོ་འདི་ན་ཡོད། །མཛའ་བོ་ཤག་པོ་འདི་ན་ཡོད། །ཁྱོད་ཁ་ཤ་ཇ་གོས་འདི་ན་ཡོད། །མར་དང་ཐུད་དང་བུ་རམ་གསུམ། །ཇ་ཆང་ལ་སོགས་འཛོམ་པ་ཡོད། །བོས་པའི་སྐད་ལ་ཉོན་ལ་ཤོག །ཇི་འདོད་སྨོན་ལམ་བཏབ་པ་བཞིན། །ཚེ་རིང་ནད་མེད་ཕུན་ཚོགས་ལྔ། །ཡིད་བཞིན་ནོར་བུ་འོད་ལྡན་པ། །བདེ་ལེགས་འབྱུང་བའི་བཀྲ་ཤིས་ཤོག །སངས་རྒྱས་སྐུ་གསུམ་བརྙེས་སོགས་བཀྲ་ཤིས་བརྗོད། བསྔོ་བ་སྨོན་ལམ་གྱི་རྗེས་གདབ་པོ། བླ་ངོ་མི་ངོ་རྒྱ་མར་ཚད། སྔོན་འདྲ་བ་མ་ཁུགས་རྟགས། ལྷག་ན་བཟང་། ཆད་ན་འཆི། ལོ་མཐུན་ནི། ཕག་ལུག་ཡོས་གསུམ། བྱ་གླང་སྦྲུལ་གསུམ། སྟག་རྟ་ཁྱི་གསུམ། བྱི་འབྲུག་སྤྲེལ་གསུམ་ཡིན། གླུད་བསྔོ་གཞན་ཡང་བརྗོད་པར་བྱའོ། །བཻ་རོ་ཙ་ནས་བསྡུས་པའོ།། །


previousབླ་འབོད་ཀྱི་འཕྱོངས།no next