Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
སྤོམ་གཏའ་ཆེན་མོ་བཀྲ་ཤིས་ཀུན་ཁྱབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤོམ་གཏའ་ཆེན་མོ་བཀྲ་ཤིས་ཀུན་ཁྱབ།next

སྤོམ་གཏའ་ཆེན་མོ་བཀྲ་ཤིས་ཀུན་ཁྱབ།


MR07_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྤོམ་གཏའ་ཆེན་མོ་བཀྲ་ཤིས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །


MR07_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བ་རད་བཛྲ་པཱ་དཱ་ཡ། འདིར་ཕྱོགས་དང་དུས་ཀྱི་ཆ་གང་དུ་རྒྱུ་ཞིང་གནས་པའི་གདུག་པ་ཅན་རྣམས་ཀྱི་ཉེས་པ་ཐམས་ཅད་སྤྱི་བཅོས་གཅིག་ཆོག་རྒྱལ་པོ་སྤོམ་གཏའ་ཆེན་མོའི་ལག་ལེན་གསལ་བར་བརྗོད་པ་ལ། སྤོམ་གཏའ་འདི་ལ་རྩིས་རྒྱུད་དང་པཎ་གྲུབ་ཀྱི་མན་ངག །ཀོང་ཙེ་ལུགས་བཀའ་མ། པདྨའི་བཀའ་སྲོལ་གཏེར་ཁ་ནས་བྱུང་བ་སོགས་རྒྱས་བསྡུས་སྣ་ཚོགས་ཡོད་ཀྱང་། འདིར་ལག་ལེན་བསྡོམ་སྟེ་བརྒྱད་བཅུ་བཀྲ་ཤིས་ཀྱི་སྤོམ་གཏའ་ཆེན་མོ་འདི་བཅས་ན། ལས་དང་བྱ་བ་ཆེ་ཕྲ་ཅི་ལ་ཡང་། ཉེས་དགུ་ཐམས་ཅད་སེལ་ཞིང་ལེགས་དགུ་ཐམས་ཅད་འབྱུང་བའི་ཕྱིར། ལྟད་སྟོན་སོགས་རྔམ་ཆེན་གྱི་བྱ་བ་བྱེད་དུས་འདི་ཅིས་ཀྱང་གལ་ཆེའོ། །སྨེ་བ་དབུས་བཅུག་བཀོད་


MR07_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པས། མཆན། དེ་ཡང་གནམ་ལོ་དེའི་ནག་པོ་ཆེན་པོ་སྟེ་སྨེ་བ་གཉིས་ནག་གང་དུ་གནས་པའི་ཕྱོགས་སུ་ཤིང་སྡོང་པོ་རིང་པོ་ཞིག་གི་རྩེར། སེ་བའི་ཤིང་ལོ་མ་དང་ལྡན་པ་རྩེ་རྒྱལ་དང་། ཐེ་སེ་སོགས་སྒྲིབ་བྱེད། དེ་དང་མཉམ་དུ་སྐྱེར་ཚེར་མགོ་ལིང་བཅས་ལ་སྦྱིན་བདག་གི་ཁམས་རུས་ཀྱི་བླ་མདོག་བསྟུན་དར་བཏགས། དེ་ལ་ནམ་མཁའ་འཇའ་རིས་ཅན་དང་། སྨྱུག་རྒོད་ལ་དར་སྣ་ལྔ། བལ་ཚོན་ལྔ། རས་སྣ་ལྔ་རིན་ཆེན་སྣ་ལྔ། སྟག་གཟིག་རས་ལོའི་མ་སོགས་དཔྱངས་པས་བརྒྱན་ལོ་དེའི་གནམ་ཁྱི་ཐུབ། དེའི་དྲུང་དུ་རིགས་སུམས་མགོན་པོ་དང་ཐུབ་དབང་པད་འབྱུང་སོགས་ཀྱི་སྐུ། མཚན་བརྗོད་སྡུད་པ་སོགས་ཀྱི་གླེགས་བམ། མཆོད་རྟེན་ཏེ་སྐུ་གསུང་ཐུགས་རྟེན་བཀོད། དེའི་ཕྱོགས་བཞིར་ས་བདག་ཐམས་ཅད། སྟག་


MR07_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་སོགས་ཕྱོགས་ཀྱི་ལྷ་བཞིའི་གཟུགས་བཀོད། དེའི་དྲུང་དུ་སྣང་བརྒྱད་གླེགས་བམ་མམ་སྙིང་པོ། །རུས་སྦལ་ཁོག་པ། ཐེ་སེ་ཐུབ། རྨ་བྱའི་མདོངས། མེ་ལོང་། ཕག་མཆེ། བློན་པོ་གཟུག་མོ་བྱི་ཐུར། དུང་ཤོ། ཚོན་གྱི་དྲུ་གུ། སེང་ལྡེང་ཕུར་བུ། ཁྲབ་བྱང་མིག་དགུ། སྦ་ལྕགས་དར་སྣ་ལྔས་བརྒྱན་པ། མདའ་དར། འཕང་། གཟི་དང་གཡུ་སོགས་དང་མགྲོན་བུ་རྣམས་དཔྱངས་ཏེ་བཞག །དེར་རྫས་ཀྱི་ཐུམ་པོ་ནི། བཟང་དྲུག་ནག་པོ་དགུ་སྦྱོར། རྫ་ནག་དྲེག་པ། མགར་གྱི་སོ་ཏོག །འབྲས་བུ་སྣ་ཚོགས་ཐུམ་པོ། ཚིགས་གསུམ་པ། སེ་བ་རང་རྟ། བློན་པོ་སོགས། གྲུམ་པའི་སྤུ། རྟ་དྲེལ་རྐྱང་གསུམ་གྱི་རྔ་རྔོག །བྱ་རོག་སྒྲོ། གསེར་དངུལ་སོགས་རིན་ཆེན་ཕྱེ་མ་ཐུམ་པོ། ལྡུམ་བུ་སྟག་ཤ། ནས་ཚིག་ཐུམ་པོ། འབྲུ་སྣ་ཐུམ་པོ་རྣམས་གདགས། དེའི་འོག་ཏུ་གཡག་གི་མགོ་དང་ལུག་གི་མགོ་གཉིས་དང་། ཁྱད་པར་ཁྲོམ་བཅོས་ཀྱི་ར་མགོ་སྤོམ་གཏའ་ནི། ར་མགོ་གཅིག་ལ་མི་ཁའི་རྫས་བྲ་བོ་སྲན་མ་སྒོག་པ་ཟ་པ་ལོ་སྦང་མ་སོགས་ཀྱིས་བརྒྱན། ཁྲོཾ་ནོན་ཅིག་ཧྲིཿཀྵ་ཧཱུྃ༔ ཞེས་པ་གྲོ་གར་དབུ་ཅན་དུ་བྲིས་ལ་ར་མགོ་དེའི་ཁར་བཅུག །དེ་བཞིན་ཤོག་བྱང་ལ་མིག་སོགས་གནས་སོ་སོར་གཞུག་རྒྱུའི་ཡི་གེ་འདི་རྣམས་བྲིས། མིག་ཏུ། མིག་གིས་ཁྲོམ་ལ་ལེགས་པར་ལྟོས་ལ་ལྟས་ངན་བཟློག་གཅིག་ཅེས་བྲིས་པ་བཏགས། དེ་བཞིན་རྣ་བར། རྣ་བས་སྒྲ་སྙན་པོ་ཉོན་ཅིག །ཅེས་དང་། ལྕེ་ལ།


MR07_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེས་ཤིང་ཟན་སྟོན་མོ་ཟོ་ལ། ཁྲོཾ་ལེགས་པར་སྐྱོངས་ཤིག །ཅེས་དང་། སྣ་ལ། སྣས་དྲི་ཞིམ་པོ་སྣོམས་ལ་ཁྲོཾ་ལེགས་པར་སྐྱོངས་ཤིག་ཅེས་དང་། དཔྲལ་བར་ལྷ་གཉན་པོའི་ཐུགས་ལ་གཡང་ཁྲོཾ་དཔུང་སྐྱེད་ཅིག །གཞན་ཡང་སྣང་བརྒྱད་སྙིང་པོ་བྲིས་པ་བཏགས་ཏེ་རེ་བ་ནག་པོ་བཅས་བཞག་པར་བྱའོ། །ཁྲོཾ་རྩུབ་ན་ར་མགོ་འདི་བསྒུལ་ཙམ་བྱས་པས་ཐུབ། མགོ་དེ་རྣམས་ལ་དུང་ཆེན་ཕྲེང་བ། དྲ་བ་མིག་མང་སོགས་ཀྱིས་བརྒྱན། མགོ་གསུམ་པོ་དེའི་གཡས་གཡོན་དང་ཞབས་སུ་གང་བདེ་བར། གོ་ཁྲབ་མཚོན་ཆ། རྒྱ་སྲང་བྲེ་ཕུལ། མི་ཁའི་རྫས། ངར་གླུད་ནང་དུ་བཅུག་པའི་གྲོད་པ་གཅིག་དབུགས་བརྒྱང་ལ་བཙག་དང་སོལ་བས་ཁ་དགུ་མིག་དགུ་བྲིས་པ་དེ་ལ་ལུག་གི་པགས་བུ་དཀར་ནག་དང་། རྔ་མ་དཀར་ནག་རྣམས་བརྒྱན། དེའི་འོག་ཏུ། ཤིང་སྣ་བཞག་སྟེ། རབ་ཏུ་ཤིང་། ཕ་ལྔ། མ་ལྔ། བུ་ལྔ་ཞེས། ཕ་ལྔ་ནི། ཤུག་པ། སྟག་པ། གཡར་པ། འཁྲིས་པ། གསོམ་པ་སྟེ་ཕོ་ཤིང་ལྔ་དང་། མོ་ཤིང་ནི། སྤེན་མ། གླང་མ། ལྕང་མ། སྟག་མ། གྲ་མ་སྟེ། མ་ལྔར་གྲགས་པ་དང་། བུ་ཤིང་ནི། འོམ་བུ། ཚར་བུ། སྟར་བུ། སུར་བུ། ཁམ་བུ་ལྔ་རྣམས་འཛོམ་པའམ། ཕ་མ་བུ་གསུམ་ཤིང་སྣ་ཅི་འཛོམ་དང་། ས་མདའ་གནམ་མདའ་ཞེས་མདའ་གཉིས་བསྣོལ་ཏེ་མདེའུ་རྩེ་གཅིག་གནམ་དང་གཅིག་


MR07_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་བསྟན་པ། རྩྭ་ཡི་ཆུན་པོ། ཁྲུད། ཕྱགས་མ། སྦུད་པ། ཁྲོལ་ཚགས། རྫ་མ། གཟར་བུ། ཕོར་ལྡེར། སླ་ང་། ཡོག་མགོ །མཆིག་རྡོ། ཁྲོ་ཟངས། ཤ་དཀར་མོ་ལག་གཡས། ཟོར་བ། སྟ་རེ། གཞོང་པ། འབྲིང་པ། ཐག་པ། སྒང་ཕུག་ཆུས་བཀང་ནང་རྒྱུ་སྐར་ཉེར་བརྒྱད་སྒྲིབ། སོལ་བ་བཏབ། རྡེའུ་ནག་ཉེར་བརྒྱད་བཅུག །བྱུང་ན་ངར་གླུད་ཉེར་བརྒྱད་ཀྱང་བཅུག །གཟའ་བདུན་སྒྲིབ། ཤ་ལག་གཡོན་པ། རྩང་བཞི། རྒྱང་བུ་དཀར་ནག་གནམ་ཁྱི་སོགས། བརྒྱད། ཡ་རབ་ཕོ་ཡི་ཞྭ། མ་རབ་མོ་ཡི་ལྷྭམ་ཧྲུལ་གཡོན་པའི་ནང་དུ་མི་ཁའི་རྫས་བླུགས་པ་རྣམས་བཏགས་པ་སྟེ་སྤོམ་གཏའི་རྫས་ཀྱི་གཙོ་བོ་འདི་རྣམས་ཡིན་ལ། རྒྱས་སྤྲོས་སུ། ཐོང་གཤོལ། གཉའ་ཤིང་། ཐགས་ཆ། སེམས་ཅན་རིགས་མི་གཅིག་པའི་མགོ་ཐོད་སྣ་ཚོགས། རྭ་ཅོ་སྣ་ཚོགས་སོགས་མི་ལ་མཁོ་བའི་རྫས་ཅི་རིགས། སྐྱ་སེར་བུད་མེད་ཀྱི་ཆས་གོས་ཇི་བདོག །མཛོ་དྲེལ་རྟ་སོགས་སྒ་སྟན་སྣ་ཚོགས། གཡག་ཤིང་། ཆུ་སྣོད། མགར་བའི་བླུགས་ཀོང་། ཐབ་ཁའི་བཅའ་ལག་སོགས་མི་ལ་སྲིད་ཚད་ཀྱི་ཡོ་བྱད་ཅི་བདོག་སྦོམ་གཏའི་དྲུང་དུ་བཀོད། སྦོམ་གཏའ་དེའི་མདུན་དུ་མཆོད་པ་ལྔ་ཚར་དང་། ཤ་མར་ཐུད་དང་ཇ་ཆང་ཕྱེ་མར་འོ་ཞོ་སོགས་ཟས་སྣ་དང་ཤེལ་ཚིག་དར་སྣ་བལ་ཚོན་གཟུགས་འགྲོས་བ་དན་ཅི་འབྱོར་གྱི་མཆོད་པ་བཤམས། ཕྱེ་མར་གྱི་གསུར་བཏང་། ལོ་བཅུ་གཉིས་སོགས་ས་བདག་ཆེ་རིགས་ཀྱི་སོ་སོའི་གཟུགས་


MR07_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྤར་ཅི་རིགས་འཛོམ་ཀྱང་ལེགས། དེ་སྟེང་སྤོམ་གཏའ་ལ་སྲིད་པ་ཧུའི་ཕྱག་རྒྱ་དང་། འཇམ་དབྱངས་གསེར་འཁོར། རྭ་ཧུའི་ངོ་ལོན་ཙཀྲ། བིཥྚི་སྒྲིབ་པའི་དབྱུག་པ་སོགས། སྒྲིབ་བཅོས་ཟབ་མོའི་མན་ངག་ཅི་རིགས་པས་བརྒྱན་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ལ། དམིགས་ཀྱིས་བསལ་བའི་ས་བདག་དང་ཕྱོགས་ངན་གྱི་སྒྲིབ་བཅོས་སྒེར་པ་དག་ཀྱང་འདིའི་ནང་དུ་ཐེམས་པར་བྱས་ཀྱང་ཆེས་ཟབ་པར་འགྱུར་རོ། །འདི་ནི་གནམ་གཏོ་འམ་གནམ་གྱི་བཅོས། ཕྱོགས་བཀྲ་ཤིས་པའི་སྤོམ་གཏའ་ཆེན་པོ་ཞེས་བྱ་བ་རྒྱས་པའི་ལུགས་ཏེ། འདི་དང་རྗེས་འབྲེལ་དུ་འབྱུང་བའི་ཨུར་གནོན་མན་ངག་ལ། ཤར་དུ་བྱ་སྤྲེལ་གཟུགས་སོགས་འབྱུང་བའི་ཕྱོགས་ཀྱི་དགྲ་ལོའི་གཟུགས་བཞག །ཡང་ཤར་དུ་མེ་མདའ་དང་མཚོན་ཆ། ལྷོར་ཆུ་སྣོད་ཆུས་བཀང་བ། ནུབ་ཏུ་མེ། བྱང་དུ་སཱཙྪ་སེར་པོ། མཚམས་སུ་ཤིང་རིགས་རྩེ་རྒྱལ་རེ་གཟུག །ཡང་སཱཙྪ་དཀར་པོ་ལྔ་ཤར་དུ་བཞག་ནས། ལྕགས་ཀྱི་སྔགས་མ་མ་ཀ་ར་བདུན་བརྗོད། ཤར་ཕྱོགས་ཤིང་གི་དགྲ་ཐམས་ཅད་རཀྵ་རཀྵ་ཞེས་བཟླ། སྤྲོ་ན་སྔགས་དེ་སཱཙྪའི་ནང་དུ་བཅུག་ཀྱང་ལེགས། དེ་བཞིན་ལྷོར་ག་ཙྪ་སྔོན་པོའམ་ནག་པོ་ཆུ་སྔགས་ཤམ་བཅས་དང་། ནུབ་ཏུ་སཱཙྪ་དམར་པོ་མེ་སྔགས། བྱང་དུ་སཱཙྪ་སེར་པོ་


MR07_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྔགས། མཚམས་བཞིར་སཱཙྪ་ལྗང་ཀུ་ཤིང་སྔགས་སྲུང་ཤམ་བཅས་པས་འབྱུང་བ་ཨུར་མནན་ཀྱང་བྱའོ། །བསྡུ་ན་སཱཙྪ་མདོག་ལྔ་ལས་ས་ཡི་དགྲ་བཟློག་ལྗང་ཀུ་དབུས་སུ་བཞག་ཅིང་གཞན་བཞི་ཕྱོགས་བཞིར་གོང་ལྟར་བཞག་པ་འདི་ཙམ་གྱིས་ཀྱང་སྤོམ་གཏའ་ཆེན་པོ་མ་གྲུབ་པའི་གོ་ཆོད་ཙམ་རུང་བར་གསུངས། སྤོམ་གཏའི་དྲུང་དུ་མཚན་བརྗོད། བསམ་ལྷུན། ཉེས་སེལ། སྣང་བརྒྱད། བཀྲ་ཤིས་བརྩེགས། མདོ་ཐིག་སོགས་ཀློག་ཏུ་བཅུག་ན་ལེགས། སྡེ་བརྒྱད་མཆོད་པའང་བྱའོ། །དེ་ནས་དཔྱད་མཁན་གྱིས་མདའ་དར་ཐོགས་ལ་ཡོན་བདག་དང་ལྷན་ཅིག །འཁོར་རྣམས་ཀྱིས་བཤོས་བུ་དང་གསེར་སྐྱེམས་མཆོད། འབྲུ་སྣ་འཐོར་ལ་བདག་ཉིད་འཕགས་པ་འཇམ་དཔལ་གྱི་ང་རྒྱལ་གྱིས་ལྟ་གདིང་ལྡན་པས་འདི་སྐད་བརྗོད་དོ། །ཀྱེ། དེ་རིང་སྲིད་པའི་ཉིན་གང་ལ། །གཙུག་ལག་འཛིན་པའི་སྔགས་འཆང་ངས། །འཕགས་པ་འཇམ་དཔལ་བཀའ་བཞིན་དུ། །སྲིད་པའི་སྤོམ་གཏའ་ཆེན་མོ་བཙུགས། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི། །ཕྱོགས་བཅུའི་སངས་རྒྱས་དགོངས་སུ་གསོལ། །རིགས་གསུམ་མགོན་པོ་དགོངས་སུ་གསོལ། །རྩ་གསུམ་དམ་ཅན་དགོངས་སུ་གསོལ། །སྲིད་པའི་


MR07_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་དགོངས་སུ་གསོལ། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །གཟའ་སྐར་ཕྱོགས་དུས་གནས་ཤིང་རྒྱུ། །གཙུག་ལག་སྲིད་པ་རྒྱུད་ཀྱི་ལྷ། །མ་ལུས་ཐམས་ཅད་དགོངས་སུ་གསོལ། །དེ་རིང་བདག་ལ་མགོན་མཛོད་ཅིག །ཐུབ་དབང་སངས་རྒྱས་བྱང་སེམས་དགྲ་བཅོམ་འཁོར། །རིགས་གསུམ་མགོན་སོགས་ཕྱོགས་བཅུའི་སེམས་དཔའ་དང་། །ཁྱད་པར་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་པདྨ་འབྱུང་། །ཚངས་པ་ཆེན་པོ་ལྷ་མོ་རྣམ་རྒྱལ་མ། །ཀླུ་རྒྱལ་འཇོག་པོ་བྲམ་ཟེ་སེར་སྐྱ་དང་། །ཀོང་ཚེ་འཕྲུལ་རྒྱལ་ལ་སོགས་འཕྲུལ་ལེན་འཆང་། །དུ་ཧར་ནག་པོ་ཨ་ཙར་དམར་པོ་དང་། །ཟླ་བ་ནག་པོ་མཁས་པ་མི་བཞི་དང་། །ཁམས་པ་ཁྲ་མོ་ལ་སོགས་གཙུག་ལག་གི །བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །དེ་རིང་བདག་ཅག་འཁོར་དང་བཅས་པ་ལ། །གེགས་ཞི་བཀྲ་ཤིས་བདེ་ལེགས་མགོན་མཛོད་ཅིག །གཞན་ཡང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །བརྒྱུད་པའི་བླ་མ་རིག་འཛིན་ཚོགས་རྣམས་དང་། །


MR07_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ཁྱད་པར་མ་ཧཱ་གསེར་གྱི་རུ་སྦལ་ཆེ། །འབྱུང་ལྔའི་ལྷ་མོ་ལོ་ཟླ་ཞག་དུས་བདག །སྤར་སྨེ་གཟའ་སྐར་ཕྱོགས་དུས་གནས་རྒྱུའི་ལྷ། །ཀུན་ལ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །ལོ་རྒན་དྲུག་བཅུ་ས་འཛིན་ལག་ཆེན་དང་། །གེའུ་ཐེན་པོ་ལྷ་མོ་བརྟན་མ་སོགས། །གཏན་དུ་མི་འཕོ་ས་ལ་གནས་པ་རྣམས། །བདུད་རྩི་གསེར་སྐྱེམས་མཆོད་པ་དམ་པ་དང་། །རྔན་ཆ་འདོད་ཡོན་དགྱེས་དགུ་འདི་བཞེས་ལ། །ཡུལ་དུས་འདི་ལ་བྱ་བ་གང་བྱེད་ཀྱང་། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ཁྱེད་ལ་མི་བརྔོ་བསྟོད་ཅིང་བརྔན་བགྱིད་ན། །གཤེད་དང་བདུད་དུ་འབེབ་པར་མ་མཛད་ཅིག །ཞི་དང་བྱམས་པ་དགེ་བའི་སེམས་ཀྱིས་ནི། །ལྷ་དང་དཔལ་དུ་མཛོད་ལ་མགོན་སྐྱབས་མཛོད། །གང་བྱས་ལས་ལ་ཉེས་པ་མེད་པ་དང་། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཐེ་སེ་ཐེ་ཁྱིམ་ཙང་ཀུན་བླ་མཁྱེན་དང་། །དམག་དཔོན་ཝང་གིང་ཧལ་ཁྱི་ནག་པོ་དང་། །ཏེ་སོ་སེ་ཤར་རྒྱལ་པོ་མཚོན་ཐོགས་སོགས། །བཅུ་གཉིས་


MR07_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལ་འཁོར་བའི་ས་བདག་རྣམས། །བདུད་རྩི་གསེར་སྐྱེམས་སོགས་འགྲེ། འབྲུག་ལྷག་པ་ལྟོ་འཕྱེ་ཆེན་པོ་དང་། །དུས་བཞིའི་རྒྱལ་མོ་ལྷ་ལྔ་ལྷ་དགུ་དང་། །གདགས་སྲིབས་ལྷ་དྲུག་ཝང་ཁྱི་ནག་པོ་སོགས། །ཟླ་བ་བཅུ་གཉིས་ཕྱོགས་སུ་གནས་པ་རྣམས། །བདུད་རྩི་གསེར་༴ གསེར་མཛོད་སེར་པོ་ཚེས་གཉན་ཐབ་ལྷ་དང་། །གཤིན་གྱི་ཕོ་རོག་མཆེ་བ་ཅན་ལ་སོགས། །ཉིན་ཞག་དག་ལ་འཁོར་བའི་དྲེགས་པ་རྣམས། །བདུད་རྩི་གསེར་སྐྱེམས་༴ གཡུ་མཛོད་སྔོན་མོ་ས་ཡི་ཕུང་བྱད་སོགས། །དུས་ཚོད་བཅུ་གཉིས་དག་ལ་རྒྱུ་བ་རྣམས། །བདུད་རྩི༴ ཀིང་ཀང་ཚེས་གཉན་བྱ་མ་གུང་རྒྱལ་སོགས། །དཀར་ནག་ཕྱོགས་ཀྱི་ཚེས་གྲངས་རྒྱུ་བ་རྣམས། །བདུད་རྩི་གསེར་སྐྱེམས༴ པི་ལིང་ཟིན་ཕུང་འབྱུང་བའི་ལྷ་ལྔ་དང་། །གབ་པ་བཅུ་གཉིས་གནམ་ཁྱི་ཕོ་མོ་སོགས། །ལོ་ཟླ་ཞག་དུས་ཀུན་གྱི་ཆར་རྒྱུ་བའི། །ས་བདག་ལྷ་སྲིན་དྲེགས་པ་གཉེན་པོ་རྣམས། །བདུད་རྩི་གསེར་སྐྱེམས་མཆོད༴ དྲག་པོ་དུས་མཚན་རྣལ་འབྱོར་མ་བརྒྱད་དང་། །དྲེགས་པ་སྡེ་བརྒྱད་ཕྱོགས་སྐྱོང་ཆེན་པོ་བཅུ། །སྡེ་དཔོན་སུམ་ཅུ་མཁའ་འགྲོ་བཅུ་གཉིས་སོགས། །དུས་དང་ཐུན་ཚོད་ཕྱོགས་


MR07_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱུ་བ་རྣམས། །བདུད་རྩི་གསེར༴ ལོ་དང་ཟླ་བ་ཞག་དང་དུས་ཚོད་དང་། །ཚེས་གྲངས་ཐུན་མཚམས་ཡུད་ཙམ་སྐད་ཅིག་ལ། །རྒྱུ་ཞིང་ཟློག་བྱེད་སྣང་སྲིད་མཐུ་ལྡན་ཚོགས། །བདུད་རྩི༴ ཁྱད་པར་དྲེགས་པའི་རྒྱལ་པོ་རཱ་ཧུ་ལ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་སྡོང་ཟླར་བཅས། །དུས་ཚོད་ཀུན་གྱི་ཆ་འཛིན་ཕྱོགས་ཀུན་རྒྱུ། །སྣ་ཚོགས་ལས་བྱེད་སྣང་སྲིད་ཁ་ལོ་སྒྱུར། །འཇིག་རྟེན་འདི་ན་མཐུ་དང་དབང་ཆེ་ཞིང་། །རྡོ་རྗེ་འཆང་གི་བཀའ་ཉན་བསྟན་པ་སྲུང་། །རིག་འཛིན་བརྒྱུད་པའི་ཐ་ཚིགས་ལེགས་འཆང་བ། །ཁྱོད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ། །བདུད་རྩི་གསེར་སྐྱེམས༴ ཚངས་དང་དབང་ཕྱུག་ཁྱབ་འཇུག་དབང་པོར་བཅས། །ལྷ་ཆེན་བརྒྱད་དང་རྒྱལ་པོ་ཆེན་པོ་བཞི། །གཟའ་དང་རྒྱུ་སྐར་ཚོགས་དང་སྐར་མའི་ལྷ། །སྟེང་ན་གནས་དང་སྟེང་ནས་རྒྱུ་བ་རྣམས། བདུད་རྩི་གསེར༴ ཤར་ཕྱོགས་སྟག་ཡོས་སྡེ་ལྔ་སྤར་ཁ་ཟིན། །སྨེ་བ་གསུམ་མཐིང་འབྱུང་བ་ཤིང་གི་ལྷ། །ཤར་ན་གནས་དང་ཤར་ནས་རྒྱུ་བ་རྣམས། །བདུད་རྩི་གསེར༴ ལྷོ་ཕྱོགས་རྟ་སྦྲུལ་སྡེ་ལྔ་སྤར་ཁ་ལི། །སྨེ་བ་དགུ་དམར་འབྱུང་བ་མེ་ཡི་ལྷ། །ལྷོ་ན་གནས་དང་ལྷོ་ནས་


MR07_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་རྣམས། །བདུད་རྩི༴ ནུབ་ཕྱོགས་བྱ་སྤྲེལ་སྡེ་ལྔ་སྤར་ཁ་དྭ། །སྨེ་བ་བདུན་དམར་འབྱུང་བ་ལྕགས་ཀྱི་ལྷ། །ནུབ་ན་གནས་དང་ནུབ་ནས་རྒྱུ་བ་རྣམས། །བདུད་རྩི༴ བྱང་ཕྱོགས་བྱི་ཕག་སྡེ་ལྔ་སྤར་ཁ་ཁཾ། །སྨེ་བ་གཅིག་དཀར་འབྱུང་བ་ཆུ་ཡི་ལྷ། །བྱང་ན་གནས་དང་བྱང་ནས་རྒྱུ་བ་རྣམས། །བདུད་རྩི༴ མཚམས་བཞི་ཁྱི་འབྲུག་གླང་ལུགས་གཤེད་ཆེན་བཞི། །འབྱུང་བའི་ཕྱེ་བ་སོ་སོའི་སྡེ་ལྔ་དང་། །ཁེན་ཁོན་གིན་ཟོན་སྤར་ཁ་ཆེན་པོ་བཞི། །གཉིས་བཞི་དྲུག་བརྒྱད་སྨེ་བའི་ལྷ་ཆེན་བཞི། །ཕྱོགས་མཚམས་གནས་པ་འབྱུང་བ་ས་ཡི་ལྷ། །མཚམས་བཞིར་གནས་དང་མཚམས་བཞིར་རྒྱུ་བ་རྣམས། །བདུད་རྩི༴ རུས་སྦལ་ལྟོ་བར་ལེགས་གནས་ལྔ་སེར་གཞིར། །ཕོ་བྲང་ཡུལ་གཞི་གནས་དང་འགོ་བའི་ལྷ། །བདག་ཅག་ཡོན་མཆོད་འཁོར་བཅས་འདུག་གནས་འདིའི། །དབུས་ན་གནས་དང་དབུས་ནས་རྒྱུ་བ་རྣམས། །བདུད་རྩི༴ ལྟོ་འཕྱེ་ཀླུ་བརྒྱད་ས་ཆུ་རླུང་གི་གཞིར། །གང་གནས་ས་འོག་འཇིག་རྟེན་བརྟེན་པ་ཡི། །འོག་ན་གནས་དང་འོག་ནས་རྒྱུ་བ་རྣམས། །བདུད་རྩི༴ མདོར་ན་མ་ལུས་ཕྱོགས་བཅུའི་འཇིག་རྟེན་དུ། །རྒྱལ་བ་རྒྱལ་སྲས་འཇིག་རྟེན་སྐྱོང་བ་དང་། །ཁྲོ་བོ་ཁྲོ་མོ་བཀའ་ཉན་རིགས་ཀྱི་ལྷ། །ཡུལ་རིས་འདིར་གནས་ཟོ་དོར་སྡེ་བརྒྱད་སོགས། །


MR07_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་གསུམ་གནས་ཤིང་རྒྱུ་རྣམས་ལ། །མཆོད་ཅིང་བསྟོད་དོ་དཔལ་དང་མགོན་མཛོད་ལ། །ཕྱོགས་བཅུའི་བཀྲ་ཤིས་གནས་འདིར་འདུ་བ་དང་། །འབྱུང་ལྔའི་དཔལ་ཡོན་བདག་ལ་འབེབས་པར་མཛོད། ཧོ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་མཛོད་དུ་གསོལ། །འབྱུང་བའི་ལྷ་རྣམས་བདག་ལ་དཔལ་གྱུར་ཅིག །ཕྱོགས་ཀྱི་ལྷ་ཡི་བཀྲ་ཤིས་དགེ་ལེགས་སྩོལ། །སྣང་སྲིད་ཐམས་ཅད་མཐུན་པའི་གྲོགས་གྱུར་ཅིག །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་གྱུར་པ། །ཡེ་ཤེས་སྐུ་ཅན་འཇམ་དཔལ་བདེན་པའི་མཐུས། །སྣང་ཞིང་སྲིད་པའི་རྟེན་འབྲེལ་ཆོས་རྣམས་ཀུན། །ཇི་ལྟར་འདོད་པའི་དཔལ་དུ་འཆར་གྱུར་ཅིག །ཅེས་བྱས་ལ་ཕུད་མཆོད། དེ་ནས་སྤོམ་གཏའ་བསྡམ་པ་ནི། ཀྱེ། དེ་རིང་སྲིད་པའི་ཉི་མ་འདིར། །གནམ་སྔོན་པོ་ཡང་གསོན་ཅིག །ས་གྲོ་མོ་ཡང་གསོན་ཅིག །ཉིན་རི་དཀར་པོ་ཡང་གསོན་ཅིག །སྲིབ་རི་ནག་པོ་ཡང་གསོན་ཅིག །འཕགས་པ་འཇམ་དཔལ་དང་མ་ཧཱ་གསེར་གྱི་རུས་སྦལ་འབྱུང་བ་ལྔའི་ལྷ་མོ་སོགས་ཡེ་ཤེས་ཀྱི་སྤྱན་དང་ལྡ་ན་པའི་ལྷ་ཐམས་ཅད་གསོན་ཅིག །ལོ་རྒྱལ་པོ་ཡང་གསོན་ཅིག །ཟླ་བ་བློན་པོ་ཡང་གསོན་ཅིག །ཞག་དམག་མི་ཡང་གསོན་ཅིག །དུས་ཚོད་མཚོན་ཆ་ཡང་གསོན་ཅིག །ཕྱོགས་ཀྱི་ལྷ་མོ་བཅུ་གཉིས་ཀྱང་གསོན་ཅིག །ཀོ་ལོང་སྡོམ་པའི་ལྷ་དགུ་ཡང་གསོན་ཅིག །གཟའ་དང་རྒྱུ་སྐར་ཀྱང་གསོན་ཅིག །


MR07_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁ་བརྒྱད་ཀྱང་གསོན་ཅིག །སྨེ་བ་དགུ་ཡང་གསོན་ཅིག །ཕྱོགས་སྐྱོང་བཅུ་རྒྱལ་ཆེན་སྡེ་བཞི་ཐེ་སེ་ལ་སོགས་ས་བདག་རྗེ་བློན་བཅུ་དྲུག །གསེར་མཛོད་དང་གཡུ་མཛོད་ལ་སོགས་དུས་ཀྱི་ལྷ་རྣམས་གསོན་ཅིག །ཚངས་པ་ལ་སོགས་ལྷའི་སྡེ་ཚོགས། །དགའ་བོ་ལ་སོགས་ཀླུའི་སྡེ་ཚོགས། །ཉི་ཟླ་ལ་སོགས་དུས་ཀྱི་ཆ་འཛིན་པའི་སྡེ་ཚོགས་རྣམས་གསོན་ཅིག །དེ་རིང་རྒྱུ་བའི་ས་བདག་ཀླུ་གཉན་ཀྱང་གསོན་ཅིག །སྣང་སྲིད་ཀྱི་ཁམས་ན་མཆིས་པའི་སྲིད་པའི་ལྷ་འདྲེ་དྲེགས་པ་གཉན་པོ་ཐམས་ཅད་གསོན་ཅིག །གནས་སྔོན་པོའི་མར་ཞབས། ས་གྲོ་མོའི་ཡང་སྟེང་། བར་ན་རྫུ་འཕྲུལ་གྱི་གཟར་སྐར་འཆར་བ་འདི་ན་མི་གནས་པ་མེད། འདི་ན་མི་སྲིད་པ་མེད། འདི་ན་མི་འབྱུང་བ་མེད། དེ་རིང་འཕགས་པ་འཇམ་དཔལ་དང་། ཀོང་ཚེ་བྱང་ཆུབ་སེམས་དཔའ་སོགས། སངས་རྒྱས་བྱང་སེམས་རྣམས་ཀྱི་བཀའ་བཞིན་དུ། རྟེན་འབྲེལ་སྲིད་པའི་སྤོམ་གཏའ་ཆེན་མོ་བཙུགས་ཏེ། བར་སྣང་གཤིན་གཞན་གྱི་དང་། གཉན་གྱི་བྱས་པ་འདུག་གྱི་རྒྱལ་པོས་མི་ཐུབ་པ་ཐུབ་པར་བྱས། མི་ཆོད་པ་ཆོད་པར་བྱས། བཀྲ་མི་ཤིས་པ་ཤིས་པར་བྱ་བ་དང་། བྱ་བ་གང་བྱེད་ཀྱང་ཉེས་པ་མི་འབྱུང་བ་དང་། ལེགས་པ་འཕེལ་


MR07_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཐར་ཕྱིན་པའི་ཆེད་དུ། ལོ་ཟླ་ཞག་དུས་ཀྱི་ཆ་ལ་གནས་ཤིང་རྒྱུ་བའི་དྲེགས་པ་གཉེན་པོ་ཁྱེད་རྣམས་ལ། གནམ་ས་བར་གྱི་གཏའ་བཙུགས། བདེན་པའི་ཚིག་གིས་བཀྲོལ། ཕུད་དང་བརྔན་ཆས་ཀྱིས་མཆོད་ཅིང་བསྟོད་དེ་མགོན་དང་སྐྱབས་སུ་མངའ་གསོལ་ན་ཀོང་ལོང་དང་རུ་ང་མ་མཛད་པར། ཞི་ཞིང་བྱམས་པའི་ཐུགས་ཀྱིས་མགོན་དང་སྐྱབས་མཛོད་ཅིག །ང་གཏོ་མཁན་རྒྱལ་པོས་མི་ཐུབ་པ་མེད། མི་ཆོད་པ་མེད། ངན་ཆེན་ཁས་བླང་། དུག་ཆེན་སོས་བཟུང་ནས། གནམ་ས་བར་སྣང་གི་ཉེས་པ་ཐམས་ཅད་ཐུབ་པ་དང་། ལེགས་པ་ཐམས་ཅད་སྤེལ་བའི་ཐབས་སུ་སྲིད་པའི་སྤོམ་གཏའ་ཆེན་མོ་འདི་བཙུགས་ཀྱིས། ང་ཡིས་མི་ཐུབ་ཁྱོད་ཀྱིས་ཐུབ། བ་ཡིས་མི་ཐུབ་གཅི་ཡིས་ཐུབ། རྟ་ཡིས་མི་ཐུབ་སྒྲོག་གིས་ཐུབ། ངེད་ཀྱིས་ཁས་བླང་བ་བཞིན་དུ་སྤོམ་གཏའ་ཁྱོད་ཀྱིས་མི་ཐུབ་པ་ཐུབ་པར་གྱིས། མི་ཆོད་པ་ཆོད་པར་གྱིས། ངན་ཆེན་ཁས་ལོངས་ཤིག །དུག་ཆེན་སོས་ཟུངས་ཤིག །གནམ་རིམ་པ་བཅུ་གསུམ་གྱི་ཡང་སྟེང་ནས་ཤེལ་གྱི་བྱ་ཁྱུང་གཤོག་པ་མ་རྡེབ་ཅིག །གནམ་ལ་གནས་པ་རྣམས་ཐུབ་པར་གྱིས་ཤིག་ས་རིམ་པ་དགུའི་ཞབ་ནས་དུར་ཕག་ནག་པོ་མ་འཁུན་


MR07_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ས་ན་གནས་པ་རྣམས་ཐུབ་པར་གྱིས་ཤིག །བར་སྣང་ཁམས་ཀྱི་ཕྱོགས་བཅུ་ནས་ལྷ་སྲིན་སྡེ་བརྒྱད་མ་འཁྲུག་ཅིག །བར་ན་གནས་པ་རྣམས་ཐུབ་པར་ གྱིས་ཤིག །མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཐུབ་པར་གྱིས་ཤིག །ངན་ཆེན་ཁས་ལོངས་ཤིག །དུས་ཆེན་སོས་ཟུངས་ཤིག །ལོ་རྒྱལ་པོ་ཟླ་བ་བློན་པོ་ཞག་དམག་མི་དུས་ཚོད་མཚོན་ཆའི་ཉེས་པ་ཐམས་ཅད་སྤོམ་གཏས་བཅོས་སོ། །ཤིང་ཆེན་སྡོང་པོ་བཙུགས་བས་ས་རྡོ་མི་འགྱུར་བར་ཁས་ལོངས་ཤིག །ཤིང་སེ་བ་དང་སྐྱེར་པ་འདི་ཡིས་མི་སྤུན་ལ་མི་གནོད་པར་ཁས་ལོངས་ཤིག །རྩ་ཆུན་འདི་ཡིས་ཕྱུགས་ལ་མི་གནོད་པར་ཁས་ལོངས་ཤིག །ལྷམ་གཡོན་པ་འདི་ཡིས་བུད་མེད་ལ་མི་གནོད་པར་ཁས་ལོངས་ཤིག །གནམ་མདའ་ས་མདའ་འདི་ཡིས་གནམ་སའི་བྱུར་ཐུབ་པར་ཁས་ལོངས་ཤིག །མདའ་ལི་མ་ལྟོང་དམར་འདི་ཡིས་སྐྱེས་པའི་སྲོག་མི་འགྱུར་བར་ཁས༴ ལྷ་བཞིའི་བྱང་བུ་འདི་ཡིས་


MR07_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་བའི་ལྷ་ལྔ་མི་འགྱུར་བར་ཁས༴ བྲེ་སྟོང་སྲང་སྟོང་འདི་ཡིས་འཇལ་བ་ནང་དུ་མི་འཇུག་པར་་ཁས༴ གྲོད་པ་གཡས་སུ་བཏགས་པ་འདི་ཡིས་ནོར་གཡང་དང་ཟས་གཡང་ཕྱིར་མི་འཆོར་པར་ཁས་ལོངས་ཤིག །ཁ་དགུ་མིག་དགུ་བྲིས་པ་འདི་ཡིས་བརྒྱ་ཁ་མང་གི་མི་ཁ་ཟུག་པ་དང་། སྟོང་མིག་མང་གི་མིག་འདྲེ་ཐམས་ཅད་ཐུབ་པར་ཁས༴ ནང་ངར་གླུད་བརྒྱད་པོས་ལྷ་སྲིན་སྡེ་བརྒྱད་ཀྱིས་མི་གནོད་པར་ཁས༴ གླུད་གཅིག་གིས་འབྱུང་བ་མི་འཁྲུགས་པར་ཁས༴ རྩེ་ལ་ཁམས་ཀྱི་བླ་དར་ཕྱར་བ་འདིས་ཡོན་བདག་མི་ནོར་དར་ཞིང་རྒྱས་པར་ཁས༴ དེ་ལ་སོགས་པ་རྟེན་འབྲེལ་གྱི་རྫས་སྣ་ཚོགས་འཛོམས་པའི་སྤོམ་གཏའ་ཆེན་མོ་འདིས་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཀོ་ལོང་གདུག་རྩུབ་སོགས་མི་འདོད་འགལ་རྐྱེན་བར་ཆད་ཐམས་ཅད་ཐུབ་པར་ཁས༴ བཀྲ་མི་ཤིས་པ་ཐམས་ཅད་ཤིས་པར་འགྱུར་བར་ཁས་ལོངས་ཤིག །ལྟས་ངན་པ་ཐམས་ཅད་གཡང་དུ་འགྱུར་བར་ཁས༴ བྱུར་ངན་པ་ཐམས་ཅད་དཔལ་དུ་འགྱུར་བར་ཁས་ལོངས་ཤིག །རྐྱེན་ངན་པ་ཐམས་ཅད་མཐུན་པའི་གྲོགས་སུ་གྱུར་པར་ཁས་ལོངས་ཤིག །མི་ལེགས་པ་ཐམས་ཅད་ལེགས་པར་འགྱུར་བར་ཁས༴


MR07_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ཆོས་ཀྱི་གཏོ་ཆེན་པོ་འདིས་ཡོན་མཆོད་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་ཀར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པའི་བདེན་ཚིག་འདི་དག་གིས། །བདག་ཅག་ཀུན་ཏུ་བདེ་ལེགས་ཤོག །ཞེས་བརྗོད། རྟེན་སྙིང་ཚར་བདུན་བཟླས་ལ་སྤོམ་གཏར་འབྲུ་གཏོར་ལ་བཀྲ་ཤིས་པའི་ཚིག་བཅད་བརྗོད་དོ། །དེ་ནས་སྤོམ་གཏའ་གཏད་པ་ནི། སྐྱེམས་ཕུད་མཆོད་ལ། ཀྱེ། དེ་རིང་སྲིད་པའི་གནམ་གང་ལ། །སྲིད་པའི་ལྷ་རྣམས་སྤོམ་གཏས་བཅོས། །སྟེང་གི་ལྷ་ལ་སྤོམ་གཏད་དོ། །འོག་གི་ཀླུ་རྣམས་སྤོམ་གཏད་དོ། །བར་གྱི་གཉན་རྣམས་སྤོམ་གཏད་དོ། །ཐེ་སེ་རྒྱལ་པོར་སྤོམ་གཏད་དོ། །ཐེ་ཁྱིམ་བཙུན་མོར་སྤོམ༴ ཙང་ཀུན་བློན་པོར་སྤོམ༴ སྣང་སེལ་ཁྲབ་གྱོན་སྤོམ་གཏད་དོ། །སེ་བ་བླ་མཁྱེན་སྤོམ་གཏད་དོ། །ཧལ་ཁྱི་ནག་པོར་སྤོམ་གཏད་དོ། །ཧ་སྡང་འབར་བར་སྤོམ༴ ཀ་ལ་རོ་ཟན་སྤོམ༴ གྲོལ་བུ་ལྷ་ལྔར་སྤོམ་གཏད་དོ། །རྔ་ཟོར་དམར་པོར་སྤོམ་


MR07_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་དོ། །གསེར་མཛོད་སེར་པོར་སྤོམ་གཏད་དོ། །གཡུ་མཛོད་སྔོན་པོར་སྤོམ་གཏད་དོ། །གཉེན་ཆེན་སྡེ་བཞིར་སྤོམ་གཏད་དོ། །དུས་ཚོད་མཚོན་ཆར་སྦོམ་གཏད་དོ། །ས་བདག་ཀླུ་གཉན་ཐམས་ཅད་དང་། །སྡེ་བརྒྱད་རྣམས་ལ་སྤོམ་གཏད་དོ། །གཏོ་མཁན་བདག་ལ་མ་བཀྱོན་ཅིག །ཕུད་དང་གསེར་སྐྱེམས་འདི་བཞེས་ལ། །དེ་རིང་བདག་ཅག་ཡོན་མཆོད་འདིར་ཚོགས་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །གདུག་པའི་དུག་མདའ་མ་འགྱེད་ཅིག །ཕན་བདེ་བྱང་ཆུབ་སེམས་ལྡན་ཅིང་། །དགེ་ལེགས་བཀྲ་ཤིས་སྡོང་གྲོགས་མཛོད། །ཅེས་བྱས་ལ་ཇི་སྲིད་སྤོམ་གཏའ་འཛུགས་ཀྱི་བར་དུ་མི་སྒུལ་བར་བཞག་ལ་དེ་མདུན་མཆོད་པ་སོགས་བྱའོ། །ལས་གྲུབ་ནས་སླར་ཡང་སྤོམ་གཏའ་བཀྲོལ་བའི་ཚེ། སྔགས་མཁན་གྱིས་ཤ་ཆང་གསེར་སྐྱེམས་ཕྱེ་མར་སོགས་མཆོད་པ་འབུལ་ལ། ཀྱེ། ད་ནི་གཏོ་ཆེན་འགྲོལ་ཡང་འཚལ། །ད་ནི་འཚོགས་ཆེན་བཤིག་ཀྱང་འཚལ། །ལྷ་སྲིན་སྡེ་བརྒྱད་དགྱེ་ཡང་འཚལ། །སྤོམ་གཏའ་ཆེན་མོ་མ་བཀྲོལ་ན། །བགེགས་ཆེན་དེ་ནི་འདུས་འཚོགས་ལ། །འཚོགས་ཆེན་དེ་ནི་མ་བཤིག་ན། །ས་བདག་ཀླུ་གཉན་སྤྱན་ལ་གནོད། །ས་བདག་ཀླུ་གཉན་ཐུགས་མི་དགྱེས། །འཁོར་འདིར་རྐྱེན་


MR07_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འབྱུང་བར་འགྱུར། །དེ་བས། ད་ནི་སྤོམ་གཏའ་བཀྲོལ་ཀྱང་འཚལ། །ལྷ་སྲིན་སྡེ་བརྒྱད་དགྱེ་ཡང་འཚལ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱུ་སྐར་དང་། །ཁྲ་ཚ་ཐེ་སེ་རྒྱལ་པོ་སོགས། །ལོ་ཟླ་ཞག་དུས་ས་བདག་རྣམས། །ཤ་ཕུད་ཆང་ཕུད་གསེར་སྐྱེམས་དང་། །ཞིམ་མངར་འོ་སྐོམ་འདི་བཞེས་ལ། །ད་ནི་གཤེགས་སོ་ཤ་ར་ར། །བསྐྱོད་འཚལ་དེ་ནི་སི་ལི་ལི། །ཁེན་པ་ལ་སོགས་སྤར་ཁ་བརྒྱད། །གཅིག་དཀར་ལ་སོགས་སྨེ་བ་དགུ། །བྱི་བ་ལ་སོགས་ལོ་སྐོར་དང་། །འབྱུང་བ་ལྔ་ཡི་ས་བདག་རྣམས། །ཤ་ཕུད་ཆང་ཕུད་གསེར་སྐྱེམས་དང་། །ཞིམ་མངར་ཟས་སྐོམ་འདི་བཞེས་ལ། །གཤེགས་སོ་དེ་ནི་ཤ་ར་ར། །བཞུད་དོ་དེ་ནི་ཀྱི་ལི་ལི། །བསྐྱོད་དོ་དེ་ནི་སི་ལི་ལི། །ལྷ་ཀླུ་བདུད་བཙན་མ་མོ་གཟའ། །ཡུལ་ལྷ་གཉེན་པོ་ས་བདག་བཏོད། །རྒྱལ་འགོང་ཐེའུ་རང་ལ་སོགས་པ། །གསེར་སྐྱེམས་ཤ་ཕུད་ཆང་ཕུད་འབུལ། །ཞིམ་མངར་འོ་སྐོམ་འདི་བཞེས་ལ། །གཤེགས་སོ་དེ་ནི་ཤ་ར་ར། །བཞུད་དོ་དེ་ནི་སི་ལི་ལི། །ལྷ་ཀླུ་བདུད་བཙན་ཡུལ་ལྷ་གཉན། སྐྱོད་འཚལ་དེ་ནི་སི་ལི་ལི། །འབྱུང་ལྔའི་ལོག་གནོན་ད་བསྐྱོད་འཚལ། །ལོ་སྐོར་བཅུ་གཉིས་ལོག་གནོན་ད་བསྐྱོད་འཚལ། །སྨེ་བ་དགུ་ཡི་ལོག་གནོན་ད་བསྐྱོད་འཚལ། །ཁྱེད་རྣམས་སོ་སོར་ད་བསྐྱོད་ཅིག །འདི་རུ་མ་འདུག་གཞན་དུ་དེངས། །


MR07_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རུ་འདུག་གནས་མ་མཆིས་སོ། །རང་རང་གནས་སུ་བདེ་བར་དེངས། །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་གྱུར་ཅིག །ཅེས་བྱས་ལ་སྤོམ་གཏའ་བཀྲོལ་ལོ། །ཤུལ་ཤིང་སྣ་རྩེ་མོ་མ་ཉམས་ཤིང་ར་ཡིས་མ་ཟོས་པའི་འཕྱག་མས་ཕྱགས་ལ་འབྲུ་སྣ་འཐོར་བར་བྱའོ། །འདི་ནི་ལྟད་མོ་དང་སྟོན་མོ་ཁྲོམ་ཆེན་པོ་ཚོགས་པ་རོ་བག་དུར་འདེབས་མཁར་ལས་ཆེ་འདོན་སོགས་གསོན་གཤིན་གྱི་བྱ་བ་རྔམ་ཆེན། མདོས་ཟོར་དྲག་ལས་སོགས་ཀྱི་ཚེ་ཕྱོགས་དང་དུས་ཀྱི་ས་བདག་ལྷ་སྲིན་གདུག་པ་རྣམས་ཀྱི་སྤྱི་བཅོས་སྤོམ་གཏའ་ཆེན་མོ། བྱ་བ་གང་བྱེད་ཀྱང་ངན་ཆེན་ཁས་ལེན་པའི་གཏོ་ཞེས་བྱ་བ་ཡིན་པས་ཤིན་ཏུ་གལ་ཆེའོ། །འདི་ནི་རྩིས་གཞུང་དང་ཀོང་ཙེ་དང་པད་འབྱུང་གི་ལུགས་སོགས་ཡིག་རྙིང་དུ་མའི་དོན་སྣ་ཚོགས་འཐོར་བ་བསྡུས་ཏེ་རྩོམ་གཞིར་བཀོད་པ་སླར་ཡང་རབ་ཚེས་ས་ཕག་སྨིན་ཟླའི་ཚེས་བཅོ་བརྒྱད་ལ་རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ཕུན་ཚོགས་ནོར་བུའི་གླིང་གི་ཆོས་གྲར་མི་ཕམ་འཇམ་དཔལ་དགྱེས་པས་ཕྱོགས་གཅིག་ཏུ་བསྒྲིགས་པ་དགེ་ལེགས་འཕེལ། །


previousསྤོམ་གཏའ་ཆེན་མོ་བཀྲ་ཤིས་ཀུན་ཁྱབ།next