Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
སྨྲེང་བཀྲ་ཤིས་ནོར་བུའི་རྒྱལ་མཚན་དགེ་ལེགས་དོན་ཀུན་འགྲུབ་པའི་དབྱངས་སྙན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨྲེང་བཀྲ་ཤིས་ནོར་བུའི་རྒྱལ་མཚན་དགེ་ལེགས་དོན་ཀུན་འགྲུབ་པའི་དབྱངས་སྙན།next

སྨྲེང་བཀྲ་ཤིས་ནོར་བུའི་རྒྱལ་མཚན་དགེ་ལེགས་དོན་ཀུན་འགྲུབ་པའི་དབྱངས་སྙན།


MR07_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲེང་བཀྲ་ཤིས་ནོར་བུའི་རྒྱལ་མཚན་དགེ་ལེགས་དོན་ཀུན་འགྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ནཱ་ཐཱ་ཡ། འདིར་འཇིག་རྟེན་ཁམས་ན་རྒྱུ་ཞིང་། བྱ་བ་ལ་ཀོ་ལོང་སྡོམ་པའི་དྲེགས་པ་དང་། སྤང་བྱའི་དུས་ནི་མང་། དེ་ཀུན་གཙུག་ལག་བཞིན་དུ་རྩི་ཤེས་པ་ཉུང་། རྩིས་ཀྱང་ཐམས་ཅད་འགྲིགས་པར་དཀའ། གང་བབ་བབས་སུ་སྤྱོད་ནའང་། རྟེན་འབྲེལ་མཐུ་ཆེ་བས་འགོག་མི་ཐུབ། སྤྱིར་བཅོས་བཤམས་གཏོ་དང་། སྒམ་ཆིངས་ཉེས་སེལ་སོགས་ཚུལ་བཞིན་བྱེད་མཁན་དཀོན་པས་ན། ལས་དང་བྱ་བ་སྤྱི་དང་ཁྱད་པར་རྔམས་ཆེན་རིགས་ལ་འཚུབས་དང་བར་ཆད་ཅིའང་མེད་པར་དགེ་ཞིང་བཀྲ་ཤིས་བར་བྱ་བའི་སླད་དུ། ཉེས་པ་ཀུན་སེལ་གྱི་གཏོ་འདིས་མཆོག་དམན་སུ་ལ་དོན་ཆེན་པོ་བྱེད་ན། དར་སེར་ལ་རུས་སྦལ་གྱི་ཁོག་པར་གསེར་འདྲེས་པའི་མཚལ་ལམ་སྣག་ཚས་མུྃཿ བྲིས། དེ་འཇམ་དཔལ་དུ་བསྐྱེད་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཡེ་དྷརྨཱ་སོགས་བརྒྱ་རྩས་རབ་གནས་བྱ། ལས་དང་བྱ་བ་གང་བྱེད་པའི་དུས་སུ་དེ་ཕྱར་ཞིང་། མདུན་དུ་སྐྱེམས་ཕུད། འབྲུ་མཆོད། ཕྱེ་མར་བསང་རྫས་རྣམས་གཙང་མ་བྱས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི་མུྃཿ ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཚར་གསུམ་བསྒྲགས། ཀྱེ་འཕགས་པ་དཀོན་མཆོག་གསུམ་དང་། འཇམ་དཔལ་གྱི་བཀའ་བདེན་པ་འགྲུབ་པར་གྱུར་ཅིག །ཡེ་སྟོང་གདོད་མའི་ངང་ནས་སྣང་བ་བརྟེན་འབྲེལ་གྱི་འཆར་སྒོ། ཕྱི་ནང་འབྱུང་བ་ལྔ། སྣོད་བཅུད་སྲིད་པ་བདེ་སྡུག་སྣ་ཚོགས་སུ་འབྱུང་བ་ལས། སྟོང་གསུམ་འཇིག་རྟེན་འདི་ན་ལས་དང་བྱ་


MR07_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླང་དོར་ལ་དབང་བ། ལོ་རྒྱལ་པོ། ཟླ་བ་བློན་པོ། ཞག་དམག་མི། དུས་ཚོད་མཚོན་ཆ་ལ་དབང་བའི་དུས་ལ་རྒྱུ་བ། ཕྱོགས་དུམ་བུ་བཅུ་གཉིས། སྟེང་འོག་དང་བཅས་པའི་གནས་ལ་དབང་བ། ཐེ་སེ་རྒྱལ་པོ་ལ་སོགས་ས་བདག །ལྷ་ཀླུ་ལ་སོགས་སྡེ་བརྒྱད། སྒྲ་གཅན་དང་ཉི་མ་ལ་སོགས་གཟའ། སྨིན་དྲུག་ལ་སོགས་རྒྱུ་སྐར། ལི་ལ་སོགས་པའི་སྤར་ཁ། གཅིག་དཀར་ལ་སོགས་སྨེ་བ། བྱི་བ་ལ་སོགས་ལོ་སྐོར། ཤིང་ལ་སོགས་པའི་འབྱུང་བ། མདོར་ན་ཡུལ་དུས་སྤྱི་དང་བྱེ་བྲག་དེང་དུས་རང་གནས་ཁྱིམ་གྱི་རྒྱུ་བ་སྲིད་པའི་ལྷ་མགོན་གཉན་པོ་སོགས། སྣང་ཞིང་སྲིད་པས་བསྡུས་པའི་འབྱུང་པོ་དྲེགས་པ་མཐུ་བོ་ཆེའི་ཚོགས་ལ་བདུད་རྩིའི་ཞལ་སྐྱེམས་གསོལ་ལོ། །འབྲུ་མཆོག་ནས་ཀྱིས་མཆོད་དོ། །ཕྱེ་མར་སྟོན་མོས་བརྔན་ནོ། །དྲི་བཟང་བསང་གིས་བཀྱག་སྟེ། དེ་རིང་བདག་གམ། སྦྱིན་བདག་ཆེ་གེ་མོའི་ལས་དང་བྱ་བ་ཆྒེེ་མོ་འདི་ཞེས་བྱ་བ་ལ་རྣལ་འབྱོར་པ་ངས། འཕགས་པ་འཇམ་དཔལ་གྱི་བཀའ་བཞིན། གཙུག་ལག་གི་ལུང་བཞིན། ཁྱེད་རྣམས་ངོ་མཐོན་དུ་རེའོ། །སྲིད་པ་རྒྱུད་ཀྱི་ལྷ། སྣང་གསལ་གཙུག་ལག་གི་ལུང་བཞིན་དུ། མ་བརྩིས་པའམ། མ་ཤེས་པའམ། ནོར་བའམ། འགལ་བ་ཅི་མཆིས་ཀྱང་། ཉེས་པ་ཐམས་ཅད་གཏོ་འདིས་བཅོས་སོ། །འཁྲུགས་པ་ཐམས་ཅད་དཔྱད་འདིས་བསལ་ལོ། །གལ་ཏེ་ཀོ་ལོང་གི་གནས་


MR07_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ཡོད་ཀྱང་། བྱ་བ་འདི་ལ་ཀོ་ལོང་གདུག་རྩུབ་མ་མཛད་ཅིག ཕྱོགས་དང་དུས་འདིའི་ལྷ་ཁྱེད་རྣམས་ལ་མགོན་དང་དཔལ་དུ་བརྟེན་པ་ཡིན་ནོ། །རྟེན་འབྲེལ་ཆེན་པོ་འདི་དང་། སྣང་སྲིད་གནས་ཤིང་རྒྱུ་བའི་འབྱུང་པོ་དྲེགས་པ་ཅན་ཐམས་ཅད་ཀྱིས་བདག་གམ་སྦྱིན་བདག་ཆེ་གེ་མོ་འཁོར་དང་བཅས་པ་ལ་བགེགས་དང་། བདུད་དུ་མ་འབེབས་པར་ལྷ་དང་དཔལ་དུ་སྐྱོབས་ཤིག །གནམ་སྔོན་མོ་རུ་མ་ང་། ས་དོག་མོ་ཕྲག་མ་དོག། བར་སྡེ་བརྒྱད་ཁོང་མ་འཁྲུགས་པར་ཞི་བ་དང་བདེ་ལེགས་སུ་གྱུར་ཅིག དུས་ཐམས་ཅད་དགེ་བ། ཕྱོགས་ཐམས་ཅད་བཟང་པོ། རྒྱུ་བ་ཐམས་ཅད་གཉེན། སྣང་བ་ཐམས་ཅད་མཐུན་གྲོགས། འགལ་རྐྱེན་ཐམས་ཅད་དཔལ། ལྟས་ངན་ཐམས་ཅད་གཡང་དུ་གྱུར་ཏེ། སྣང་སྲིད་འགོ་བའི་ལྷ་མགོན་གཉན་པོ་རྩ་གསུམ་སྲུང་མ་ནོར་ལྷ་གཞི་བདག་དགྲ་ལྷ་ཝེར་མ་ཐུགས་ཀར་ཅང་སེ་ཐམས་ཅད་དགྱེས་པའི་བཞད་སྒྲ་ལྷང་ལྷང་། དགའ་བའི་མཛེས་འཛུམ་ཤིག་ཤིག་དུ་དེ་རིང་རྣལ་འབྱོར་པ་བདག་དང་སྦྱིན་པའི་བདག་པོ་ཆེ་གེ་མོ་འདིར་ཚོགས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་པའི་གླུ་དབྱངས་གསུངས་ཤིག དགེ་ལེགས་ཀྱི་མེ་ཏོག་འཐོར་ཞིག །སྙན་གྲགས་ཀྱི་རོལ་མོ་རྡུངས་ཤིག །ཅི་བསམ་ཡིད་བཞིན་འགྲུབ་ཅིང་། བདེ་སྐྱིད་དཔལ་གསུམ་ཟད་པ་མེད་པའི་དངོས་གྲུབ་རྒྱ་ཆེན་པོ་སྩོལ་ཅིག བཀྲ་ཤིས་སོ། །


MR07_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ། །རྒྱལ་ལོ། །དགེའོ། །ཞེས་བརྗོད་པས་ཉེས་པ་ཐམས་ཅད་ཞི་ནི་ངེས་སོ། །སྣང་སྲིད་དྲེགས་པ་འདི་རིགས་ལ་བསྔོས་ན་དབལ་ཚ། བཀུར་ན་སྙིང་ཉེ་བ་ཡིན་པས། སྨྲེང་གྱེར་བ་པོ་ལ་ཀོ་ལོང་མི་འབྱུང་བར་བཤད། འདི་ནི་རྟེན་འབྲེལ་གྱི་ནུས་པ་ཆེན་པོ་ཡིན་ནོ། །དེས་ན་འདི་བྱས་བས་ལས་དང་བྱ་བ་ཐམས་ཅད་དགེའོ། །མཁྱུད་དཔྱད་ལེགས་སོ། །ཞེས་རྩིས་མཁན་དང་སྨྲེང་མཁན་ལ་སྙན་པའི་མེ་ཏོག་སྒོ་ཀུན་ནས་འཐོར་བར་ངེས་སོ། །འདི་ནི་རང་བཟོ་མ་ཡིན་ཏེ། གཙུག་ལག་དང་སྲིད་པ་བོན་རྒྱུད་ལ་སོགས་པ་ཕན་བྱེད་ཀྱི་གཞུང་མང་པོ་ལས་བསྡུས་ཏེ་བྲིས་པ་འདིས་ཀྱང་བསྟན་འགྲོ་ལ་ཕན་ཐོག་པའི་རྒྱུར་གྱུར་ཅིག །མི་ཕམ་པས་སྨྲས་པ་དགེའོ།། །།


previousསྨྲེང་བཀྲ་ཤིས་ནོར་བུའི་རྒྱལ་མཚན་དགེ་ལེགས་དོན་ཀུན་འགྲུབ་པའི་དབྱངས་སྙན།next