Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
འཆི་བསླུ་ནད་གདོན་ཀུན་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཆི་བསླུ་ནད་གདོན་ཀུན་གྲོལ།next

འཆི་བསླུ་ནད་གདོན་ཀུན་གྲོལ།


MR07_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བསླུ་ནད་གདོན་ཀུན་གྲོལ་ནི། ཟན་ལས་མི་ཕྱུགས་གང་ཡིན་དེ་ཇི་འདྲ་བའི་གླུད་བཟོས་འཆང་བུ་ཟས་སྣས་བརྒྱན། འོ་སྐྱེམས་དཀར་བོ་གཙང་མ་གཅིག་བཤམས། སྐྱབས་སེམས་ཚད་མེད་བསྒོམ་པ་སྔོན་དུ་བཏང་། རང་ཉིད་སྐད་ཅིག་གིས་འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྐུར་བསྒོམ་ལ་དེའི་སྔགས་ཅུང་ཟད་བཟླ། འོ་སྐྱེམས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས། ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བྱིན་བརླབས་བྱ། སྟོང་པའི་ངང་ལས་གླུད་གཏོར་དངོས་ཀྱི་ཕུང་ཁམས་སྐྱེ་མཆེད་ཇི་འདྲ་བ་འདོད་ཡོན་མི་ཟད་པའི་གཏེར་དུ་གྱུར། འབྲུ་གསུམ་སམྦྷ་ར་མཚན་བཞིའི་བརླབ། ཧོཿ དགོངས་སུ་གསོལ་ལོ་དཀོན་མཆོག་གསུམ། །དེང་འདིར་འགྲོ་ལ་ཕན་གདགས་སླད། །སྤྱན་འདྲེན་ཕྱག་འཚལ་མཆོད་པ་འབུལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་། །རྒྱལ་སྲས་སེམས་དཔའ་སེམས་མའི་ཚོགས། །རིག་སྔགས་ལྷ་དང་ལྷ་མོ་རྣམས། །བདུད་རྩི་ཞལ་སྐྱེམས་འདི་བཞེས་ཤིག །ཁྲོ་བོ་ཁྲོ་མོ་བཀའ་ཉན་བཅས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་། །གནས་བདག་དཀར་ཕྱོགས་སྐྱོང་བ་རྣམས། །བདུད་རྩི་ཞལ་སྐྱེམས་འདི་བཞེས་ཤིག །ལོ་ཟླ་ཞག་དུས་གཟའ་སྐར་དང་། །སྤར་སྨེ་ས་བདག་འབྱུང་བའི་ལྷ། །འཇིག་


MR07_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྲིད་པའི་ལྷ་འདྲེ་རྣམས། །བདུད་རྩི་ཞལ་སྐྱེམས་འདི་བཞེས་ཤིག །དྲང་སྲོང་གྲུབ་པ་ལྷ་སོགས་སྡེ། །སྨན་གྱི་ལྷ་མོ་མགོན་སྐྱབས་ལྷ། །འགྲོ་ལ་ཕན་བར་མཛད་པ་རྣམས། །བདུད་རྩི་ཞལ་སྐྱེམས་འདི་བཞེས་ཤིག །སྡུག་བསྔལ་ཅན་ལ་ཕན་བཞེད་པའི། །ཐུགས་དམ་ཆེན་པོའི་བྱིན་རླབས་ཀྱིས། །ནད་པ་འདི་ཡི་ནད་སོལ་ལ། །ཚེ་རིང་ནད་མེད་དངོས་གྲུབ་སྩོལ། །ཞེས་བྱས་ལ་འོ་ཕུད་ནམ་མཁའི་ཁམས་སུ་འཐོར་བར་བྱ། ཧོཿ གླུད་གཏོར་འདོད་ཡོན་རྒྱ་མཚོ་འདི། །དམིགས་བྱ་ཆེ་གེ་མོ་འདི་ལ། །སྔོན་གྱི་ལན་ཆགས་ཡོད་པ་དང་། །ཕྲལ་གྱི་རྐྱེན་བགེགས་བྱེད་པ་ཡི། །གནོད་བྱེད་ནད་བདག་འབྱུང་པོའི་ཚོགས། །ཀུན་ལ་འབུལ་ལོ་ཚིམ་གྱུར་ཅིག །བུ་ལོན་ཤ་འཁོན་གནོད་འཚེ་ཞི། །གླུད་འདི་སྣང་སྲིད་ལྷ་འདྲེས་བཞེས། །མི་ཕྱུགས་འདི་རྣལ་འབྱོར་བདག་ལ་བྱིན། །བཟུང་བ་ཐོག་ལ་བཅིང་པ་ཁྲོལ། །བསྡམ་པ་ལྷོད་ལ་མནན་པ་ཁྱོགས། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་རྣམས་རང་གི་གནས་སུ་དེངས། །ཁྱེར་ཅིག་སོགས་ཚིགས་བཅད་བཅས་བརྗོད། གལ་ཆེ་ན་སཾ་བྷར་མཚན་བཞི་བཅས་ལན་གསུམ་བསྐྱར་ལ། སརྦ་བྷཱུ་ཏ་གཙྪཿ ཞེས་གཤེགས་གསོལ་བྱ། འབྱུང་པོ་གང་དག་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ལ་གླུད་བོར་བར་བྱའོ། །དེས་ཕྲལ་དུ་ཕན་ངེས་སོ། །མེ་རྟ་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་མི་ཕམ་པས་ཕྲལ་བྲིས་དགེ། དགེའོ།།


previousའཆི་བསླུ་ནད་གདོན་ཀུན་གྲོལ།next