Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
མདོས་སྨྲེང་བཀྲ་ཤིས་སྒོ་མང་།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོས་སྨྲེང་བཀྲ་ཤིས་སྒོ་མང་།next

མདོས་སྨྲེང་བཀྲ་ཤིས་སྒོ་མང་།


MR07_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་སྨྲེང་བཀྲ་ཤིས་སྒོ་མང་བཞུགས། །ན་མོ་མཉྫུ་ཤྲཱི་ཡེ། མཉེས་བྱེད་མདོས་ཀྱི་ཆོ་ག་ལ། །གསོག་ཤོམས་རྒྱས་དང་བསྡུས་པ་གཉིས། །དང་པོ་འབྲུ་སྣ་གསུམ་མམ་བདུན། །བཅུ་གསུམ་འདྲེས་པའི་ཟན་ལ་ནི། །རིན་ཆེན་སྣ་ཚོགས་ཕྱེ་བསྲེས་ཏེ། །རི་རབ་བང་རིམ་བཞི་བྱས་ལ། །སོ་སོའི་གཟུགས་དང་བཤོས་བུ་དང་། །མདའ་འཕང་ནམ་རྒྱང་རྒྱལ་མཚན་རྩང་། །གཟུགས་འགྲོས་སྣ་ཚོགས་མར་མེ་སོགས། །མཆོད་རྫས་ཅི་འབྱོར་མཛེས་པར་བཤམས། །ཕོ་ཏང་མོ་ཏང་གླུད་བརྔན་ཆས། །འབུལ་གཏོར་གསེར་སྐྱེམས་ལ་སོགས་བཤམས། །བསྡུ་ན་གཏོར་མ་ངར་གླུད་དང་། །གསེར་སྐྱེམས་ཙམ་ལ་བརྟེན་ཏེ་བསྐང་། །ཡུལ་དུས་སྦྱར་ཏེ་གང་འབྱོར་བྱ། །སྟོད་ཀྱི་འཕྱོངས་རྣམས་ལེགས་གྲུབ་ནས། །ཁྱད་པར་སོ་སོའི་མདོས་སྨྲེང་གྱེར། ༈ །བདུད་བཤོས་གྲི་གུ་རྩེ་དགུག་ནག །མདའ་དར་ལ་སོགས་མདོག་ནག་བརྒྱན། །སྐྱུང་ཀའི་གསོབ་སོགས་གཟུགས་འགྲོས་དང་། །ཤ་ཁྲག་བཤམས་ལ་བྱིན་བརླབས་ནས། ཧཱུྃ། ཐམས་ཅད་གསོད་པ་ཞེ་སྡང་བདུད་ཀྱི་བུ། །བདུད་ཀྱི་མེས་ཆེན་རཱ་ཛ་རྒྱལ་པོ་དང་། །དེ་ཡི་བུ་ནི་གནམ་གྱི་རིག་པ་ཆེ། །བདུད་ཀྱི་ཕྱི་མོ་ས་ཆུ་མེར་བཞེས། དེ་ཡི་བུ་མོ་མེ་ར་ལྕམ་གཅིག་མ། །དེ་གཉིས་ཐུགས་སྲས་ཡ་བདུད་བཅུ་གསུམ་བྱུང་། །བདུད་ཡུལ་བདུད་མཁར་ནག་པོའི་ནང་ན་བཞུགས། །སྤྱི་མེས་ཡབ་ཡུམ་སྲས་དང་ཕོ་ཉར་བཅས། །


MR07_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མ་བདུད་ཆེན་པོ་ལ་སོགས་མ་བདུད་སྡེ། །བདུད་སྡེ་སིལ་མ་སྟོང་ལ་སོགས་པ་ཡི། །ཞེ་སྡང་བདུད་ཀྱི་སྡེ་ཚོགས་རྣམས། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །སོགས་འགྲེས་བྱང་སྦྱར། ༈ བཙན་བཤོས་གྲུ་གསུམ་དམར་པོ་དང་། །མདའ་དར་ལ་སོགས་ཀུན་ཀྱང་དམར། །རྟ་པ་ཞུབ་ཅན་ལ་སོགས་གཟུགས། །གཞན་ཡང་མཐུན་རྫས་ཅི་འབྱོར་བཤམས། ཧཱུྃ། སྤྱི་བཙན་ཆེན་པོ་གཡག་གི་མགོ་བོ་ཅན། །མགོ་ལ་ཁ་བཞི་བསེ་རྟ་རྨིག་བརྒྱད་མགྱོགས། །འབྱུང་ལྔའི་བཙན་དང་ས་བཙན་གནམ་བཙན་སོགས། །བཙན་ཕྲན་སྟོང་སྡེ་ཡུལ་འདིར་གནས་པའི་བཙན། །བཙན་གྱི་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །༈ རྒྱལ་པོ་རི་རབ་སྟེང་དུ་རྒྱལ་བཤོས་དང་། །མར་མེ་ལྔ་དང་མདའ་སོགས་དཀར། །སེང་གེ་གཡུ་རལ་ཅན་དང་ནི། །གཡུ་ཡི་སྦྲུལ་སྔོན་ཁྱུང་གཤོག་རྒྱས། །གཡག་ལུག་གླང་བྱ་རྟ་འབྲི་ཁྱི། །བྱི་ལ་ལ་སོགས་དཀར་པོའི་གཟུགས། །ཕོ་བྲང་མཁར་ཐབས་ཉི་མ་སོགས། །སྣ་ཚོགས་མཐུན་པའི་རྫས་བཤམས་ནས། །སྨྲེང་གིས་བསྔོ་བ་འདི་ལྟར་རོ། །ཧཱུྃ། སྲོག་བདག་ཆེན་པོ་གནམ་གྱི་དིང་ཆེན་དང་། །ཡ་ཚེ་དཀར་པོ་ཡམ་ཤུད་དམར་པོ་དང་། །ཁུ་ལེ་


MR07_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དགུ་དཀར་པོ་དེ་སེ་དང་། །དཀར་པོ་སྤྱན་གཅིག་ཤོར་བ་རྐྱ་དགུ་དང་། །རྒྱལ་པོ་ཆེན་པོ་ཉི་འཕང་སད་དང་ནི། །རྒྱལ་ཆེན་སྡེ་བཞི་རྒྱལ་ཕྲན་བཅུ་གཉིས་དང་། །རྒྱལ་པོ་སིལ་མ་སྟོང་སྡེ་ལ་སོགས་པ། །དཀོར་བདག་རྒྱལ་པོའི་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །ཐེའུ་རང་མདོས་ལ་བཤོས་བུ་དང་། །རྟ་ཐོད་ལ་སོགས་ཐོད་སྣ་ཚོགས། །ར་སོགས་གཟུགས་བརྙན་ར་ཚིལ་འདུ་དུད་། །ཡོས་ཁྲ་ལ་སོགས་རྫས་སུ་བཤམས། །ཧཱུྃ། གནམ་ས་བར་གྱི་ཐེའུ་རང་སྤུན་དགུ་དང་། །དཀར་པོ་མིག་གཅིག་སྲིད་པའི་བདག་པོའི་བུ། །ལྷ་བདུད་བཙན་ལ་སོགས་པའི་རིགས་ཅན་གྱི། །སྲིད་པའི་ཐེའུ་རང་སྟོང་སྡེ་མང་པོ་རྣམས། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །༈ །ཀླུ་ལ་ཀླུ་བཅོས་སྦྲུལ་དཀྲིས་ཅན། །དཀར་མངར་ཀླུ་སྨན་དར་ཟབ་དང་། །སྦལ་སྦྲུལ་ཉ་སོགས་གཟུགས་འགྲོས་བཤམས། །ཧཱུྃ། །ཀླུ་རྒྱལ་དགའ་བོ་འཇོག་པོ་མཐའ་ཡས་སོགས། །རི་རབ་རི་གླིང་མཚོ་དང་ཆུ་མིག་དང་། །ཁྱད་པར་ས་ཆ་ཡུལ་རིས་འདི་དག་ལ། །གནས་པ་ཀླུ་ཡི་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །


MR07_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་བདག་ཆེན་པོ་མདོས་བཞེས་ཤིག ༈ །ས་བདག་མཁར་ཐབས་བཤོས་བུ་དང་། །ཤེལ་ཚིག་བལ་ཚོན་པགས་བུ་དང་། །ཤིང་རྩི་སྣ་ཚོགས་མཐུན་རྫས་བཤམས། ཧཱུྃ། ས་བདག་རྒྱལ་པོ་ཧོང་ཕན་ཐེ་སེ་དང་། །བེ་སྣ་ལག་ཆེན་ཙང་ཀུན་ལ་སོགས་པ། །འབྱུང་བ་ས་ཆུ་ཤིང་ལ་གནས་པ་ཡི། །ས་བདག་སྟོང་སྡེ་འཁོར་བཅས་བསམ་མི་ཁྱབ། །ས་བདག་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །༈ །མཚོ་སྨན་ལ་ནི་བཤོས་བུ་དགུ། །མེ་ཏོག་འབྲུ་སྨན་སྤོས་དང་ཆུ། །ཤ་ཁྲག་རྣམས་ནི་སྣ་ཚོགས་དང་། །འོ་མ་ཀླུ་སྨན་དཀར་མངར་ཟས། །བྱ་དཀར་གསོབ་དང་ལུག་སྨུག་གཟུགས། །མདའ་དར་མེ་ལོང་མདོག་ལྗའི་གུར། །ལ་སོགས་ཅི་འབྱོར་མཐུན་རྫས་བཤམས། ཧཱུཾ། །དཀར་མོ་དབུ་དགུ་དབང་གི་རྒྱལ་མོ་བཞི། །མཚོ་སྨན་འབུམ་སྡེའི་འཁོར་གྱིས་བསྐོར་བ་ཡི། །སྲིད་པ་མཚོ་སྨན་སྡེ་ཚོགས་ཐམས་ཅད་ཀུན། །ས་བདག་ཀླུ་དང་མ་མོའི་ནད་ལ་སོགས། །གདུག་པ་མ་ལུས་རབ་ཏུ་ཞི་བའི་ཕྱིར། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག ༈ །གཟའ་མདོས་བཤོས་བུ་གཡས་དཀྱུས་དམར། །དཀར་མངར་ཤ་ཁྲག་ར་གཟུགས་སོགས། །ཇི་ལྟར་འབྱོར་བའི་བརྔན་ཆས་བཤམས། ཧཱུྃ། །སྡེ་བརྒྱད་དམག་དཔོན་ཆེན་པོ་


MR07_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཧུ་ལ། །སྤྲུལ་པ་རྣམ་བརྒྱད་གཟའ་ཆེན་རྒྱུ་སྐར་དང་། །གདོང་མོ་མཆེད་བཞི་བྲན་དང་ཕོ་ཉར་བཅས། །སྲིད་པ་གཟའ་ཡི་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག ༈ །མ་མོར་བཤོས་བུ་སྙིང་གིས་བརྒྱན། །ལུག་ནག་རྨ་བྱ་ལ་སོགས་གཟུགས། །ནལ་བུའི་ཤ་ཁྲག་ལ་སོགས་རྫས། །མདའ་འཕང་ནག་པོའི་ཚོགས་བཤམས་ལ། ཧཱུྃ། །ཡེ་ཤེས་དབྱིངས་ཀྱི་མ་མོའི་རང་རྩལ་ལས། །སྲིད་པའི་བདེ་སྡུག་ལེགས་ཉེས་སྟངས་འཛིན་པ། །ཨེ་ཀ་ཛཱ་ཊི་ནག་མོ་རེ་མ་ཏི། །དབང་མོ་ཉེར་བརྒྱད་ལས་མཁན་སྤྲུལ་པར་བཅས། །ནག་སྨུག་ཚོགས་ཀྱི་གནམ་ས་བར་སྣང་ཁྱབ། །སྣ་ཚོགས་མདོག་ལྡན་འབུམ་སྡེ་འབུམ་སྡེའི་འཁོར། །སྣང་སྲིད་མ་མོ་དཔལ་མོ་འདྲེ་མོར་བཅས། །ཁྲོས་པའི་ཁ་རླངས་སྤྲིན་གྱི་བུ་ཡུག་ཅན། །ནད་བདག་མ་མོའི་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །༈ །དམ་སྲི་ལ་ནི་སྔགས་པ་དང་། །དགེ་སློང་སྟག་གཤར་བུད་མེད་གཟུགས། །ཟན་ཆངས་མར་མེ་ཤ་ཁྲག་སོགས། །ཇི་ལྟར་འབྱོར་པའི་བརྔན་ཆས་བཤམས། ཧཱུྃ། །དུག་ལྔའི་རང་གཟུགས་དུས་ངན་ཐ་མ་ལ། །དཀར་པོའི་ཆོས་ལ་འཚེ་བྱེད་དམ་སྲིའི་ལུས། །


MR07_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བན་སྐྱེས་པ་བུད་མེད་ཚུལ་འཛིན་ཅིང་། །ཡུལ་ཁམས་ཀུན་ཉུལ་འགྲོ་ལ་གནོད་པ་བྱེད། །དམ་སྲི་འབྱུང་པོའི་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་མདོས་ལ་འབོད་པས་ན། །ད་ལྟ་ཉིད་དུ་འདིར་ཤོག་ལ། །མདོས་བདག་ཆེན་པོ་མདོས་བཞེས་ཤིག ༈ །འགོང་པོ་ལ་ནི་བཤོས་ཟླུམ་དང་། །ཟན་ཆངས་ཏིང་ལོ་ཟན་ཧྲུལ་རིགས། །རུས་ཀོག་སྐྱེམས་ལད་བཅས་པ་བཤམས། ཧཱུྃ། །སེར་སྣའི་རང་གཟུགས་ལྟོག་འགོང་ཡི་དྭགས་ལུས། །མ་ངེས་གཟུགས་ཅན་ཡུལ་ཁམས་ཀུན་ཏུ་རྒྱུ། །ཟས་ལ་འཁྲི་ཞིང་སྲིས་ལ་རྐུ་བྱེད་ཅིང་། །དཔལ་ལ་གནོད་ཅིང་ནོར་ལ་རྔམས་པར་བྱེད། །ཚེ་ལ་འཇབ་ཅིང་དོན་ལ་བར་གཅོད་པའི། །བསེ་རག་འགོང་པོའི་སྡེ་ཚོགས་ཐམས་ཅད་ཀུན། །དེ་རིང་མདོས་ལ་འགུགས་བྱེད་ཀྱིས། །ད་ལྟ་ཉིད་དུ་འདིར་ཤོག་ལ། །མདོས་བདག་ཆེན་པོ་མདོས་བཞེས་ཤིག །༈ །མོ་གདོན་འདྲེ་མོ་བཀར་བའི་རྫས། །རྫ་ནག་ནང་དུ་བུད་མེད་ནི། །ནག་མོའི་གཟུགས་བྱས་དེ་ལ་ནི། །ལུག་ནག་མགོ་བོར་དར་གྱིས་བརྒྱན། །མེ་ལོང་བཏགས་པ་དག་དང་ནི། །བོང་བུ་ནག་པོར་རེ་ཁལ་ཅན། །ནང་དུ་ཚ་དང་རམ་པ་བླུག །ར་ཤ་ཟན་དུམ་འབྲང་རྒྱས་ནག །ངར་མི་མདའ་འཕང་ནམ་མཁའ་ནག །ཁྱི་ཕག་བྱེ་ལེབ་བྱེའུའི་གཟུགས། །ལྟག་འཁོར་རུས་པ་སྲེ་ལོང་དང་། །ཤ་ཁྲག་སྣ་ཚོགས་གླུད་བཤམས་ལ། ཧཱུྃ། །འདོད་ཆགས་


MR07_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཟུགས་མོ་གདོན་འདྲེ་མོ་ནི། །དམ་ཉམས་དབང་གིས་དམར་བརྒྱན་མ་ལ་སོགས། །སྣ་ཚོགས་རྫུ་འཕྲུལ་གནོད་པ་བྱེད་པ་རྣམས། །གནས་འདིར་འཁྲི་བའི་ཁོ་ཐག་བཅད་པའི་ཕྱིར། །རང་སྐལ་མདོས་ལ་ད་ལྟ་འགུག་བྱེད་ན། །དབང་དྲག་པདྨའི་བཀའ་ཡིས་མྱུར་དུ་ཤོག །མདོས་བདག་ཆེན་པོ་མདོས་བཞེས་ཤིག །༈ །མཐར་གཤེགས་སུ་གསོལ་བ་ནི། བྷྱོ། །ད་ནི་བདུད་ཀྱི་སྡེ་ཚོགས་རྣམས། །དེང་འདིར་བདེན་པའི་ཚིག་ལ་ཉོན། །དང་པོ་རྡོ་རྗེ་འཆང་གི་བཀའ། །བར་དུ་ཕྱག་ན་རྡོ་རྗེའི་ལུང་། །ཐ་མ་པདྨ་ཐོད་ཕྲེང་གསུང་། །སོ་སོར་ཁ་བསྒྱུར་བྱ། ད་ལྟ་རྣལ་འབྱོར་བདག་གི་ཚིག །བཀའ་དང་དམ་ལས་མ་འདའ་བར། །བགེགས་ཀྱི་བདག་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ། །ལྟོས་པ་རྣམས་ལ་གྲོགས་ཀྱང་མཛོད། །ཞེ་སྡང་ངན་པ་ཞི་བར་གྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །ཡང་ན། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཞེས་བསྒྱུར། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཐེག །ནད་ཀྱི་མདའ་ཕྱུངས་ཚེར་མ་དྲོངས། །གནོད་པའི་སྦྱོར་བ་ཕྱིར་བསྡུས་ལ། །ཞི་ཞིང་བྱམས་པའི་སེམས་ཀྱིས་སུ། །ད་ནི་གཤེགས་སོ་གནས་སུ་གཤེགས། །དང་པོ་


MR07_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་གནས་སུ་གཤེགས། །རིགས་དང་སྡེ་ནི་སྙེགས་ནས་གཤེགས། །རི་རབ་ཆེན་པོའི་ཁ་ལ་གཤེགས། །སྟོང་ཕྲག་དག་གི་གནས་སུ་གཤེགས། །རིན་ཆེན་སྣ་ལྔའི་འཁོར་དུ་གཤེགས། །རྒྱ་མཚོ་ཆེན་པོའི་ཕ་མཐར་གཤེགས། །མུ་མེད་ནམ་མཁའི་གནས་སུ་གཤེགས། །གདུག་པ་ཐམས་ཅད་ཞི་བར་གྱིས། །ཕྱིན་ཆད་འཁོར་འདིར་མི་གནོད་པར། །ཕྱོགས་བཅུའི་སངས་རྒྱས་དབང་གྱུར་ལ། །མི་མཆོག་རྣམས་ཀྱིས་མཁྱེན་མཛད་དེ། །རྡོ་རྗེ་འཛིན་རྒྱལ་བཀའ་ཡིས་ནི། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །བཛྲ་མུཿ །ཞེས་པའང་རྒྱུད་ལྷ་འདྲེ་སྟོང་གི་དྲྭ་བ་སོགས་ལས་སྙིང་པོ་བཏུས་ཏེ་མི་ཕམ་བས་སྦྱར་བ་མངྒ་ལྃ། ༈ །མདོས་ཀྱི་འདོན་འགྲིགས་ལ། དང་པོར་ཡི་དམ་སོགས་སྔོན་དུ་བཏང་། དེ་ནས་མདོས་བྱིན་རླབས་སྔགས་དྲུག་ཕྱག་དྲུག །ན་མོ་སངས་རྒྱས་རྐང་གཉིས་ནས། དེ་སྲིད་དུ་ནི་གནས་པར་མཛོད་བར། དེ་ནས་བདུད་སོགས་གང་བྱེད་དེའི་མདོས་སྨྲེང་། མདོས་བདག་ཆེན་པོ་སོགས་དང་བཅས་པ་བཏང་། དེ་ནས་མདོས་རྒྱས་པ་ལ། བྷྱོ་རྣལ་འབྱོར་དབང་ཕྱུག་སོགས་སྤྱི་དང་། ངར་གླུད་སྲོག་ཆགས། རྒྱལ་མཚན་གྱི་འཕྱོངས་སོགས་དང་མར་མེའི་འཕྱོངས་སོགས་གང་འདོད་སྦྱར། སླར་ཡང་སཾ་བྷ་ར་ཅི་རིགས་མཚན་བཞི་བཅས་ཀྱི་རྗེས་སུ། བདུད་སོགས་སོ་སོའི་མདོས་སྨྲེང་དང་། ཡང་སཾ་བྷ་ར་དང་མཚན་བཞིའི་རྗེས་


MR07_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཤོག་ལྷེབ་གཅིག་མི་ཚང་།


MR07_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ཡོན་ཏན་ཀུན་ལྡན་དང་། ཡང་སཾ་བྷ་ར་སོགས་རྗེས། ཁྱེར་ཅིག་སྦྱར་བ་སྟེ་དེ་ལྟར་ཅི་རིགས་གྲངས་བསོགས་པའི་ཐ་མར་གླུད་རྫོངས་ཚང་བར་བསྟབ་སྟེ། མདོས་གཞུང་གི །སྔོན་ཚེ་ལྷ་དབང་བ་དང་རྗེས་སྨྲེང་གི་མཇུག་གི་གཤེགས་གསོལ་བྱས་ནས་མདོས་གཞུང་གི །བདག་གིས་དེ་རིང་སོགས་འདོན། དེ་ནས་ནང་དུ་ལོག་ལ་མདོས་གཞུང་གི་རྒྱལ་དབྱངས་འདོན་ཅིང་བཀྲ་ཤིས་བརྗོད། ཡི་དམ་དང་ཆོས་སྐྱོང་གི་ལས་མཇུག་བསྡུའོ་མི་ཕམ་པས་སོ། །མངྒ་ལཾ། །


previousམདོས་སྨྲེང་བཀྲ་ཤིས་སྒོ་མང་།next