Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
སྲིད་སྲུང་བྱིས་པ་འཚོ་བའི་གཏོ་བུ་མང་ལྗོན་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲིད་སྲུང་བྱིས་པ་འཚོ་བའི་གཏོ་བུ་མང་ལྗོན་པ།next

སྲིད་སྲུང་བྱིས་པ་འཚོ་བའི་གཏོ་བུ་མང་ལྗོན་པ།


MR07_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྲུང་བྱིས་པ་འཚོ་བའི་གཏོ་བུ་མང་ལྗོན་པ་བཞུགས་སོ། །


MR07_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་གུ་རུ་པདྨ་ར་ཛཱ་ཡ། དལ་འབྱོར་ཆོས་ལྡན་མི་ཡི་ལུས། །རིགས་བརྒྱུད་འཛིན་པ་བྱིས་པའི་ཚོགས། །འཚོ་བར་གྱུར་ན་ཅིར་ཡང་དགེ། དེ་ཕྱིར་དེར་ཕན་ཆོ་ག་འབྲི། །གང་དུ་བྱིས་པ་སྲོག་འཚོ་བར་འདོད་ན་བཙས་མ་ཐག་ཏུ་རྟེན་འབྲེལ་བྱ་བ་དང་། སྲོག་གཏའ་བསྡོམ་པ། ལྷ་ལ་བཏགས་པ་གསུམ་བྱས་ན་ཡུན་རིང་འཚོ་ཞིང་བཀྲ་ཤིས་པ་དང་རིགས་བརྒྱུད་འཕེལ་བར་བྱེད་པས་ཤིན་ཏུ་གལ་ཆེ་ལ། སྲི་ཅན་གྱི་རིགས་ཡིན་ཀྱང་གེགས་ལས་ཐར་བར་བྱེད་དོ། །དེ་ལ་ཆོ་ག་རྒྱས་སྤྲོས་སྣ་ཚོགས་ཡོད་ཀྱང་འདིར་རྒྱུ་དང་མན་ངག་གི་གདམས་པ་ཟབ་མོའི་སྙིང་པོ་བརྗོད་ན། དང་པོར་མངལ་ཆགས་པ་དང་། ལྟེ་བ་བསྒྱུར་བ་སོགས་དགོས་ན་གཞན་ལས་ཤེས་པར་བྱ། བཙས་འཕྲལ་བ་མོ་རྒྱུད་བཟང་གི་འོ་དྲོན་དང་གཟུངས་ཆུས་ལུས་བཀྲུ། བཟང་དྲུག །གི་ཝཾ། གླ་རྩི། གུ་གུལ། ཤུ་དག། རུ་རྟ། ཨ་རུ་ར། ཨུཏྤལ་སྔོན་པོ། པདྨ་དཀར་པོ།


MR07_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཙན་དན་དཀར་པོ། བྱང་སེམས་དཀར་དམར་དངོས་མ་རྙེད་ན་ཅོང་ཞི་བྲག་ཞུན་གྱིས་རུང་། གསེར་དང་ག་པུར་བཅས། ཆོས་སྨན་དང་བློ་འཕེལ་རིལ་བུ་སོགས་དམ་རྫས་གང་རྙེད་བསྲེས་ལ་བུར་སྦྲང་གིས་རིལ་བུར་དྲིལ་བ་རྩ་གསུམ་སྔགས་ཀྱི་བྱིན་གྱིས་བརླབ་པའི་རྫས་དེ་ཆུར་སྦྱང་ནས། བྱིས་པ་ལ་རེག་སྤྱོད་མ་བྱས་གོང་དུ། ལྕེ་སྟེང་ཐིག་པ་གཅིག་བཞག་བྱུང་ན་ཧྲཱིཿཐེལ་གདབ། ཕྱིའི་ལུས་ཀྱི་གནས་ལྔ་སྒོ་དགུར་བྱུག། །ནང་དུ་རྐན་མར་དང་སྦྱར་ལ་བཏང་བས། ཚེ་རིང་སྲོག་སྲ་སྟོབས་སོགས་འཕེལ། ནད་གདོན་གྱིས་མི་ཚུགས་བཀྲ་ཤིས་པ་སོགས་ཡོན་ཏན་ཤིན་ཏུ་ཆེ་བས་པདྨ་གཅེས་ཕྲེང་དང་། བལ་པོ་ཧཱུྃ་ཀ་རའི་མན་ངག། །བླ་མ་དགོངས་འདུས་ཀྱི་ཁྱེའུ་འཕེལ་བྱེད་ཀྱི་རྫས་གསུམ་ཚང་བ་འདི་ཡིད་བཞིན་ནོར་བུ་ལྟ་བུའོ། །རྫས་དེས་ཞག་བདུན་བར་དུ་དེ་ལྟར་བྱའོ། །སྲུང་བའི་རྫས་ནི་རིག་པ་མཆོག་གི་རྒྱུད་ལས། གསེར་དང་ལུང་


MR07_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་བོ་དྷི་ཙེ། རྡོ་ལིག་བུ་མིག །གི་ཝཾ། ཤུ་དག། གྲོ་ག། སྦྲང་དང་མར་རྣམས་གང་གི་ཁྱིམ་དུ་ཡོད་པ་དེར་བུད་མེད་དང་བྱིས་པ་སྲུང་བར་བྱེད་ཅེས་གསུངས་པས། འདི་རྣམས་ཁྲོལ་བུ་སྐེ་ལ་བཏགས། སྦྲང་དང་མར་ཟས་སུ་བྱིན། གྲོག་ལ་རིག་སྔགས་ཟབ་མོ་གང་འདོད་བྲིས་ལ་བཏགས། མ་རྙེད་ན་རྫས་རྣམས་རིལ་བུར་དྲིལ་ལ་འཆང་པས་ཀྱང་ཆ་མཐུན་གྲུབ་བོ། །སྲོག་གཏའ་བསྡམ་པ་ནི། བལ་པོའི་མན་ངག་གི་བཅས་ཆོག་དང་། ལྷ་མོ་བུ་རྫི་མའི་རྟེན་མདོས་ཁོག་བསྡེབ་ཏེ་བྱ་བ་ལ། བྱིས་པའི་སྲོག་རྟེན་སྲོག་མདོག་གི་དར་རམ་གྲོ་གའམ་ཤོག་བུར། ལྟེ་བ་མུ་ཁྱུད་ཅན་ལ། ལྟེ་བའི་དབུས་སུ་སྲོག་གི་ས་བོན་ནྲི་དང་ཧྲཱིཿདེའི་ཐ་མར་ཡེ་ཤེས་ལྔའི་ས་བོན་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་སྟེ། དཔའ་བོ་འབྲུ་ལྔ་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ་བསྐོར། མུ་ཁྱུད་རྩིབས་ལྔ་ལ་འགོ་བའི་ལྷ་ལྔའི་ས་བོན། ཨཱ་ཡུ་ཥེ་ཛྙཱ་ན། ཞེས་པའི་འབྲུ་ལྔ་བཀོད། རྒྱས་པར་སྤྲོ་ན་དེའི་ཕྱི་རོལ་མུ་ཁྱུད་ལ་ཕྱག་རྡོར། མི་གཡོ་བ། སོར་འབྲང་སོགས་ཀྱི་རིག་སྔགས་དང་། གང་འདོད་ལྷའི་སྔགས་དབྱངས་གསལ་རྟེན་སྙིང་སྲུང་ཤམ་བཅས་སྤེལ་བ་སྲོག་གི་འཁོར་ལོ་སྟེ། དམ་རྫས་བྱུགས་ལ་ལྟེ་བ་ནས་སྲོག་གི་མ་མདོག་གི་སྲིད་བུས་དཀྲི་ཞིང་རབ་གནས་བྱ། སྲོག་རྟེན་དུ་ཞང་ལྷ་བརྟེན་བྱེད་ཞང་པོའམ་བཀྲ་ཤིས་པའི་ལག་ནས། མདའ་བླང་ལ་བུ་ཡི་སྲོག་རྟེན་དང་། འཕང་ལ་བུ་མོའི་སྲོག་རྟེན་བྱ། ཕྱིང་དཀར་


MR07_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རམ་སྣམ་དཀར་ཁུག་མའི་ནང་། ཕ་མའི་དོར་རྟའམ་སྨད་གོས་དུམ་ནང་། དུག་རིགས་མེད་པའི་སྨན་སྣ་དང་རིན་ཆེན་ཕྱེ་མ། བཀྲག་མདངས་མི་ཉམས་པའི་ཕྱིར། དར་དམར། མགྲོན་བུ། མ་་སྲུའི་བླ་མི་འཁྱམ་རྟེན་ཁྲབ་བྱང་མིག་དགུ། བླ་གཡུ་རྣམས་བཅུག །མ་ལྷ་སྲོག་ལྷའི་རྟེན་བྱང་ཡིན་བརྟན་བྱེད་མ་ཡི་ཁབ། སྲོག་བརྟན་བྱེད། ལེའུའི་ཕྲེང་ལུང་། དམ་རྫས་གང་རུང་། ཕ་ལྷ་བརྟན་བྱེད་ཕའི་རྣ་རྒྱན་ནམ་ཡོ་བྱད། ཡུལ་ལྷ་བརྟན་བྱེད་ཡུལ་གྱི་འཕན་པོའི་འབུག་གམ་མདེའུ་ཡང་ན་བླ་རྡོ། ཚེ་མི་ཉམས་པའི་ནས་སྐྱོན་མེད་འབྲུ་ཆ་ཤས། བདུན་ནམ། ལུས་མི་འགྱུར་བའི་རིགས་བཟང་ནི་གུའི་རྒྱན་ཕོ་ཡང་ན་ཕའམ་ཕ་སྤུན་གྱི་མདེའུ་འམ་མདུང་ལྕགས། ཞང་ལྷ་ཞང་པོའི་མདེལ། དགྲ་ལྷའི་རྟེན་ཡུལ་མི་བཀྲ་ཤིས་སྟོབས་ལྡན་གྱི་ལག་ནས་བྱུང་བའི་ལྕགས་རིགས། ཡུལ་གྱི་གཞི་བདག་གི་མགུལ་ནས་བླང་པའི་བླ་རྡོ། ཕ་སོགས་ད་ལྟ་མེད་ན་དེའི་རིགས་བརྒྱུད་ནས་བླངས་པས་ཆོག་གཏེར་མ་སྣ་ཚོགས་ན་འདུག་མཆན་ནོ། །ཤིང་མོ་ཤིང་བུ་ཤིང་ལས་བླ་ཡི་ཕུར་པ་སོར་བཞིའམ་ཡང་ན་མ་ཤིང་གི་གཞུ། བུ་ཤིང་གི་མདའ་གཉིས། ལུག་ཕོ་མོའི་སོག་བལ་གྱི་སྐུད་པས་བཅིངས་ཏེ་བཅུག་པ་བླ་སྲོག་གི་རྟེན་ནོ། །སྲོག་འཁོར་དང་བླ་རྟེན་དེ་དག་མདའ་ལ་གདགས་ལ། ནས་དཀར་བྲེ་གང་གི་ནང་དུ་བཙུགས་པ་སྲོག་གཏའ་


MR07_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འོ། །ལྷ་ལ་བཏགས་པ་ནི། ཁམ་སའམ་ཟན་ལས་རི་རབ་བང་རིམ་བཞི་སྟེང་ལྷ་མོ་བུ་རྫི་མ་སྐུ་མདོག་དཀར་དམར་དར་དཀར་ན་བཟའ་གསོལ་བ། སྤྱི་གཙུག་དུང་གི་ཐོར་ཚུགས་ཅན། མཆན་ན་ནེའུ་ལེ་རྐྱལ་པ། ཞབས་ལ་དབང་གི་ལྕགས་སྒྲོག་འཆང་བ། ཕྱག་མཚན་ནི་བྱིས་པ་མ་སྐྱེས་གོང་ནས་རྟེན་བཅའ་ན། གཡས་བུམ་པ། གཡོན་རིན་པོ་ཆེ་བསྣམས་པ། སྐྱེས་ཚར་ནས་བྱིས་པ་པང་དུ་ཐོགས་པ་བཅའ། ཡང་ན་དར་ལ་བྲིས་ཀྱང་ཆོག་གོ །རྟེན་རྫས་ནི་མདའ་དར་ལྔ། འཕང་ལྔ། ཟངས་ཀྱི་མེ་ལོང་ལྔ། ནམ་མཁའ་ལྔ། རྒྱང་བུ་ལྔ། འབྲང་རྒྱས་ལྔ། བྱི་བ་ལྔ། སྨན་ལེབ་ལྔ། དཔལ་བཤོས་ལྔ། བྱ་ནག་ལྔ། ལུག་ནག་ལྔ་རྣམས། ཕྱོགས་བཞི་དབུས་ལྔར་བཀོད་ལ། སྟེང་དུ་དར་ནག་གི་གུར་ཕུབ། །མདུན་དུ་མཆོད་པ་ཅི་འབྱོར་བཤམས། །འཛིན་གཏོར་བཟང་པོ་གཅིག་ཀྱང་བཤམས། །ལུག་ནག་མོའམ་བྱ་ནག་མོ་གཅིག་རྟེན་དུ་བཟུང་ལ། སང་ཕོད་ལོ་དུས་བྱིས་པ་མགོ་ཐོན་པའི་གཏང་རག་བཟང་པོ་གཏོང་བར་ཁས་བླང་བྱ་ཞིང་དེ་ལྟར་གཏོང་དགོས། གོང་གི་སྲོག་གཏའ་ལྷ་མོའི་མདུན་ཕྱོགས་སུ་བཞག །རང་གིས་ཡི་དམ་གྱི་ལས་གཞུང་བསྲངས་ལ་ཆོས་སྐྱོང་གི་གསོལ་ཁ་དང་ཚོགས་བཏང་། དེ་ནས་མཆོད་པ་རྣམས་བྱིན་བརླབས་བྱས་ལ། ཀྱེ། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ན། །ལྷ་རྣམས་རྒྱལ་


MR07_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལྷ་མོ་རེ་མ་ཏི། །ལྷ་ཕྲུག་གསོ་བྱེད་ལྷ་མོ་བུ་རྫི་མ། །མཛེས་པའི་ཚུལ་སྟོན་ལྷ་མོ་དུང་སྐྱོང་མ། །ས་བརྒྱད་ནོན་པའི་སེམས་མ་རེ་མ་ཏི། །བདུད་རྩི་སྨན་གྱིས་མཚོན་ནས་སྤྱན་འདྲེན་ནོ། །ཕྱག་རྒྱ་གར་གྱིས་མཚོན་ནས་སྤྱན་འདྲེན་ནོ། །རྔ་གླིང་བཤུག་པའི་སྒྲ་ཡིས་སྤྱན་འདྲེན་ནོ། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཤཱཀྱ་སེང་གེའི་བསྟན་པ་ལ། །སྐྱེ་འགྲོ་རྨང་ལ་ཐུག་པའི་ཚེ། །སྲིའུ་གསོ་བར་ཁས་བླང་བཞིན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །དམ་རྫས་མདོས་ཀྱིས་ཐུགས་དམ་བསྐང་། །དེ་རིང་རྒྱུ་སྦྱོར་བུ་གཏའ་བསྡོམས། །བདག་གི་བཀའ་ཉོན་མ་བུ་མ་འབྲལ་ཅིག །སྲོག་གཏའ་གཉན་པོ་དམ་ཅན་ཁྱེད་ལ་བཅོལ། །གཏའ་ཡི་འོག་ཏུ་བུ་འདི་མ་བསད་ཅིག །ལྷ་སྲིན་སྡེ་བརྒྱད་ལག་ནས་སྲིད་ཕོག་ལ། །བུ་ཆུང་འདི་ལ་ཚེ་དཔལ་གཟི་བརྗིད་སྐྱེད། ཧོཿ བདག་གིས་ལྷ་མོ་ཁྱོད་བསྒྲུབས་པས། །ལྷ་མོ་ཁྱོད་ཀྱིས་བྱིན་གྱིས་རློབས། །བགེགས་རྣམས་ཐམས་ཅད་མེད་པ་དང་། །དངོས་གྲུབ་


MR07_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་འབྱུང་བར་ཤོག །མ་བྷྱོ་ས་ཡ་ཡ་བྷྱོ། རུ་ལུ་རུ་ལུ་བྷྱོ། རུ་རུ་ནག་མོ་མ་ཤ་ནི། ཙ་པ་ལ་ལྷ་མོ་ཡ་མ་དུ་ཧྲིང་། ཡག་ཏུ་མ་ཛ་ཛཿཞེས་བཟླ། འདིའི་ཐག་རིང་དུ་གསོས་ཀྱང་སོས་གསུངས། དེ་ཚར་ཅི་རིགས་བསྐྱར་ལ་སྔགས་ཇི་མང་བཟླ། དེ་ནས་གཏོར་མ་དང་སྐྱེམས་ཕུད་མཆོད་ལ། ཧཱུྃ་མ་མོ་ཨེ་ཀ་ཛཱ་ཊི་མ། ཕྱག་བརྙན་ནམ་གྲུ་རེ་མ་ཏི། འཁོར་དང་བཀའ་ཉན་བཅས་པ་ལ། །དམ་རྫས་བདུད་རྩིའི་གཏོར་མ་འབུལ། །བུ་འདིའི་ཚེ་སྩོལ་སྲོག་སྐྱོབས་ཤིག །ནད་གདོན་བྱད་ཕུར་སྲི་གེག་སོགས། །མི་མཐུན་བར་ཆད་ཐམས་ཅད་སྲུངས། །མཐུན་པའི་དངོས་གྲུབ་མ་ལུས་སྩོལ། །མ་མ་ཨེ་ཀ་ཛ་ཊི་རེ་མ་ཏི་བུ་ཆུང་ལ་རཀྵ་རཀྵ་བྷྲཱུྃ། ཞེས་གྲངས་བསགས། གཏའ་དེ་ཁང་པར་རྒྱུན་བཞག་བྱ་བའམ། ཡང་ན། སླར་གཏའ་གྲོལ་ཚེ་སྲོག་གཏའ་བླ་རྟེན་རྣམས། མ་ཐང་རེའུ་སྒེ་བུའི་གསོབ་ཀྱི་ནང་དུ་བཅུག་སྟེ་རྒྱུན་དུ་བཅངས་ན་ཁྱིམ་དེར་བུ་ཚ་མི་འཆི་སོས་ཤིང་བཀྲ་ཤིས་སོ། །གཞན་ཡང་འགོ་བའི་ལྷ་ལྔ་མཆོད་པ་ཟུར་དུ་བྱས་ལ། དེ་རིང་རྨང་གི་བུ་གསོས་ཤིག །ཅེས་ཁ་བསྒྱུར་བྱ། ཚེ་ཆོག་དང་དབང་བསྐུར་བྱས་ནའང་ལེགས་ཏེ། དེས་ཅི་འདྲའི་རྐྱེན་དང་སྲི་སྐག་ཆེ་བའི་བུ་ཚ་ཡང་སོས་ངེས་སོ། །དེ་ནས་རིགས་པ་མཆོག་གི་རྒྱུད་སོགས་རྒྱུད་དུ་མ་ལས་གསུངས་པའི་ནམ་གྲུ་མའི་ཆོ་འབྲངས་དང་སྔགས་


MR07_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྲིས་ནས་བྱིས་པ་གང་གི་མགུལ་དུ་བཏགས་པ་དེ་དཔག་ཚད་བརྒྱར་ཡང་ནམ་གྲུ་མས་པང་དུ་འཚོ་ཞིག་གདོན་སོགས་སྲུང་བར་གསུངས་པ་དང་། གང་དུ་བྲིས་པར་མི་ནད་ཕྱུགས་ནད་ཞི་བར་གསུངས་པ་ནི་འདི་ལྟ་སྟེ། ༈ ནམ་གྲུ་ཁྱོད་ཀྱི་མཚན་ཉིད་དང་། །ཆོ་འབྲངས་བདག་གིས་བཤད་པར་བྱ། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི་ཛམ་བུ་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་ནི་དངུལ་ཡིན་ཏེ། །ལྟོ་བའི་ངོས་ནི་རྡོ་རྗེ་མཁྲེགས། །མིང་པོ་མཛོད་དང་མཛོད་སྲུང་གཉིས། །ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། །ཁྱོད་ཀྱི་མ་ནི་ཀུན་འགྲོ་མ། །སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་རུས། །བཱ་རཱ་ཧི་སྟེ་ཁྱོད་ཀྱི་ལུས། །ལྷ་ཡུལ་དག་ཏུ་གྲགས་པ་ཡིན། །ན་མོ་བཛྲ་པཱ་ནི་སྱི། ཙི་ལི་ཙི་ལི། བྷིནྡྷ་བྷིནྡྷ། མུཉྫ་མུཉྫ་ཧི་བྷ་ཤ་ན་ཀཾ་སྭཱ་ཧཱ། ཞེས་སོ། །འདི་གྲོ་གའམ་མ་རྙེད་ན་ཤོག་བུར་བྲིས་ཏེ་མཇུག་ནས་ཡར་དྲིལ་ལ་བྱིས་པའི་མགུལ་དུ་བཏགས་པར་བྱའོ། །ཡང་རྟ་མགྲིན་རྔོག་མ་ལེབ་རྒན་གྱི་རྒྱུད་ལས་སྲིའུ་གསོ་ཕྱིར་དུར་ཁྲོད་ལྷ་མོས་བགེགས་གཞོམ་ཤིང་སྲུང་སྐྱོབ་བྱེད་པའི་སྔགས་གསུངས་པ། ཨ་མ་བ་སུ་པཱ་ཀཾ་བ་སུ་ཛོ་མོ་ཕེ་ཊཱི་དུ་པ་སུ། སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བསྙེན་པ་མ་བྱས་ཀྱང་། མ་ཡིས་


MR07_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་འདི་བཟླས་ན། འཇིགས་པ་ཐམས་ཅད་འགོག་པར་བྱེད། རྡོ་རྗེ་དྲི་ཆུའི་ཐིག་ལེ་བྱ། །འདིས་ཕྱིར་རྒོལ་བ་ཐམས་ཅད་རྨོངས་པར་བྱེད། །ལོགས་པར་ཕྱོགས་པ་ཐམས་ཅད་སྔངས་པར་བྱེད། །བཅིངས་པས་བཟླས་ན་བཅིངས་པ་གྲོལ་བར་བྱེད། །སྨྲ་བར་འདོད་ན་མི་འཇིགས་པ་ཐོབ་པར་བྱེད་ཅེས་གསུང་པའི་སྔགས་ཁྱད་པར་ཅན་ནོ། །ཐབས་འདི་ཁོ་ནས་ཀྱང་སྲིའུ་འཚོ་བར་ངེས་ཀྱི་འོན་ཀྱང་ལས་ཀྱི་སྲི་སྐག་ཅན་གྱི་རིགས་ལ། ལན་ཆགས་བྱང་ཕྱིར་ཆུང་གླུད་བཏང་བ་དང་། ཆུང་སྲི་མནན་པར་བྱ་བ་ལས། དང་པོ་གདོན་ཆེན་བཅོ་ལྔའི་མདོས་རྒྱས་པར་གཞན་ལས་འབྱུང་བ་ལྟར་བཏང་། བསྡུས་ཙམ་གྱི་ཆུང་གླུད་བསྔོ་བ་ནི། སྐྱེས་བུ་བྱ་ཡི་གདོང་ཅན་ལ་བཤོས་བུ་བཅོ་ལྔས་བསྐོར། མདུན་དུ་ཆུང་གླུད་ཇི་མང་། མཐེབ་ཀྱུ་ལན་ཆགས། ཏིང་ལོ། ཤ་སོགས་ཟས་སྣ། བྱེའུ་ཆུང་བཅུ་གསུམ་མམ་བདུན་གྱི་གཟུགས་སོགས་གླུད་རྫས་ཅི་འབྱོར་བཤམས། རང་ཉིད་གཞན་ལ་གྲ་ལྔ་ཀློག་ཏུ་བཅུག །མཆན། སྟོང་ཆེན་རབ་འཇོམས་མའི་ཐུགས་ཀར་བྷྲཱུྃ་གསལ་ལ། ཨོཾ་ཨ་མྲྀ་ཏེ་ཨ་མྲྀ་ཏ་ཝ་རེ་ཝ་རེ་ཝ་རེ། པྲ་ཝ་རེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅི་མང་བཟླས། བྱིས་པ་ལ་གདགས་རྒྱུའི་སྲུང་སྐུད་ཀྱང་བསྔགས། དེ་ནས་མདོས་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་ཅི་འདོད་པའི་དངོས་པོ་


MR07_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་པ་མེད་པར་བྱིན་གྱིས་བརླབ་ནས། སོར་འབྲངས་གཞན་གྱིས་མི་ཐུབ་པའི་སྙིང་པོ་བཀའ་ལས་སོ། །བཀའ་དང་སྡུར་རོ། །ཊཀྐི་རཱ་ཛས་བྱིས་པའི་གདོན་ཐམས་ཅད་བཀུག་ལ། ཧཱུྃ། བྱིས་པའི་གདོན་ཆེན་བཅོ་ལྔ་འཁོར་དང་བཅས། །མངལ་མི་ཆགས་དང་མངལ་ན་གནས་པ་འཕྲོག །བྱིས་པ་རྣམས་ལ་འཚེ་ཞིང་འཇིགས་བྱེད་ཚོགས། །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྔོན་ཚེ་འཇིག་རྟེན་མགོན་པོའི་དྲུང་། །མདོ་སྡེའི་རིག་སྔགས་འཆང་བ་ཡི། །བྱིས་པ་འགུམ་པར་མི་བགྱི་ཞེས། །དེ་སྐད་ཁས་བླངས་དྲན་གྱིས་ལ། །རྒྱུ་སྦྱོར་མིའུ་བསླུ་བའི་ཕྱིར། །མདོས་གླུད་འདི་ནི་ལེན་པར་གྱིས། །སྔོན་ཚེ་ཤཱཀྱ་ཐུབ་པའི་བཀའ། །བར་དུ་ཕྱག་ན་རྡོ་རྗེའི་བཀའ། །ཐ་མ་སློབ་དཔོན་པདྨའི་བཀའ། །ད་ལྟ་རྣལ་འབྱོར་བདག་གི་བཀའ། །བཀའ་དང་དམ་ལས་མ་འདའ་བར། །གླུད་ལོངས་འཁོར་འདིར་མ་གནོད་ཅིག །སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །མདོས་གླུད་མཁོ་དགུའི་འདོད་ཡོན་ལྡན། །དངོས་ལས་བརྒྱ་སྟོང་འགྱུར་གྱི་ལྷག །རིན་ཆེན་སྣ་ཚོགས་བྱེའུ་ཆུང་། །སྤུ་སྡུག་འཇོལ་མཁས་གསུང་སྐད་


MR07_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྙན། །སྣ་ཚོགས་མཆོད་པའི་འོད་ཟེར་འཕྲོ། །བྱིས་པ་ཆུང་གི་གླུད་དུ་འབུལ། །གླུད་ཀྱི་བདག་པོས་གླུད་ལོངས་ཤིག །བུ་ལོན་ལན་ཆགས་བྱང་བར་གྱིས། །གནོད་འཚེ་གདུག་རྩུབ་ཞི་བར་གྱིས། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཞེས་བརྗོད། སཾ་བྷ་ར་དང་མཚན་གཞི་བརྗོད་ལ་མདོས་ནང་གླུད་འཕར་བསྔོས་ཏེ་གྲངས་ཅི་རིགས་བརྗོད་རྗེས། ཕྱིན་ཆད་གནོད་པ་མ་བྱེད་ཅིག་ཅེས་པའི་རྗེས་སུ། གླུད་ལོངས་རང་རང་གནས་སུ་གཤེགས། །བཀའ་དང་དམ་ལས་འདའ་བྱེད་ན། །རྡོ་རྗེ་འཆང་དབང་ཐུགས་ཁྲོས་ནས། །མགོ་བོ་དག་ནི་འགེམ་པ་དང་། །རིག་སྔགས་ཆད་པས་རྟག་ཏུ་མནར། །དེ་བས་རང་གི་གནས་སུ་སོང་། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །གཙྪ་ཕཊ། ཅེས་བརྗོད་ལ་མདོས་བསྐྱལ། ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ་སྲུང་སྐུད་གདགས་པར་བྱའོ། །ཆུང་སྲི་མནན་ཐབས་རྒྱས་པར་གཞན་དུ་གསལ། བསྡུ་ན། ཡི་དམ་ཕུར་པ་སོགས་གང་རུང་གི་ལས་གཞུང་བསྲངས་ལ། ཨེ་ཁང་རྩང་བསྐོར་ནང་ཆུང་སྲིའི་ལིངྒ་བཞག་རང་གི་ཐུགས་འོད་ཀྱི་ཁྲོ་བོ་བཅུ་བསྐུལ་བས་ཆུང་སྲི་བར་ཆད་ཐམས་ཅད་


MR07_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་སྟེ་གཟུགས་ལ་ཐིམ་པར་བསམ་ལ། དགུག་གཞུག་དྲག་ཏུ་བྱ། དེ་ནས་བདག་གི་སྔགས་བཟླས་པའི་རྐྱེན་གྱིས་དམ་སྲི་ཆུང་སྲི་རྣམས་ཀྱི་སྙིང་ནང་གནམ་ལྕགས་འཁོར་ལོ་གཡས་གཡོན་དུ་ཤུགས་དྲག་འཁོར་བས་ཕུང་ཁམས་རྣམས་མྱལ་མྱལ་གཏུབ་པར་བསམ་ལ། ཡི་དམ་སྔགས་ཤམ་དུ་ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛ། སུ་ཏྲི་ནི་ཧཱུྃ་ཛ། རྣྲི་ཏྲི་ནི་ཧཱུྃ་ཛ། ཤན་ཏྲི་ནི་ཧཱུྃ་ཛ། ཀ་ཏྲི་ནི་ཧཱུྃ་ཛ། དམ་སྲི་ཆུང་སྲི་ཐམས་ཅད་ཀྱི་སྙིང་ལ་མཱ་ར་ཡ་རྦད་རྦད་ནན་ནན། ཞེས་ཁྲི་གཅིག་བཟླས་ལ་ཐུན་བྲབས། མཐར་ལིང་ག་སྦྱིན་སྲེག་གམ་མནན་པ་བྱ་དེས་ཆུང་སྲི་རྒྱུན་ཆོད་པར་འགྱུར་རོ། །བྱིས་པ་ལ་སྔགས་ཀྱིས་བཏབ་པའི་སྲུང་བའི་མདུད་པ་བཏགས་ཤིང་རྒྱུན་དུ་སྲུང་གུར་དུ་དམིགས། འདི་ལྟར་བྱིས་པ་གསོ་བའི་ཐབས་འདི་ལས་ཟབ་པ་མེད་དེ། ཨོ་རྒྱན་ཆེན་པོ་པདྨའི་བཀའ་ཡི་མན་ངག་མི་ཕམ་འཇམ་དཔལ་དགྱེས་པས་ས་ཁྱི་ཁྲུམས་ཟླའི་དམར་ཕྱོགས་ཚེས་བཅུ་གཅིག་ལ་བྲིས་པ་མཆོག་ཏུ་དགེ་ལེགས་དང་བཀྲ་ཤིས་འཕེལ་ལོ། །མངྒ་ལཾ། །


previousསྲིད་སྲུང་བྱིས་པ་འཚོ་བའི་གཏོ་བུ་མང་ལྗོན་པ།next