Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཞི་གཏོར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   


 
previousཞི་གཏོར་བསྡུས་པ།next

ཞི་གཏོར་བསྡུས་པ།


MR07_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གཏོར་བསྡུས་པ་བཞུགས། གསང་བ་སྤྱི་རྒྱུད་ལས་ཕྱོགས་གང་ནས་མི་མ་ཡིན་གྱི་གཟུགས་སྣང་བ་དང་། ལྗོན་ཤིང་གི་ཡལ་ག་ཆག་པ་དང་སྒྲ་ཆེན་པོ་དང་ཅེ་སྤྱང་དང་། འབྲུག་སྒྲ་དྲག་པོ་སོགས་ལྟས་སྣ་ཚོགས་བྱུང་བ་དེ་ཕྱོགས་སུ་གཏོར་མ་བྱིན་ནས་བསྲུང་བ་བྱ་བར་གསུངས་པ་ལྟར། ཆོ་འཕྲུལ་དང་བར་ཆད་ཞི་བའི་ཕྱིར་ཕྱོགས་གཏོར་རམ། ཆ་གསུམ་མམ་འབྱུང་གཏོར་སོགས་རྒྱས་པར་མ་ལྕོགས་ན་བསྡུས་པ་འདི་བྱ་སྟེ། གཏོར་ཟླུམ་མཐེབ་ཀྱུ་ཟན་ཆང་ལ་ཅི་འབྱོར་བཟའ་བཏུང་བཟང་དགུས་བསྐོར་བ་བཤམས། སྐྱབས་སེམས་ཚོགས་བསགས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སྐད་ཅིག་རང་ཉིད་འཇམ་དཔལ་དབྱངས། །མཆོག་སྦྱིན་རྡོ་རྗེའི་སྐུ་རུ་གྱུར། །གཏོར་མར་ཆབ་བྲན། སྭ་བྷཱ་བས་སྦྱངས། མི་དམིགས་སྟོང་པའི་ངང་ཉིད་ལས། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ། །ཨོཾ་ལས་གཏོར་མ་འདོད་དགུའི་གཏེར། །མི་ཟད་ནམ་མཁའ་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧོ། ཞེས་བྱིན་གྱིས་བརླབས། རང་གི་ཐུགས་ནས་འོད་འཕྲོས་པས། །ཕྱོགས་སྐྱོང་ཆེ་དང་འབྱུང་པོའི་ཚོགས། །བགེགས་རིགས་ཐམས་ཅད་བསྡུས་ནས་ནི། གཏོར་མ་ཕུལ་བས་དགྱེས་ཚིམ་གྱུར། ཨོཾ་ཨ་ཀ་རོ་སོགས་ལན་གསུམ་གྱིས་སོ་སོར་ཅི་འདོད་ཐོབ་པར་བསྔོས་ལ། སྟེང་མཁར་ཕྱོགས་སྐྱོང་བའི་རྒྱལ་པོ་


MR07_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས། དེ་འོག་ཕྱོགས་བཅུའི་འབྱུང་བོ་གདོན་རིགས། དེ་འོག་ཕྱོགས་བཅུའི་བགེགས་རིགས་རྣམས་གསལ། །མཆན། ཧཱུྃ། ཕྱོགས་སྐྱོང་གདོན་གྱི་རྒྱལ་བོ་བཅུ། འཁོར་དང་བཅས་པ་ཐམས་ཅད་ཀྱིས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱོགས་ཀྱི་ཆོ་འཕྲུལ་ཞི་བར་མཛོད། །གང་དག་ས་སྟེང་འདིར་རྒྱུ་བའི། །འབྱུང་པོ་གདོན་གྱི་རིགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ། །བར་ཆད་གནོད་ཚེ་ཞི་བར་མཛོད། །གནོད་བའི་བསམ་སྦྱོར་འཆང་བ་ཡི། །བགེགས་ཀྱི་རིགས་སུ་གྱུར་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །གདུག་རྩུབ་གནོད་འཚེ་ཞི་བར་གྱིས། །བར་འདིར་སཾ་བྷ་ར་དང་མཚན་བཞི། ཁྱེར་ཅིག་ཚིགས་བཅད་སྦྱར་ཀྱང་རུང་ངོ་། །ཨོཾ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱས་མཐུས། །མགྲོན་རྣམས་སོ་སོར་ཅི་འདོད་པར། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །མཆོད་སྦྱིན་གཏོར་མ་བསྔོས་པ་དང་། །བླ་མེད་མཆོག་གསུམ་བདེན་པའི་མཐུས། །བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་འགལ་རྐྱེན་བར་ཆད་ཀུན། །བཟློག་པར་གྱུར་ཅིག་མེད་གྱུར་ཅིག །ཞི་གྱུར་རབ་ཏུ་ཞི་གྱུར་ཅིག་སྭཱ་ཧཱ། །ཞེས་བརྗོད་ལ་གཙུག་ཏོར་འབར་བའི་སྔགས་ལན་གསུམ་བཟླས་ཏེ་མི་དམིགས་པའི་ངང་དུ་བཞག་ནས་སླར་ཤིས་པ་བརྗོད་པར་བྱའོ། །དེས་རྐྱེན་ངན་ཞི་ཞིང་བཀྲ་ཤིས་བདེ་ལེགས་འབྱུང་བར་འགྱུར་རོ། །ཤིང་སྦྲུལ་ཟླ་བ་བཅུ་པའི་ཚེས་ཉེར་བདུན་ལ་མི་ཕམ་པས་བཀོད་པ་དགེའོ། ༈ །འདིར་གཏོར་མ་ཆ་བཞི་བྱེད་ན་སྣོད་སོ་སོར་དེ་ལྟར་བཤམས། བྱིན་རླབས་འདྲ། དང་པོ། རང་གི་ཐུགས་ནས་འོད་འཕྲོས་པས། །དཀོན་མཆོག་སྲི་


MR07_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཞུའི་མགྲོན་རྣམས་ཀུན། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །གཏོར་མ་ཕུལ་བས་དགྱེས་ཚིམ་གྱུར། །ཨ་ཀཱ་རོས་འབུལ། ཕྱོགས་བཅུའི་རྒྱལ་བ་རྒྱལ་སྲས་རྩ་བ་གསུམ། །དཀོན་མཆོག་སྲི་ཞུའི་མགྲོན་གྱུར་ཐམས་ཅད་ཀྱིས། །རྨད་བྱུང་མཆོད་གཏོར་དམ་པ་འདི་བཞེས་ལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་སྦྱར། གཉིས་པ་བྱིན་བས་འདྲ། རང་གི་ཐུགས་ནས་འོད་འཕྲོས་པས། །མགོན་པོ་ཡོན་ཏན་མགྲོན་རྣམས་ཀུན། །མདུན་གྱིས་ནམ་མཁར་སྤྱན་དྲངས་ལ། །གཏོར་མ་ཕུལ་བས་དགྱེས་ཚིམ་གྱུར། ཨ་ཀཱ་རོ་སོགས། དྲེགས་ཆེན་སུམ་ཅུ་དཔལ་མགོན་དོན་ལྔ་སོགས། །བཀའ་དང་བསྟན་སྲུང་ཡོན་ཏན་མགྲོན་ཀུན་གྱིས། །ལྷ་རྫས་འདོད་ཡོན་གཏོར་མའི་མཆོད་པ་བཞེས། །ཇི་ལྟར་འདོད་པའི་ལས་འབྲས་མཆིས་པར་མཛོད། །ཅེས་ཕུལ། གསུམ་པ་བགེགས་རིགས་མགྲོན་གཞུང་ལྟར་རོ། །བཞི་པ། རང་གི་ཐུགས་ནས་འོད་འཕྲོས་པས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀུན། །མདུན་དུ་བཀུག་ནས་འཁོད་པ་ལ། །གཏོར་མ་ཕུལ་བས་དགྱེས་ཚིམ་གྱུར། ཨ་ཀ་རོ་སོགས། ཟག་མེད་འདོད་ཡོན་ཀུན་དང་ལྡན་པ་ཡི། །ཡེ་ཤེས་བདུད་རྩིའི་


MR07_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གཏོར་མ་འདི། །རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ཡོངས་ལ་བསྔོ། །སྡུག་བསྔལ་ཀུན་བྲལ་བདེ་ཆེན་མཆོག་ཐོབ་ཤོག །ཅེས་དང་མཐར་ཨོཾ་མན་ཆད་སྦྱར། ཆ་དྲུག་བྱེད་ན་དེ་ལྟར་བཤམས་སོ་སོར་བྱིན་རླབས་འདྲ། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བའི་དབང་། །འཁོར་བཅས་མདུན་དུ་སྤྱན་དྲངས་ཏེ། །གཏོར་མ་ཕུལ་བས་དགྱེས་ཚིམ་གྱུར། །ཨ་ཀཱ་རོ་སོགས། ས་སྟེང་འབྱུང་པོ་གདོན་གྱི་ཚོགས། །མདུན་དུ་བཀུག་ནས་འཁོད་པ་ལ། །གཏོར་མ་ཕུལ་བས་དགྱེས་ཚིམ་གྱུར། །ཨ་ཀཱ་རོ་སོགས། གནོད་འཚེའི་སེམས་ལྡན་བགེགས་ཀྱི་ཚོགས། །མདུན་དུ་བཀུག་ནས་འཁོད་པ་ལ། །གཏོར་མ་ཕུལ་བས་དགྱེས་ཚིམ་གྱུར། །ཨ་ཀཱ་རོ་སོགས་སོ་སོའི་བསྔོ་བ་གཞུང་ལྟར་དང་། ཐམས་ཅད་ཀྱི་མཐར། ཨོཾ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས། །མགྲོན་རྣམས་སོ་སོར་ཅི་འདོད་པར། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །མཆོད་སྦྱིན་གཏོར་མ་བསྔོས་སོགས་སྦྱར་བར་བྱའོ། །མི་ཕམ་པས་སོ། །


previousཞི་གཏོར་བསྡུས་པ།next