Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་ཁ་གཡང་ལེན་རྟེན་འབྲེལ།
   
   
   
   
   
   
   
   
   


 
previousམི་ཁ་གཡང་ལེན་རྟེན་འབྲེལ།next

མི་ཁ་གཡང་ལེན་རྟེན་འབྲེལ།


MR07_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་གཡང་ལེན་རྟེན་འབྲེལ་ནི། ཤར་ལྷོ་ནུབ་བྱང་གི་ལ་རྩེ་བཞི་ནས་རྡོ་དཀར་བཞི་བླང་། མི་སྐྲ་དཀར་པོ་བཀྲ་ཤིས་པའི་ལག་ནས་བླང་བའི་དར་དཀར་གཅིག་མདའ་ལ་བཏགས། ཤིང་བྱང་ལ་ཉི་ཟླ་སྐར་གསུམ། མི་དཀར་རྟ་དཀར་གཡས་ན་བ་དན་དཀར་པོ་ཕྱར་བ། གཡོན་དུ་དུང་བསྣམས་པ། ཕྲག་གཡས་སེང་གེ་གཡོན་འབྲུག །སྤྱི་བོར་ཁྱུང་ལྡིང་བ་བྲིས། དེ་ལ་ནམ་རྒྱང་མདའ་འཕང་ཟས་བཟང་དགུ་ལ་སོགས་པས་ཁྲིག་གིས་བསྐོར། རང་འཇམ་དཔལ་དཀར་གསལ་དྲི་མ་མེད་པ་ཟླ་མདོག་མཆོག་སྦྱིན་པད་ཀར་བསྣམས་པར་གསལ་ལ། ཨ་བརྒྱ་བཟླས། དེ་ནས་སྤོས་བཏང་གསེར་སྐྱེམས་མཆོད། མདའ་དར་གཡབ་ལ། ཀྱེ། དེ་རིང་ལྷ་གཞིའི་གོང་འདི་རུ། །འཕགས་པ་འཇམ་དཔལ་སྤྱན་འདྲེན་ནོ། །ཀོང་ཙེ་སེམས་དཔའ་སྦྱན་འདྲེན་ནོ། །ཕྱོགས་བཅུའི་སངས་རྒྱས་སྤྱན་འདྲེན་ནོ། །འཕགས་པ་ཐམས་ཅད་སྤྱན་འདྲེན་ནོ། །འབྱུང་ལྔའི་ལྷ་མོ་སྤྱན་འདྲེན་ནོ། །སྤར་སྨེ་ལོ་སྐོར་སྤྱན་འདྲེན་ནོ། །གནས་རྒྱུའི་འབྱུང་པོ་སྤྱན་འདྲེན་ནོ། །སྐྱོབ་པའི་ལྷ་དགུ་སྤྱན་འདྲེན་ནོ། །འགོ་བའི་ལྷ་ལྔ་སྤྱན་འདྲེན་ནོ། །དགྲ་བླ་བཅུ་གསུམ་སྤྱན་འདྲེན་ནོ། །མདའ་དར་དཀར་པོས་གཡབ་ཅིང་འབོད། །འབྲུ་སྣའི་ཚོགས་ཀྱིས་མཆོད་པ་འབུལ། །སྨན་སྣའི་ཚོགས་ཀྱི་མཆོད་པ་


MR07_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ། །མེ་ཏོག་སྣ་ཚོགས་མཆོད་པ་འབུལ། །མཆོད་དོ་གཙུག་ལག་ལྷ་རྣམས་མཆོད། །དཀོན་མཆོག་གསུམ་གྱི་བདེན་པ་བདར། །བདེན་དོན་གཙང་མའི་སྨྲེང་ཞིག་གྱེར། །མཁྱེན་གཟིགས་ལྷ་རྣམས་དགོངས་སུ་གསོལ། །ཀྱེ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྟོང་གསལ་དབྱེར་མེད་ཆོས་ཀྱི་སྐུ། །རྣམ་དག་འཇམ་དཔལ་གཞོན་ནུ་ཡིན། །འཇམ་དཔལ་ཕྱག་རྒྱའི་སྐུར་བཞེངས་པ། །ང་ནི་ཀོང་ཙེ་སེམས་དཔའ་ཡིན། །སྣང་སྲིད་ཐམས་ཅད་ང་ཡི་ཀློང་། །ང་ནི་གར་གྱི་དབང་ཕྱུག་ཡིན། །ང་ཡི་བདེན་པའི་ཚིག་སྨྲས་པ། །མི་འགྲུབ་པ་ནི་ཡོད་མི་སྲིད། །སྲིད་པ་ལེགས་ཉེས་གཉིས་སྲིད་ཀྱང་། །ཐམས་ཅད་སྒྱུ་འཕྲུལ་དྲ་བའི་གར། །དཔའ་བོ་ང་ཡི་ཕྱག་རྒྱ་ཡིན། །མ་རྟོགས་སེམས་ཅན་སྣང་ངོ་ལ། །མི་ཁ་ཞེས་བྱ་འཕྲུལ་པོ་ཆེ། །བཟང་བར་གླེང་ན་སྣང་མི་ཅོག །ངན་པར་གླེང་ན་འཕྱ་བའི་རྒྱུ། །ཀུན་རྟོག་ཅན་ལ་ཅི་ཡང་དགྲ། །སྣང་སྲིད་དབང་བསྒྱུར་རྣལ་འབྱོར་པས། །མི་ཁ་གཡང་དུ་ལེན་པ་ནི། །མི་ཁའི་རྒྱལ་པོ་ཆེན་པོ་ནི། །གསུང་མཆོག་པདྨ་རིགས་ཀྱི་ཡབ། །མི་ཁའི་རྒྱལ་མོ་ཆེན་མོ་ནི། །བདེ་ལྡན་པདྨ་རིགས་ཀྱི་ཡུམ། །


MR07_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་བསྡེབས་པའི་ཆོ་འཕྲུལ་ལས། །མི་ཁ་ལྕམ་དྲལ་མང་པོའི་ཚོགས། །བྱང་ཆུབ་སེམས་དཔའ་སེམས་མའི་ཚོགས། །མི་ཁའི་བྲན་དང་ཕོ་ཉ་ནི། །ཕྱག་བརྙན་སྒོ་བ་སྒོ་མ་ཡིན། །ཐམས་ཅད་རང་སེམས་རང་ལས་འཕྲུལ། །མ་དག་པ་ལ་མ་དག་དངོས། །དོན་ལ་རྣམ་དག་ལྷ་ཡི་དལ། །དེ་ཕྱིར་རང་བཞིན་རྣམ་དག་དང་། །ལྷ་དང་སྔགས་དང་བསམ་པའི་མཐུའི། །བདེན་པ་ཆེན་པོས་འཇིག་རྟེན་འདིར། །མང་པོས་གླེང་བའི་མི་ཁ་ཀུན། །སྙན་གྲགས་གསུང་གི་གཡང་དུ་ལེན། །སྨྲས་ཤིང་སྨྲས་བཞིན་རྒྱལ་གྱུར་ཅིག །ཁྱབ་ཅིང་ཁྱབ་ཅིང་དཔལ་གྱུར་ཅིག །མང་པོས་བལྟ་བའི་མི་ཁ་ནི། །ཡིད་འོང་སྐུ་མཆོག་གཡང་དུ་ལེན། །བལྟ་ཞིང་བལྟ་ཞིང་རྒྱལ་གྱུར་ཅིག །འདུ་ཞིང་འདུ་ཞིང་དཔལ་གྱུར་ཅིག །མང་པོས་སེམས་པའི་མི་ཁ་ནི། །བདེ་མཆོག་ཐུགས་ཀྱི་གཡང་དུ་ལེན། །སེམས་ཤིང་སེམས་ཤིང་རྒྱས་གྱུར་ཅིག །གུས་ཤིང་གུས་ཤིང་དབང་གྱུར་ཅིག །སྣང་གྲགས་རིགས་གསུམ་ཨོཾ་ཨཱཿཧཱུྃ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །སྐུ་གསུང་ཐུགས་ལས་འདའ་བ་མེད། །སྣང་བ་རྡོ་རྗེའི་སྐུ་ཉིད་དུ། །དགེ་འདུན་བདེན་པས་


MR07_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་དུ་ལེན། །གྲགས་པ་རྡོ་རྗེའི་གསུང་ཉིད་དུ། །དམ་ཆོས་བདེན་པས་གཡང་དུ་ལེན། །རིག་པ་རྡོ་རྗེའི་ཐུགས་ཉིད་དུ། །སངས་རྒྱས་བདེན་པས་གཡང་དུ་ལེན། །དབྱེར་མེད་ཡེ་ཤེས་རྡོ་རྗེ་ནི། །རྒྱལ་ཀུན་ཕྲིན་ལས་དཔའ་བོའི་སྐུ། །དོན་གྲུབ་ཝེར་མ་དཀར་པོ་སྟེ། །སེང་ཆེན་ཕྱོགས་ལས་རྣམ་པར་རྒྱལ། །བཞུགས་པ་ཆོས་ཀྱི་དབྱིངས་ན་བཞུགས། །ཁྱབ་པ་ནམ་མཁའི་ཁམས་སུ་ཁྱབ། །བརྫུ་བ་སྣང་སྲིད་ཡོངས་ལ་བརྫུ། །སྣང་སྲིད་དབང་བསྒྱུར་དགྲ་བླའི་རྗེ། །གཡས་ན་བ་དན་ལྕེ་བརྒྱད་ཕྱར། །སྲིད་པ་གསུམ་ན་སྙན་པར་སྒྲོགས། །སྣང་སྲིད་མཐུན་པའི་གྲོགས་སུ་འཆར། །གང་སྨྲས་སྙན་པར་གྲགས་པར་མཛོད། །སྙན་པས་ཚེ་ཡི་རྒྱུན་ཆེན་བཏིང་། །ཨ་ལ་ལ་ཧོ་ཝེར་མའི་རྒྱལ། །མཆོད་དོ་བསྟོད་དོ་ལས་ཀྱི་ལྷ། །དེ་རིང་མི་བུ་རྒྱལ་བར་མཛོད། །གཡས་ན་བཀྲ་ཤིས་དུང་དཀར་བསྣམས། །ནམ་མཁའི་དབྱིངས་ཀུན་སྒྲ་སྙན་ཁྱབ། །སྨྲས་ཚད་ཕན་པའི་ཕྱོགས་སུ་སྒྱུར། །བདུད་དང་བར་ཆད་དེ་ཡིས་ཟློག །ཚེ་དཔལ་མཐུན་རྐྱེན་དེ་ཡིས་སྤེལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །དེ་རིང་མི་ཁ་གཡང་བླང་བའི། །སྙན་གྲགས་སྤེལ་བའི་རྒྱལ་པོ་ཁྱོད། །རི་བོའི་རྩེ་ལ་ངོ་སོ་བསྟོད། །


MR07_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ནམ་མཁའི་དབྱིངས་སུ་བཞུགས། །ནམ་མཁའ་ཇི་སྲིད་བདག་ལ་སྐྱོབ། །ད་ནི་མི་ཁ་གཡང་བླང་བས། །མི་ཁ་གཤེད་དང་བདུད་མི་འབེབ། །མི་ཁ་དཔལ་དང་གཡང་དུ་ཤར། །བདུད་ཀྱིས་ཐོས་ཀྱང་ལྷ་སེམས་སྐྱེ། །གང་དུ་གྲགས་ཀྱང་ཡོན་ཏན་འཆར། །ཇི་ལྟར་སྨྲས་ཀྱང་ཕན་པ་ཆེ། །རི་རབ་རྩེ་ལ་སྐུ་བརྟེན་ལ། །རྒྱ་མཚོ་ཆེ་ལ་ཞལ་སྐྱེམས་མཛོད། །གླིང་བཞི་གླིང་ཕྲན་སྤྱན་གྱིས་གཟིགས། །རྟགས་ཏུ་བཞུགས་ནས་སྙན་པར་སྒྲོགས། །འཇམ་དཔལ་བྱིན་རླབས་དེ་ལྟར་ཆེ། །ཆོས་ཉིད་བདེན་པ་དེ་ལྟར་ཟབ། །དཀོན་མཆོག་ནུས་པ་དེ་ལྟར་རྨད། །རྟེན་འབྲེལ་མཐུ་སྟོབས་དེ་ལྟར་མཚར། །བསླུ་མེད་མཆོག་གི་བདེན་པ་ཡིས། །དེ་ནི་རྒྱལ་ལོ་ལྷ་རྒྱལ་ལོ། །ཞེས་བྱས་ལ་དགའ་ཞིང་རྩེ་བྲོ་སྟོན་མོ་དང་བཅས་པའི་ཚུལ་གྱི་རི་མཐོན་པོའི་རྩེ་མོར་བསྐྱལ། བསྐྱལ་མཁན་དེ་ལ་ཟས་སྣ་ཚོགས་ལམ་རྒྱགས་དང་། ཁྱིམ་དུ་སླེབ་ནས་དར་དཀར་པོ་སོགས་བཀྲ་ཤིས་རྫས་བྱིན། རང་གིས་སྣང་སྲིད་སྐུ་གསུང་ཐུགས་སུ་བསམ་ལ། ཨོཾ་ཨཱཿཧཱུྃ་འབུམ་ཕྲག་གཅིག་བཟླ། དེ་དུས་ལྟས་དང་ལ་ཉེ་མང་པོ་འོང་ན་ཐེ་ཚོམ་མེད། རྟེན་འབྲེལ་དབང་གིས་མི་ཕན་མི་སྲིད་དོ། །དེ་ཕན་ཆད་བཟང་ངན་ཇི་ལྟར་བསྒྲགས་ཀྱང་ཡིད་ཀྱི་ཟུར་ཙམ་བག་ཚ་མི་བྱ། ཇི་ལྟར་མི་ཁ་ཆེ་ཡང་མི་འདོད་ཕན་པའི་དཔལ་དུ་འགྱུར། སླར་མི་ཁ་ལ་སྐྱོན་


MR07_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཟུང་ནས་མི་ཁ་བསྒྱུར་མནན་གྱི་གཏོ་མི་བྱ། དེ་བྱས་ན་འདིའི་ནུས་པ་འཇིག །དེ་མིན་ཅིས་ཀྱང་མི་གནོད་མི་འགྱུར་ཕན་ངེས་སོ། །རབ་ཚེས་ཤིང་སྤྲེལ་ཟླ་བ་བཅུ་གཅིག་ཚེས་བཅོ་ལྔ་ལ་མི་ཕམ་པས་འཕྲལ་ཤར་བཞིན་བྲིས། དགེ་ལེགས་མཁའ་མཉམ་འཕེལ། །མངྒ་ལཾ། །


MR07_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་ཟློག་པ། པར་རིས།


previousམི་ཁ་གཡང་ལེན་རྟེན་འབྲེལ།next