Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཡང་འགུགས་ལྷ་རྫས་ལྕགས་ཀྱུ།
   
   
   
   
   
   
   
   


 
previousགཡང་འགུགས་ལྷ་རྫས་ལྕགས་ཀྱུ།next

གཡང་འགུགས་ལྷ་རྫས་ལྕགས་ཀྱུ།


MR07_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་འགུགས་ལྷ་རྫས་ལྕགས་ཀྱུ་བཞུགས། ཧཱུྃ། དེ་རིང་གཟའ་སྐར་ཚེས་བཟང་ལ། །ཕྱྭ་་ཆ་གཡང་གི་རྫས་བཀྲམ་སྟེ། །ཕྱྭ་གཡང་འགུགས་པའི་ལས་བྱེད་ན། །དགོངས་སུ་གསོལ་ལོ་ལྷ་མགོན་ཚོགས། །དཀོན་མཆོག་གསུམ་གྱི་བདེན་པ་དང། །རྩ་གསུམ་སྲུང་མའི་བྱིན་རླབས་ཀྱིས། །མཐོན་པོའི་མཐོ་གཡང་གནས་འདིར་ཁུག །ཆེན་པོའི་ཆེ་གཡང་གནས་འདིར་ཁུག །དར་བོའི་དར་གཡང་གནས་འདིར་ཁུག །བཙན་པོའི་བཙན་གཡང་གནས་འདིར་ཁུག །ཕྱུག་པོའི་ཕྱུག་གཡང་གནས་འདིར་ཁུག །འཕན་པོའི་འཕན་གཡང་གནས་འདིར་ཁུག །མཁས་པའི་མཁས་གཡང་གནས་འདིར་ཁུག །བཙུན་པའི་བཙུན་གཡང་གནས་འདིར་༴ གྲུབ་པའི་གྲུབ་གཡང་༴ བདེ་བའི་བདེ་གཡང་གནས་འདིར་ཁུག །སྐྱིད་པའི་སྐྱིད་གཡང་༴ བཟང་བའི་བཟང་གཡང་༴ དཔའ་བའི་དཔའ་གཡང་༴ མཛེས་པའི་མཛེས་གཡང་༴ མཐུན་པའི་མཐུན་གཡང་༴ ཕྱོགས་ལས་རྣམ་རྒྱལ་ཕྱྭ་གཡང་༴བསམ་དོན་འགྲུབ་པའི་ཕྱྭ༴ འདོད་དགུ་འཕེལ་བའི་ཕྱྭ༴ ཚེ་རིང་ནད་མེད་ཕྱྭ༴ མངའ་ཐང་སྙན་གྲགས་ཕྱྭ༴ བཀྲ་ཤིས་དགེ་མཚན་ཕྱྭ༴ རི་བོའི་རྩེ་ནས་ཕྱྭ༴ རྒྱ་མཚོའི་གཏིང་


MR07_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱྭ༴ ཕྱོགས་བཞིའི་གནས་ནས་ཕྱྭ༴ ལྷ་གཡང་སྤྲིན་བཞིན་ཐིབས་སེ་ཐིབ། ཀླུ་གཡང་རྒྱ་མཚོ་མེ་རེ་རེ། །མི་གཡང་དམུ་ཞགས་ལྡེམས་སེ་ལྡེམ། །ཉི་མ་བཞིན་དུ་ཀྱི་ལི་ལི། །ཟླ་བ་བཞིན་དུ་རྒ་ར་ར། །སྐར་ཚོགས་བཞིན་དུ་ལམས་སེ་ལམ། །ན་བུན་བཞིན་དུ་ཐིབས་སེ་ཐིབ། །ཆུ་ཀླུང་བཞིན་དུ་འདུ་རུ་རུ། །སྦྲང་ཆར་བཞིན་དུ་སི་ལི་ལི། །ཁུ་ཡེ་ཁུ་ཡེ་གཡང་ཁུགས་སོ། །ཧུ་ཡེ་ཧུ་ཡེ་གཡང་འདུས་སོ། །ཧུ་ལ་ཧུ་ལྡན་གཡང་ཆགས་སོ། །ཕྱྭ་ཡི་རྒྱ་མཚོ་མེ་རེ་རེ། །གཡང་གི་དམུ་ཞགས་ཀྱི་ལི་ཡི། །དཔལ་གྱི་ན་བུན་ཐིབས་སེ་ཐིབ། །ཕྱྭ་འདི་རི་ལ་མ་བྲོས་ལ། །གཡང་འདི་སྒོ་ལ་མ་ཉམས་ཤིག །དཔལ་འདི་གཞན་དུ་མ་གཡེལ་ཅིག །ར་བར་གཡང་འཕེལ་ཕྱུགས་ཀྱིས་གང་། །བང་མཛོད་གཡང་འཕེལ་འབྲུ་ཡི་གང་། །ཁྱིམ་ལ་གཡང་འཕེལ་མི་ཡིས་གང་། །བཅུད་ཆེན་ཟས་ཀྱི་རྒྱ་མཚོ་བསྐྱིལ། །གཡང་ཆེན་ནོར་གྱི་རི་བོ་སྤུངས། །བརྗིད་ཆེན་གོས་ཀྱི་ཆར་རྒྱུན་ཕོབས། །རྟག་ཏུ་ལྷ་དང་དཔལ་གནས་ཤིང་། །སྒྱུ་མའི་བང་མཛོད་ནམ་མཁའ་མཉམ། །འཛད་མེད་དཔལ་འབྱོར་དངོས་གྲུབ་སྩོལ། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ནས། །ཕྱྭ་དང་གཡང་གི་བཅུད་འདུས་ཏེ། །བདག་དང་སྒྲུབ་པའི་རྟེན་ལ་ཐིམ། །མི་ནུབ་རྒྱལ་མཚན་


MR07_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བརྟན། །མི་ཤིགས་རྡོ་རྗེ་ལྟ་བུར་རྟག །མི་འགྱུར་གཡུང་དྲུང་བཞིན་དུ་འཁྱིལ། །ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །སྤྲིན་ཆེན་བཞིན་དུ་རྒྱས་གྱུར་ཅིག །འབྲས་བཟང་བཞིན་དུ་འཕེལ་གྱུར་ཅིག །གང་འདོད་ཕུན་སུམ་ཚོགས་པ་ཡི། །ཕྱྭ་དང་གཡང་གི་དངོས་གྲུབ་རྒྱས། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་བཟང་པོ་བཞིན། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་བདེ་ལེགས་དེང་འདིར་སྩོལ། །ཚིག་རྐང་བདུན་ཅུ་རྩ་གཉིས་པ། །བརྒྱ་རྩ་བརྒྱད་དུ་བཏོན་བགྱིས་ན། །དེ་མ་ཐག་ཏུ་ཕྱྭ་དང་གཡང་། །ཁུག་པའི་དགེ་མཚན་མངོན་སུམ་མཐོང་། །རབ་ཚེས་མེ་སྤྲེལ་ཟླ་ལྔ་ཚེས་ཉེར་ལྔ་ལ། །འཆི་མེད་མཆོག་སྒྲུབ་གླིང་དུ་ནི། འཇམ་དཔལ་དགྱེས་པ་རྡོ་རྗེ་ཡིས། །ཡིད་ཀྱི་མཚོ་ལས་བྱུང་བའི་དཔལ། །ས་མ་ཡཱ། རྒྱ། ཨི་ཐིཿ ༈ བླ་སྨན་ཨ་ཚང་ལགས་ནས་སྤར་དུ་བསྒྲུབས། །དགེའོ། །མངྒ་ལཾ།། །།


previousགཡང་འགུགས་ལྷ་རྫས་ལྕགས་ཀྱུ།next