Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོང་འཇལ་ལན་ཆགས་ཀུན་བྱང་།
   
   
   
   
   
   


 
previousསྟོང་འཇལ་ལན་ཆགས་ཀུན་བྱང་།next

སྟོང་འཇལ་ལན་ཆགས་ཀུན་བྱང་།


MR07_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འཇལ་ལན་ཆགས་ཀུན་བྱང་བཞུགས། ན་མོ་པདྨ་ཀ་རཱ་ཡ། ནད་དང་འཚེ་བ་དང་། གནོད་པ་དྲག་པོ་ཅིས་ཀྱང་བྱར་མི་བཏུབ་པ་བྱུང་ན་འདི་ལྟར་བྱ་སྟེ། ཉེར་དགུའམ་དགུ་གསུམ་སོགས་ཀྱི་ནུབ་མོར་ལམ་བཞི་མདོར་སོང་ལ། གཏོ་ཡི་གཞི་མར། སྣོད་དམ་རྡོ་ལེབ་སོགས་ཀྱི་སྟེང་དུ། དར་མི་དགུ། རྟ་གཟུགས་དགུ་གནག་དགུ། ལུག་དགུར། ར་དགུ། བྱ་དགུ། གསེར་སྦྲམ་དགུ། དངུལ་རྡིལ་ཚད་དགུ། དར་རས་དྲིལ་མ་དགུ། ཆང་བུ་ཟས་སྣ་བཏུང་བ་བཅས་དགུ་བཤམས་ལ། སྐྱབས་འགྲོ་ཚད་མེད་བཞི་བསྒོམ་པ་ནན་ཏན་བྱ། རང་ཁ་སར་པཱ་ཎིར་བསྒོམ་ལ་མ་ཎི་བརྒྱ་རྩ་བརྒྱད་བསྒྲང་། རྟེན་སྙིང་བརྒྱ་རྩ་བརྒྱད་བསྒྲང་། དེ་ནས་གླུད་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། ཧོ། འཕགས་པ་དམ་པ་དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཁྲོ་བོའི་རྒྱལ་པོ་ཌཱ་ཀི་རཱ་ཛའི་མཐུ་སྟོབས་ཀྱི་ནུས་པས། སྲིད་པ་འདི་ན་སུ་ཡང་རུང་སྟེ་ལན་ཆགས་དང་རྐྱེན་བགེགས་བྱེད་པའི་གདོན་བགེགས་འབྱུང་པོ་གང་དག་ཡོད་པ་ཐམས་ཅད་མཆོད་སྦྱིན་གླུད་ཀྱི་མགྲོན་དུ་སྐད་ཅིག་ལ་འདིར་མཆིས་པར་གྱུར། །ཨོཾ་བཛྲ་ཌཱ་ཀི་རཱ་ཛ་ཧཱུྃ་ཛཿ་བདག་ལ་གནོད་བྱེད་འབྱུང་པོ་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ལན་གསུམ། དེ་ནས། ཧོཿ སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཀྱིས་དཔང་པོར་མཛོད་ཅིག་འཕགས་པ་རིགས་གསུམ་མགོན་པོས་དཔང་པོ་མཛོད་ཅིག །རིག་འཛིན་པདྨ་འབྱུང་གནས་ཀྱིས་དཔང་༴ ཡི་དམ་རྩ་བ་གསུམ་གྱིས་དཔང་པོར༴ དམ་ཅན་ཆོས་སྐྱོང་སྲུང་


MR07_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ཀྱིས་དཔང་པོ༴ གནམ་ས་བར་སྣང་གི་ལྷ་ཀླུ་སྡེ་བརྒྱད་སྲིད་པའི་དྲང་མཁན་རྣམས་ཀྱིས་དཔང་པོ་མཛོད་ཅིག །འཇིག་རྟེན་སྐྱོང་བའི་དཔལ་མགོན་དམ་པ་རྣམས་དང་ཡུལ་ལྷ་གཉན་པོ་འགོ་བའི་ལྷ་སྲུང་དང་བཅས་པས་དཔང་པོ་མཛོད་ཅིག །གཙུག་ལག་སྲིད་པ་རྒྱུད་ཀྱི་ལྷས་དཔང་པོ་མཛོད་ཅིག ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །ལན་གསུམ། དེ་ནས་མདོས་བསྔོ་བ་ནི། ཧོཿ སྦྱིན་པའི་བདག་པོའམ། རྣལ་འབྱོར་པ་བདག་ལ་སྔོན་གྱི་ཚེ་རབས་ཐོག་མ་མེད་ནས་ལན་ཆགས་པའམ། འཕྲལ་གྱི་རྐྱེན་བགེགས་བྱེད་པ་གདོན་བགེགས་འབྱུང་པོ་ཆྒེེ་མོའམ། ནད་ཡམས་བདག་པོ་བདག་མོ། ཐན་དང་ལྟས་ངན་གྱི་བདག་པོ་བདག་མོ། རྦད་འདྲེ་རྦོད་གཏོང་གི་བདག་པོ་བདག་མོ། ལོ་ཉེས་སད་སེར་བཙའ་ཐན་གྱི༴ གློ་གོར་ཧོན་གསུམ་གྱི༴ མི་ནད་ཕྱུགས་ནད་ཀྱི༴ ལྷ་ཡི་གདོན་དང་། ཀླུའི་གདོན་དང་། བཙན་གྱི་གདོན་དང་། གནོད་སྦྱིན་གྱི༴ སྲིན་པོའི༴ རྒྱལ་པོའི༴


MR07_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་གདོན་དང་། གཤིན་རྗེའི༴ ས་བདག་གི༴ ཟོ་དོར་གྱི་གདོན་དང་། ཡུལ་འདྲེའི་གདོན་དང་། ཕ་མེས་ཀྱི་ཟ་འདྲེའི་གདོན་དང་། བདུད་ཀྱི༴ མ་ཡམས་ཀྱི༴ དམ་སྲིའི༴ ཤི་འདྲེའི༴ དྲི་ཟའི༴ གཟའ་དང་རྒྱུ་སྐར་གྱི༴ འགོང་པོ་ཐེའུ་རང་གི༴ འདྲེ་མོ་བདུད་མོའི་གདོན་ལ་སོགས་པ་བདག་ཅག་གི་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། བསམ་པའི་བར་ཆད། ཟས་ནོར་ལ་དབུལ་སྲི། སྒྲུབ་པ་ལ་སྒབ་འདྲེ། དཔལ་འབྱོར་ལ་ཁ་འགོང་བྱེད་པ་སོགས་ངན་གྱི་སྣ་འདྲེན། བཟང་གི་སྲི་འགོང་བྱེད་ཅིང་མདོར་ན་བདག་ཅག་བསྲུང་བྱ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་གང་ཡིན་པ་ཁྱེད་རྣམས་ལ། དེ་རིང་དཔང་པོ་དམ་པ་རྣམས་ཀྱི་གཟིགས་པ་དཔང་དུ་བཞག་སྟེ། བདག་ཅག་འཁོར་དང་བཅས་པས་ཚེ་རབས་ཐོག་མ་མེད་པ་ནས་བསད་པའི་སྟོང་བརྐུས་པའི་འཇལ། བླ་སྲོག་བསླུ་བའི་གླུད། ནོར་ཕྱུགས་ཀྱི་ཚབ། རྐྱེན་ངན་བཟློག་པའི་གཏོ། གནོད་པ་བྱས་པའི་བཤགས་པ། མཁོན་སྦྱང་བའི་འབུལ་བ། ཉམས་ཆག་ཤོར་བའི་གསོས། ཕན་པ་སྒྲུབ་པའི་གཏེར་དུ། ངར་མི་དགུ་དང་། རྟ་ནོར་ར་ལུག་བྱ་ཡི་ཚོགས་དགུ་དང་། གསེར་དངུལ་དར་ཟབ་གཟའ་བཏུང་གི་ཚོགས་


MR07_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དགུ་བརྒྱད་བཅུ་གྱ་གཅིག་འདི་ཡ། །ཇི་ལྟར་བསམ་པའི་འདོད་དགུ་མི་ཟད་པར་བྱིན་གྱིས་བརླབས་ཏེ་འབུལ་ལོ། །ཀྱཻ། སྲིད་པ་འདི་ན་ཅི་ཡང་སྲིད། །ལྷ་ཡང་སྲིད་ལ་འདྲེ་ཡང་སྲིད། །དགྲ་ཡང་སྲིད་ལ་གཉེན་ཀྱང་སྲིད། །འདི་ཀུན་རྒྱུ་འབྲས་རྟེན་འབྲེལ་དབང་། །རྟེན་འབྲེལ་རྒྱུད་ལ་མི་བརྟེན་མེད། །བདག་ཅག་མ་ཤེས་འཁྲུལ་དབང་གིས། །གཞན་ལ་གནོད་དང་འགྲམས་འཁྲུགས་སོགས། །ཉམས་ཆག་འགལ་འཁྲུལ་སོང་བ་ན། །སྟོང་གླུད་ཡས་ཀྱིས་མཁོན་པ་སྦྱངས། །མཁོན་སྦྱང་དག་པ་སྲིད་པའི་ལུགས། །སྲིད་པའི་ལུགས་ལ་ཀུན་ཀྱང་བརྟེན། །པད་འབྱུང་རིགས་གསུམ་མགོན་པོའི་བཀའ། །བཀའ་བཞིན་མདོས་གླུད་འདི་གཏོང་ན། །འབུལ་བ་ང་ཡིས་མི་ནོར་ལ། །བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་གཟུང་དང་བསམ་དང་རེག །ཀློད་དང་ཞི་དང་གྲོལ་བར་མཛོད། །རིན་ཆེན་མདོས་རྫས་ཡོ་བྱད་རྣམས། །དངོས་ལས་བརྒྱ་སྟོང་འགྱུར་གྱིས་ལྷག །སྔོན་ཆད་བདག་གིས་གནོད་བྱས་པ། །དེ་ལས་འདིས་ཕན་བརྒྱ་སྟོང་ལྷག །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྔགས་དང་ཕྱག་རྒྱ་བསམ་པའི་མཐུས། །


MR07_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་གནོད་འཚེ་ཀུན་བྲལ་ཞིང་། །ཇི་ལྟར་འདོད་པ་བཞིན་དུ་ཚིམ། །དགའ་མགུ་ཡི་རངས་ཐོབ་གྱུར་ཏེ། །བྱང་ཆུབ་སེམས་དང་ལྡན་གྱུར་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །བདག་གི་ཚེ་རབས་ཐོག་མེད་ནས། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་མཁོན་སྡིག་སྒྲིབ་དག་གྱུར་ཅིག །འགྲམས་འཁྲུགས་འགལ་བ་ཞི་གྱུར་ཅིག །གནོད་འཚེ་གདུག་རྩུབ་རྒྱུན་ཆད་ཤོག །བདག་དང་སྦྱིན་པའི་བདག་པོ་རྣམས། །བཟུང་བ་ཐོང་ལ་བཅིང་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ད་ནི་བསད་པ་སྟོང་གིས་དག །བརྐུས་པ་འཇལ་གྱིས་བྱང་བ་ཡིན། །གནོད་འཁྲུགས་གཏོ་ཡིས་ཆོས་གྱུར་པས། །སླན་ཆད་གནོད་པ་ཡོང་མ་བྱེད། །དཀོན་མཆོག་གསུམ་དང་རྩ་བ་གསུམ། །དམ་ཅན་སྲུང་མར་བཅས་པ་ཡི། །དཔང་པོ་དམ་པ་རྣམས་ཀྱི་ནི། །ཡེ་ཤེས་གཟིགས་པ་དཔང་བྱས་ན། །བདག་ཅག་ཕན་ཚུན་གཉིས་ཀྱི་ནི། །མཁོན་པ་དེ་རིང་བྱང་ཟིན་ཏོ། །གནོད་པ་དེ་རིང་བསལ་ཟིན་ཏོ། །ད་ནི་གནམ་ལ་སྤྲིན་མེད་དོ། །ས་ལ་རྡུལ་ཡང་དྭངས་པ་ཡིན། །དེ་རིང་ཕན་ཆད་བདག་གཞན་ཀུན། །བྱང་ཆུབ་སྙིང་པོའི་མཐར་ཐུག་བར།


MR07_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

། ཕན་ཚུན་ཕ་མ་བུ་ཚའི་ཚུལ། །ཤིན་ཏུ་བྱམས་པའི་སེམས་ཀྱིས་ནི། །ཕན་དང་བདེ་བ་བྱེད་པ་དང་། །བདེ་དང་དཔལ་ནི་ཕུན་སུམ་ཚོགས། །ཞི་དང་བཀྲ་ཤིས་བདེ་ལེགས་ཤོག །ཉི་མ་ཐམས་ཅད་དགེ་བ་སོགས། །བདག་ཅག་ཀུན་ཏུ་བདེ་ལེགས་ཤོག །གང་ལ་སེར་སྣ་སོགས། །སྐྱོབ་པ་གང་ཞིག་བྱམས་སོགས། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །འབྱུང་པོ་གང་དག༴ ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་བརྗོད། །དེ་ལྟར་བྱས་ན་སྔོན་གྱི་ལན་ཆགས་བྱང་། །ཕྲལ་གྱི་རྐྱེན་གེགས་ཞི། ནད་དང་དབུལ་ཕོངས་སོགས་ཅི་བྱས་ཀྱང་མི་ཐུབ་པའི་རྐྱེན་ངན་གྱི་གཡང་ལས་ཐར་ཏེ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ནི་མེ་བྱ་ཟླ་བ་གཉིས་པའི་ཚེས་བཅུ་དགུ་ནུབ་མོར་རྨི་ལམ་དུ་བརྡ་ཞིག་ཤར་བ་ལ་བརྟེན་ནས་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ། །མངྒ་ལཾ།། །།


previousསྟོང་འཇལ་ལན་ཆགས་ཀུན་བྱང་།next