Nitartha Digital Library
Tibetan
གླེགས་བམ་བརྒྱད་པ།


   
   
   
   
   
   
རྒྱལ་པོ་མདོ་བཅུའི་ས་བཅད།
   
   
   
   
   
   
   


 
previousརྒྱལ་པོ་མདོ་བཅུའི་ས་བཅད།next

རྒྱལ་པོ་མདོ་བཅུའི་ས་བཅད།


MR08_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བཀྲ་ཤིས་མཚན་གྱི་རི་མོ་གཡས་འཁྱིལ་དུང་། །སྲིད་པའི་རིམས་ནད་རྒྱུ་བ་གཞིལ་བའི་སྨན། །ཞི་བ་དམ་པ་བདུད་རྩིའི་དབྱངས་སྙན་པོས། །འཇིག་རྟེན་གསུམ་ན་རྟག་ཏུ་དགེ་གྱུར་ཅིག །སྔོན་གྱི་རབས་སུ་གང་སྣང་བ། །སྒྱུ་མ་ལྟ་བུའི་རི་མོ་ནི། །ཡིད་ཀྱི་མེ་ལོང་གཙང་མའི་ངོགས། །འཆར་བའི་ངང་ཚུལ་འདི་སྐད་དོ། །ཤེས་རབ་སྙིང་པོ་ཟབ་མོ་ལྟ་བའི་མདོ་གསུམ། གཞི་སྟོང་པ་ཉིད། ལམ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པའོ། །འདའ་ཀ་ཡེ་ཤེས་ངེས་དོན་སྒོམ་པའི་མདོ་ལ་གསུམ། གཞི་དཔའ་བར་འགྲོ་བ། ལམ་སྒྱུ་མ་ལྟ་བུ། འབྲས་བུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །བཟང་པོ་སྤྱོད་པ་རྒྱ་ཆེན་སྨོན་ལམ་གྱི་མདོ་ལ་གསུམ། སྨོན་ལམ་འགྲུབ་པའི་རྒྱུ། སྨོན་ལམ་རང་གི་ངོ་བོ། སྨོན་ལམ་མཐར་ཕྱིན་པའི་ཕན་ཡོན་ནོ། །བྱང་ཆུབ་ལྟུང་བཤགས་ལས་སྒྲིབ་བཤགས་པའི་མདོ་ལ་གསུམ། ཕྱག་འཚལ་བའི་ཕུང་པོ། སྡིག་པ་བཤགས་པའི་ཕུང་པོ་ཡོངས་སུ་བསྔོ་བའི་ཕུང་པོའོ། རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོ་ལ་གསུམ། གླེང་གཞི། གཟུངས་དངོས། མཇུག་


MR08_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཆོ་ག་དང་བཅས་པའོ། །གཙུག་ཏོར་ནས་བྱུང་གདུགས་དཀར་ཟློག་པའི་མདོ་ལ་གསུམ། བདེན་པའི་ཚིག །བདེན་དོན་གྱི་སྔགས། སྔགས་འབྲས་མི་བསླུ་བ་ཕན་ཡོན་དང་བཅས་པའོ། །གསང་བདག་གོས་སྔོན་ཅན་སྲུང་བའི་མདོ་ལ་གསུམ། གཟུངས་ཀྱི་ཐབས། ཐབས་དང་ལྡན་པའི་གཟུངས། ཐབས་དེས་གྲུབ་པའི་འབྲས་བུའོ། །ནོར་གྱི་རྒྱུན་མ་ལོངས་སྤྱོད་སྤེལ་བའི་མདོ་ལ་གསུམ། སྔོན་གྱི་བྱུང་བ། ནོར་བུ་ལྟ་བུའི་གཟུངས། སྔགས་འབྲས་མི་བསླུ་བའི་སྦྱོར་བ་ཕན་ཡོན་དང་བཅས་པའོ། །ཡི་གེ་གཅིག་མ་སྙིང་པོའི་མདོ་ལ་གསུམ། སྙིང་པོའི་བྱུང་བ། སྙིང་པོ་རང་གི་ངོ་བོ། སྙིང་པོའི་ཆེ་བ་བརྗོད་པའོ། །མགོན་པོ་ཚེ་དཔག་མེད་ཚེ་ཡི་མདོ་ལ་གསུམ། འཆི་བ་མེད་པའི་ཞིང་གི་བཀོད་པ། འཆིབ་མེད་པའི་རྔ་སྒྲའི་གཟུངས། འཆི་བ་མེད་པའི་སྔགས་ཚིག་རྨད་དུ་བྱུང་བའི་ཆེ་བ་བརྗོད་པའོ། །གངས་ཅན་སངས་རྒྱས་གཉིས་པ་ནི། །བློ་ཆེན་བྱང་ཆུབ་སེམས་དཔའི་མཆོག །ཞི་བའི་དབང་པོས་གསུངས་པ་ཡི། །བྱིན་རླབས་གཟུགས་ཅན་བཞིན་དུ་སྣང་། །དེ་ལས་སྙིང་པོའི་ས་དོན་ཅུང་ཟད་ཅིག །རི་མོ་གཉིས་པར་འཕོས་པའི་དགེ་


MR08_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱིས། །རྒྱལ་པོའི་ཐུགས་དམ་མདོ་བཅུའི་བཤད་སྒྲུབ་ལ། །བརྟེན་ནས་འགྲོ་ཀུན་དངོས་གྲུབ་རྙེད་གྱུར་ཅིག །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱེད་པའི་རྒྱུར་སིདྡྷི་རསྟུ། ཟླ་༣ཚེས་༢༣ལའོ།། །།


previousརྒྱལ་པོ་མདོ་བཅུའི་ས་བཅད།next