Nitartha Digital Library
Tibetan
གླེགས་བམ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ།
   


 
previousཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ།next

ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ།


MR08_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ། །


MR08_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲི་ཡེ། ཕུལ་བྱུང་མཁྱེན་རབ་རལ་གྲི་འབར་བའི་གཟིས། །འགྲོ་ཀུན་ཐེ་ཚོམ་དྲྭ་བ་གཅོད་མཛད་པ། །རྒྱལ་ཀུན་ཡེ་ཤེས་སྐུ་ཅན་འཇམ་པའི་དབྱངས། །སྙིང་དབུས་དད་པའི་པདྨོར་རྟག་རོལ་མཛོད། །འདིར་འཛམ་གླིང་མཛེས་པའི་རྒྱན་མཆོག་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་གཞུང་ཉིད་འཆད་པར་བྱེད་པ་ལ། ཐོག་མར་མཚན་སྨོས་པ་ནི།རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུ་ཙྪ་ཡ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པར་འགྱུར་


MR08_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐད་གཉིས་ཤན་སྦྱར་ན། པྲ་མཱ་ཎ་ཚད་མ། ས་མུ་ཙྪ་ཡ་ཀུན་ལས་བཏུས་པ། ནཱ་མ་ཞེས་བྱ་བའི། པྲ་ཀ་ར་ཎ་རབ་ཏུ་བྱེད་པ་སྟེ། ཡང་དག་པའི་ཤེས་པ་འཁོར་བཅས་བརྗོད་བྱར་བྱེད་པའི་ཚད་མ་རང་གི་གཞུང་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་སོ། །འགྱུར་ཕྱག་ནི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བས་བཀོད་པའོ། །གཞུང་དོན་དངོས་ནི། མི་བསླུ་བའི་ཚད་མར་སྒྲུབ་བྱེད་ཀྱི་སྟོབས་ལས་གྱུར་པ་གང་ཞིག་འགྲོ་བ་ཐམས་ཅད་ལ་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཕན་པར་བཞེད་པས། ཐབས་སྟོན་པ་གང་སྤངས་རྟོགས་ཕུན་ཚོགས་ཀྱི་གནས་སུ་བདེ་བར་


MR08_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཤིང་འགྲོ་ཀུན་གཏན་དུ་སྐྱོབ་པར་མཛད་པ་དེ་ལ་ཕྱག་འཚལ་ནས། རང་སྡེ་སངས་རྒྱས་པའི་ལུགས་ཀྱི་ཡང་དག་པའི་ཚད་མ་ཉིད་ཀྱི་ཚུལ་མ་ནོར་བར་གཏན་ལ་འདེབས་པའམ་བསྒྲུབ་ཕྱིར་རང་གི་གཞུང་སྔར་བཀོད་པ་རིགས་སྒོ་རིགས་བརྟག་དམིགས་བརྟག་སོགས་ཐོར་བུ་པ་ཀུན་ལས། དོན་གྱི་ཆ་བཏུས་ཏེ་སྣ་ཚོགས་འཐོར་ཐབས་སུ་ཡོད་པ་རྣམས་འདིར་གཞུང་རབ་བྱེད་གཅིག་ཏུ་བྱའོ། །དེ་ལ་མངོན་སུམ་ཚད་མ་དང་ནི་རྗེས་སུ་དཔག་པ་ཞེས་བྱ་བའི། ཚད་མ་གཉིས་ཁོ་ནའོ་དེའི་རྒྱུ་མཚན་ཡང་ཡུལ་དུས་རྣམ་པ་འདྲེས་མ་འདྲེས་ཀྱིས་སྤྱི་རང་གི་མཚན་ཉིད་གཉིས་ནི་ཚད་མ་དེ་གཉིས་ཀྱི་དངོས་ཀྱི་གཞལ་བྱ་ཡིན་པས་སོ། །དེ་ཡང་འདི་ལྟར་ཚད་མས་འཇུག་ཡུལ་རང་མཚན་གཞལ་བ་ན། ཡུལ་དེ་མངོན་དུ་གྱུར་ན་དེ་དངོས་སུ་གཞལ་ལ་ལྐོག་ཏུ་གྱུར་ན་དེའི་སྤྱི་མཚན་ལ་བརྟེན་ནས་དེ་གཞལ་དགོས་པས་གཞལ་བྱ་གཉིས་ནི་ཡོད་ལ་གཉིས་ལས་གཞན་མེད་དེ་ཡུལ་མངོན་ལྐོག་གཉིས་སུ་གྲངས་ངེས་པས་སོ། །ཁ་དོག་གི་སྤྱི་དེ་ལ་མི་རྟག་པའི་སྤྱི་རབ་སྦྱོར་ཕྱིར་རྗེས་དཔག་གི་ཚད་མ། གཞན་ནི་ཡོད་པ་མ་ཡིན་ནོ། །སྐྲ་ཤད་སོགས་ནི་དོན་དུ་གྲུབ་པ་མེད་པས་ན་རང་མཚན་མིན་ལ། ཞེན་པ་མེད་པས་སྤྱིའང་མིན་ནོ། །འོ་ན་གསལ་བར་སྣང་བས་ཡུལ་ཕུང་གསུམ་པར་


MR08_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཞེ་ན། ཕྱི་རོལ་དུ་སྐྲར་གྲུབ་པ་ནི་མེད་པས་མེད་པ་གསལ་སྣང་ཡིན་ལ། གསལ་སྣང་གི་ཤེས་པ་རང་མཚན་ནོ། །དེའི་སྤྱི་ཤར་བ་ནི་སྤྱི་མཚན་ནོ། །ཡང་བྱས་སོགས་རྟགས་ལས་སམ་ངེས་པས་ཁ་དོག་མི་རྟག་པར་འཛིན་པ་ནི་རང་སྤྱི་འདྲེས་པ་ཡིན་པས་དེ་འཇལ་གྱི་ཚད་མ་གཞན་དགོས་སམ་ཞེ་ན་མིན་ཏེ་གཞལ་བྱ་གཅིག་ཚད་མ་དུ་མས་ཡང་ཡང་ཤེས་པ་ཚད་མ་ཕུང་གསུམ་པའང་མ་ཡིན་ཏེ། དེ་ལྟ་ན་ཚད་མ་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ་དཔེར་ན་དྲན་པ་དང་འདོད་སྡང་སོགས་ཚད་མ་ཕུང་གསུམ་མིན་པ་བཞིན་ནོ། །དོན་ལ་དོན་རང་རང་གི་མིང་སྦྱོར་ནས་འཛིན་པ་དང་དོན་ལ་རིགས་དང་བྱ་བ་ཡོན་ཏན་ལ་སོགས་པ་སྦྱོང་བ་བ་ལང་བ་ལང་གི་རིགས་དང་འདྲེས་པའམ་བ་ལང་དཀར་པོ་ལྟ་བུ་ལ་སོགས་པ་ཡི། རྟོག་པ་དང་བྲལ་བ་ནི་མངོན་སུམ་མོ། །དེ་ལ་རྟོག་བྲལ་མ་འཁྲུལ་པ་མངོན་སུམ་ཚད་མའི་མཚན་ཉིད་ཡིན་ལ། དེ་ལ་འབྲལ་བྱ་རྟོག་པ་གང་ཞེ་ན་ངོ་བོ་ཉིད་ཀྱི་ཁམས་གསུམ་པའི་སེམས་སེམས་བྱུང་དང་། རྩིང་ཞིབ་ཀྱི་རྟོག་དཔྱོད་ལྟ་བུ་དེ་མིན་གྱི་སྒྲ་དོན་འདྲེས་པར་འཛིན་པའམ། སྒྲ་དང་འདྲེར་རུང་བའི་དོན་འཛིན་པའི་ཤེས་པའོ། །དེ་ཡང་ཇི་ལྟར་ན་དོན་རང་རང་གི་མིང་དང་འདྲ་བ་དང་དོན་ལ་དོན་སྦྱར་ཏེ་རིགས་སོགས་འཛིན་པའི་འདྲེས་པ་དེ་མིན་


MR08_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པར་དོན་སིལ་བུ་མ་འདྲེས་པ་ཆ་སོ་སོ་ནས་རྣམ་པ་གཏད་པ་ལྟར་སྣང་ཙམ་ཐ་སྙད་དུ་བྱར་རུང་བ་མིན་པའི་དབང་ཤེས་ཙམ་ནི་རྟོག་བྲལ་ལོ། །ཡུལ་དབང་གཉིས་ལས་དབང་པོ་ནི་ཤེས་པ་ལྔའི་ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར། སྒོ་ལྔའི་ཤེས་པ་ལྔ་པོ་དེ་ཡི་གོ་བྱེད་ཀྱི་ཐ་སྙད་དབང་པོས་བྱས་ཏེ་དབང་པོའི་ཤེས་པ་ཞེས་བཏགས་ཏེ་རྔ་སྒྲ་དང་ས་མྱུག་བཞིན་ནོ། །དབང་ཤེས་དེར་རང་གི་གཟུང་དོན་རྡུལ་ཕྲན་ཁྱད་པར་ཅན་དུ་མས་བསྐྱེད་དགོས་པའི་ཕྱིར། ཤེས་པ་རང་ཡུལ་ལམ་རང་གི་དོན་ཚོགས་པའམ་བསགས་པ་སྤྱི༷་ཡི་སྤྱོད་ཡུལ་ཅན་ཏེ་མ་ལྟོས་པ་རེ་རེས་མིན་ལ་ལྟོས་པའི་རགས་སྣང་གཅིག་ཀྱང་མིན་ནོ། །བྱས་མི་རྟག་སོགས་ལྡོག་པ་དུ་མའི་ངོ་བོར་གྱུར་པའི་ཆོས་ཅན་སྒྲ་ལྟ་བུ་ནི། དབང་པོ་ལས་དུ་མའི་བདག་ཉིད་དེ་ལྟ་བུར་རྟོགས་པ་སྲིད་པ་མ་ཡིན་ཏེ་རང་མིན་ཀུན་ལས་ལོག་པའི་ཆའམ་ཆ་མེད་གཅིག་ལ་དུ་མ་མེད་པར་སྣང་བས་སོ། །དེས་ན་དབང་ཤེས་སོ་སོ་རང་རང་གིས་རིག་པར་བྱ་བ་གང་ཞིག་སྒྲ་རྟོག་གི་ཐ་སྙད་ཀྱིས། བསྟན་པར་བྱ་ནུས་པ་མིན་པ་ཡི་ངོ་བོ་དེ་ནི་དབང་པོའི་ཡུལ་དུ་གྱུར་པའི་དོན་རང་མཚན་ནོ། །ཡིད་ཀྱང་རྟོག་མེད་དེ་ཕྱི་དོན་རང་མཚན་ལ་དམིགས་པའི་ཕྱིར་དང་། མཚན་གཞི་ཆགས་པ་དང་སྡང་བ་བདེ་བ་ལ་སོགས་པ་ལྟ་བུ། རང་རིག་དབང་པོ་ལ་མ་བརྟེན་པའང་ཤེས་པ་


MR08_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཚན་འཛིན་པའི་རྟོག་པ་མེད་པ་ཡིན་ནོ། །ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་དུ་བྱ་བ་ཇི་སྙེད་པ་རྣམས་ཀྱི་བླ་མ་བདག་མེད་པའི་གནས་ཚུལ་ལ་ཞུགས་པའི་བློས་སངས་རྒྱས་དེས་བསྟན་པར་གྱུར་པའི་བདེན་བཞིའི་དོན་སྒྲ་སྤྱི་དང་དོན་སྤྱིའི་རྟོག་པ་དང་མ་འདྲེས་པ་ཡི་དོན་ཙམ་མཐོང་བ་ནི་རྣལ་འབྱོར་མངོན་སུམ་མོ། །དེ་ལ་རྣལ་འབྱོར་ནི་རྩེ་གཅིག་ཏུ་བསྒོམ་པའོ། །རྣམས་ཞེས་པ་འཇིག་རྟེན་པའི་བསམ་གཟུགས་འདས་པའི་ཟད་ཟིལ་གནོན་གཉིས་ཀའི་ཚད་མེད་ལ་སོགས་པའོ། །དེ་ཡང་རྒྱལ་བའི་ཡུམ་ལས། རྣལ་འབྱོར་དུ་བྱ་བ་གང་ཇི་སྙེད་དུ་ཡོད་པ་དེ་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་རབ་ཅེས་བྱའོ། །མཆོག་ཅེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། དངོས་པོའི་གནས་ཚུལ་མཐར་ཐུག་པ་གཞལ་བས་དེའི་གོང་ན་གཞན་མེད་པའོ། །དེས་མཚོན་ཏེ་མི་བསླུ་བ་ཐམས་ཅད་དོ། །ཆགས་སོགས་རང་རིག་མངོན་སུམ་ཡིན་ན་རྟོག་པའང་དེར་འགྱུར་རོ་ཞེ་ན་དེ་ཡིན་ཏེ་འདི་ལྟར་རྟོག་པའང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཉིད་དུ་འདོད་དོ། །རྟོག་བྱའི་དོན་ལ་ལྟོས་ནས་རྟོག་མེད་མ་ཡིན་ཏེ་དོན་དེར་སྒྲ་དང་འདྲེས་པར་རྟོག་པའི་ཕྱིར། སྨིག་རྒྱུ་ལ་ཆུར་འཛིན་ལྟ་བུའི་


MR08_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཤེས་དང་། བུམ་པའི་རྡུལ་བརྒྱད་ཚོགས་པ་ལ་བརྡ་ལ་བརྟེན་ནས་བུམ་པའོ་སྙམ་དུ་རྟོག་པ་སོགས་བརྡ་རྟེན་ཅན་ཀུན་རྫོབ་འཛིན་པའི་ཤེས་པ་དང་། འདིས་རྗེས་སུ་དཔོག་པར་བྱེད་པའི་རྟགས་འཛིན་སྟོན་པ་རྗེས་སུ་དཔག་པར་རྟོགས་པ་དང་། རྗེས་སུ་དཔག་པ་ལས་བྱུང་བའི་རྟོག་པ་ནི་རྟེན་ཅན་བློ་སྟེ་རྗེས་དཔག་དངོས་སོ། །འདས་དོན་དྲན་པ་དང་། མ་འོངས་པ་མངོན་པར་འདོད་པ་ཅེས་བྱ་བ་འཁྲུལ་ཤེས་དྲུག་པོ་ནི་རྟོག་པ་མངོན་སུམ་ལྟར་སྣང་བའོ། །དེ་སྨྲོས་པ་ཡང་དང་པོ་གཉིས་དབང་པོ་དང་ཉེར་འཇུག་པ་ལ་བརྟེན་ནས་རིགས་པ་ཅན་པས་དབང་ཤེས་སུ་འཁྲུལ་པ་སེལ་བའི་ཆེད་ཡིན་ལ། དེ་ཡི་མཐུན་དཔེར་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་ཤེས་པ་བཞི་སྨྲོས་སོ། །བཞི་པོ་རྟགས་ལ་ལྟོས་མི་ལྟོས་ཀྱི་དབང་དུའོ། །ཕྱི་ནང་གི་འཁྲུལ་རྒྱུས་རྟེན་དབང་པོ་བསླད་པའི་མངོན་སུམ་ལྟར་སྣང་ནི་དཔེར་ན་རབ་རིབ་བཅས་པའི་མཐོང་བ་ལ་སོགས་པ་ལྟ་བུའོ། །ཚད་མ་དེས་འདི་ལྟར་དོན་རྟོགས་པའི་བྱ་བ་དང་བཅས་པར་གཞལ་བྱ་རྟོ༷གས་པའི་ཕྱིར། བྱ་བ་དེའི་ཆ་ནས་འབྲས་བུ་ཉིད་ཡིན་ལ་རྟོགས་བྱེད་དམ་འཇལ་བྱེད་དེ་ལ། བྱེད་པའི་ཆ་ནས་དོན་འདྲ་བ་ལ་ཚད་མ་ཉིད་དུ་ཐ་སྙད་འདོགས་པ་སྟེ། སྐབས་སུ་ཚད་འབྲས་སུ་རུང་སྟེ་རང་གི་གཞལ་བྱ་རྟོགས་པ་ལ་བྱེད་པོ་


MR08_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་ལོགས་སུ་བྱ་བ་གཞན་དུ་མེད་པའང་མ་ཡིན་ནོ། །ཡང་ན་བྱ་བ་མེད་པ་དབང་པོ་དང་ཕྲད་པ་སོགས་ཚད་མ་མིན་ཏེ་བྱ་བ་ལ་བར་དུ་ཆོད་པའི་ཕྱིར་རོ། །དེས་ན་ཚད་འབྲས་ཐ་དད་པ་ནམ་ཡང་མི་སྲིད་ཅེས་སོ། །དེའང་སྒྲས་བསྟན་ནམ་སྙམ། ཡང་ན་ལེགས་པར་དཔྱད་ན་མྱོང་བ་རང་རིག་ནི་འབྲས་བུ་སྟེ་དོན་ཁས་ལེན་ན་ཡང་རང་རིག་འབྲས་བུ་ཡིན་དགོས་པའི་འཐད་པ་ནི་བློ་རྣམ་མེད་དུ་མི་རུང་ལ་རྣམ་བཅས་ཡིན་དགོས་པའི་གནད་དོ། །གཟུང་རྣམ་འཛིན་རྣམ་གྱིས་མྱོང་བ་རང་རིག་དེ་ཡི་ངོ་བོ་ལས་དོན་ངེས་ཀྱི་གཞན་དུ་ངེས་མི་སྲིད་པས་སོ། །དེའི་རྒྱུན་རང་རིག་གིས་དོན་ངེས་པའང་འདི་ལྟར་འདོད་མི་འདོད་མྱོང་བ་དེས་དོན་རིག་པར་འཇོག་པའི་ཕྱིར་རོ། །དེ་གཉིས་ཀས་མ་མྱོང་ན་ནི་དོན་མྱོང་བར་གཏན་མི་སྲིད་ལ་དོན་རྗེན་པ་མྱོང་ན་དོན་སྣ་ཚོགས་སུ་ཐལ་བའི་ཕྱིར་རོ། །དེ་ལྟ་ནའང་ཡུལ་སྔོ་སོགས་ཀྱི་སྣང་བའམ་རྣམ་པ་གཟུང་རྣམ་ཉིད་དེ་ནི་ཕྱི་རོལ་གྱི་སྔོ་སོགས་འདིའི། ཡུལ་ཅན་ཚད་མ་ཡིན་ཏེ་སྔོ་འཛིན་དེ་ཡིས་དེ་འཇལ་བར་བྱེད་དོ། །དེ་ལྟ་ནའང་ཚད་འབྲས་ཡུལ་ཐ་དད་མིན་ཏེ་དོན་གཟུང་བར་སྣང་ཡང་རང་མྱོང་བ་ལས་མ་འདས་པས་སོ། །སྨྲས་པ། གང་ཚེ་སྣང་བ་གཟུང་རྣམ་དེ་གཞལ་བྱ་དང་། ཚད་མ་དང་ནི་དེའི་


MR08_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ། ༢ འཛིན་དང་ ༣ སྣང་བ་དེ་རྣམ་པ་རིག་པ་ཡིན་པ་དེ་ཡི་ཕྱིར། དེ་གསུམ་ནི་དོན་དུ་ཤེས་པ་གཅིག་གི་བདག་ཉིད་དུ་དབྱེར་མེད་པས་ཐ་དད་དུ་མ་བྱས་གཞན་དུ་མེད་པར་གཅིག་ཏུ་འདོད་ཅེས་སོ། །ཤེས་པ་གཅིག་གི་གཟུང་འཛིན་རིག་གསུམ་ལ་ཚད་འབྲས་གཞལ་གསུམ་བཞག་གི་ཚད་འབྲས་གཞལ་གསུམ་ཐ་དད་དུ་མ་བྱས་ཏེ་དེ་གསུམ་དོན་ལ་དབྱེར་མེད་པའི་ཕྱིར་ཏེ་བློ་བདག་རྣམ་དབྱེར་མེད་ཅེས་སོ། །དེ་སྒྲུབ་པ་ལ། ཡུལ་སྔོ་སོགས་ཤེས་པ་གཟུང་རྣམ་དང་གཟུང་རྣམ་དེ་ཤེས་པའི། འཛིན་རྣམ་གྱི་དབྱེ་བ་ཡོད་པས་བློ་ཡི་ཚུལ་གཉིས་ཡོད་པ་ཉིད་དུ་སྒྲུབ་ལ། དང་པོ་བློ་ཡི་ཚུལ་གཉིས་མྱོང་བས་སྒྲུབ་པ་ལ། ཡུལ་ཡོད་པ་ཡུལ་འདོད་མི་འདོད་དུ་མྱོང་བ་དང་། འཁྲུལ་བས་མར་མེ་སོགས་ཀྱི་དཀྱིལ་འཁོར་མཐོང་བ་འདས་སོགས་དྲན་པ་ལྟ་བུའི་ཡུལ་མེད་པ་ལ་བརྟེན་ནས་བློ་ལ་ཚུལ་གཉིས་སུ་སྒྲུབ་པའོ། །མྱོང་བ་དེ་ལས་ཕྱིས་དེ་འདྲའི་ཡུལ་ཡུལ་ཅན་སོ་སོའི་ཆ་དྲན་པ་ལས་ཀྱང་ཚུལ་གཉིས་གྲུབ་བོ་ཞེས་སོ། །དུས་སྔར་མྱོང་བ་ལས་ཕྱིས་བློ་རྣམ་བཅས་སུ་དྲན་པ་ལས་ཀྱང་གྲུབ་སྟེ། ཇི་ལྟར་དྲན་ན་སྔོ་འཛིན་སེར་འཛིན་ལ་སོགས་པའི་བློ་དྲན་པ་ན་ཡུལ་དེ་དེའི་རྣམ་ལྡན་དུ་དྲན་པས་སོ། །དེ་ཡང་སྔར་སྔོ་སོགས་མྱོང་བྱེད་


MR08_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བློ་ལ་སྔོ་སོགས་ཀྱི་རྣམ་པ་དེ་མེད་ན་དེ་དྲན་མི་ཤེས་ཏེ་དུང་མཐོང་བ་དྲན་པ་དེ་ལ་ནག་པོ་མི་དྲན་པ་བཞིན་ནོ། །དེ་ལྟ་ན་ཤེས་པ་སོ་སོ་ཐ་དད་དུ་དབྱེ་མི་ནུས་ཏེ་ཤེས་པ་ཙམ་དུ་ཁྱད་མེད་པས་སོ། །འཛིན་རྣམ་ཡང་ཡོད་དེ་ཤེས་པ་དང་པོ་གཉིས་པ་སོགས་ཀྱི་དམིགས་ཚེ་རྣམ་པ་གཅིག་གིས་ལྷག་པའི་ཁྱད་པར་ཅན་དུ་དྲན་པའམ་དམིགས་པས་སོ། །དེས་ན་དྲན་པས་ཀྱང་ཚུལ་གཉིས་སུ་གྲུབ་སྟེ། མ་མྱོང་ན་རྩ་བ་མེད་པས་དྲན་པ་མི་རིགས་སོ། །ཡུལ་སྣང་དང་ཤེས་སྣང་སོ་སོར་དྲན་ཏེ་གཅིག་ཡིན་ན་ཡུལ་དྲན་པ་དང་ཤེས་པ་དྲན་པ་ལ་ཁྱད་མེད་པར་མི་འགྱུར་བར་དྲན་རྒྱུ་ཡོད་པས་སོ། །བློའི་སྟེང་ན་སྔོན་པོར་སྣང་བ་དང་སྔོ་འཛིན་གཉིས་མེད་ན་སྔོན་པོ་དྲན་པ་དང་སྔོ་འཛིན་དྲན་པ་ལ་ཁྱད་མེད་པར་འགྱུར་ནའང་དེ་མིན་ཏེ་གཟུང་རྣམ་རེ་རེས་ལྷག་པའི་ཁྱད་ཡོད་པས་སོ། །ཞེས་སོ། །དེ་ལ་གཉིས་མེད་ན་ཤེས་པ་དང་པོ་ཡུལ་དང་ཁྱད་མེད་དུ་སྣང་ལ་ཤེས་པ་ཕྱི་མ་རྣམས་ཡུལ་དང་བཅས་པར་མི་དྲན་ཏེ། དེ་ཡང་འཛིན་པ་ཙམ་ལས་གཟུང་རྣམ་ཐ་དད་དུ་ཡོད་ན་ཤེས་པ་དང་པོ་དང་སྔོ་སྣང་ལ་ཁྱད་མེད་ལ། གཟུང་རྣམ་ལས་འཛིན་རྣམ་ཐ་དད་དུ་མེད་ན་ཕྱི་མ་རྣམས་ཡུལ་དང་བྲལ་བར་འགྱུར་རོ། །དེ་ལྟར་དངོས་སུ་ཚུལ་གཉིས་གྲུབ་


MR08_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ནི་རང་རིག་ཀྱང་གྲུབ་པར་འགྱུར་ཏེ། ཚུལ་གཉིས་དང་ནི་རང་རིག་གྲུབ་པ་གཅིག་པས་སམ་ཁྱད་མེད་དེ། གཅིག་གྲུབ་ལ་གཅིག་མ་གྲུབ་མི་ཤེས་པས་སོ། །ཞེས་གཅིག་ཏུ་བསྡུ་བའི་ཚིག་གོ། དེའི་རྒྱུ་མཚན་ཡང་ལར་བློ་ཀ་བུམ་ལྟར་ཚུལ་གཉིས་ཐ་དད་དུ་ཡོད་དུ་ཟིན་ཀྱང་བློ་དེ་གཉིས་རྫས་གཞན་མིན་པར་ངོ་བོ་གཅིག་ཡིན་པའི་ཚུལ་གྱིས་གཅིག་གིས་གཅིག་མྱོང་བ་མེད་ན་གཅིག་གཅིག་གི་རྣམ་པ་ཅན་དུ་དྲན་པ་འདི་མེད་པའི་ཕྱིར་ཏེ་ཀ་བ་དྲན་ཚེ་བུམ་པ་མི་དྲན་པ་བཞིན་ནོ། །རྒྱུ་མཚན་བློ་རང་གིས་རང་མ་མྱོང་བར་རྣམ་བཅས་སུ་དྲན་པ་འདི་མེད་པའི་ཕྱིར་རོ། །སྐྱོན་མེད་དེ་བློ་རང་ལས་ཤེས་པ་གཞན་གྱིས་ཉམས་སུ་མྱོང་ཞེ་ན། ཐུག་མེད་དུ་འགྱུར་བློ་མྱོང་བྱེད་དེ་ལའང་དྲན་པ་མཐོང་བས་སྟེ། དེ་ཡང་སྔ་མ་དེ་བཞིན་གཞན་གྱིས་མྱོང་ན་ཤེས་པས་ནང་བློ་ཁོ་ན་གཅོད་ཀྱི་ཕྱིའི་ཡུལ་གཞན་ལ་འཕོ་བ། མེད་པར་འགྱུར་ན་ཕྱི་རོལ་ལ་འཕོ་བ་དེ་ཡང་མཐོང་བའི་ཕྱིར་རོ་སྟེ་མི་འཐད་དོ། །རྩོད་པ་སྒྲུབ་པ་ཞེས་པ་དེ་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་མ་ཡིན་ཏེ། རྒྱུ་མཚན་སློབ་དཔོན་གྱིས་དེ་ལ་ངེས་པར་སྙིང་པོ་མེད་པར་དགོངས་ནས་རང་ལུགས་མ་མཛད་པས་སོ། །གཞན་དུ་དེ་ལ་ཁུངས་མཛད་ན་ཆ་ཤས་སུ་གསུང་


MR08_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཞེས་རྩོད་སྒྲུབ་ཀྱི་ལུགས་དེ་རྟོག་གེ་སྣ་ཚོགས་པའི་ལུགས་བསྲེས་པ་ཙམ་ཡིན་པས་རང་ལུགས་མིན་གལ་ཏེ་ཡིན་ན་ཆ་ཤས་ཏེ་དེའི་ཕྱོགས་གཅིག་གི་དབང་དུ་གསུང་རིགས་པ་ལ་དེ་མེད་པས་སོ། །དེས་ན་ཁོ་བོས་དེར་བཤད་པ་ལ་འཐད་མི་འཐད་བརྟག་པར་བྱའོ། །དེ་ལ་རྩོད་སྒྲུབ་ལས་གང་གི་སྒོ་ནས་ཐ་སྙད་འདོགས་པའི་ཕྱིར་དོན་དེ་ཁོ་ན་ལས་དངོས་སུ་སྐྱེས་པའི་རྣམ་པར་ཤེས་པ་ནི། མངོན་སུམ་ཡིན་ནོ་ཞེས་བྱ་བ་འདིར། དོན་དེ་ཞེས་པས་རྐྱེན་ཀུན་བརྗོད་པ་ཡིན་ན། མངོན་སུམ་གང་དེ་དམིགས་རྐྱེན་དེ་འབའ་ཞིག་གམ་ཁོ་ན་ལས་སྐྱེ་བ་ནི་མིན་ཏེ་རྐྱེན་བཞིས་ཤེས་པ་སྐྱེ་བའི་ཕྱིར་དེ་ལྟ་ན་ཡང་དོན་ལའང་སྐྱེ་བའི་མངོན་སུམ་ཁོ་ན་རྟོགས་པར་མི་འགྱུར་ཏེ་སེམས་སེམས་བྱུང་ཐམས་ཅད་རྐྱེན་ཀུན་ལས་ཅི་རིགས་པར་སྐྱེ་བས་སོ་ཞེས་རྩོད་སྒྲུབ་མཁན་པོས་མི་འདོད་ཀྱང་སྤྱིར་མཐའ་གཅོད་པའོ། །ཐ་སྙད་དུ་བྱེད་རྒྱུ་དམིགས་རྐྱེན་ཡུལ་ལ་བརྗོད་པས་སྐྱོན་མེད་ཅེ་ན། དེ་ལའང་ཀུན་སྒྲ་འཇུག་སྟེ་དམིགས་པ་ཆོས་རྣམས་ཐམས་ཅད་དོ་ཞེས་གསུངས་པས་སོ། །དོན་ཞེས་པ་དམིགས་རྐྱེན་ཡུལ་ཁོ་ན་བརྗོད་པའོ་ཞེ་ན་དྲན་མངོན་འདོད་སོགས་ཀྱི་གཟུགས་དྲན་པ་རོ་མངར་པོ་ཟ་འདོད་པ་ལ་མེ་ལྡན་དུ་


MR08_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དཔོག་པ་སོགས་ཀྱང་ངོ་། །ཤེས་པའང་དེར་ཐལ་དེའི་ཕྱིར་ཏེ་དེ་ལ་རང་ཡུལ་དེ་ལས་གཞན་ལ་དམིགས་ཡུལ་དུ་བྱས་པ་ལ་ལྟོས་པ་མ་ཡིན་པས་སོ། །ཡང་རྩོད་སྒྲུབ་ལ་སྨྲས་པ། དོན་དེ་ལས་སྐྱེས་པའི་ཤེས་པ་མངོན་སུམ་མོ་ཞེས་པ་ལ། དོན་དེ་དང་མཐུན་པར་སྐྱེས་པ་ཞིག་ལ་ཟེར་རམ་མ་མཐུན་ཀྱང་རྒྱུ་བྱེད་པ་ཙམ་གྱིས་ཡིན། དང་པོ་ལྟར་ན་མི་སྲིད་དེ། དབང་པོ་ལ་ཇི་ལྟར་སྣང་བ་རགས་པ་དེ་ནི་དོན་དུ་ཡོད་པ་མིན་ལ། ཀུན་རྫོབ་ཡིན་པ་དེ་ཡི་ཕྱིར་ན་དོན་དམ་དུ། སེམས་རྣམ་མེད་ཀྱི་དམིགས་པ་གཟུགས་སོགས་དོན་ལྔ་རྣམས་སོ། །སྐད་ཅིག་མ་དང་རྡུལ་ཕྲན་ཚོགས་པ་ཡིན་པས་དོན་དངོས་དེ་ལ་ཐ་སྙད་དུ་མ་བྱས་ཏེ་མི་ནུས་པས་སོ། །རྡུལ་ཕྲན་སོ་སོ་བ་ལ་དམིགས་ཀྱང་དེའི་སྒོ་ནས་ཐ་སྙད་དུ་མ་བྱས་ཞེས་ཀྱང་གསུངས། འོན་ཏེ་རྒྱུ་ཡིན་པས་ཡིན་ན་དབང་པོའི་རྡུལ་ཕྲ་རབ་ཀྱང་འཁྲུལ་མ་འཁྲུལ་གྱི་དབང་ཤེས་ཀྱི་རྒྱུར་ཐལ་ལོ་ཞེས་སོ། །གཉིས་པ་ལ་ཤེས་པ་རྣམས་ནི་གཟུགས་ཤེས་སྒྲ་ཤེས་ཞེས་ཡུལ་གྱི་ཐ་སྙད་བྱེད་ཀྱི་དོན་གཟུགས་སོགས་ཡུལ་གྱིས་ངོ་བོས་དབེན་པ་རྡུལ་སིལ་བུ་པ་ཡང་། ཐ་སྙད་ཀྱིས་བརྗོད་བྱ་མ་ཡིན་པས་ཡུལ་གྱི་སྒོ་ནས་བསྟན་བྱའི་དོན་རེག་པས་ན་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་འདི་ཡང་། རྡུལ་སིལ་བུ་པ་མིན་པའི་


MR08_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའམ་སྤྱི༷་ཡི་ཚུལ་གྱིས་བསྟན་པར་བྱ་བ་ཡིན་པ། དེས་ན་དོན་དེ་སྐྱེས་ཞེས་པ་དབང་པོའི་མངོན་སུམ་གྱི་ཐ་སྙད་དུ་མི་བྱ་བ་ཁོ་ནའོ། །རིགས་པ་ཅན་པ་རྣམས་ནི་མིག་སོགས་དབང་པོ་དང་གཟུགས་སོགས་དོན་སྦྱོར་ཞིང་ཕྲད་པ་ལས་སྐྱེས་པའི་ཤེས་པ་རྟགས་དང་ངོ་བོས་བསྟན་མི་ནུས་པས་ཐ་སྙད་དུ་བྱ་བ་མ་ཡིན་པ་འཁྲུལ་པ་མེད་པ་འདིའོ་ཞེས་ཞེན་པའི་བདག་ཉིད་ཅན་ནི་མངོན་སུམ་མོ་ཞེས་ཟེར་རོ། །རྐང་མིག་པའི་རྗེས་འབྲང་རིགས་པ་ཅན་པ་རྣམས་དབང་ཡུལ་སྦྱོར་འབྲེལ་སོགས་དྲུག་འདོད་དེ་དངོས་འབྲེལ་གཉིས་དང་བརྒྱུད་འབྲེལ་བཞིའོ། །རྣ་དབང་དང་སྒྲ་འདུ་འབྲེལ་ཏེ། ནམ་མཁའ་རྟག་ཁྱབ་རྣ་བའི་བུ་གར་འབྲེལ་བས་དེའི་ཡོན་ཏན་དང་འདུའོ། །བདག་ནི་ཡིད་དང་སྦྱར་བའི་རྫས་སུ་འདོད། དབང་དོན་ཕྲད་པས་ཟླ་བ་གཉིས་སྣང་སོགས་གཅོད། འཁྲུལ་པ་མེད་པས་སྨིག་རྒྱུ་ཆུར་འཛིན་སོགས་དབང་ཤེས་མིག་དབང་འཁྲུལ་བ་གཅོད་པར་འདོད་དོ། །མངོན་སུམ་མཚན་ཉིད་དེ་ཡང་རིགས་པའམ་འཐད་པ་མ་ཡིན་ཏེ། དབང་དོན་ཕྲད་པ་ལས་བྱུང་བའི་བློ་ལ་ནི། ཐ་སྙད་དུ་བྱ་བ་དང་ལ་སོགས་འཁྲུལ་པ་དང་ཞེན་པ་གསུམ་སྲིད་པ་མ་ཡིན་པས་མཚན་ཉིད་ཕྱི་མ་གསུམ་ལ་རྣམ་བཅད་མེད་དོ། །


MR08_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཤེས་ནི་རང་མཚན་དེ་རྟོག་པ་མེད་པས་དེ་ཐ་སྙད་དུ་བྱ་མི་རུང་ལ། སྨིག་རྒྱུ་ལ་འཁྲུལ་པ་ནི་ཡིད་ལ་ཡིན་ཏེ་དབང་པོའི་མིན་ཞེན་པ་ནི་སྤྱིའི་ཚུལ་གྱིས་ངེས་པ་སྟེ་དེ་གསུམ་དབང་པོ་ལ་མི་སྲིད་དོ། །ཕྲད་པའང་མི་འཐད་དེ་མིག་རྣས་དབང་དོན་བར་དང་བཅས་པ་འཛིན་པ་དང་། ཤེས་པ་དབང་པོ་ལས་ལྷག་པའམ་ཆེ་བའང་ཤེས་པའམ་ཐོབ་པར་མི་འགྱུར་བས་སོ། །མིག་རྣ་གཉིས་དབང་པོ་རང་གི་རྟེན་ལས་ཕྱིར་མི་འཕོ་བས་ཕྲད་པ་མེད་དོ། །གལ་ཏེ་འཕོ་ན་ནི་དབང་དོན་ཕྲད་རྒྱུའི་དབང་པོ་དེ་མིན་པས། ཡུལ་ལ་འཛིན་པར་ནུས་མ་ཡིན་ཏེ་རྟེན་དང་བྲལ་བས་སོ། །རྟེན་དང་བྲལ་བས་འཛིན་ན་དབང་པོ་བཀབ་པ་དང་ལོང་བས་ཀྱང་འཛིན་པར་ཐལ་ལོ། །བདེ་སྡུག་སོགས་མངོན་སུམ་གྱིས་གཞལ་བྱ་མིན་པའམ་མིན་པར་ཐལ་ཏེ་དབང་དོན་མ་ཕྲད་ཅིང་། དེ་འཇལ་གྱི་དབང་པོ་གཞན་མེད་པས་སོ། །དེ་ཡང་ཡིན་ཏེ། དེ་འཇལ་བརྟགས་ལ་ནི་མི་ལྟོས་པར་ཤེས་ལ། དེ་ལྟ་ན། དེའི་ཡུལ་གང་ལ་ཡུལ་ཅན་གང་སྟེ་མིག་སོགས་ནི་མིན་ནོ། །འམ་སྒྲས་དེ་གཞལ་ན་དེའི་ཡུལ་ཅན་ཚད་མའམ་མངོན་སུམ་གཞན་ཞིག་ཡོད་དགོས་སོ་ཞེས་སོ། །ཡང་ན་གལ་ཏེ་དེ་འཇལ་བྱེད་དབང་པོ་གཞན་ཞིག་ཡོད་


MR08_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པར་ཐལ་ལོ། །དེ་འདོད་ན་ཡིད་དབང་པོ། གྲངས་ཅན་སོགས་ཀྱིས་བཤད་པ་དེ་ཡང་བཀག་པ་མེད་ཕྱིར་དོན་གྱིས་ཡོད་པར་ཐོབ་ཅེ་ན། དབང་པོ་གཞན་སྣ་ཚོགས་ཀྱི་སྒྲ་སྨྲོས་པ་དོན་མེད་པར་འགྱུར་རོ། །གཞན་ཡང་ཚད་འབྲས་ཐ་དད་དུ་བཞག་པ་དེ་མི་འཐད་པར་ཐལ། འབྲས་བུ་ངེས་པ་དེ་ནི་ཚད་མའི་དུས་ན་ཡོད་པའི་ཕྱིར་ངེས་པའི་བདག་ཉིད་ཅན་མངོན་སུམ་དོན་ལ་ཁོ་རང་ལས་ཚད་མའི་འབྲས་བུ་མེད། མངོན་སུམ་གྱིས་ཡུལ་ཤེས་པ་དེ་ཡི་ཡང་ནི་གཟུགས་སོགས་ཀྱི་ཁྱད་པར་ཤེས་པའི་ཚད་མ་ཁོ་རང་ཉིད་ལས། དོན་གཞན་ཁྱད་པར་ཅན་ཤེས་པ་འབྲས་བུར་སྨྲ་བར་འགྱུར་ན་ནི། སྤྱི་སོགས་ཁྱད་པར་དུ་བྱེད་པའི་ཤེས་པ་ཚད་མ་དང་རྟག་པ་སོགས་ཁྱད་པར་དུ་བྱ་བའི་ཤེས་པ་འབྲས་བུ་སྟེ། ཁྱད་པར་གཟུང་བ་ཙམ་ཁྱད་པར་བྱེད་པ་བཟུང་བ་ཡིན་ལ། ཁྱད་པར་ཅན་བཟུང་བ་ཁྱད་པར་དུ་བྱ་བའི་གཞི་ཡིན་པས་སོ་སྙམ་ན། ཁྱད་པར་ལ་དེར་ཤེས་པ་མིན་ཏེ་དེ་གཉིས་ཡུལ་ཐ་དད་པའི་ཕྱིར། ཁྱད་པར་བྱེད་ཤེས་དེ་ལ་ཁྱད་པར་དེ་རྟོགས་པ་ཡོད་པ་མིན་ནོ་གལ་ཏེ་བྱེད་ཤེས་དེ་ལ་ཚད་གཞལ་གཉིས་ཀར་འགྱུར་ཤེ་ན། མ་ཡིན་ཏེ་དེ་ལྟ་ན་ཁྱད་པར་བྱ་བའི་ཤེས་པ་ལའང་གཉིས་ཀར་


MR08_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་རོ། །ཤེས་བྱ་ཁོང་དུ་ཆུད་ཀྱང་སྔར་རྒྱུད་ལ་ཡོད་པའི་མ་རྟོགས་སོགས་ལོག་པ་འགྲུབ་པོ་ཞེ་ན། མངོན་སུམ་རྣམས་གཟས་ཙམ་གྱིས་སྐྱེ་བ་ལ་དེའི་སྔར་མ་རྟོགས་པ་ལོག་རྒྱུ་ཅི་ཞིག་ཡོད། ཡོད་ཀྱང་དེ་ལོག་པ་མེད་པ་ཙམ་ཡིན་པས་དེ་གཞལ་བྱར་གྱུར་པ་ནི་དཔྱད་དུ་མི་བཟོད་དོ། །མེད་པ་ནི་སུའི་འབྲས་བུར་མི་རུང་ངོ་། །མ་རྟོགས་ལོག་རྟོགས་ཐེ་ཚོམ་ལ་སོགས་སྔར་ཡོད་ལོག་པ་ཤེས་པ་ཀུན་ལ་མིན་ཏེ་དེ་མེད་ཀྱང་ཚད་མ་སྐྱེ་བ་མཐོང་བས་སོ། །སྔར་ཡོད་པ་གསར་དུ་ལོག་ཀྱང་ལོག་པ་ནི་མེད་པ་ཙམ་ཡིན་ཕྱིར་འབྲས་བུ་མིན་ནོ། །བྱེ་བྲག་པ་རྣམས་ནི་བདག་དང་དབང་པོ་དང་ཡིད་དང་གསུམ་པོ་དོན་དུ་ཕྲད་པ་ལས་གང་གྲུབ་པ་དེ་གཞན་ཡིན་ནོ་ཞེས་སོ། །ཡོད་པ་སོགས་སྤྱི༷་དང་ཁྱད་པར་ལ་ལྟོས་པ་དང་བུམ་སོགས་རྫས་དང་སྔོ་སོགས་ཡོན་ཏན་དང་འགྲོ་སོགས་ལས་ལ་ལྟོས་ནས་འདིའོ་ཞེས་བཟུང་བ་ནི་མངོན་སུམ་མོ་ཞེས་བརྗོད་པར་མི་བྱ་སྟེ། དབང་ཤེས་རྣམས་རང་ཡུལ་ལ་ལྟ་བའི་དོན་ཅན་ཙམ་ཡིན་ཕྱིར་རྟོག་པ་མིན་པས། ཁྱད་པར་ལྔ་པོ་དེ་རྣམས་དང་ཁྱད་པར་ཅན་སྦྱར་བར་མི་བྱ་བ་ཡིན་ནོ། །དུ་མས་གཟུང་བྱ་ནི་གཅིག་མིན་ཏེ་ཡིན་ན་གཟུགས་དང་སྒྲ་ལ་སོགས་ཀྱང་གཅིག་པར་འགྱུར་རོ། །དབང་པོ་དུ་མས་གཟུང་བྱ་གཅིག་མིན་པར་མཐོང་


MR08_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་ན་དབང་པོ་དུ་མ་ལས་གཅིག་པུ་དེ་མཐོང་བ་མིན། མཐོང་ན་དབང་པོ་གཞན་དོན་མེད་པར་འགྱུར་བའི་ཕྱིར་རོ་སྟེ་གཅིག་ཡུལ་གཅིག་གིས་མཐོང་བས་སོ། །དབང་པོས་ནི་རང་ཡུལ་ཡིན་ན་དངོས་པོ་ཐ་དད་ཀྱང་འཛིན་ནུས་ཏེ་མིག་ཤེས་གཅིག་གིས་སྔོ་སེར་སོགས་བཞིན་ནོ། །གཟུགས་སོགས་སོ་སོ་ལའང་དབང་པོ་ཀུན་གྱིས་རང་ཡུལ་འཛིན་པར་འགྱུར་ཏེ་རྫས་སོགས་བཞིན་ནོ། །རྫས་དང་གྲངས་དང་ལས་ལ་སོགས་ལ་འཛིན་པ་མིན་ཏེ་བུམ་པ་རྩུབ་མོའོ་སྙམ་དུ་མིག་གིས་སམ་མཐོང་ཟིན་བུམ་པ་མུན་ཁང་དུ་རེག་ཚེ་བུམ་པ་དཀར་པོ་སོགས་ཁྱད་གཞི་ཁྱད་ཆོས་སྦྱར་ཏེ་འཛིན་སྙམ་ན་དབང་པོ་གཞན་གྱི་ཡུལ་སྒྲ་ལྟ་བུ་ལ། དྲི་དང་རེག་བྱ་སོགས་གཞལ་བྱའི་ཡུལ་དུ་མེད་ཕྱིར་དབང་པོ་གཞན་གྱི་སྤྱོད་ཡུལ་མིན། གལ་ཏེ་ཁྱད་པར་བྱ་བྱེད་ཀྱི་དོན་དེ་དག་དབང་པོའི་ཡུལ་དུ། རྫས་ཡོན་སོགས་ཡུལ་དེ་དབང་ཡུལ་དུ་མཚུངས་པར་འདོད་ཅེ་ན། རྫས་རྟེན་གཞན་ལ་རྟེན་པར་མི་འདོད་པ་ལའང་རྟེན་པར་ཐལ་བར་འགྱུར་ཏེ་སྔོ་སོགས་རྫས་ལྡན་དུ་རྟོག་པས་སོ། །དབང་པོ་ཐ་དད་པས་ཐ་དད་དུ་བསྒྲུབ་པ་ནི་མ་ངེས་ཤེ་ན་དབང་ཡུལ་དེ་ནི་གཞན་དུ་བརྗོད་པ་ཡིན་པས་སྐྱོན་མེད་དོ། །ཡུལ་ཐ་དད་ཡིན་པས་ཇི་སྟེ་


MR08_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མི་ངེས། དབང་པོ་གཅིག་གི་ཡུལ་ཡིན་ཡང་གཅིག་མིན་ན་ཅིས་མི་ངེས་ཞེས་སོ། །ཡང་དབང་པོ་ཐ་དད་ཅེས་པ་དེས་དབང་པོ་ཐམས་ཅད་ཀྱི་ཐ་དད་ལས་སོགས་དབང་པོ་ཐམས་ཅད་པའི་ཐ་དད་དུ་མར་བསྒྲུབ་བྱར་བརྗོད་པ་མ་ཡིན། དབང་པོ་ཐ་དད་མེད་ཀྱང་བློ། ཐ་དད་པའི་ཕྱིར་ནི་ཚིག་དོན་དྲུག་སོགས་ཐ་དད་དུ་འདོད་ན། གཞན་དུ་མདོག་དབྱིབས་གཡོ་སོགས་དང་རྫས་དག་པ་ཐ་དད་མེད་པར་རྒྱུ་མཚན་གང་ལས་ཡིན་ཏེ་མི་འཐད་དེ་དེ་དག་ལ་བློ་ཐ་དད་མཐོང་བས་སོ། །སེར་སྐྱ་པ་རྣམས་ཀྱིས་ནི་རྣ་བ་ལ་སོགས་པའི་དབང་པོ་ལྔ་ཡིད་ཀྱིས་བྱིན་གྱིས་བརླབས་ནས་ཡུལ་ལ་འཇུག་པ་ནི་མངོན་སུམ་དུ་འདོད་དོ། །ཡུལ་སྒྲ་ཡོན་ཏན་གསུམ་གྱི་འཕེལ་འབྲིའི་རིགས་དཔག་ཏུ་མེད་པས་དེ་བཞིན་དབང་པོ་ཐུག་པ་མེད་པ་ཡི་གྲངས་ངེས་ཉམས་པའམ་ཡང་ན་ཡུལ་ཡོན་ཏན་གསུམ་ལྡན་དུ་བཞག་པས་དབང་པོ་ལྔ་ཡང་གཅིག་ཏུ་འགྱུར་རོ། །ཡོན་ཏན་བཀོད་པའི་དབྱིབས་ཀྱི་ཁྱད་པར་མི་འདྲ་བ་འཛིན་པས་གཅིག་ཏུ་མི་ཐལ་ཞེ་ན། དབྱིབས་ནི་དབང་པོ་མིག་ལུས་གཉིས་ཀྱིས་གཟུང་གི་རྣ་སོགས་གསུམ་གྱི་ཡུལ་མ་ཡིན་པས་གནོད་དོ། །གཞན་ཡང་ཡུལ་སྒྲ་ལྟ་བུ་གཅིག་ལ་ཡང་དབྱིབས་དུ་མ་ཡོད་པར་ཐལ་ལོ། །མེད་ན་གསེར་གྱི་རྣ་རྒྱན་དང་སྐྱོགས་ཀྱི་དབྱིབས་ཀྱང་ཡུལ་གཅིག་


MR08_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ན་ཞེས་སོ། །འདིའི་སྐབས་དབྱིབས་ཞེས་རིགས་སམ་ཡོན་ཏན་གསུམ་གྱི་བཀོད་པ་ཙམ་ལ་གོ་དགོས། དེ་ཡང་དབང་པོས་བཀོད་པ་ཙམ་མམ་དེའི་ཁྱད་པར་འཛིན་གཉིས་ཀ་ཁྱད་པར་བྱས་ནས་འཛིན་ན། ཡུལ་ཀུན་གཅིག་ཡིན་པས་ཐ་དད་མེད་པར་འགྱུར། རྣམ་འགྱུར་ཐ་དད་པ་འཛིན་ན་དོན་གྱི་རང་བཞིན་གཙོ་བོ་ནི་འཛིན་པར་མི་འགྱུར་ལ། རང་བཞིན་འཛིན་ན་དོན་གྱི་བྱེ་བྲག་འཛིན་པར་མི་འགྱུར། གཉིས་ཀ་འཛིན་ནའང་ཡིད་བཞིན་རྣམ་པར་རྟོག་པར་འགྱུར། སོ་སོར་འཛིན་ན་དོན་ལྔ་འཛིན་པའི་སྐབས་དེའི་ཚེ་དེའི་རང་བཞིན་སྙིང་སྟོབས་སོགས་འཛིན་པ་མ་ཡིན། དོན་དང་བདེ་སོགས་གཞན་མིན་ཞེ་ན་སྒྲ་སོགས་བདེ་སོགས་དེ་ཡི་འབྲས་བུའང་མིན་ཏེ་རང་རང་འབྲས་བུ་མི་རིགས་པའམ། གཞན་ཉིད་མིན་ན་སོ་སོར་བློས་གཟུང་བྱ་མིན་པས་དབང་ཡུལ་མིན་ནོ། །བསྡོམས་ནས་འཛིན་ན་ཡུལ་སྣ་ཚོགས་པའང་རྣམ་པར་མཚུངས་པར་དབང་པོ་གཅིག་གིས་འཛིན་པར་འགྱུར་རོ། །དུ་མར་འཛིན་ཕྱིར་གྲངས་ཅན་གྱི། བྱེ་བྲག་ཕྱི་མ་ཁ་ཅིག་སྔ་མ་ལྟར་མི་འདོད་དེ་གཙོ་བོ་གཅིག་མི་འདོད་དོ། །རང་བཞིན་དང་རྣམ་འགྱུར་རེ་རེའི་ངོ་བོར་ཡང་ཐམས་ཅད་དག་ལ། གཙོ་བོ་དེར་རྡུལ་ཕྲན་སོ་


MR08_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཡོད་པས་གྲངས་མེད་ཐུག་མེད་དུ་ཐལ་ལོ་བདེ་སོགས་རབ་ཏུ་སྦྱོར་བའི་བྱེ་བྲག་གམ་ཁྱད་པར་ལས། རྣམ་འགྱུར་རམ་འབྲས་བུ་སྒྲ་ལ་སོགས་པའི་ངོ་བོར་མཚོན་ཅིང་འགྲུབ་པར་བྱེད་པ་ཡིན་དགོས་ནའང་། བདེ་སོགས་ཀྱི་རྡུལ་ཕྲན་གསུམ་པོ་ནི་རང་བཞིན་དུ། གཅིག་ཉིད་དུ་ཡང་རྒྱུ་མཚན་གང་གིས་འགྲོ། ཅིས་ན་རིགས་བདེ་སོགས་མི་མཐུན་ལས་གྱུར་བ་ཡི། དངོས་པོ་དོན་གཅིག་ཏུ་རབ་ཏུ་སྦྱོར་བ་འདོད་པའང་མ་ཡིན་པས་སོ། །རང་བཞིན་དང་རྣམ་འགྱུར་གི་ཚུལ་གཉིས་སུ་ཤེས་པར་མི་འདོད་ན། དེས་ན་འབྲས་བུ་སྒྲ་སོགས་གཅིག་གི་ངོ་བོར་འགྱུར། རྒྱུ་མཚན་སྒྲ་སོགས་དོན་གྱི་རང་བཞིན་ནི་སོ་སོའི་དུ་མ་སྟེ། འོན་ཀྱང་དབང་པོའི་ཡུལ་ནི་དེ་ལས་གང་དམིགས་སྐྱེ་བའམ་རྣམ་འགྱུར་ཁྱད་པར་ཅན་ཡིན་ནོ། །དེ་ཕྱིར་རྣམ་འགྱུར་རེ་རེའི་དངོས་པོ་ལ། ཡོན་ཏན་གསུམ་སོགས་འདོད་པ་འདིའི་གྲངས་ཅན་སྔ་མའི་ལུགས་ལས་ཁྱད་པར་འཕགས་མོད་ད་རུང་གཞི་སྐྱོན་བཅས་སོ། །ཡུལ་གཅིག་ཏུ་ངེས་པ་མ་ཡིན་པ་དུ་མ་ལ་འཇུག་པ་ཡིན་དེ། ཁྱོད་ལྟར་ན་ཚང་མའི་བརྗོད་པ་མ་ཡིན་ནོ་ཞེས་མ་ཡིན་པར་ཐལ་ཏེ་མངོན་རྗེས་གཉིས་ཀའི་ཁོངས་སུ་མི་འདུ་བས་སོ། །ཇི་ལྟར་ན་དབང་པོ་དང་ཡུལ་གཅིག་པ་མིན་ན། རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་མིན་པས་སོ། །སྐྱོན་དེ་མེད་དེ། རྣ་


MR08_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དོན་ལ་མངོན་སུམ་ཡིན་ལ། ཡིད་འཇུག་ནི་དོན་དང་དབང་པོའི་འཇུག་པ་གཉིས་ཀ་དྲན་པའོ་ཞེ་ན་ཞེས་གྲངས་ཅན་པས་མངོན་སུམ་གྱིས་འཇུག་པའི་བྱེ་བྲག་ཏུ་ཁས་ལེན་པས་སོ། །ཡིད་འཇུག་དེ་དྲན་པ་མིན་ཏེ་དེའི་རྒྱུ་སྔར་ཉམས་སུ་མ་མྱོང་ཕྱིར། དུས་ཅིག་ཆར་དྲན་ཡུལ་དབང་འཇུག་དང་དྲན་པ་ཡིད་བློ་གཉིས་ཀ་འབྱུང་བར་འགྱུར་བས་ཀྱང་མི་འཐད་དོ། །དེས་ན་ཡིད་དེ་ནི་ཚད་མ་མིན་ནོ་དེས་ན་ཡིད་ལ་དྲན་པ་ཉམས་ཏེ་མེད་པའམ། གལ་ཏེ་དྲན་པ་ཡིན་ནའང་ཡིད་དབང་གཉིས་ཡུལ་གཅིག་མིན་པས་གཞན་མཐོང་བར་འགྱུར་ལ་དེ་ལྟ་ན་གཞན་མཐོང་གཞན་དྲན་འགལ་ལོ། །ཡིད་ནི་དྲན་པར་ལྷག་པར་ཏེ་དབང་པོའི་རྗེས་སུ་དྲན་པར་བརྗོད་པའི་ཕྱིར་ཞེ་ན། འོ་ན་དབང་པོའི་བཟུང་རྗེས་ཡིད་ཀྱིས་འཛིན་པར་བྱེད་ལ། ཡིད་ཀྱིས་བཟུང་ནས་ནི་དབང་པོས་ཇི་ལྟ་བ་བཞིན་རིག་པར་བྱེད་དོ་ཞེས་རང་གི་གཞུང་ལས་དེ་གཉིས་ཡ་མ་བྲལ་བར་བཤད་པ་བསལ་ཏེ་ཞེས་སོ། །ལྷག་པ་ཞེས་ཡིད་ལ་དྲན་པ་ཡོད་ཀྱི་དབང་པོ་ལ་མེད་པས་ན་ལྷག་པར་བརྗོད་ཟེར་ན་རང་གིས་རྣམ་བསལ་དབང་གཞན་དོན་མེད་འགྱུར་ཏེ་ཡིད་ཀྱིས་ཕྱི་དོན་ཀུན་རྟོགས་པས་སོ། །དཔྱོ༷ད་པ་པ་རྣམས་ནི་དོན་ཡོད་པ་དང་ཡང་དག་པར་ཕྲད་ནས་སྐྱེས་པའི་སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་དེ་མངོན་སུམ་མོ་


MR08_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །དེ་ལ། ཡོད་པ་ཞེས་པའི་བསལ་བྱ་མེད་པ་སྟེ་ཡང་དག་པར་ཕྲད་ན་ཡོད་པས་ཁྱབ་པས་སོ་མེད་པ་ལ་ཕྲད་པ་མེད་དོ། །ཡང་དག་པར་ཕྲད་ཅེས་པ་ལས་དེ་རིག་བྱ་ཡིན་པས་སོ། །གང་དང་ཕྲད་པར་དོགས་པའི་ལན་དུ་ཡོད་པ་དང་ཕྲད་པ་ཞེས་བསྟེན་ཏོ་ཞེ་ན། འདི་ནི་དབང་པོའི་ཁྱད་པར་གྱི་ཆོས་ཉིད་དུ་བརྗོད་པ་ཡིན་གྱི། སྤྱིར་ཡོད་པ་ཙམ་དང་ཕྲད་པ་རུང་བ་མ་ཡིན་མིན་དེ། རྒྱུ་མཚན་གང་གིས་བརྗོད་དེ་གྲུབ་ཟིན་པས་སོ། །དེ་ལྟར་སྤྱིར་ཡོད་པ་དང་ཕྲད་རུང་ནི་བརྗོད་མི་དགོས་ལ་དབང་པོའི་ཁྱད་པར་དུ་བྱས་ན་ཕྲད་པས་ཆོག་པ་ཁོ་ནའོ། །ཅི་སྟེ་ཡོད་ཅེས་པའི་སྒྲ་དབང་པོ་དམ་པར་འདོད་པ་དང་། ཡང་དབང་པོ་ལེགས་པའམ་མཛེས་པར་བརྗོད་པ་ཡིན་ནོ་ཞེས་ཡོད་པ་དང་ཕྲད་ཅེས་པས་གང་མེད་པ་འཛིན་པའི་དབང་པོ་རབ་རིབ་སོགས་དམན་པའམ་མི་ལེགས་པ་བཅད་པའི་དོན་དུ་སྨྲས་སོ་ཞེ་ན། དབང་པོ་དམ་པར་གྲུབ་དང་ལེགས་པའམ་མཛེས་པ་དེ། མིག་ལ་སྐུད་རྒྱུའི་མིག་སྨན་དང་རྐང་པར་བྱུགས་པ་ལ་སོགས་གཞན་ལས་ཀྱང་ཡོད་པས་དེ་བྱུང་ཡང་དེར་ཐལ་ལོ། །འོ་ན་ཡོད་སྒྲས་དབང་པོ་ལེགས་པ་ཙམ་སྟོན་ན་དོན་ཁོ་ནས་དབང་པོ་དམ་པར་གྲུབ་པ་མིན་པས། དམ་པར་གྲུབ་བྱེད་མིག་སྨན་སོགས་དང་མིག་ཕྲད་པ་ཡང་ཚད་


MR08_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེས་ན་ཁྱབ་ཆེས་སོ། །མིག་སྨན་བསྐུས་པ་ལས་བྱུང་བའི་མིག་གི་བློ་འདིའོ་ཞེས་སོགས་སུ་འགྱུར་རོ་ཞེས་སོ། །དཔེར་ན་འགྲོ་ཚད་ལ་འགྲོ་ལྡན་མ་གྲགས་པར་བ་ལང་ཁོ་ན་ལ་གྲགས་པ་ལྟར། མིག་སོགས་དམ་པར་གྲུབ་ཟིན་ལ་མི་བཟུང་བར་ཡུལ་ལམ་དོན་ཁོ་ན་ལ་སྐབས་འདིར་བཟུང་ངོ་ཞེ་ན། གལ་ཏེ་དོན་ཁོ་ནས་མཛེས་སོགས་སུ་གྲུབ་པར་གྲགས་ལས་དེ་ལྟར་བརྟག་གྲང་ན། དམ་སོགས་སུ་བྱེད་པའི་སྒྲ་དེ་དབང་པོའི་ཡུལ་ཁོ་ན་ལ་གྲགས་པ་ནི་མིན། དུས་ཀུན་ཏུ་དབང་པོ་དོན་དང་ཕྲད་གྲང་ན། གཟུགས་དང་སྒྲ་བར་དུ་ཆོད་པ་དང་། དོན་ལས་ལྷག་པ་ཆེན་པོའང་འཛིན་པར་མཐོང་བས་ན། བར་དུ་མ་ཆོད་པར་འདོད་པ་ལ་གནོད་དོ། །འགྲེལ་བྱེད་ཁ་ཅིག་ན་རེ། ཚད་འབྲས་བློའི་སྐྱེ་བ་ལས་གཞན་དུ་མ་མཐོང་ལ་ཚད་མ་དང་འབྲས་བུ་དོན་གཞན་དུ་འདོད་དབང་གིས་གང་ལས་བློ་སྐྱེ་བར་གྲུབ་པ་དེ་མངོན་སུམ་མོ་ཞེས་དབང་དོན་ཕྲད་པ་ཚད་མར་འདོད། དེ་ལ་འོ་ན། ཡོད་པ་དང་ཡང་དག་པར་ཕྲད་པའི་སྐྱེས་བུའི་དབང་པོ་རྣམས་མངོན་སུམ་མོ་ཞེས་སྨྲས་པས་ཆོག་མོད། བློ་ཡི་སྐྱེ་བ་ཅི་བྱ་ཞེས་སོ། །བློ་ཡི་རྒྱུ་ཡི་ཚོགས་པ་རུ། ཁོ་རང་གི་མདོར་བརྗོད་པ་བདག་སོགས་དེ་བོར་ནས་དོན་གང་ལས་བློ་སྐྱེ་བར་


MR08_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དེས། མངོན་སུམ་ཚད་མ་ཉིད་དུ་འཇོག་ཅི་སྟེ་དོན་ཁོ་ན་རྒྱུ་ཡིན་པའམ། ཡིན་ན་མདོར་བློ་ཡི་དང་སྐྱེ་བ་ཞེས་ཅི་ལ་བསྣན་ཏེ་མི་དགོས་སོ། །ཁྱོད་ལྟར་ན་དོན་དང་དབང་པོ་དང་ཡིད་དང་བདག་སྐྱེས་བུ་དང་བཞི་པོ། སྦྱོར་དང་འདུ་བྱེད་པ་ཡི་ཤུགས་ལས་གཞན། མངོན་སུམ་གྱི་ནི་བློ་བསྐྱེད་པའི། ཚོགས་པའམ་གང་ལས་སྐྱེ་ན་ཞེས་བརྗོད་པ་དེ་ཇི་ལྟར་རུང་སོམས་ཤིག་དབང་དོན་ཕྲད་པ་ལས་འདི་དག་ཁོ་ནའོ་ཞེས་ངེས་ཤེས་སྐྱེ་བ་དེ་མངོན་སུམ་མོ་སྙམ་ན། ཁྱད་པར་གྱི་ཆོས་བ་ལང་ཉིད་དང་རྫས་བ་ལང་སོགས་སྦྱོར་བ་དབང་པོ་ལ་མེད་དེ་དེ་དོན་ལ་ལྟ་བ་ཙམ་ཁྱེད་འདོད་ལ། སྤྱིར་རང་རང་རིག་བྱ་ཐ་སྙད་ཀྱིས་བསྟན་མིན་ཡིན་པར་བཤད་ཟིན་པས་སོ། །གླང་ཉིད་དེ་བ་ལང་གི་རིགས་སོགས་རིགས་ལྡན་དང་སྦྱོར་བ་ལས་ནི་དོན་དེ། བ་ལང་ཉིད་དམ་ཁོ་ན་རྒྱུ་ངེས་པ་སོགས་སུ་འཇལ་བར་བྱེད་པ་འདོད་ནའང་། དབང་པོའི་བློ་ལ་དོན་རྣམས་སྤྱི་སོགས་དང་། སྦྱོར་བའི་ནུས་པ་ཡོད་མ་ཡིན། དོན་མིན་པ་ཤེས་པ་དབང་ཡིད་རྟོག་མེད་འཁྲུལ་པ་དང་རྟོག་པའང་རྣམ་ཀུན་ཏུ། མངོན་སུམ་ཚད་མའི་བློ་རུ་གནས་པར་རམ་གྲུབ་པར་འགྱུར་རོ། །དེས་ན་ཅི་སྟེ་བློ་ཡི་སྐྱེ་བ་ཞེས་བློ་ལས་གཞན་པ་ཕྱི་དོན་ལས་མངོན་སུམ་དུ་འདོད་དེ་མི་རིགས་སོ། །ཚད་མ་ལ་དོན་


MR08_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་དེའི་འབྲས་བུར་སྨྲ་བ་ཡིས་ནི། ཚད་མའི་ཡུལ་ལས་དོན་གཞན་ནམ་ཡང་ཐོབ་པར་འགྱུར་བ་མ་ཡིན་ཏེ། དེའི་རྒྱུ་མཚན་ནི་དོན་གྱི་བློ་ཤར་བའམ་སྐྱེས་པ་ཉིད་འབྲས་བུ་མིན་ན། དེ་ལས་གཞན་པའི་འབྲས་བུ་ཅིའང་བཞག་ཏུ་མེད་པས་སོ། །བློ་ཡི་སྐྱེ་བ་བློ་ལས་གཞན་ཡིན་ན་མི་འཐད་དེ། དེའི་འཕྲོད་འདུ་ནི་རང་གི་རྒྱུ་འཕྲོད་འདུ་ཅན་ལས་ཏེ། ཚད་མ་ནི་འཕྲོད་པ་འདུ་བ་ལས་འབྱུང་ན་ཡང་འཕྲོད་འདུ་རྒྱུ་རྟག་པ་མི་སྐྱེ་བ་དང་བློ་འཕྲོད་འདུ་ཡིན་པའང་དེ་ལས་གཞན་དུ་སྐྱེ་བ་མེད་སོགས་ཀྱིས་གནོད་དེ། ཅི་སྟེ་བློ་དང་སྐྱེ་བ་གཞན་མིན་བློ་མངོན་སུམ་དུ་འགྱུར་བས་སྐྱེ་བ་སྨྲོས་པ་འདི་ལ་དོན་མེད་དོ། །གལ་ཏེ་རྒྱུ་སྐྱེས་བུ་རྣམ་པར་འགྱུར་ནས་བློ། སྐྱེད་ན་སྐྱེས་བུ་ཉིད་མི་རྟག་པ་རུ་འགྱུར། ཅི་སྟེ་བདག་དེ་སྔར་གྱི་གནས་སྐབས་ལས་མི་འགྱུར་ན། སྔར་ཚད་མིན་དུས་དང་ཁྱད་པར་མེད་པ་ནི་བློ་དེ་ལ་ཚད་མ་ཞེས་མི་སྦྱར་ཏེ་དེས་ཚད་མ་ཅི་ཡང་མི་སྐྱེད་པས་སོ། །ཚད་མ་ཀུན་ལས་བཏུས་པ་ལས་མངོན་སུམ་གྱི་ལེའུ་སྟེ་དང་པོའོ།། །།རྗེས་དཔག་ལ་རྣམ་པ་གཉིས་དེ་ལས་རང་དོན་ནི། ཚུལ་གསུམ་ཚང་བའི་རྟགས་ལས་གཞལ་བྱའི་དོན་མཐོང་བའི་ཤེས་པའོ། །འབྲས་བུ་སྔར་མངོན་སུམ་དུ་བཤད་པ་


MR08_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྒྲ་དང་མི་རྟག་པའི་ཚོགས་དོན་གཞལ་བྱ། དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། དེ་རྟོགས་པའི་ཚད་མ་འབྲས་བུའོ། །ཚད་མ་གཉིས་ཀྱི་ཡུལ་དང་ནི། ངོ་བོ་མཚུངས་པ་མིན་ཏེ་འོག་ཏུ་འཆད་དེ་དེ་གཉིས་ཀྱིའོ། །དོན་རང་གི་མཚན་ཉིད་ནི་ཚིག་ལས་བསྟན་བྱ་མིན་ཏེ། དེ་གཉིས་ཀྱི་གཟུང་ཡུལ་རང་སྤྱི་ལས་ཐ་དད་ཕྱིར་རང་མཚན་དོན་དེ་ལས་གཞན་རེག་བྱ་དཔོག་པ་དང་སྔར་མཐོང་ངོ་ཐོས་སོ་ཞེས་སོགས་ཀྱི་སྒྲའི་ཐ་སྙད་ཉིད་ཀྱི་སྒོ་ནས་བསྟན་པ་ནི་སྤྱི་ཡིན་གྱི། རང་གི་ངོ་བོ་བྱེ་བྲག་པའམ་རང་མཚན་བརྗོད་པ་མིན་ཏེ། དེ་དག་གི་མིང་ལས་ཤེས་ཕྱིར་དེས་ན་རང་མཚན་ལས་རྣམ་པ་གཞན་སྤྱི་མཚན་བསྟན་བྱ་ཡིན་ནོ་དེ་ཕྱིར་ཡིད་ཀྱི་རྣམ་པ་དབང་ཤེས་ཀྱིས་རང་མཚན་བཟུང་ནས་ཡིད་ཤེས་ཀྱིས་སྤྱིའམ་བྱེ་བྲག་གི་ཐ་སྙད་བྱས་པ་ལ་ཡིད་ཀྱི་རྣམ་པ་གཉིས་ཞེས་སོ། །རྗེས་དཔག་དེ་སྤྱི༷་མ་ཡིན་ལའང་མཐོང་བའི་ཕྱིར་ཏེ་སྐྱེ་མཆེད་གཞན་ལས་གཞན་དང་རེག་བྱ་ལས་རླུང་དཔག་པ་བཞིན་ཞེ་ན། དེ་མིན་ཏེ་དེས་དཔག་བྱའམ་མཚོན་བྱ་སྤྱི༷་ཡིན་པའི་ཕྱིར། བྱེ་བྲག་པའི་རེག་བྱ་བཏང་སྙོམས་རླུང་ལས་གཞན་ལ་འགོག་པའི་ཡིད་ཆེས་ཚིག་གི་སྒྲུབ་བྱེད་ཀྱིས་ཏེ་རེག་བྱ་ནི་རེག་བྱ་མཐོང་བ་རྣམས་ཀྱི་མ་ཡིན་ནོ་ཞེས་བྱེ་བྲག་པ་ཟེར་ཏེ། གང་


MR08_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་མཐོང་བ་ལ་བཏང་སྙོམས་ཚད་མར་བསམ་པའོ། །རླུང་དེ་ལས་གཞན་ལ་འགེགས་པར་བྱེད་ཟེར་ན་མི་འཐད་དེ་ལུང་དོན་ལ་རིགས་པས་དཔྱོད་པ་དང་མ་མཐོང་ཙམ་གྱིས་མི་འགྲུབ་པས་སོ། །གལ་ཏེ་ལུང་དང་རྗེས་དཔག་ཐ་མི་དད་དུ་གྲུབ་ཅེ་ན། མ་ཡིན་ཏེ་ཐ་དད་ཀྱང་སྲིད་པའི་ཕྱིར་ཏེ་ལུང་ལ་འཁྲུལ་པ་སྲིད་པས་སམ། ཡང་ན། རྗེས་དཔག་གི་ཡུལ་མིན་པ་ཞིག་ལུང་གིས་སྟོན་སྲིད་པས་སོ། །ཁྱོད་ལ་མཚུངས་ཤེ་ན་མིན་ཏེ་ཡོངས་སུ་བརྟགས་ནས་ཡིད་ཆེས་ཚིག་ཀྱང་དཔྱད་གསུམ་གྱིས་དག་པའི་མི་སླུ་བར། མཚུངས་པའི་ཕྱིར་ན་དེས་ནི་ལྐོག་གྱུར་ལ་རྗེས་སུ་དཔག་པ་ཉིད་དོ། །ཚུལ་གསུམ་རྗེས་སུ་དཔག་པར་བྱ་བ་ཤེས་འདོད་ཆོས་ཅན་ལ་ཡོད་པ་ཕྱོགས་ཆོས་དང་ཕྱོགས་དེ་དང་མཐུན་པ་ལ། ཡོད་པ་རྗེས་འགྲོ་དང་བསྒྲུབ་ཆོས་མེད་པ་ཉིད་ལ་མེད་པ་ལྡོག་པའོ། །ཚུལ་གསུམ་པོའི་ཟུར་དུ་ཤེས་པའམ་དེར་ངེས་པ་ཞེས་པའི་ཚུལ་ལོགས་སུ་སྤྲོས་དགོས་ཏེ། ཚུལ་གསུམ་པོ་མ་ཤེས་པའམ་མ་ངེས་པ་ནི་རྟགས་མིན་པས་སོ་ཟེར་ན། ཚུལ་གསུམ་པོའི་མཚན་ཉིད་སྟོན་པ་འདི་རུ་ཤེས་པ་མ་སྨྲོས་ནའང་དོན་གྱིས་ཐོབ་པ་ཉིད་དེ། རྟགས་ནི་ཤེས་བྱེད་སྐབས་ཀྱི་དབང་བྱས་ཕྱིར་གསུམ་ཀར་ངེས་པ་དགོས་པ་ནི་དོན་


MR08_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པའོ་ཞེས་སོ། །ཚུལ་གསུམ་ཚང་བ་རྟགས་སུ་བསྟན་པ་ངེས་ཚུལ་རེ་རེ་དང་གཉིས་གཉིས་པ་ཚུལ་གསུམ་མ་ཚང་ན། རྟགས་ཡང་དག་གི་དོན་མིན་པར་དོན་གྱིས་བྱས་སོ། །དེ་གང་ཞེ་ན་སྒྲ་རྟག་སྟེ་བྱས་པའི་ཕྱིར་ལྟ་བུ་སོགས་ཆོས་གཅིག་པུ་ཅན་ནོ་སྒྲ་རྟག་སྟེ་ལུས་ཅན་ཡིན་པའི་ཕྱིར་ཞེས་འདིའི་ཕྱོགས་ཆོས་བྱེ་བྲག་པའི་འདོད་པ་ལ་ལྟོས་ནས་མ་གྲུབ། ལྡོག་ཁྱབ་དོན་ལ་མ་གྲུབ་ཐམས་ཅད་དུ་སོང་བ་མིན་པའི་རྫས་ཀྱི་ཚད་ལ་དངོས་མིང་དང་རྡུལ་ཕྲན་རྟག་པ་ལའང་ཡོད་པར་འདོད་པས་རྗེས་འགྲོ་གཅིག་པུ་ཅན་དང་སྒྲ་རྟག་སྟེ་གཞལ་བྱ་མིན་པའི་ཕྱིར་རོ་ཞེས་ལྡོག་པ་གཅིག་པུ་ཅན་ནོ། །སྒྲ་རྟག་སྟེ་ལུས་ཅན་མིན་པའི་ཕྱིར་ལྟ་བུ་དང་པོ་གཉིས་ཅན་ཏེ། བྱེ་བྲག་པའི་འདོད་པ་ལ་ལྟོས་ནས་དང་པོ་གཉིས་གྲུབ། སྒྲ་རྟག་གམ་གཞལ་བྱ་མིན་པ་ནི་ཕྱོགས་ཆོས་དང་མི་མཐུན་ཕྱོགས་ལས་མཐོང་བ་ཙམ་གྱི་ལྡོག་ཅན་ནོ། །སྒྲ་རྟག་སྟེ་མཉན་བྱའི་ཕྱིར་ཞེས་རྗེས་འགྲོ་མེད་པའི་ཚུལ་གཉིས་ཅན་ནོ། །མིག་གི་གཟུང་བྱའི་ཕྱིར་སྒྲ་མི་རྟག་ཅེས་པ་ཚུལ་དང་པོ་མེད་པ་ཅན་ནོ། །ཁ་ཅིག་ན་རེ་གཏན་ཚིགས་ནི་བསྒྲུབ་ཆོས་ལ་མི་འཁྲུལ་བས། དཔེར་ན་ལམ་དུ་ལྷན་ཅིག་གནས་པར་ཐམས་ཅད་ཀྱིས་ཕྱོགས་དང་དུ་བ་མིན་པས་ན་ཆོས་མེ་ཙམ་དཔོག་ཅེས་སོ། །ཡང་སྤྱིར་མེ་


MR08_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དང་དུ་ཙམ་འཇིག་རྟེན་ལ་གྲུབ་ཟིན་པས་ཕྱོགས་དེར་མེ་འབྲེལ་བ་དེ་དཔག་གོ་ཟེར་རོ། །རྟགས་ཀྱི་ཆོས་གཞན་མེ་ལྟ་བུ་ཁོ་ན་དཔག་པར་བྱ་བར་ ༡ འདོད། བསྒྲུབ་བྱ་ཆོས་དང་ཆོས་ཅན་དག་ནི་ཕྱིར་རྒོལ་ལ་གྲུབ་ཟིན་ཕྱིར། དཔག་མི་དགོས་པས་དེ་གཉིས་ཀྱི་འབྲེལ་བ་ཆོས་གཞན་དཔག་བྱར་ཁ་ཅིག་འདོད། ༢ ཆོས་ ༡ མེ་ལྟ་བུ་ལ་གཏན་ཚིགས་དུ་བ་ལྟ་བུ་གྲུབ་ན་ནི། རྟགས་དེ་ཡིས་ཆོས་ཅན་དེ་ལ་གཞན་ཅི་དཔག་སྟེ་རྟགས་གྲུབ་པ་དང་ཆོས་གྲུབ་པས་ཏེ། མེ་འབའ་ཞིག་ཙམ་དཔག་བྱ་ཡིན་ལ་དེ་དུ་བའི་དུས་ན་གྲུབ་པས་ཇི་ཞིག་དཔག །ཡང་མེ་དུའི་འབྲེལ་པ་ལས་མེ་དཔོག་ཅེ་ན། དེ་ལྟར་ཆོས་ཅན་ས་ཕྱོགས་མེ་ལྡན་དེ་ཉིད་ལ། གང་རྟགས་འདིས་དཔག་བྱར་ཅི་ཡི་ཕྱིར་མི་འདོད་དེ་ཚོགས་དོན་དཔག་བྱར་འགྱུར་རོ། །དེ་ལ་དུ་རྐྱང་མེ་རྐྱང་ཙམ་ཡིན་ན་མི་ཕན་པས་འབྲེལ་དགོས་ན། ས་ཕྱོགས་དང་མེ་རྐྱང་ཡང་མིན་ཞེས་འཕེན་པ་གནད་དོ། །འབྲེལ་པའང་དོན་གཞན་འཇལ་བ་མི་འཐད་དེ་བཏགས་པ་ལས་གཞི་སོ་སོའི་འབྲེལ་པ་གཉིས་ནི་ཡོད་པ་མ་ཡིན་པས་སོ། །གཉིས་ཞེས་པ་ལྡན་འདུའི་འབྲེལ་པ་གཉིས་ནི་མེད་ཅེས་དང་། གཞི་གཉིས་སོ་སོའི་འབྲེལ་བ་རང་རྐྱ་བ་མེད་ཅེས་དང་། ཆོས་ཅན་ལ་འབྲེལ་བ་ཚོགས་དོན་ཡིན་ལ། དཔེ་ལ་གྲུབ་ཟིན་པས་ཀྱང་།


MR08_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངོར་མེ་དུ་གཉིས་མེད་ཅེས་དང་སོགས་འགྲེལ་ཡང་། དུ་ཡོད་དེ་ན་མེ་ཡོད་ཅེས་བརྟགས་པ་ཙམ་མོ། །མེ་འབྲེལ་ལམ་དུ་འབྲེལ་འདྲ་སྙམ། སྐྱོན་དེ་བཞིན་དྲུག་པའི་སྒྲ་རུ་འགྱུར་ཏེ་རྗེས་དཔག་གི་ཚོགས་དོན་མི་གཞལ་བར་འབྲེལ་པ་གཞལ་ན། ལ་ལ་མེ་ཡོད་དུ་མི་གཞལ་བར་ལ་དང་མེའི་འབྲེལ་བའོ་སྙམ་དུ་དང་། དེ་བཞིན་བརྗོད་ཚེ་ལ་ལ་མེ་ཡོད་ཅེས་མི་བརྗོད་པར་མེའི་འབྲེལ་བའོ་ཞེས་དྲུག་སྒྲས་སྟོན་རིགས་པར་ཐལ་ལོ། །འབྲེལ་བ་མཁན་པོ་རྗེས་དཔག་གིས་དངོས་སུ་བརྗོད་པར་མི་བྱ་བར་ཐལ་ལོ། །འབྲེལ་པ་ནི་བསྒྲུབ་བྱར་བརྗོད་པར་མི་བྱ་བ་སྟེ་ལ་ལ་མེ་ཡོད་ཅེས་བརྗོད་ཀྱི་ལ་དང་མེ་འབྲེལ་ཞེས་བརྗོད་བྱ་མིན་པས་སོ། །གང་མ་བརྗོད་པ་དེ་ནི་བསྒྲུབ་བྱར་ཇི་ལྟར་ཡིན་དོན་གྱིས་སྨོས་ཕྱིར་མི་སྐྱོན་ཞེ་ན། མིན་ཏེ་གཏན་ཚིགས་དུ་བ་དེ་ལ་མེ་ལྡན་གྱི་ལ་ལ་མེའི་འབྲེལ་རྐྱང་འདི་དང་འབྲེལ་བ་མིན་ཏེ་སྔར་བཤད་པ་བཞིན་ནོ། །དུ་ལྡན་གྱི་ཕྱོགས་དང་མེ་དུའི་འབྲེལ་བ་བསྟན་བྱ་མིན་ཡང་དཔག་བྱར་བྱེད་པ་བཞིན་འབྲེལ་བའང་དེ་འདྲའོ་སྙམ་ན་མིན་ཏེ། རྟགས་དུ་བ་ཉིད་ཀྱི་མེ་དང་མེད་ན་མི་འབྱུང་བའི་འབྲེལ་བའམ་འཁྲུལ་པ་མེད་པ་ནི། བསྒྲུབ་བྱའི་ཆོས་ལས་གཞན་དུ་དཔེ་ཡི་སྟེང་དུ་སྟོན་པར་བྱེད། དང་པོར་དཔེ་དེར་གྲུབ་


MR08_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཟོད་ཆོས་དེ་དང་ལྡན་པ་ཡི། ཆོས་ཅན་གོ་བར་བྱེད་པ་ཡིན་ཏེ་ཚོགས་དོན་བསྒྲུབ་བྱར་བྱེད་དོ་ཞེས་སོ། །དུ་བ་ལྟ་བུའི་རྟགས་ཀྱི་རྗེས་སུ་བསྟན་བྱ་བའི། ཆོས་བསྒྲུབ་བྱ་ལ་དཔྱད་པ་གཞན་ཡང་འཇུག་སྟེ། མེའི་ཆོས་ཀྱི་དོན་དུ་མ་སྟེ་གསལ་འབར་རྣོ་སོགས་ནི་གཏན་ཚིགས་ཀྱིས། རྣམ་པ་ཐམས་ཅད་དུ་བྱེ་བྲག་ཕྱེ་ནས་རྟོགས་པ་མིན་ཏེ་རྟགས་དང་མེད་ན་མི་འབྱུང་མེད་པས་སོ། །རྟགས་དེ་ཉིད་རང་གི་བསྒྲུབ་བྱ་གང་དང་མེད་ན་མི་འབྱུང་གི་འབྲེལ་བ་དེ་ཁོ་ན་ཡོངས་སུ་བཅད་ནས། ཆོས་གཞན་དེ་མིན་པ་དང་བྲལ་བ་ཙམ་ཐོབ་པར་བྱེད་དེ་དུ་བས་མེ་ཙམ་རྟོགས་པ་བཞིན་ནོ། །དཔེར་ན་ཡོན་ཏན་དང་དྲི་དང་དྲི་བསུང་སོགས། དེ་ཡི་བྱེ་བྲག་གིས་རིམ་པས། རྫས་མིན་ལ་སོགས་པ་སོ་སོའི་ལྡོག་ཕྱོགས་རྣམ་པར་བཅད་ནས། ཨུཏྤལ་ལ་སོགས་རེ་རེ་རྟོ༷གས། དེ་ལ་ཡོན་ཏན་ཉིད་ཀྱི་རྫས་མིན་པ་ལས་ལོག་པ་དང་། དྲི་ཉིད་ཀྱིས་སའི་ཡོན་ཏན་མིན་པ་ལས་ལོག་པ་དང་། དྲི་བསུང་བ་ཉིད་ཀྱིས་དྲི་ང་བའི་སྤྱི་ལས་ལོག་པ་དང་། དྲི་བསུང་གི་བྱེ་བྲག་ཨུཏྤལ་གྱི་དྲིས་ཨུཏྤལ་མིན་པ་ལས་ལོག་པ་སོགས་རེ་རེ་རྟོགས་ཏེ་བྱེ་བྲག་པ་ཁྱོད་ལྟར་ན་ཡང་། གལ་ཏེ་དགོས་ཡུལ་མཐོང་བ་བཞིན་དུ་


MR08_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་རྣམས། ཡུལ་ལ་སྒྲུབ་པའི་སྒོ་ནས་འཇུག་ན་ནི། ལྡོག་ཆ་ཐ་དད་པའི་ཆ་སོ་སོ་བ་ཐམས་ཅད་ཕྱེ་ན་རྟོགས་པར་མི་འགྱུར་བའམ། ཡང་ན་དགག་སྒྲུབ་ཐམས་ཅད་ཅིག་ཆར་རྟོགས་པར་འགྱུར་རོ། །དེ་ཡང་དུ་བྱས་ཀྱིས་མེ་མི་རྟག་མི་རྟོགས་ཏེ། ཆོས་གཞན་བདག་མེད་སོགས་ཐམས་ཅད་མ་རྟོགས་པའི་ཕྱིར། ཁྱབ་སྟེ། མི་རྟག་བདག་མེད་གཉིས་སྒྲའི་སྟེང་ན་ཆ་མེད་པས་རྟོགས་མ་རྟོགས་མི་འཐད་དོ། །ཡང་ན་མི་རྟག་བཞིན་གཞན་ཀུན་ཀྱང་རྟོགས་པར་ཐལ་ལོ། །ཡང་ན་དུ་བའང་མེ་མཐའ་དག་ལ་མ་མཐོང་བས་མེ་འདི་ཡང་མི་རྟོགས་ཞེས་རང་འགྲེལ་ལས་སོ། །ཇི་ལྟར་མཐོང་བ་བཞིན་དུ་རྟོགས་ན་ནི་གསལ་རྣོ་སོགས་བྱེ་བྲག་ཀུན་ཀྱང་རྟོགས་པར་འགྱུར་རོ། །གལ་ཏེ་སྤྱི༷་དོན་གཞན་ལས་མངོན་རྗེས་འཇུག་པ་ཡིན་གྲང་ན། སྤྱི་དེ་ནི་གསལ་བ་དེ་ལས་གཞན་དུ་འགྱུར་ལ། དེ་ཡང་རྟེན་གསལ་བ་རྣམས་ཐམས་ཅད་མ་མཐོང་བ་ཡི་ཕྱིར། ཐ་དད་མིན་པའི་སྤྱི་གཅིག་པོ་དེ་ཡང་མཐོང་བར་མི་འགྱུར་རོ། །སྔོ་ཕྱུར་དང་སྐྱ་བོ་སོགས་ཆ་དུ་མ་ནས་དུ་བ་ཡིན་པའི་ཆ་ཤས་འདི་ལྟ་བུའི་ཚུལ་བཟུང་བའི་སྒོ་ནས། རྟགས་ཅན་མེ་ཙམ་ལ་ནི་རྟགས་དེ་མི་འཁྲུལ་ཞིང་། བསྒྲུབ་བྱ་མེ་དེ་ཉིད་ཀྱི་གསལ་འབར་རྣོ་སོགས་ཆོས་དུ་མ་ཡོད་ནའང་། རང་གི་བསྒྲུབ་བྱའམ་ཆ་ཅིག་ཤོས་མེ་ཙམ་ཐོབ་


MR08_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཡིན་ནོ། །ཡང་སྐབས་ཀྱི་ཚིགས་བཅད་བརྗོད་པ། རྟགས་ཀྱི་མེ་སོགས་རྟགས་ཅན་གང་གི་ངོ་བོ་དང་རྗེས་སུ་འབྲེལ་བའི། རྟགས་ཅན་དེ་ཁོ་ན་འདིར་རྟགས་དེ་ལས་རྟོགས་པར་བྱ་བ་ཁོ་ན་ཡིན། རྟགས་ཅན་དེའི་བྱེ་བྲག་གསལ་འབར་སོགས་རྟགས་དེས་རྟོགས་བྱ་མ་ཡིན་ཏེ། བྱེ་བྲག་དེ་དག་ཉིད་ལ་འཁྲུལ་ཕྱིར་རོ། །རྟགས་དུ་བ་སོགས་དང་རྗེས་སུ་འབྲེལ་བའི་དོན། མེ་སོགས་ཀྱི་སྤྱི་ནི་རྟོགས་བྱ་ཡིན་གྱི་རྟགས་ཅན་གྱི་བྱེ་བྲག། རྟགས་དེས་རྟོགས་པ་མ་ཡིན་ཏེ་འདི་གཉིས་རྟགས་རྟགས་ཅན་གྱི་ངོས་ནས་བསྟན་པ་སྟེ་བྱེ་བྲག་དེ་ལ་རྟགས་དེས་ཡོད་པ་སོགས་སུ་རྟོགས་པ་པོའི། རྟོགས་པ་ནི་མི་ངེས་པ་རབ་ཏུ་འཁྲུལ་པའི་ཕྱིར། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། འབྲེལ་པ་ཞེས་འབྲེལ་རྒྱུའི་ཆོས་གཉིས་ལ་གནས་མོད་ཀྱང་ཐམས་ཅད་ཐམས་ཅད་ཀྱི་གོ་བྱེད་མིན་ཏེ། རྟགས་དང་རྟགས་ཅན་ལྷན་ཅིག་པའི་འབྲེལ་པ་ནི། ཕན་ཚུན་གཅིག་ལ་གཅིག་རྟེན་དང་བརྟེན་པ་བཞིན་ཁྱབ་བྱེད་དང་ཁྱབ་བྱ་ཡིན་གྱི། ཡང་དག་འཕྲོད་པ་ཉིད་ཅེས་པའི་འབྲེལ་པ་རང་རྐྱ་བ་དེ་ནི་མ་ཡིན་ནོ། །ཡང་དག་འཕྲོད་པ་ཡིན་ན་དུ་བས་མེ་བཞིན་མེས་ཀྱང་དུ་བ་གོ་སྟེ། དེ་གཉིས་ཀྱི་འབྲེལ་པ་ལ་


MR08_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་མེད་པས་སོ་སྙམ་པའོ། །རྟགས་ལ་ནི་རྟགས་ཅན་ཡོད་པ་ཉིད་དམ་ཁོ་ན་སྟེ། ཅིག་ཤོས་རྟགས་ནི་རྟགས་ཅན་ཉིད་དམ་ཁོ་ན་ལ་ཡོད་པ་དེ་ལྟ་ན། རྟགས་དང་རྟགས་ཅན་འདི་གཉིས་ཀྱི་འབྲེལ་བ་ཡི། ངེས་པའམ་ངེས་བཟུང་ནི་དེ་ལྟར་མི་འདྲ་བ་བཟློག་ནས་གནས་པ་ཡིན་ནོ། །རྟགས་བསྒྲུབ་བྱའི་ཆོས་ཁོ་ན་ཡོད་པ་ཞེས་དང་། ཆོས་རྟགས་ལ་ཡོད་པ་ཁོ་ན་ཞེས་སྔ་མ་གཞན་ལྡན་ཡིན་པས་ཁྱབ་བྱེད་དུ་མི་འཇུག །ཕྱི་མ་མི་ལྡན་ཡིན་པས་ཁྱབ་བྱེད་དུ་འཇུག་སྟེ། མདོར་ན་ཆོས་རྟགས་ལ་ཁྱབ་བྱེད་དུ་ཡོད། རྟགས་ཆོས་ལ་ཡོད་ཀྱང་ཁྱབ་བྱེད་མིན་པའི་ངེས་བཟུང་ནི་ཁྱད་ཡོད་པས་སོ། །ཡང་དཔེར་ན་བྱས་མི་རྟག་ཁྱབ་མཉམ་པས་བྱས་པ་རྟགས་སུ་འགྱུར་བ་བཞིན་རྟགས་ཅན་དུ་ཡང་འགྱུར་ཏེ། དཔེར་ན་གློག་ལྟ་བུ་བྱས་པ་ལྐོག་གྱུར་མི་རྟག་མངོན་གྱུར་ལ་མི་རྟག་པས་བྱས་པ་སྒྲུབ་པ་དང་། འབྲས་བུ་རྒྱུ་ནུས་པ་ཐོགས་མེད་གྲུབ་ནའང་ཁྱབ་བྱེད་ཀྱིས་ཁྱབ་བྱ་གྲུབ་པ་བཞིན་ནོ་སྙམ་ན། རྟགས་ཀྱིས་ཆོས་གཅིག་ལ་ཁྱབ་པ་ཡོད་པའང་འདོད་པ་ཡིན་ཏེ། འོན་ཀྱང་ཆོས་དེ་ཁྱབ་བྱེད་ཡིན་པས་དེ་ཡི་ཆ་ནས་རྟགས་ཅན་དུ་གྱུར་པ་ཡིན་གྱི། རྟགས་ཁྱབ་བྱེད་ཡིན་པ་དེའི་ཆ་ནས་རྟགས་ཅན་དེ་གོ་བྱེད་མ་ཡིན་ཏེ་རྟགས་ཆོས་འབྲེལ་བ་


MR08_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ལ་རག་ལས་ཀྱི་དཔེར་ན་རྭ་ཅན་བ་ལང་གི་གོ་བྱེད་མིན་པ་བཞིན། དཔེར་ན་རྭ་ཅན་གྱིས་བ་ལང་ལ་ཁྱབ་ཀྱང་རྭ་ཅན་ལས་བ་ལང་གོ་བ་མི་ནུས་པ་བཞིན་ནོ། །མ་བྱས་རྟག་སོགས་སོ་སོར་བཀག་པའི་ཆ་ལ་ཕན་ཚུན་མི་འཁྲུལ་བ་ཡོད་པ། བྱས་པས་མི་རྟག་པ་ལ་ཁྱབ་ཏུ་ཟིན་ཀྱང་རྟག་པ་ཉིད་བཀག་ནས་གོ་བ་དེ་བཞིན་མི་རྟག་པས་བྱས་པ་ལ་ཁྱབ་པ་ཉིད་ཀྱིས་ཀྱང་མ་བྱས་པ་བཀག་གོ། དེ་ནི་གང་ཕྱིར་འབྲེལ་པ་ལ་ལྟོས་པ་ཡིན་གྱི་ཁྱབ་བྱེད་ཡིན་པ་ཙམ་གྱིས་མིན་པ། དེ་ཕྱིར་རྟགས་གཅིག་ཉིད་ཀྱིས་རྟགས་ཅན་ལ། ཁྱབ་པ་ཡོད་པ་བདེན་ཡང་ཁྱབ་བྱེད་ཡིན་པ་ཙམ་ལས་གོ་བར་བྱེད་པ་པོ་མིན་ནོ། །ཡང་བརྗོད་པ། བྱས་པ་ཉིད་ཀྱིས་འཇིག་པ་ལ། ཁྱབ་པ་ནི་འབྲེལ་བ་ཉིད་ཀྱིས་སོ་མ་བྱས་པ་ཡིས་ཁྱབ་པ་མིན་པ་ནི་འགལ་བས་སོ། རྟག་པ་མིན་པ་མི་རྟག་པ་ལ་ཁྱབ་པ་མིན་པར། མ་བྱས་པ་ཡི་དོན་གྱིས་སྟོན། རྭ་ཅན་ཉིད་ཀྱིས་བ་ལང་ལ། ཁྱབ་པས་བ་ལང་དེས་དེ་རྭ་ཅན་མིན་ལས་ལྡོག་གི དཔེར་ན་གླང་སྟེ་བ་ལང་ཕོ་ལ་རྭ་ཅན་གྱིས་ཁྱབ་པ་བཞིན། བ་ལང་གི་དོན་ཡིན་པ་ཟློག་བྱེད་མིན་ཏེ་དེ་གཉིས་མི་འགལ་བས་སོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། རྩོད་པ་སྒྲུབ་པ་ནས་ནི་མེ་དུ་འབྲེལ་


MR08_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུའི་མེད་ན་མི་འབྱུང་བའི་དོན་འདི་མཐོང་བ་ནི་འབྲེལ་བ་དེ་རིག་པའི་རྗེས་སུ་དཔག་པ་སྟེ་འདིས་རིག་པར་བྱེད་པའོ་ཞེས་བརྗོད་དོ། །རྗེས་དཔག་ཚད་མ་དེས་རྟགས་ཆོས་མེད་ན་མི་འབྱུང་བ་མཐོང་བའི་ཚེ་ན། མེད་ན་མི་འབྱུང་བ་རང་གི་རྣམ་པ་ཙམ་སྟེ་འབའ་ཞིག་མཐོང་བར་འདོད་ན་དེ་ཡང་དོན་གྲུབ་པས། དེ་རིག་པ་ཞེས་མི་བརྗོད་པ་སྟེ་མི་དགོས་སོ། །དེ་རིག་པ་ཞེས་པས་གཞན་དཔེ་ཡི་སྟེང་ཉིད་དུ། བརྗོད་ཅེ་ན་དཔེ་ཇི་ལྟ་བུར་གང་ལ་ཆོས་གཞན་ཇི་ལྟ་བུར་མཐོང་སྟེ་མཐོང་བ་མི་སྲིད་དེ་དཔེ་འདྲ་ཡུལ་མེད་པར་འདོད་ཙམ་དུ་འགྱུར་བས་མི་འཐད་དོ། །ཡང་མེད་ན་མི་འབྱུང་བའི་དོན་གཞན་དུ་མཐོང་ན་ནི། འདི་མཐོང་ཞེས་ཇི་ལྟར་བརྗོད་པར་བྱ་ཞེས་སོ། །ཡང་ན་ཇི་ལྟར་གང་ལ་གང་མཐོང་བའི་རྒྱུ་མཚན་མེད་པས་ངན་ཆད་པའོ། །དེ་མེད་ཀྱང་རྗེས་དཔག་ཡིན་ན། མིག་གི་གཟུང་བྱ་བུམ་པ་ལ་མཐོང་བས་སྒྲ་ལ་མི་རྟག་པ་རྟོགས་པར་ཐལ་ལོ། །གལ་ཏེ་དོན་འདི་ཞེས་པ་དེ་བསྒྲུབ་བྱ་ལ་བརྗོད་དོ་ཞེ་ན། བསྒྲུབ་བྱ་རྟོགས་ཟིན་ལ་མེད་ན་མི་འབྱུང་བ་རྟོགས་པ་ཞེས་སྨྲོས་ཅི་དགོས་ཏེ། རྒྱུ་མཚན་རྟགས་དུ་སོགས་ཆོས་མེ་སོགས་ལ་དཔེ་ཡི་སྟེང་དུ་མཐོང་བ་དེ་ལས། གཞན་པའི་དཔག་བྱ་དེ་རིག་ཅེས་པ་གང་ཡོད་དེ་མེད་དོ། །སྒྲའི་སྟེང་ན་བསྒྲུབ་བྱའི་ཆོས་ལ་དོན་གྱི་ཆ་དུ་མ་ཡོད་པ་ལས། དེ་ཀུན་རིག་པ་ཞེས་ཇི་


MR08_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྗོད་དེ་མི་སྲིད་པས་སོ། །རིགས་པ་ཅན་རྣམས་ན་རེ་རྟགས་ཆོས་དང་རྟགས་ཆོས་ཀྱི་འབྲེལ་པ་རང་མཚན་འཛིན་པའི་མངོན་སུམ་དེ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ནི་གསུམ་སྟེ། རྒྱུ་སྔ་མ་ཡིན་ལ་འབྲས་བུ་ལྷག་མ་ཡིན་པས་དེས་ཐ་སྙད་བྱས་པ། སྔ་མ་རྒྱུ་དང་ལྡན་པ་རྒྱུ་ལས་འབྲས་བུ་དཔོག་པ་དང་། འབྲས་ལས་རྒྱུ་དཔོག་པ་ལྷག་མ་དང་ལྡན་པ་དང་། སྤྱིར་ཆོས་གཞན་ལས་གཞན་མཐོང་བ་ཅན་ནོ་ཞེས་ཟླ་བ་རི་ལ་ནུབ་པས་ཉི་མ་ཡང་དེ་ལྟར་འགྱུར་བ་དཔོག་པ་ལྟར་ཆོས་གཅིག་མཐོང་བ་ལྟར་གཞན་ཤིན་ཏུ་ལྐོག་གྱུར་ཤེས་པ་ལྟ་བུ་སྤྱིར་མཐོང་བ་ཅན་ནོ་ཟེར་རོ། །རྟགས་ཆོས་ཀྱི་འབྲེལ་བ་དབང་པོའི་མངོན་སུམ་གྱི་གཟུང་བྱ་མིན་པས་དེ་སྔོན་སོགས་མིན་ལ། སྔ་མ་དང་ལྡན་ཞེས་པ་འདི་ལ་སྔ་མ་དང་མཚུངས་པས་སམ། ཡང་ན་འདི་ལ་སྔ་མའི་ཆོས་ཡོད་པས་དེ་སྐད་བཏགས་དེ་ལྟར་ན། ཁྱོད་ཀྱིས་རྗེས་དཔག་ཐམས་ཅད་མངོན་སུམ་སྔོན་འགྲོ་ཅན་དུ་ཁས་བླང་བས་སྔ་མ་དང་འདྲ་བ་སྲིད་པས་སོ། །སྔ་མ་ལྡན་ཞེས་བྱ་བ་དེ་ལ་དཔྱད་ན་སྔ་མ་དང་མཚུངས་ན། རྗེས་དཔག་ཐམས་ཅད་སྲིད་ལ་དེ་ཕྱིར་སྔ་མ་ལྟ་བུ་ནི་མིན། རྒྱུས་འབྲས་བུ་དཔོག་ན་འཁྲུལ་པའི་ཕྱིར་ན་སྟེ་གེགས་སྲིད་པས་ན་སྔ་མའི་ཆོས་དང་ལྡན་པ་


MR08_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མིན། ལྷག་ལྡན་ལ་ཡང་སྔ་མའི་ཆོས་ལྟ་བུར་རམ། དེ་གཉིས་ཀྱི་འབྲེལ་དོན་གཞན་ལས་ཀྱང་དེ་གཉིས་མཚུངས་པར་རྟོགས་མི་འགྱུར། ཆོས་སྔ་མའི་ལྷག་མ་དང་ལྡན་པ་སྟེ་དེ་འདི་ལ་ཡོད་པ་ལས་འགྱུར་བ་མིན་ཏེ། ཤིང་ཕུང་གཅིག་ལས་སྐྱེས་པའི་ཤིང་ཐོག་རོ་གཞན་ལ་ལྡན་པ་མིན་ཏེ་འཁྲུལ་པས་སོ། །དེ་གཉིས་ཀྱི་འབྲེལ་དོན་གཞན་ལས་ཀྱང་ལྷག་ལྡན་དུ་རྟོགས་པར་མི་འགྱུར་རོ། །སྤྱིར་མཐོང་བ་ལ་དེ་བཞིན་དུའོ་སྟེ། གཅིག་ཤོས་ཀྱི་ཆོས་གཅིག་ལ་འདྲ་བའམ་ཡོད་པ་དཔྱད་པས་མི་འཐད་ལ་འབྲེལ་པ་ལས་ཀྱང་མིན་ནོ། །ཚད་མ་ལས་འབྲས་བུ་གཞན་པ་ཉིད་མི་འཐོབ་སྟེ་མི་འཐད་པས་སོ། །གལ་ཏེ་རྟགས་ཤེས་པ་ཚད་མ་ཡིན་པས་རྗེས་དཔག་ཚད་འབྲས་སོ་ཞེ་ན། ཡུལ་ཐ་དད་པས་མི་འཐད་ལ་རྟགས་ཚད་མའི་ཡུལ་ཡིན་ན་རྣམ་པར་དབྱེ་བ་གསུམ་པོའང་འགྲུབ་པར་མི་འགྱུར་ཏེ་གསུམ་པོ་རྟགས་ཙམ་དུ་འདྲ་བས་སོ། །སྔ་མ་དང་ལྡན་པ་སོགས་གསུམ་པོ་ནི་རྟགས་ཅན་བསྒྲུབ་བྱའི་དབྱེ་བ་ཡིན་པས་སོ། །བྱེ་བྲག་པ་རྣམས་ན་རེ། དངོས་པོ་འདི་ནི་དངོས་པོ་འདིའི་འབྲས་བུ་དང་རྒྱུ་དང་འདི་དང་ལྡན་པའི་འབྲེལ་པ་དང་འདི་དང་དོན་གཅིག་ལ་འདུ་བ་དང་འདི་དང་འགལ་བ་ཅན་ནོ་ཞེས་བྱ་བ་ཤེས་པ་དེ་དག་ནི་རྟགས་ལས་བྱུང་བའོ་ཞེས་རྗེས་དཔག་གོ་ཞེས་ཟེར་རོ། །


MR08_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྒྱུ་འདི་ལས་འབྲས་བུ་འདི་ཞེས་དཔོག་པ་མི་འཐད་དེ་རྒྱུ་ཙམ་འཁྲུལ་ལ་ནུས་པ་ཐོགས་མེད་མ་གྲུབ་པའམ་དངོས་རྒྱུ་བཀོད་ན་ཕྱོགས་ཆོས་མི་འགྲུབ་པས་རྒྱུ་ལས་འབྲས་བུ་འགྲུབ་པ་མེད་དོ། །འབྲེལ་པ་གཉིས་ཏེ་ལྡན་འདུའོ། །དང་པོ་མེ་དུ་ལྟ་བུ་གཉིས་པ་བ་ལང་དང་རྭ་ལྟ་བུའོ། །དེ་ལ། ལྡན་པ་ཞེས་པའི་རྟོགས་པ་ལ་ནི་དོན་ལ་གྲུབ་པ་མེད་དེ་ལྡན་པ་རང་རྐྱ་བ་མི་རིགས་པས་སོ། །ལྡན་པ་མེ་དུ་གཉིས་དང་ལྡན་ཕྱིར་མེ་དུ་ལ་ལྡན་ཚུལ་དེ་གཉིས་གོ་བྱེད་ལ་ཐ་དད་མིན་པར་འགྱུར་རོ། །མེ་དང་དུ་བའི་ལྡན་པ་ནི། མེ་དུའི་རྫས་རིལ་པོ་ལ་ཡིན་གྱི་དེའི་ཆ་འགའ་ཞིག་ལ་མ་ཡིན་པས། དུ་བས་མེའི་ཆོས་ཐམས་ཅད་གོ་བར་བྱེད་དམ། གོ་ན་ནི་དུ་བས་མེ་ཡི་གསལ་བའང་གོ་བྱར་འགྱུར། རིགས་པ་དེ་བཞིན་དོན་གཅིག་ལ་འདུ་བ་ལ་འཕྲོད་འདུ་སོགས་ལའང་ཕན་ཚུན་གོ་བ་སོགས་སུ་ཐལ་ལོ་ཞེས་བརྗོད་པར་བྱའོ། །འགལ་བ་དོན་གཞན་ཡོད་པ་ལའང་ཕན་ཚུན་གོ་བའི་ཉེས་པ་དེ་དག་སྲིད་པའི་ཕྱིར་མི་འཐད་དོ། ༈ །དུ་སོགས་རྟགས་ཀྱི་སྤྱི༷་དོན་གཞན་ཙམ་གོ་བྱེད་ཀྱི་རྟགས་མིན་ཞིང་། མེའི་བྱེ་བྲག་གསལ་རྣོ་སོགས་རྣམས་ཀྱང་རྟགས་ཅན་གོ་བྱ་མིན་ན་ཡང་། གཞན་གྱི་ལྟར་ན་མེ་དུ་ཕན་ཚུན་ཐམས་ཅད་ནས། གོ་བྱ་གོ་བྱེད་དུ་ཐལ་བར་འགྱུར་ཏེ་འབྲེལ་


MR08_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོན་གཞན་ལས་རྟོགས་པར་ཁས་བླངས་པས་སོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ལྡན་སོགས་ཡུལ་དང་དུས་ཀྱི་ཁྱད་པར་ལ་ལྟོས་ནས་རྟགས་སུའོ་ཞེ་ན་དེར་ལྟོས་སུ་ཆུག་ཀྱང་། དེ་འདྲའི་འབྲེལ་རྐྱང་དེ་གོ་བྱ་རྟོགས་པའི་རྒྱུ་ནི་ཚད་མ་གང་གིས་ཀྱང་ཁོང་དུ་ཆུད་མི་འགྱུར་ཏེ་དེ་མ་དམིགས་ཤིང་མེད་མི་འབྱུང་ལས་དེ་རྟོགས་པས་སོ། །དེའི་རྒྱུ་མཚན་འབྲེལ་བ་རང་རྐྱ་བ་ལ་ཕན་ཚུན་གཉིས་པོ་ལ་ཁྱད་པར་མེད་པའི་ཕྱིར། དེ་ལ་དོན་གཅིག་ལ་འདུ་བའི་འབྲེལ་པ་གཉིས་ཏེ། འབྲས་བུ་དང་འབྲས་བུ་གཞན་རྫས་གཅིག་ལ་འདུ་བ་གཟུགས་དང་རེག་པ་ལྟ་བུ་དང་། རྒྱུ་དང་རྒྱུ་གཞན་དོན་གཅིག་ལ་འདུ་བ་ལུས་རྩོམ་པའི་རྐང་ལག་ལུས་ལ་འདུ་བ་ལྟ་བུའོ་ཟེར། དེ་གཉིས་སུ་གྲངས་མ་ངེས་ཏེ། ལུས་ཀྱི་རྒྱུ་མགོ་ཡིན་ལ། དེའི་ཆ་ཤས་དཔྲལ་བ་སོགས་ཡིན་པས་རྒྱུའི་རྒྱུ་ལས་དོན་གཅིག་ཏུ་འདུ་བ་དང་། འབྲས་བུའི་འབྲས་བུ་ལས་དོན་གཅིག་ལ་འདུ་བ་སོགས་ཀྱང་སྲིད་པས་གྲངས་ཐུག་མེད་དུ་འགྱུར་རོ། །འབྲེལ་པ་གཉིས་ལས་གཞན་ཡང་སྲིད་ཕྱིར་གཉིས་སུ་གྲངས་ངེས་པ་མ་ཡིན། གང་ཞིག་འགལ་བ་དེ་ཡང་གོ་བྱེད་ཀྱི་རྟགས་མིན་པར་ཐལ་ཏེ། དེ་ཡང་འགལ་བ་བཞི་སྟེ། མངོན་གྱུར་འགལ་སོགས་སོ། །ཕན་ཚུན་བྱུང་མ་བྱུང་གི་མུ་བཞིའོ། །དེ་ལ་


MR08_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ང་དང་སྤྲིན་སྦྱོར་བས་ཆར་མི་འབབ་པ་འགོག་པ་ནི་མི་འགལ་ཏེ། ཆར་མེད་པ་དང་རླུང་སྤྲིན་སྦྱོར་བ་འགལ་མེད་པས་སོ། །འདིར་བྱུང་བ་སྤྲིན་རླུང་གིས་མ་བྱུང་བ་ཆར་བའི་ལས་དཔོག་ཟེར། དེ་ལ་ཆར་ལས་མེད་པ་དང་འགལ་དགོས་ན་ཆར་དང་འདི་ལ་འབྲེལ་བ་ཡོད་དགོས་ཀྱི་ཆོས་གཉིས་ལ་འབྲེལ་བ་མེད་ན་འགལ་ཟླའམ་བཀོད་ཟླ་ལ་གནོད་ཅན་གྱི་ཚད་མ་མེད་དོ། །དེས་ན་འགལ་བས་འགལ་ཟླ་དཔོག་པ་ནི་ལན་ཞེས་སོ། །དེས་ན་གོ་བྱ་གོ་བྱེད་ལའམ་རྟགས་ཅན་དང་འབྲེལ་བ་མེད་ཕྱིར་ན་རྟགས་འཛིན་བློ་ནི་རྟགས་མིན་ཏེ། ཁྱོད་རང་གི་གཞུང་དུ་གང་དེ་རྟགས་ལས་བྱུང་བར་བསྟན་པའི་ཕྱིར། དེ་རྟགས་འཛིན་སེམས་རྟགས་དངོས་མིན་ཀྱང་རྟགས་ཅན་རྟོགས་པའི་རྒྱུ་ཡིན་པས་དེ་ལ་བཏགས་སོ་སྙམ་ན་ཧ་ཅང་ཐལ་ལོ། །དེ་གཞན་དང་མི་འདྲ་སྟེ་དངོས་རྒྱུ་ཡིན་སྙམ་ན་མིན་ཏེ་དེ་དེའི་བར་དུ་འབྲེལ་བ་དྲན་པས་ཆོད་པས་སོ། །རྟགས་ཅན་རྟོགས་པའི་རྒྱུ་ཡིན་ཚད་ཐམས་ཅད་རྟགས་སུ་བརྗོད་པར་རིགས་པ་མ་ཡིན་བདག་སོགས་ལ་ནི་ཐལ་བས་སོ། །ཕྱོགས་ཆོས་མེད་ཀྱང་འབྲེལ་པ་དྲན་པས་འབྲེལ་བ་ཅན་དཔོག་བྱ་ཉིད་དུ་གྲུབ་པར་ཐལ་ན་དེ་མི་འཐད་དོ། །གཞན་ཡང་འབྲེལ་བ་གཅིག་པུ་ལས་རྟགས་ཅན་རྟོགས་ན་དེ་གཅིག་པུར་ཟད་ཀྱི་གཞན་མེད་པ་འབྲས་བུ་ཉིད་དང་། རྒྱུ་ཉིད་


MR08_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྣམ་པར་འགྱུར་བ་སོགས་མི་རྟག་པའི་གཏན་ཚིགས་དང་། རྒྱུ་མིན་ཕྱིར་རྟག་པའི་གཏན་ཚིགས་སུ་བརྗོད་པ་བསྟན་བཅོས་སུ་མཐོང་ན་དེར་བཤད་ཀྱི་མདོར་མཚོན་པ་སྟེ་མ་བཤད་པས་མདོར་ན་ཆད་པར་ཐལ་ལོ། །འབྲས་བུ་རྒྱུ་ལ་སོགས་མདོར་མ་མཚོན་ནམ་མ་བཤད་པས་ཆད་དོ། །སྐྱོན་མེད་དེ་རྟགས་ཆོས་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྒྱུ་འབྲས་ཡིན་ནོ་ཞེ་ན་སྟེ། རྟགས་ཆོས་ཡིན་ནོ་ཅོག་ཀུན་བསྒྲུབ་བྱ་སྒྲུབ་བྱེད་ཡིན་པས་རྒྱུ་འབྲས་ཀྱི་འབྲེལ་པ་གཅིག་པུ་ལས་མ་འདས་ཤེ་ན། རྒྱུ་རྣམས་ཀྱི་ཐ་མ་ལྡན་པ་སོགས་གསལ་བྱེད་དུ་མི་འགྱུར་ཏེ་སྐྱེད་བྱེད་མིན་པས་སོ། །གསལ་བྱེད་ཀྱི་རྒྱུ་ལ་སྐྱེད་བྱེད་ཀྱིས་ཁྱབ་པ་ལ་འདིར་ལྡན་སོགས་ནི་རྒྱུ་འབྲས་ལས་ལོགས་སུ་ཡོད་པས་སོ། །ཐ་མ་ཞེས་པ་རྒྱུ་རྣམས་ཀྱི་མཐར་ཐུག་ནི་ལྡན་འདུ་ཡིན་ལ་དེ་རྒྱུ་ལས་ཐ་དད་ཡིན་པས་སོ་ཞེས་རིག་རལ་གསུངས། གཞན་ཡང་ལྡན་འདུ་ལ་དེ་རྟོགས་པའི་དོན་མེད་དེ་དེ་མེད་ཀྱང་མེད་ན་མི་འབྱུང་གི་ཚུལ་གཞན་ལས་ཀྱང་རྟོགས་བྱ་དེ་གྲུབ་པའི་ཕྱིར། གྲངས་ཅན་པ་རྣམས་ན་རེ། འབྲེལ་པ་ཡོད་པའི་ཆོས་གཅིག་མངོན་སུམ་དུ་གྱུར་པ་གཅིག་ལས་ལྷག་པ་མངོན་སུམ་མིན་པ་གཅིག་ཤོས་གྲུབ་པ་ནི་རྗེས་སུ་དཔག་པའོ་ཞེས་ཟེར་རོ། །གྲངས་ཅན་ན་རེ། ནོར་དང་ནོར་ཅན་དུ་འབྲེལ་


MR08_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། འཇིམ་པ་དང་བུམ་པ་བཞིན་རང་བཞིན་དང་རྣམ་འགྱུར་འབྲེལ་བ་དང་། རྫ་མཁན་དང་བུམ་པ་ལྟར་རྒྱུ་དང་རྒྱུ་ཅན་འབྲེལ་བ་དང་མེ་དུ་ལྟར་རྒྱུ་འབྲས་འབྲེལ་པ་དང་། ཡལ་སྡོང་ལྟར་ཡན་ལག་དང་ཡན་ལག་ཅན་དང་། ངུར་བ་ཁྱོ་ཤུགས་ལྟར་ལྷན་ཅིག་འགྲོགས་འབྲེལ་དང་། བྱ་རོག་དང་འུག་པ་ལྟར་དགྲ་ཟླའི་འབྲེལ་ལམ་གནོད་བྱ་གནོད་བྱེད་ཀྱི་འབྲེལ་བ་སྟེ་བདུན་ཡོད་པས་སྔར་འབྲེལ་ངེས་ཟིན་གྱི་འབྲེལ་ཅན་གཅིག་མཐོང་བས་གཅིག་ཤོས་དཔག་ཟེར། དེ་ལ་འབྲེལ་པ་ལ་མངོན་སུམ་དུ་གྱུར་པ་གང་རུང་གཅིག་ལས་གཅིག་ཤོས་དཔོག་ཞེས་པའང་རིགས་པ་མ་ཡིན་ཏེ། རྒྱུ་མཚན་མངོན་སུམ་ནི། རང་གི་གཟུང་དོན་ཙམ་ལ་ལྟ་བའི་རྟོག་མེད་ཡིན་པའི་ཕྱིར། ཐ་སྙད་སྣ་ཚོགས་ཀྱིས་ཁྱད་པར་བྱས་པའི་དོན་མི་འཛིན་པས་དེས་དེ་དང་དེའི་འབྲེལ་ཇི་ལྟར་འཛིན་གལ་ཏེ་མངོན་སུམ་གྱི་འབྲས་བུ་ཡིད་ཤེས་ལ་མངོན་སུམ་ཞེས་བཏགས་པའོ་ཟེར་ན་ཚད་འབྲས་མི་གཅིག་པ་དེ་འདྲ་བཀག་ཟིན་ཏོ། །ནོར་ནོར་ཅན་གྱི་འབྲེལ་བ་དེ་འདྲ་མ་ཤེས་པར་ཡང་མེད་ན་མི་འབྱུང་ཙམ་ལས་དེ་རྟོགས་ཕྱིར། འབྲེལ་པ་ལ་ཁྱད་པར་མེད་ཕྱིར་མེས་དུ་བ་དཔོག་པར་ཐལ་ལོ། །མེད་ན་མི་འབྱུང་བ་ནི་རྟགས་ཆོས་གཉིས་ཀ་ལ་གནས་པ་མིན་ཏེ། མེ་མེད་ན་དུ་བ་མི་འབྱུང་གི། །


MR08_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བ་མེད་ན་མེ་མི་འབྱུང་བ་མིན་པས་སོ། །གང་སྦྲུལ་དང་ནེའུ་ལེ་ལྟ་བུ་གནོད་བྱ་གནོད་བྱེད་དེ་དག་ལ་རྟགས་དང་རྟགས་ཅན་དུ་འགྱུར་བའི་འབྲེལ་བ་གང་ཡང་མེད་དོ། །དེ་ལ་གཙོ་བོ་སོགས་སྒྲུབ་པའི་འབྲེལ་པ་ཀུན་ལས་གང་ཡིན། རྒྱུ་དང་རྒྱུ་ཅན་ནོ་ཟེར་ན། བསྐྱེད་བྱ་སྐྱེད་བྱེད་ཡིན་ནམ། གསལ་བྱ་གསལ་བྱེད་ཡིན། དང་པོ་ལྟར་ན་གཏན་ཚིགས་མི་འདྲ་བ་ལྔ་སོ་སོར་བརྗོད་པ་དང་། །རྣམ་འགྱུར་སྣ་ཚོགས་ཐ་དད་མཐོང་བས་གཅིག་པུ་སྒྲུབ་པ་འགལ། དེ་ལ་གྲངས་ཅན་གྱིས་གཙོ་བོ་སྒྲུབ་པའི་གཏན་ཚིགས་ལྔ་སྟེ། ཁྱད་པར་རྣམས་ལ་རྗེས་འགྲོ་མཐོང་བ་དང་། ཚད་མི་མཐོང་བ་དང་། རྒྱུ་འབྲས་ཀྱི་དངོས་པོ་ཡིན་པ་དང་། ནུས་པ་འཇུག་པ་དང་། འཇིག་རྟེན་སྣ་ཚོགས་ཀྱི་དབྱེ་བ་མཐོང་བའི་ཕྱིར་མི་གསལ་བའི་རྒྱུ་ཡོད་དོ་ཞེས་པའོ། །གཙོ་བོ་ཡོད་པ་དང་།གཅིག་ཉིད་དང་། དོན་ལྡན་དང་། གཞན་གྱི་དོན་ཉིད་ལ་སོགས་པའི་ཆོས་དང་ལྡན་ནོ། །གཏན་ཚིགས་ལྔ་དག་རྣམ་འགྱུར་སོགས་སོ་སོར་མི་བརྗོད་པར་ཐལ་ཏེ་རྒྱུ་ཅན་ཐ་དད་པ་དེ་ལས།རྗེས་སུ་འགྲོ་བ་གཙོ་བོ་ནི་གཞན་མིན་པ་སྟེ་ཆ་མེད་གཅིག་ཡིན་པའི་ཕྱིར་འགལ་ལོ། །རྗེས་སུ་འགྲོ་བ་གཞན་ཐ་དད་པ་ལས་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་གཞན་མིན་པར་འདོད་ན་


MR08_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་དང་གཏན་ཚིགས་རྣམ་ལྔ་ཡང་སོ་སོར་མིན་པར་ཐལ་ལོ། །གཙོ་བོའི་ཆ་མེད་གཅིག་པུ་རྟག་པའི་ཆ་ནས་བརྒྱ་ལམ་སྟེ་རེས་འགའ་འམ་ནམ་དུ་ནའང་། འབྲས་བུ་སྐྱེད་བྱེད་ཉིད་དུ་འགྱུར་མ་ཡིན་ཏེ་རྟག་པས་སོ། །ས་བོན་གྱི་ཆ་ནས་མྱུ་གུ་བསྐྱེད་ཀྱི་གཙོ་བོའི་ཆ་ནས་མིན་ཞེས་པའོ། །ཐ་དད་པ་སྣ་ཚོགས་སུ་མཐོང་བ་འདི་ལ་རྒྱུ་གཅིག་ཡོད་པ་མི་དཔོག་སྟེ། དེ་ཐ་དད་དུ་ཡོད་ཙམ་ལས་རྗེས་སུ་འཐོབ་ཀྱི་རྒྱུ་གཅིག་པུ་བ་ཞིག་ཡོད་དགོས་པའི་རིགས་པ་མེད་ཅེས་སོ། །གཅིག་ལ་སོགས་པ་གཙུག་ཕུད་ཅན་གྱི་དོན་བཅུ་ནི། ཡོད་པ་ཉིད་དང་། གཅིག་ཉིད་དང་། དོན་དང་ལྡན་པ་དང་། གཞན་གྱི་དོན་དང་། གཞན་ཉིད་དང་། བྱེད་པ་པོའི་དངོས་པོ་མིན་པ་དང་། སྦྱོར་བ་དང་། འབྲེལ་བ་དང་། མང་པོའི་སྐྱེས་བུ་རྣམས་དང་། གནས་པ་སྟེ་སྐྱེས་བུའི་ཆོས་བཅུའོ། །རྣམ་འགྱུར་རྣམས་ཐ་དད་ཡིན་ན་ཡང་དེ་སྐྱེད་བྱེད་གཙོ་བོ་ནི་མིན། ཐ་དད་དེ་ཡོད་པ་ཙམ་དེ་ལས་ཀུན་ཏུ་འཐོབ་འགྱུར་ཕྱིར་མིན་པ་དང་། ཡང་ན་གཙོ་བོ་དེ་ལས་ཀུན་ཏུ་འཐོབ་པར་འགྱུར་བ་མིན་པས་སོ། །ཆོས་ཅན་གཙོ་བོ་དང་བདག་ལ་སོགས་ཀྱི་ཆོས་གཅིག་དང་ཡོད་པ་དང་དོན་ལྡན་སོགས།


MR08_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་དེ་སྒྲུབ་བྱེད་རྣམ་འགྱུར་ཐ་དད་པ་རྣམས་ཀྱི་རྗེས་སུ་འགྲོ་བ་ཉིད། ནུས་པ་འཇུག་པ་ལ་སོགས་རྟགས་སམ་རྒྱུ་མཚན་གང་ལས་ཡོངས་སུ་འཛིན་པ་རིགས་ཏེ་མི་རིགས་པར་བཤད་ལ། དེ་ཡི་ཕྱིར་གཏན་ཚིགས་འདི་དོན་བསྒྲུབ་བྱ་དེའི་གསལ་བྱེད་མིན་ནོ། །དེ་བཞིན་ནོར་དང་ནོར་ཅན་ལ། སོགས་པ་ཡི་འབྲེལ་པའང་གསལ་བྱེད་མ་ཡིན་ཞིང་། འདི་བདུན་ལས་འབྲེལ་གཞན་མེད་ན་མི་འབྱུང་བ་ལས་ཀྱང་གོ་བྱ་དེ་མཚོན་པའི་ཕྱིར་ན། འདི་བདུན་ནི་དོན་ལ་འབྲེལ་མེད་ཉིད་དུ་ཡང་དག་པར་བརྗོད་དོ། །ནོར་དང་ནོར་ཅན་ལ་སོགས་ཙམ་སྟེ། དེའི་ངོ་བོའི་སྒོ་ནས། རྟགས་ཅན་འཛིན་པ་ཡིན་ན་ནི། མེད་མི་འབྱུང་གི་འབྲེལ་པ་ལས་གཞན་རྟགས་ཀྱི་ངོ་བོ་ཙམ་ཤེས་པ་ན། དེས་རྟགས་ཅན་རྣམ་པ་ཀུན་ཏུ་འཛིན་པར་འགྱུར་རོ། །བརྟག་པ་གཉིས་པ་གཙོ་བོ་སོགས་སྒྲུབ་པའི་འབྲེལ་པ་གསལ་བྱ་གསལ་བྱེད་ཡིན་ཟེར་ན། གསལ་བྱ་གསལ་བྱེད་ཀྱི་དངོས་པོ་ནི། གལ་ཏེ་རྒྱུ་རྒྱུ་ཅན་དེ་གཅིག་པུ་ཡིན་རྣམ་པ་བདུན་ཅར་གསལ་བྱེད་དུ་རུང་བ་མིན་པར་ཐལ་ལོ། །དེས་ན་རྒྱུ་དང་རྒྱུ་ཅན་ཁོ་ན་གསལ་བྱེད་ཡིན་གྱི་གཞན་མིན་ན། གཞན་ཡིན་ན་རྒྱུ་དང་རྒྱུ་ཅན་དུ་ངེས་བཟུང་དོན་མེད་དོ། །ཡང་གཙོ་བོ་སྒྲུབ་པ་ལྷན་ཅིག་རྒྱུ་ཡི་དངོས་འབྲེལ་དུ་འདོད་པ་


MR08_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་གཞན་དྲུག་པོ་མིན་པར་ཐལ་བ་དེས་ལན་གདབ་བོ། །གཞན་ཡང་གཙོ་བོ་ལྐོག་གྱུར་ལ་ལྷན་ཅིག་རྒྱུ་བ་མི་ཤེས་སོ། །ཡང་གྲངས་ཅན་པས་རྗེས་དཔག་གཉིས་ཏེ། ཁྱད་པར་མཐོང་བ་དང་། སྤྱི་མཐོང་པ་གཉིས། དང་པོ་མེ་དུ་འབྲེལ་མཐོང་ན། དུ་བ་དེ་ཁོ་ནས་མེ་ཡང་ཡང་གོ་བ་ལྟ་བུ་ཡིན་ལ། གཉིས་པ་སྔར་མེ་དུའི་འབྲེལ་པ་མཐོང་ན། ཕྱིས་དུ་མཐོང་ཙམ་གྱིས་མེ་ཙམ་དཔག་པ་ཟེར། སྤྱི་མཐོང་རྗེས་དཔག་ལ་གཉིས་ཏེ་རྒྱུ་ལས་འབྲས་བུ་འབྱུང་རྟོགས་སྔ་མར་བསྟན་ལ། གྲུབ་ཟིན་འབྲས་བུ་མཐོང་ན་རྒྱུ་བྱུང་མིན་རྟོགས་པ་ལྷག་མ་ལྡན་པ་ཡིན་ལ། སྔ་མ་འཁྲུལ་སྲིད་ཕྱི་མ་འཁྲུལ་མེད་ཟེར་རོ། །ཁྱད་པར་མཐོང་བ་རྗེས་དཔག་མ་ཡིན་ཏེ་རྟོགས་ཟིན་གྱི་དོན་དྲན་པར་འདོད་དོ། །སྤྱིར་མཐོང་བ་ལ་གཉིས་སུ་ངེས་པར་བཟུང་བ་རིགས་པ་མ་ཡིན་ནོ། །དེ་ལ་སྤྱི་མཐོང་བ་ཁོ་ན་རྣམ་པ་གཉིས་པོ་ཞེས་ངེས་བཟུང་བྱས་ན་གཞན་ལྡན་རྣམ་གཅོད། ཡང་ཤེས་པའམ་ཁྱད་པར་མཐོང་བའི་རྗེས་དཔག་མེད་པར་འགྱུར་ལ། སྤྱིར་མཐོང་བ་རྣམ་པ་གཉིས་ཁོ་ན་ཞེས་མི་ལྡན་དུ་སྦྱར་བ་ནོར་ནོར་ཅན། ལྷན་ཅིག་ཏུ་གནོད་བྱ་གནོད་བྱེད་ཀྱི་འབྲེལ་པ་ལ་བརྟེན་པའི་རྗེས་དཔག་མེད་པར་འགྱུར་ཏེ། དེ་དག་ཁྱད་པར་མཐོང་བ་དང་།


MR08_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལས་འབྲས་དང་འབྲས་ལས་རྒྱུ་དཔོག་པའི་རྗེས་དཔག་མིན་པས་སོ། །མངོན་སྤྱི་ཁྱད་ཀྱི་རྗེས་དཔག་གསུམ་པོ་དེའི་གྲངས་བཟུང་ན་དེའི་ཁོངས་སུ་མི་འདུ་བ་ཡོད་ཅེས་སོ། །ཡང་སྨྲས་པ། ནོར་ནོར་ཅན་སོགས་འབྲེལ་པ་བདུན་དུ་བསྟན་པ་དང་། སྤྱི་ཁྱད་ཀྱི་རྗེས་སུ་དཔག་པ་གཉིས་ཉིད་དང་། མངོན་སུམ་དེ་སྔོན་སོང་བའི་རྗེས་དཔག་ནི། གསུམ་སྟེ་འདི་རྣམས་དེ་གཉིས་པོ་གང་དུ་བསྡུ། དེས་ན་དེས་བཟུང་ལ་འབྲས་བུ་མེད་ཕྱིར་རྒྱུ་ལས་འབྲས་བུ་སྒྲུབ་པ་འཁྲུལ་བས་དེ་རྟགས་སུ་རུང་བ་མིན། གལ་ཏེ་རྒྱུ་ལས་འབྲས་བུ་དཔོག་པ་ཡིན། ཡང་དེ་དེ་ལ་རག་ལས་པའམ་མེད་ན་མི་འབྱུང་བའི་འབྲེལ་བ་ལྟ་བུ་ཁྱད་པར་བ་ལ་ལྟོས་ཤེ་ན། འོ་ན་བདུན་པོ་ན་མེད་པའི་འབྲེལ་པ་ཞིག་གསར་དུ་འོང་དགོས་བྱུང་བ་ཡིན་ནོ། །རག་ལས་པས་རྟགས་ཡིན་ན་ནི་འབྲེལ་པ་གཞན་དག་གསར་དུ་འོང་བ་ཡིན། གལ་ཏེ་ཐེ་ཚོམ་དང་བཅས་པའི་རྣམ་པར་དཔྱོད་པ་ཅན་གྱི་ལྷག་མ་དང་ལྡན་པའི་རྗེས་དཔག་ཉིད་རྗེས་དཔག་མིན་ལ། གཞན་དུ་གཏན་ཚིགས་ལ་རྗེས་དཔག་ཏུ་བཏགས་ནས་བརྗོད་དོ་ཞེ་ན། རྗེས་དཔག་ཐམས་ཅད་དཔྱོད་བཅས་ཡིན་ཏེ། རྟགས་ཀྱི་མངོན་སུམ་གཟུགས་མཐོང་ཡང་དཔག་བྱའི་དོན་ལ་ངེས་པར་ཅི་འདི་གང་ལས་ཞེས་དཔྱད་དགོས་པས་ཏེ། ཆུ་


MR08_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་རྒྱས་པ་མཐོང་ཡང་འདི་ཅི་ལས་བྱུང་ཞེས་དཔྱད་པ་བཞིན་ནོ། །རྗེས་དཔག་ཐམས་ཅད་ལ་དཔྱོ༷ད་པ་དང་བཅས་པར་བརྗོད་པར་བྱ་རིགས་པར་ཐལ་ལོ། །ལྷག་ལྡན་གྱི་རྗེས་དཔག་ཁོ་ན་དཔྱོད་བཅས་ཡིན་ཏེ་རྟགས་ཡོད་པའམ་ཡོད་ཚད་ཀྱང་ཀུན་ཏུ་དཔྱོ༷ད་པ་དང་བཅས་ཕྱིར། གལ་ཏེ་དེ་ལྟར་ངེས་བཟུང་མ་བྱས་པས་གང་སྤྱི་མཐོང་བས་རྗེས་སུ་དཔག་པ་དེ་དག་ནི་ལྷག་མ་དང་ལྡན་པ་དབང་པོའི་ཡུལ་ལས་འདས་པ་རྣམས་ཡང་དག་རྟོགས་པར་བྱེད་དོ་ཟེར་ན། དེ་མི་རིགས་ཏེ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་སོགས་ཀྱིས་གཙོ་སོགས་ཡོད་པར་རྟོགས་པའང་འདོད་པས་སོ། །དེ་རིགས་ལྷག་ལྡན་ནོ་ཟེར་ལྷག་ལྡན་ལས་གཞན་པ་རྗེས་འགྲོ་སོགས་ལས་ཀྱང་གཙོ་སོགས་རབ་ཏུ་གྲུབ་པར་འདོད་པས་སོ། །གཙུག་ཕུད་ཅན་གྱི་དོན་ལས་གཅིག་ཡིན་པར་རྟོགས་པར་འདོད་པའི་རྟགས་དེས། གཙོ་བོའི་ཆོས་ལྔ་དོན་བཅུ་སོགས་ཐ་དད་པའི་ཐ་སྙད་ཀྱང་ཡོད་པ་མིན་པའམ། སྐྱེས་བུའི་ཆོས་བྱེད་པོ་མིན་སོགས་ཀྱང་རྣམ་ཀུན་རྟོགས་པར་མི་འགྱུར་རོ། །གཏན་ཚིགས་དང་རྟགས་ཆོས་ཀྱི་འབྲེལ་པ་སོགས་གཙོ་བོའི་འབྲས་བུར་ཁས་བླང་ལ་སྐྱེས་བུའི་རྒྱུ་གཙོ་བོ་མིན་པས་དེ་ལ་འབྲེལ་པ་ཅན་གྱི་རྟགས་མི་སྲིད་པས་སོ། །དཔྱོ༷ད་པ་པ་ལ་


MR08_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ། རྗེས་དཔག་ནི་མངོན་སུམ་སྔོན་འགྲོ་ཅན་ཡིན་ཕྱིར་མངོན་སུམ་དང་དོན་འདྲ་བས། རྗེས་དཔག་དང་སྒྲ་བྱུང་དང་ཉིད་འཇལ་དང་དོན་གྱིས་གོ་བའི་ཚད་མ་དང་རྟགས་ལ་སོགས་ཀྱི་མཚན་ཉིད་མདོར་མ་མཚོན་ཏེ་མ་བཤད་དོ། །འགྲེལ་པ་བྱེད་པས་ནི་ངག་བྱེད་མཁན་གྱི་བསམ་པ་རྗེས་སུ་བཟླས་ནས་ཕྱེའམ་ཞེ་ན་འོ་ན་དྲན་པ་དང་འདོད་པ་དང་ཞེ་སྡང་དང་། རྩོལ་བ་ལ་སོགས་མངོན་སུམ་སྔོན་སོང་ཡིན་པས་དེ་དག་ཀྱང་ཚད་མ་གཞན་ཞིག་ཡིན་པར་འགྱུར་རོ། །དེ་ལ་འགྲེལ་པ་བྱེད་པས་གཞན་བྱེ་བྲག་པའི་གཞུང་ལས། བཏོན་ཏེ་དེ་དང་གཅིག་ཏུ་བསྟུན་ནས་ནི། རྗེས་དཔག་ལ་རྟགས་འབྲེལ་བ་སོགས་བསྟན་པ་ཡིན་ཏེ། དེ་ལ་དེ་ལྟར་རྗེས་དཔག་ནི་མངོན་སུམ་སྔོན་འགྲོ་ཅན་མ་ཡིན་ཏེ། དེ་དག་གིས་འབྲེལ་པ་འཛིན་པའི་མངོན་སུམ་འདོད་ན་ལྡན་སོགས་ཡུལ་ལ་དབང་བློ་འཇུག་པ་སྲིད་པ་མེད་པས་སོ། །ཡུལ་ལའང་དེ་དག་ཡོད་མ་ཡིན། ལྡན་པ་ནི་རྗེས་དཔག་གི་རྟེན་དུ་གྱུར་པའི་རྟགས་མིན་ཏེ་ཕན་ཚུན་གོ་བར་ཐལ་ལོ། །མདོར་ན་ལྡན་པ་ཅན་ནི་རང་གི་ངོ་བོ་རང་རྐྱབས། དཔག་བྱ་དེ་ཁོང་དུ་ཆུད་པར་བྱེད་པ་པོ་མ་ཡིན་ཏེ་དེ་མེད་པས་སོ། །འབྲེལ་ཅན་གཞན་དུ་གྲུབ་པ་མིན་པ་དེ་མངོན་སུམ་གྱི་ཡུལ་དུ་རུང་བ་ཡང་མ་ཡིན་ནོ། །


MR08_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་པ་འགོག་པའི་སྐབས་གང་དུ་རྗེས་དཔག་ཉེར་འཇལ་ལ་སོགས་པར་འདི། བཀག་པ་དེ་བཞིན་དཔྱོད་པ་པའི་དེ་ཡང་བཀག་སྟེ་དེ་གཉིས་མཐུན་པས་སོ། །ཡང་དེ་དག་ན་རེ་དོན་གྱིས་གོ་བའི་ཚད་མ་གཉིས་ཏེ། མཐའ་གཅིག་ཏུ་ངེས་པ་དང་མ་ངེས་པའོ། །དང་པོ་འབྲས་འཚོད་ཀྱི་རྟགས་ལས་སྣོད་དང་ཐབས་སོགས་དོན་གྱིས་གོ་བ་དང་། དུ་བ་མཐོང་བ་ཙམ་གྱིས་མེ་དོན་གྱིས་གོ་བ་དང་གཉིས་པ་རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་ཅེས་བརྗོད་པའི་རྩོལ་བ་ལས་མ་བྱུང་བའི་ཕྱིར་རྟག་ཅེས་དོན་གྱིས་གོ་བ་མི་ངེས་ཞེས་ཟེར། དོན་གོ་ཞེས་ཚད་མ་ཕུང་གསུམ་པ་མི་སྲིད་དེ། དོན་གྱིས་གོ་བ་ངེས་མི་ངེས་རྣམ་གཉིས་ལས་མཐའ་གཅིག་ཏུ། ངེས་དེ་རྗེས་དཔག་ཡིན་ལ་ཅིག་ཤོས་རྫུན་ཡིན་པས་ཚད་མར་མི་རུང་ངོ་། །ཡང་ནག་པ་ཁྱིམ་ན་མེད་པ་ལས་ཕྱི་ན་ཡོད་པར་གོ་བ་ནི་ནག་པ་ཁྱིམ་ན་མེད་པར་གོ་བ། དངོས་མེད་རང་རྒྱུད་པ་འཇལ་བའི་ཚད་མ་ཕུང་གསུམ་མོ་ཟེར། དེ་ལ་སྤྱིར་ནག་པ་འཚོ་ཞིང་དེར་ཁྱིམ་ན་མེད་པའི་སྒྲས་ཕྱི་ན་ཡོད་པར་ཚོར་གྱི། ནག་པ་མེད་པའི་སྒྲས་དངོས་མེད་ཆིག་རྐྱང་འཇལ་བ་མིན་ཏེ་ཁྱིམ་དང་ཁྱིམ་མིན་གཉིས་གཅིག་ངེས་པ་ལས་ཁྱིམ་ན་


MR08_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅེས་སྐབས་ཐོབ་ཀྱིས་ཅིག་ཤོས་གོ་བས་སོ། །གཞན་ཡང་གྲངས་ཅན་པས་གཞན་ཕྱོགས་དགག་ནས་རང་ཕྱོགས་སྒྲུབ་པ་ཚད་མ་གཞན་དུ་འདོད་པའང་བསལ་ལོ། །ནག་པ་ཁྱིམ་ན་མེད་པ་ཞེས་པ་ཙམ་ལས། མེད་ཚིག་གིས་ཕྱི་ན་ཡོད་པར་ངེས་པར་མཚོན་པ་མིན་ཀྱང་། ཁྱིམ་གྱི་སྒྲ་ཡི་དོན་ལས་སྐབས་འདིར། ཁྱིམ་མིན་ཕྱི་ན་ཡོད་པར་རབ་ཏུ་རྟོགས་པ་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པ་ལས་རང་གི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་གཉིས་པའོ།། །།གཞན་དོན་རྗེས་སུ་དཔག་པ་ནི། རྒོལ་བ་རང་གིས་མཐོང་བ་དེའང་དངོས་པོའི་དོན་གྱི་ཚུལ་གསུམ་པོ་ངག་གིས་རབ་ཏུ་གསལ་བར་བྱེད་པའོ། །དེ་ལ་དཔག་བྱ་དམ་བཅའ་བསྟན་པ་ནི། སྒྲུབ་བྱེད་མིན་ཏེ་འདིར་རྟགས་ཀྱི་བྱེད་པ་འཇུག་པའི་དོན་གྱི་ཡུལ་དུ་འདོད་པའོ། །བསྒྲུབ་བྱ་དེའི་མཚན་ཉིད་ཀྱང་མ་གྲུབ་པའི་བསྒྲུབ་བྱ་རང་གི་ངོ་བོ་ཕྱིར་རྒོལ་གྱིས་མ་གྲུབ་པའོ། །ཉིད་དམ་ཁོ་ནས་དཔེ་རྟགས་མ་གྲུབ་པ་གཅོད་ལ། བསྟན་བྱ་ནི་ཁྱད་གཞིའོ། །དེའང་རང་གིས་ཁས་བླངས་པ་དང་ཞེ་བས་འདོད་པར་འགྱུར་བ་དང་བསལ་བ་བཞིས་མ་བསལ་བ་དང་ལྔའོ། །ཇི་ལྟར་བསལ་ན་མངོན་སུམ་གྱི་དོན་དང་རྗེས་དཔག་དང་། ཡིད་ཆེས་དང་གྲགས་པས་བསལ་ལོ། །གང་ལ་ན་བསྒྲུབ་བྱའི་ཆོས་


MR08_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྟེན་ཆོས་ཅན་ལའོ། །རིགས་པ་ཅན་པ་རྣམས་ན་རེ། བསྒྲུབ་བྱ་སྟོན་པ་དམ་བཅའི་མཚན་ཉིད་ཞེས་སྨྲས་པ་འདི་ལ། ཕྱིར་རྒོལ་གྱིས་གྲུབ་པ་མེད་པར་ཚིག་དེའི་དོན་གྱིས་བྱས་སོ་ཞེས་ཟེར་རོ། །དེ་ལྟ་ན་ནི་རྟགས་དང་དཔེ་མ་གྲུབ་པ་ཡང་བསྒྲུབ་བྱར་འགྱུར་ཏེ་དེ་བསྒྲུབ་བྱར་སྟོན་པ་ཡིན་པས་སོ། །འདིར་རྟགས་ཀྱིས་བསྒྲུབ་པར་བྱ་རྒྱུ་དེ་གང་ཡིན་ཆོས་རྐྱང་ངམ་ཆོས་ཅན་རྐྱང་པའམ་ཚོགས་དོན་ཡིན། རེ་རེ་ཁ་ཡར་བར་སྐྱོན་དངོས་སུ་དང་། བསྒྲུབ་བྱ་བརྗོད་པ་དེ་ནི་ཆོས་ཡིན་ན་དེ་རྐྱང་པ་ལ་མཐུན་དཔེ་ལ་རྗེས་འགྲོ་མེད་པས་ཆོས་མཐུན་མེད་དེ་མཐུན་ཡུལ་མེད་པས་སོ། །ཆོས་ཅན་བསྒྲུབ་བྱ་ཡིན་ན་གྲུབ་ཟིན་པས་དེ་ལ་རྟགས་འགོད་པ་དོན་མེད་དོ། །ཚོགས་དོན་ཡིན་ན་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་དེ་རྗེས་འགྲོ་མེད་ཅིང་རང་གྲུབ་ན་གྲུབ་མ་གྲུབ་ན་སྒྲུབ་བྱེད་གཞན་མེད་ཅེས་སོ། །ཡང་དཔེ་རྟགས་མ་གྲུབ་པ་དམ་བཅར་མི་འགྱུར་ཏེ་ངེས་བཟུང་གི་སྒྲ་ཁོ་ན་སྦྱོར་ཞེ་ན། ཇི་ལྟར་སྦྱར། བསྒྲུབ་བྱ་ཁོ་ན་བརྗོད་པ་དམ་བཅའ་ཞེས་གཞན་ལྡན་དུ་འམ། བསྒྲུབ་བྱ་བརྗོད་པ་དམ་བཅའ་ཁོ་ན་ཞེས་མི་ལྡན་དུ་སྦྱོར། དང་པོ་ལྟར་ན་དམ་བཅའི་གོང་དུ་ངེས་བཟུང་གཞན་གཅོད་པ་ལ་དོན་ནམ་དགོས་པ་མེད་པར་འགྱུར་ཏེ། དེ་


MR08_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དམ་བཅའ་བསྒྲུབ་བྱར་ངེས་ཀྱང་དེ་སྒྲུབ་བྱེད་མ་གྲུབ་པ་ལ་མི་འཇུག་པའི་རྒྱུ་མཚན་མེད་པས་སོ། །ཅིག་ཤོས་ཕྱི་ནས་ངེས་པར་བཟུང་བ་ལྟར་ན་འདོད་དོན་ལ་ཕན་པར་མི་འགྱུར་ཞིང་མི་འདོད་པར་འགྱུར་ཏེ། སྒྲུབ་བྱེད་བསྒྲུབ་བྱ་ཡིན་པ་བཅད་པ་དང་། བསྒྲུབ་བྱ་ཕྱིར་རྒོལ་གྱིས་གྲུབ་མ་ཟིན་པར་ཤེས་པའི་ཆེད་དུ་སྨོས་མི་དགོས་ལ། དེ་ལས་གཞན་པའི་དགོས་པ་མེད་པའི་ཕྱིར། རྩོད་པ་སྒྲུབ་པ་ལ་བརྗོད་པ། རིགས་པ་ཅན་ལ་བརྗོད་པ་དེ་བཞིན་སྐྱོན་དེ་རྩོད་སྒྲུབ་ནས་བསྒྲུབ་བྱར་བརྗོད་པ་ལ་ཡང་འཇུག་གོ། དེ་ན་རེ། འདི་ཕྱོགས་ཀྱི་དབང་དུ་བྱས་པའི་ཕྱིར་ན་སྐྱོན་དེ་སྲིད་པ་མ་ཡིན་ལ། བསྒྲུབ་བྱ་ཡིན་པ་རྣམ་པར་བཅད་པའི་འདོད་པའི་དོན་ཏེ་འདོད་པས་རྣམ་པར་བཅད་པ་འདི་ཞེས་དོན་ཞེ་འདོད་ཀྱི་ཕྱོགས་ཁོ་ན་རྣམ་པར་བཅད་དོ་ཟེར་ན། དེ་ལྟ་ནའང་མི་འདོད་པ་བསྒྲུབ་བྱ་མིན་པ་ལས་ལོག་པ་ཙམ་ཡིན་ལ་དེ་ནི་དཔེ་རྟགས་མ་གྲུབ་པ་ལའང་ཡོད་པས་སོ། །རིགས་པ་ཅན་པ་ལ་བརྗོད་པ། སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ལྟ་བུ་དམ་བཅའ་གཏན་ཚིགས་དང་འགལ་བ་ནི་དམ་བཅའི་སྐྱོན་ནོ་ཞེས་པ་དེ་རིགས་པ་མིན་ཏེ་སྤྱིར་བཏང་ལས་དམིགས་བསལ་ཡིན་པས་སོ། །དེ་ལ་ལེགས་པར་དཔྱད་ན་སྦྱོར་བའི་འགོད་ཚུལ་ལམ་ཆོས་དོན་ལ་ལེགས་པར་མ་བསླབས་


MR08_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་རྟགས་དེ་ལྟ་བུ་ནི་ཆོས་མི་མཐུན་སྦྱོར་གྱི་དཔེས་བརྗོད་པ་ཙམ་ཡིན། ཐམས་ཅད་མི་རྟག་པའི་རྟགས་ཀྱིས་དང་ཡང་དཔེ་ཉེར་འཇལ་གྱིས་སྒྲ་རྟག་པ་འདི་བསྒྲུབ་བྱ་ནི་མ་ཡིན་ལ། ཐམས་ཅད་མིན་པ་ཙམ་དང་སྒྲ་མིན་ཐམས་ཅད་མིན་པ་གཉིས་ཀ་རྟགས་སུ་འཕེན་མི་རིགས་ཏེ་དང་པོ་སྤྱི་སྒྲས་ཁྱད་པར་མི་སྤོང་བས་སྒྲ་ཡང་ཐམས་ཅད་པའི་ཁོངས་སུ་འདུས་སོ། །གཉིས་པ་ལྟར་ན་སྒྲ་མིན་ཐམས་ཅད་མིན་པ་སྒྲ་རང་ཉིད་ཡིན་པས་གཞི་རྟགས་ཐ་མི་དད་དུ་འགྱུར་བས་མི་རིགས་སོ། །འདི་རྩོད་སྒྲུབ་ནས་འགལ་བའི་རྟགས་སུ་བསྟན་པ་དེ་ཡིན་ཏེ་རྟགས་ལ་ཕྱོགས་ཆོས་མེད་པས་སོ། །དེ་ལ་དེ་ན་རེ་ཁས་བླངས་དང་བསྒྲུབ་བྱ་འགལ་བ་གཉིས་ཟེར་རོ། །འདི་འགལ་བ་དང་ལྡན་པའི་གཏན་ཚིགས་ལྟར་སྣང་ཡང་མིན་ནོ། །གཉིས་པ་གཏན་ཚིགས་བཤད་པ་ལ་འགྱུར་ལ་ལར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཡིན། །དེ་ཕྱིར་གཏན་ཚིགས་ལྟར་སྣང་གི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཞེས་གསུངས།གང་ཞིག་བསྒྲུབ་བྱའི་ཆོས་ཀྱི་གོ་བྱེད་ཀྱི་རྟགས་དེ་ལྟར་སྣང་བ་ནི་ཕྱོགས་ཆོས་ལས་བརྩམས་པ་ཕལ་ཆེ་སྟེ་མང་བས་དེས་ན་གཏན་ཚིགས་ཡང་དག་ལྟར་སྣང་སོགས་དོན་གྱི་དབྱེ་བ་སྟོན་པའི་སྔོན་དུ་


MR08_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་ཕྱོགས་ཆོས་དེ་བསྟན་པར་བྱ་སྟེ། ལྟར་སྣང་གྲུབ་པ་ཐམས་ཅད་ཕྱོགས་ཆོས་ལས་ཡིན་ལ་འགལ་མ་ངེས་ཀྱང་དོན་གྱིས་དང་ཡང་དག་ཀྱང་ཤེས་པས་སོ། །དེ་ལ་ཕྱོགས་ཆོས་དབྱེ་བ་དགུ་ནི། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་མེད་དང་ཆ་རྣམ་གཉིས་ཏེ་རྩ་བ་གསུམ་ལས། དེ་འདྲའི་ཕྱོགས་ཀྱི་ཆོས་རྩ་བ་དེ་རེ་རེ་ལའང་སོ་སོར་རྣམ་པ་གསུམ་ཡོད་དེ་དེའི་རེ་རེ་ལ་མི་མཐུན་ཕྱོགས་ལའང་སོ་སོར་ནི། ཡོད་མེད་གཉིས་ཀའི་བྱེ་བྲག་གིས་དགུར་འགྱུར་བའི་ཕྱིར། ཆོས་དང་ཆོས་ཅན་བསྡུས་པའམ་ཚོགས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། ཆོས་དང་ཆོས་ཅན་ཁ་ཡར་བ་སྟེ་རྐྱང་པ་ནི་དངོས་སུ་ཕྱོགས་སམ་བསྒྲུབ་བྱ་མིན་ཡང་བསྒྲུབ་བྱ་དེའི་ཕྱོགས་གཅིག་ཡིན་ཕྱིར་ཆོས་ཅན་ལའང་བསྒྲུབ་བྱར་བཏགས་པའི་མིང་གི་སྒོ་ནས་བརྗོད་པས་སྐྱོན་མེད་དོ། །འདི་ལའང་འགྱུར་ཁ་ཅིག་ལས། རྟགས་ཀྱིས་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དག །གཙོ་བོ་མིན་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་གསུངས་སོ། །རྒོལ་བ་གཉིས་ཀ་ལ་ཐུན་མོང་དུ་གྲུབ་པའི་རྟགས་ཀྱི་ཆོས་དེ་ལས་དགག་སྒྲུབ་ཀྱི་ཐ་སྙད་བྱེད་པ་ཡིན་ཕྱིར་གཉིས་ཀ་ལའམ། དེ་གཉིས་ལས་གང་ཡང་རུང་བ་ལ་བཟློག་སྟེ་བསྒྲུབ་པའམ། རྟགས་


MR08_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་ཟ་བ་དང་ནི་ཆོས་ཁོ་ནར་གྲུབ་ཙམ་སྟེ་ཆོས་ཅན་གྲུབ་པ་ལ་ཆོས་སུ་གྲུབ་པ་བདག་ཡོད་དེ། བདག་གི་ཡོན་ཏན་བདེ་སོགས་དམིགས་པའི་ཕྱིར་ལྟ་བུ་རྣམས་སྒྲུབ་བྱེད་དུ་འདོད་པ་མ་ཡིན་ཞེས་སོ། །དེ་འདྲ་ནི་མི་འདོད་ཐམས་ཅད་སྒྲུབ་བྱེད་དུ་མ་ཟད་སུན་འབྱིན་དུའང་མི་རུང་ངོ་། །རྒོལ་བ་གཉིས་ཀར་རབ་ཏུ་གྲུབ་ན་ནི། སུན་འབྱིན་པའམ་སྒྲུབ་པ་ཉིད་དུ་རུང་བ་ཡིན་ལ། ཐེ་ཚོམ་ཟ་བ་སོགས་རིགས་པ་གཞན་གྱིས་བློ་སྐྱོན་ཅན་རྣམས་སྒྲུབ་རུང་སླར་ཡང་བསྒྲུབས་ནས་གྲུབ་ན་ནི་སྒྲུབ་བྱེད་དུ་འདོད་དོ། །འདིར་ཁ་ཅིག་གིས། དུ་བ་ཆོས་ཅན་ལས་མེའི་ཆོས་ཅན་རྐྱང་པ་གྲུབ་ཟེར། མེ་རྐྱང་ཙམ་བསྒྲུབ་ན་འབྲེལ་བ་ངེས་ན་དེ་ཙམ་གྱིས་མེ་གྲུབ། དུ་བ་མེའི་ཆོས་ཙམ་དུ་བསྒྲུབ་ན་དམ་བཅའི་ཕྱོགས་རྟགས་སུའོ། །ཡང་དུ་བའི་ཆོས་ཅན་ལས་མེའི་ཆོས་དྲོ་བ་སྒྲུབ་ཟེར་ཡང་། སྔ་མ་དང་། ཆོས་ཅན་གྱིས་ཆོས་གྲུབ་ན་གཙོ་བོ་ཡོད་པར་ཐམས་ཅད་ལ་རྗེས་འགྲོ་ལ་སོགས་པ་སྒྲུབ་པ་ལྟ་བུ་སྟེ་སྔར་བཀག་པའི་དོན་དེས་ན་ཆོས་སྤངས་པའི་ཆོས་ཅན་ཙམ་དང་ཆོས་ཅན་སྤངས་བའི་ཆོས་བསྒྲུབ་བྱར་མི་རིགས་ཀྱི་ཚོགས་པ་ཡིན་ནོ། །ཞེས་སོ། །དེས་ན་རྐྱང་པ་མུ་བཞི་པོ་བསྒྲུབ་བྱར་མི་འཐད་ཅེས་སོ། །ཆོས་ཅན་མེ་ཙམ་དུ་བ་ལྟ་བུ་ཆོས་ཅན་གྱིས་སྒྲུབ་པ་མིན།


MR08_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་ཆོས་དེས་ཆོས་རྐྱང་པ་དག་ཀྱང་མ་ཡིན་ཏེ། འདི་ལྟར་རྟགས་ཀྱི་ཆོས་ཀྱིས་མེད་ན་མི་འབྱུང་གི་ཆོས་སྒྲུབ་ཅིང་ཆོས་ཅན་ལ་སྒྲུབ་པ་དེ་ཕྱིར་ཆོས་དེ་ལྡན་གྱི་ཆོས་ཅན་ཡང་དེ་བཞིན་གྲུབ་པ་སོགས་དོན་གྲུབ་བོ། །སྒྲ་རྟག་པ་མིན་ཏེ་ལས་རྟག་པར་ཐལ་བའི་ཕྱིར་རམ། རྟག་ཏུ་དམིགས་པར་ཐལ་བའི་ཕྱིར་ཞེས་འཕང་བ་ན་ཕྱོགས་ཆོས་སྒྲུབ་པ་མེད་ཀྱང་སྦྱོར་བ་དེ་འཐད་པའི་ཕྱིར་ཞེ་ན། དེ་ཕྱོགས་ཆོས་མེད་ཀྱང་དེ་སྒྲུབ་ཀྱིས་ངག་ཏུ་སོང་བ་མིན་ཀྱང་ཐལ་བ་ཙམ་ཡིན་ཞེས་སོ། །ཕ་རོལ་གྱི་དམ་བཅའ་ལ་རྟགས་ཀྱི་ངག་གིས་གང་ཞིག་མི་འདོད་པ་ལའང་ཐལ་བ་རྩོམ་པ་འདི་ནི་རྒོལ་བའི་འདོད་པ་ལ་ལན་ཞེས་སམ་སུན་འབྱིན་ཤེས་བྱ་སྟེ་མི་འདོད་ཐལ་བ་ཙམ་དེ་ཡི་སྒོ་ནས་ངག་སྦྱོར་བའི་ཕྱིར་རོ། །གཏན་ཚིགས་བསྒྲུབ་བྱའི་ཆོས་ཀྱི་རྗེས་སུ་འགྲོ་བ་དངོས་སུ་སྟོན་པའི་ང ག་གང་ཡིན་པ་ཆོས་མཐུན་སྦྱོར་དཔེ་དང་བསྒྲུབ་ཆོས་མེད་པ་ལ་རྟགས་མེད་པར་བརྗོད་པར་བྱ་བ་ནི་མི་མཐུན་སྦྱོར་དཔེ་སྟེ་དེ་ལྟར་གཉིས་སོ། །དེར་ནི་དཔེ་ལས་དཔེ་ཅན་གྲུབ་པས། འབྱུང་ཁུངས་སམ་ལྔ་པའི་མཐའ་ཅན་དཔེ་གཉིས་སོ། །རྟགས་དང་ནི་རྩོད་གཞི་ཉེ་བར་སྦྱར་བ་ལས་ངག་དེ་ལྟ་བུ་འདོད། ངག་མཐུན་མི་མཐུན་གཉིས་པོའམ་གང་རུང་བརྗོད་ཀྱང་རུང་སྟེ་དོན་དུ་རྟགས་རྩོད་


MR08_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར་སྦྱར་བའི་དབང་གིས་འབྱུང་བ་ཁོ་ན་ཡིན་ཞེས་སོ། །དེ་ལ་གཉིས་འོང་བ་དཔེ་སྟོན་པའི་དབང་གིས་ཏེ། དེ་དང་རྟགས་སྦྱར་བའི་དབང་གིས་ཞེས་སོ། །དེ་ལ་གྲངས་ཅན་པ་ལྟར་ན། རྟགས་ཀྱི་ངག་བསལ་ཏེ་འོངས་པ་དང་། རྣམ་ལྡན་གཉིས་འདོད། དང་པོ་གཞན་ཕྱོགས་བཀག་ནས་རང་ཕྱོགས་སྒྲུབ་པ་ཞིག་སྟེ་དོན་ཐལ་གྱུར་ལ། དེ་ལ་གཞི་གང་དུ་བསལ་འོངས་ཀྱིས་བརྗོད་ན་དེ་སྒྲུབ་པའི་གཏན་ཚིགས་མེད་པར་ཐལ་བ་འགྱུར་ཏེ་དེ་ལ་ཕྱོགས་ཆོས་མེད་པས་སོ། །དེ་ཡང་མཐུན་མི་མཐུན་དཔེ་གཉིས་ལས་ཕྱོགས་ཆོས་ཅན་གྱི་བསྒྲུབ་བྱ་དེ་གྲུབ་དགོས་པའི་ཕྱིར་རོ། །བསལ་འོངས་ལ་དེ་ཡོད་དོ་ཞེ་ན། ཡོད་པ་དེས་ན་དེ་ནི་སྒྲུབ་བྱེད་ཀྱི་ངག་རྣམ་ལྡན་ལས་གཞན་མིན་པར་ཐལ་ལོ། །ཡང་ཐལ་འགྱུར་ནི་ཕྱོགས་ཆོས་ཅན་མིན་ཕྱིར་ཚུལ་གསུམ་མེད་ལ་རྣམ་ལྡན་ལ་ཡོད་ཅིང་ཐལ་འགྱུར་ནི་ཕྱོགས་ཆོས་མེད་ཀྱང་ཁས་བླངས་སྔོན་དུ་སོང་བ་ལས་དེ་བཞིན་རྟགས་དང་དམ་བཅའ་ཡི་ཉེ་བར་སྦྱར་བ་ལས་སྐྱོན་བརྗོད་པ་ཙམ་སུན་འབྱིན་དུ་ཤེས་པར་བྱ་ལ། སྒྲ་དང་བུམ་པ་མི་རྟག་པ་ཙམ་དུ་ཐ་དད་མེད་པ་ལ་དེ་ཉིད་འདི་ལྟ་བུའོ་ཅེས་བྱས་ནས་མཐུན་དཔེས་གཞན་ལ་དེ་སྟོན་པར་བྱེད། གང་མཐུན་ཕྱོགས་ཞེས་པ་བསྒྲུབ་བྱའི་ཆོས་ལྡན་དུ་ཐ་མི་དད་པའི་ཕྱོགས་ལས་བཞག་ཏེ།


MR08_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་མི་རྟག་ཙམ་འདི་ལའང་སྒྲ་བུམ་གྱི་ཁྱད་མི་ཕྱེ་ཡང་ཐ་དད་ཅེས་མི་འདོད་དོ། །དེ་ལ་དཔྱད་ན་མི་མཐུན་ཕྱོགས་ལ་གསུམ་ཡོད་དེ། མི་རྟག་པ་བཀག་ཙམ་མེད་པ་མི་མཐུན་ཕྱོགས་དང་། འདུས་མ་བྱས་ནམ་མཁའ་སོགས་འགལ་བ་མི་མཐུན་ཕྱོགས། ཤེས་བྱ་གཞལ་བྱ་སོགས་གཞན་པ་མི་མཐུན་ཕྱོགས་གསུམ་ཡོད་པས། གང་ལས་ལྡོག །གཞན་པ་མི་མཐུན་ཕྱོགས་ལས་ལྡོག་དགོས་ན་བྱས་པ་མི་རྟག་ལས་གཞན་པའི་སྡུག་བསྔལ་བདག་མེད་པ་ལྟ་བུ་སོགས་ལའང་འཇུག་པའི་ལྡོག་པ་གྲུབ་ལ་མི་རྟག་པའི་ལྡོག་པ་ཁོ་ན་ལ་ཡོད་པ་མི་སྲིད་པས་རྟགས་ཡང་དག་མི་སྲིད་དོ། །འགལ་བ་ཁོ་ན་ལས་ལྡོག་ན་དུ་བས་གྲང་རེག་མེད་པར་སྒྲུབ་མི་ནུས་ཏེ་གྲང་རེག་ལས་ལོག་པ་མེད་ལ། བཏང་སྙོམས་ལ་ཞུགས་པས་སོ་ཟེར་ན། དེ་གཉིས་ཁྱད་ཕྱེ་མི་དགོས་ཏེ། བསྒྲུབ་བྱ་དེ་ལས་གཞན་པ་དང་ནི་དེ་དང་དངོས་སུ་འགལ་བ་ཏེ། མི་མཐུན་ཕྱོགས་རྣམས་གཉིས་ལ་ཡང་། རྟགས་མེད་པས་མ་ལྡོག་པ་ཙམ་གྲུབ་པའི་རྟགས་ཀྱིས་བསྒྲུབ་བྱ་རྟོགས་པ་ལ་འགལ་བ་མེད། དེ་ཕྱིར་མི་མཐུན་ཕྱོགས་རྣམ་པར་བཅད་པ་ཙམ་ལས་དེ་གཉིས་ཀྱང་གྲུབ་པར་གྱུར་པ་ཡིན་ནོ། །ཇི་ལྟར་བྱས་པ་མི་རྟག་པའི་མཐུན་ཕྱོགས་ལ་ཡོད་པ་བཞིན་བདག་མེད་དང་སྒྱུ་


MR08_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུ་སོགས་དོན་དུ་མ་ཞིག་གི་ཡང་མཐུན་ཕྱོགས་ལ་ཡོད་པར་མཚན་ཉིད་གཅིག་ཀྱང་དགོས་པ་འགྲུབ་པའི་སྤྱི་རྟགས་དེ་ལ་རྗེས་འགྲོ་ཡོད་པར་འདོད་པ་བླུན་པོ་མིན་ཏེ། དེས་དེ་འགྲུབ་པའི་ཕྱིར་ཏེ་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་གྲུབ་ན་རྟགས་གཅིག་གི་ཆོས་དུ་མ་འགྲུབ་པ་ལ་འགལ་བ་མེད་པར་མ་ཟད་རིགས་པ་ཡིན་ནོ། །ཞེས་སོ། །མཐུན་ཕྱོགས་ལ་མེད་པ་མིན་པ་ཉིད་དེ་ཡོད་པ་ཙམ་དུ་ནི་མཚན་ཉིད་གཅིག་ཉིད་ཡིན་མོད་ཀྱང་བསྒྲུབ་བྱའི་དོན་དུ་མ་ལ་འཇུག་པའི་རྟགས་ནི་རིགས་ཀྱི་མི་རིགས་པ་མེད་དོ། །བྱས་སོགས་བསྒྲུབ་བྱ་དུ་མའི་སྤྱི་ལ་རྗེས་འགྲོ་ཡང་འདོད་པ་ནི་རྟགས་དེས་བསྒྲུབ་བྱ་འགྲུབ་པས་བླུན་པོའམ་མི་གསལ་བ་ནི་མིན་ནོ། །སྒྲ་རྟག་སྟེ་གཞལ་བྱ་གཉིས་ཡོད་མི་རྟག་སྟེ་བྱས་དང་ཡོད་མེད་རྩོལ་ལས་བྱུང་སྟེ་མི་རྟག་དང་ཡོད་ཆ་གཉིས། རྟག་སྟེ་བྱས་དང་མེད་ཡོད། རྟག་སྟེ་མཉན་བྱ་མེད་མེད། དུང་སྒྲ་ཆོས་ཅན་རྟག་སྟེ་རྩོལ་ལས་བྱུང་མེད་ཆ་གཉིས། དུང་སྒྲ་རྩོལ་བ་ལས་མ་བྱུང་སྟེ་མི་རྟག་ཆ་གཉིས་ཡོད། མི་རྟག་སྟེ་རྩོལ་བྱུང་ཆ་གཉིས་མེད། རྟག་སྟེ། རེག་བྱ་མིན། ཆ་གཉིས། ཆ་གཉིས། དེ་དགུ་ནི་ཆོས་རྟག་པ་ལ་སོགས་ལ་སྒྲུབ་པར་བཀོད་པའོ། །དེ་དགུ་བསྡུ་ན་རིགས་གསུམ་སྟེ་དགུ་པོ་དེར་གང་ཞིག་མཐུན་ཕྱོགས་ལ་ཡོད་པ་རྣམ་པ་གཉིས། ཆོས་དེ་མེད་


MR08_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མེད་པ་ཅན་ཏེ། དེ་གཉིས་པོ་ནི་རྟགས་ཡང་དག་གོ། འདི་གཉིས་པོ་ལས་བཟློག་པ་གཉིས་ནི། འགལ་བ་ཡིན་ལ་གཞན་ལྔ་པོ་རྣམས་མ་ངེས་པའོ། །གཞན་ཡང་ཕྱོགས་ཆོས་གྲུབ་ལ། འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་གཞན་ཡང་ཡོད་པ་ཡིན་ནོ་ཞེ་ན། མེད་དེ་གཏན་ཚིགས་ཡང་དག་ཡིན་ན་བརྗོད་པར་འདོད་པའི་གྲངས་གཅིག་པ་ཁོ་ན་ཉིད་ཡིན་པས་ཁྱབ་སྟེ་འགལ་ཟླའམ་འགྲན་ཟླ་མི་སྲིད་དོ། །ཞེས་སོ། །དེ་ལ་བརྗོད་པར་འདོད་པའམ་རྟགས་ཀྱི་བསྒྲུབ་བྱར་བྱེད་པ་དེ་ནི་གྲངས་གཅིག་པ་སྟེ་སྟོབས་མཉམ་གྱི་འགྲན་ཟླ་གཞན་མེད་ལ་བཤད་པའི་དབང་ཕྱུག་སྡེ་སོགས་མཚན་ཉིད་ཀྱི་ཟུར་དུ་སྦྱར་ཀྱང་མི་དགོས་ཏེ་འགལ་བ་ལ་མི་འཁྲུལ་པའི་ཚད་མ་མི་སྲིད་པས་སོ། །ལུང་ལ་སྲིད་ཀྱང་གང་ཚད་མར་ལྡན་པས་གཅིག་ཤོས་སུན་འབྱིན་ནོ་ཞེ་ན། བརྗོད་པར་འདོད་པའི་གྲངས་གཅིག་ཉིད་དེ་སྟོབས་མཉམ་པར་བློ་ངོར་སྣང་བའི་འགལ་བ་དག་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་གཏན་ཚིགས་མིན་ནོ། །བྱེ་བྲག་པའི་ལུང་ལ་བརྟེན་པའི་རྟགས་གཉིས་དཔེ་བརྗོད་པ། སྒྲ་རྫས་མིན་ཏེ། མིག་གིས་གཟུང་བྱ་མིན་པའི་ཕྱིར་དང་སྒྲ་ལས་མིན་ཏེ་མངོན་སུམ་ཡིན་པའི་ཕྱིར། ཞེས་པ་འདི་ཁྱབ་པ་ལ་ཐེ་ཚོམ་ཟ་ཡང་དམ་བཅའ་གཉིས་ནི་སྒྲ་ལ་གཅིག་ཏུ་ངེས་པར་ལུང་ལས་མཐོང་སྟེ།


MR08_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཟེགས་ཅན་གྱིས་རྫས་དང་ལས་སུ་མ་བཤད་དེ་ཡོན་ཏན་དུ་བཤད་པའི་ཕྱིར་ཟེར་ཡང་དེ་རྟགས་ཀྱིས་ངེས་པ་བསྐྱེད་པ་གང་ཡང་མིན་ཏེ་འབྲེལ་མེད་པས་སོ། །ལར་བྱེ་བྲག་པས་སྒྲ་མི་རྟག་སྟེ་བྱས་ཕྱིར་བུམ་བཞིན། སྒྲ་རྟག་སྟེ་མཉན་བྱའི་ཕྱིར་སྒྲའི་སྤྱི་བཞིན། འདི་གཉིས་སོ་སོའི་བསྒྲུབ་བྱ་ལ་ངེས་པ་བསྐྱེད་ཀྱང་ཚོགས་པ་ལ་ཐེ་ཚོམ་སྐྱེད་ཟེར་ཏེ་ཚོགས་པ་ནི་སྒྲ་རྟག་མི་རྟག་གཉིས་ཡིན། དེ་ལ་དང་པོ་དངོས་སྟོབས་ཕྱི་མ་བྱེ་བྲག་པའི་ལུང་གི་དབང་དུའོ། །གཉིས་ཀ་ཚད་མ་འདྲ་བར་རློམ་པའོ། །ཡང་སྒྲ་རྟག་སྟེ་བྱས་པའི་ཕྱིར་དང་། སྒྲ་མི་རྟག་སྟེ་མཉན་བྱའི་ཕྱིར་ཏེ་འགལ་བ་གཉིས་པོ་ཡང་དེ་འདྲར་བསམ་པའོ། །དེ་བཞིན་སྒྲ་རྫས་མིན་ལས་མིན་དུའང་ལུང་གི་དབང་དུ་ངེས་ཀྱི་བྱས་པས་སྒྲ་རྟག་པར་སྒྲུབ་ཆོས་ཀྱི་ངོ་བོ་འགལ། དོན་བྱེད་ནུས་སྟོང་གིས་དངོས་གྱུར་ནམ་མཁའ་རྟག་གྲུབ་ཆོས་ཅན་ངོ་བོ་འགལ། རྫས་དང་ཆོས་ཀྱི་བྱེ་བྲག་ནི་མིག་སོགས་ཆོས་ཅན་ནམ་འདུས་བསགས་ཡིན་པའི་མིག་སོགས་ཆོས་ཅན་རྟགས་གསལ་སྤྱི་འདྲ་དེ་ལ། དངོས་སྟོབས་ཀྱི་དབང་དུ་ཐེ་ཚོམ་ཡིན་པས་གཉིས་ཆར་འཇུག་ཆོག་པར། རློམ་ཡང་དེ་མིན་ཏེ་གང་ཐེ་ཚོམ་ལ་གཏན་ཕེབས་སམ་ངེས་པ་མེད་གང་གཏན་ཕེབས་ལ་ཐེ་ཚོམ་མི་ཤེས་སོ། །


MR08_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན་ཚད་མ་ལ་ཡིད་བརྟན་མེད་དོ། །དེས་ན་གང་གཏན་ཕེབས་དང་ཐེ་ཚོམ་གྱི་མཚན་ཉིད་གཉིས་དང་ལྡན་པ་ནི་གཉིས་གཉིས་འདོད་པས་ན་རེ་རེ་སྟེ་གཅིག་འགྲུབ་པ་ནམ་ཡང་མེད་ཅེས་སོ། །དེས་ན་འགལ་བ་མི་འཁྲུལ་བར་འདོད་པ་ནི། རེ་རེ་ལ་གཉིས་ཀ་མིན་གྱི་གཉིས་ཀའང་ཐེ་ཚོམ་གྱི་རྒྱུའོ། །དེ་བཞིན་དུ་ཐེ་ཚོམ་བསྐྱེད་པའི་རྟགས་གཉིས་ལས་ཆོས་ཅན་དེ་ལ་གཅིག་ཏུ་ངེས་པ་མཐོང་བ་ཡོད་པ་མ་ཡིན་ནོ། །གང་མཚན་ཉིད་གཉིས་དང་ལྡན་པར་རློམ་པ་དེ་ནི་ཇི་སྲིད་གཉིས་གཉིས་སུ་འདོད་ལ། རེ་རེར་མིན་པས་ཐེ་ཚོམ་ཁོ་ནའོ། །དེ་ལའང་གང་རྟགས་ཀྱང་དུ་བ་ལྟ་བུ་མེ་ལ་འབྲས་བུའི་རྟགས་དང་མི་རྟག་ལ་རང་བཞིན་གྲང་རེག་སོགས་འགོག་པ་ལ་འགལ་དམིགས་མེ་མེད་ལ་མ་དམིགས་པ་སོགས་བཞིན་རྟགས་གཅིག་ཀྱང་བསྒྲུབ་བྱ་དུ་མ་ལ་འཇུག་ཀྱང་ཀུན་གྱི་གོ་བྱེད་ཡིན་ནོ། །ཡང་མི་རྟག་ལྟ་བུ་གཅིག་བྱས་པ་རྩོལ་བྱུང་འདུས་བྱས་སོགས་རྟགས་མང་པོས་བསྒྲུབ་པ་འགལ་ཞེ་ན། མིན་ཏེ། རྟགས་དང་བསྒྲུབ་བྱ་གྲངས་མཉམ་གཅིག་ངེས་གཞན་དུ་མི་འགྱུར་བ་མེད་ཀྱི་བསྒྲུབ་བྱ་སྣ་ཚོགས་ལ་ལྟོས་ནས་རྟགས་སྣ་ཚོགས་དང་བསྒྲུབ་བྱ་གཅིག་ལ་ལྟོས་ནས་ཀྱང་རྟགས་དེ་རིགས་སྣ་ཚོགས་སུ་འགྱུར་བ་གང་གི་སྒྲུབ་བྱེད་ཀྱི་མཚན་ཉིད་ཚུལ་གསུམ་ཚང་བ་དེ་དེའི་རྟགས་


MR08_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནམ་ཡང་ཡིན་ནོ། །ཞེས་སོ། །རྟགས་མི་གཅིག་པ་དུ་མ་སོ་སོ་ཡིན་ཡང་ཐུན་མོང་དུ་དོན་གཅིག་བསྒྲུབ་ལ་མི་འགལ་ན། ཤིན་ཏུ་བར་ཡང་དོན་གཅིག་ལ་འཇུག་གོ། གང་དག་མཉན་བྱ་ལྟ་བུ་ཐུན་མོང་མིན་པ་ཡི་མ་ངེས་པ་དང་། ཕྱོགས་གཉིས་ཀའི་སྤྱི་ལ་ཁྱབ་པ་དངོས་ཀྱི་མ་ངེས་པ་བཞི་པོ་དང་བཞིའོ། །འགལ་བ་ལ་མི་འཁྲུལ་བ་ཡང་ལུང་གི་དབང་ངམ་བྱས་པས་སྒྲ་རྟག་པར་སྒྲུབ་ཆོས་ཀྱི་ངོ་བོ་འགལ། དོན་བྱེད་ནུས་སྟོང་གིས་དངོས་གྱུར་ནམ་མཁའ་རྟག་གྲུབ་ཆོས་ཅན་ངོ་བོ་འགལ་རྫས་དང་ཆོས་ཀྱི་བྱེ་བྲག་ནི་མིག་སོགས་ཆོས་ཅན་ནམ་འདུས་བསགས་ཡིན་པའི་མིག་སོགས་ཆོས་ཅན་རྟགས་གསལ་སྤྱི་འདྲ་འགལ་བ་ལ་མི་འཁྲུལ་བའི་རྟགས་ཀྱིས་ཆོས་རྣམས་ཡུལ་དུས་ཐམས་ཅད་དུ་བསྒྲུབ་བྱ་དེ་ལ་མ་ངེས་པས་ཐེ་ཚོམ་བསྐྱེད་པའི་རྟགས་རྣམས་ཡིན་ཕྱོགས་ཀྱི་ཆོས་དང་ནི་ལྡན་པ་གང་ལ། ཤེས་འདོད་བསྒྲུབ་བྱ་དེ་རྟགས་ཀྱིས་བཟློག་པས་གནོད་པ་འགལ་བ་དང་། མ་ངེས་པས་ཐེ་ཚོམ་ཉིད་དུ་གྱུར་ལས་གཞན་གཏན་ཚིགས་ལྟར་སྣང་ཡོད་མ་ཡིན་ལ་ཕྱོགས་ཆོས་མི་ལྡན་པ་དང་གསུམ་ཁོ་ནའོ། །ཆོས་དང་ཆོས་ཅན་རང་གི་ངོ་བོའམ་དེ་ཡི་བྱེ་བྲག་གམ་ཁྱད་པར་གཉིས་པོ་གང་ཡིན་ཡང་རུང་། ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་བསྒྲུབ་


MR08_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དེ་ལ་རྟགས་ཀྱིས་གནོད་པས་འགལ་བ་ཞེས་བྱ་བ་ཡིན། ཕྱོགས་ཆོས་དགུའི་དབྱེ་བ་གང་ཐུན་མོང་གཞལ་བྱ་སོགས་ཀྱི་རྟགས་དང་ནི་ཁྱད་པར་མཉན་བྱ་ཡིན་པའི་རྟགས་ཀྱི་ཆོས་དང་བསྒྲུབ་བྱ་ལ་ལྟོས་ནས་དང་པོ་གཉིས་སོ། །གོ་བྱེད་ལ་སྤྱི་དང་ཁྱད་པར་དང་ཕྱོགས་གཉིས་ཀའི་ཆ་ཤས་ཏེ་གསུམ་ལས་དེ་ལ་དང་པོ་སྤྱི་ཁྱད་གཉིས་གང་དུ་མི་ངེས་པའི་ཐེ་ཚོམ་ལྷག་མ་བདུན་ནི་ཕྱོགས་གཉིས་ཆ་ལ་ཆོས་དང་བསྒྲུབ་བྱ་ལ་ལྟོས་ནས་ཏེ་ཡང་དག་ལོག་མ་ངེས་གསུམ་དུ་ཕྱེ། དེ་ལ་དང་པོ་ན་ཕྱོགས་གཉིས་ཀར་རྗེས་སུ་ཞུགས་པས་ལྡོག་པ་གྲུབ་པ་དང་གཉིས་པ་གཉིས་ལ་མ་ཞུགས་རྗེས་འགྲོ་མེད་པ་ལས་ལྡོག་པ་དང་རྗེས་འགྲོ་གྲུབ་པ་མིན་ཕྱིར་མ་ངེས་སོ། །གལ་ཏེ་ཕྱོགས་གཉིས་ཀ་ལ་ངེས་པར་རྗེས་ཞུགས་པ་དང་གཉིས་ཀ་ལ་མ་ཞུགས་པས་ཐེ་ཚོམ་གྱི་རྒྱུ་ཡིན་ན། ཕྱོགས་གཉིས་གང་རུང་གཅིག་ལ་ངེས་པར་ཞུགས་པ་མིན་ཞིང་གཉིས་ཀ་ལས་ངེས་པར་ལོག་པའང་མིན་པ་གཉིས་ཀ་གྲུབ་པའི་རྟགས་སུ་འགྱུར་རོ་ཞེ་ན། དོན་དེ་དངོས་འགལ་གྱི་ཆོས་གཉིས་ཀར་འགྱུར་བ་སྲིད་མ་ཡིན་པས་དེ་སྒྲུབ་པའི་རྟགས་ཀྱང་མི་སྲིད་དོ། །དེ་བཞིན་ཡོད་པ་ཡི་དོན་ཡིན་ཕན་ཆད་གཉིས་ཀ་མིན་པ་ཡི་མུའང་མིན་ཏེ་དངོས་འགལ་གཅིག་བསྒྲུབ་པའི་ཕུང་གསུམ་མེད་དོ། །གཞལ་བྱ་རྟག་མི་རྟག་གཉིས་


MR08_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ་བྱེད་དུ་ཞུགས་པས་མ་ངེས་ན་བྱས་པས་མི་རྟག་པ་སྒྲུབ་པ་ལའང་རྩོལ་བྱུང་མ་བྱུང་གཉིས་ཀ་ལ་ཚང་བས་ཐེ་ཚོམ་སུ་འགྱུར་ཞེ་ན། མིན་ཏེ་བྱས་པའི་སྒྲ་དེ་ལ་བསྒྲུབ་བྱའི་ཆོས་མི་རྟག་པ་དེས་རྟག་པ་དེ་རྣམ་གཅོད་དུ་བྱེད་པས་བསྒྲུབ་བྱ་མི་རྟག་པ་འགྲུབ་ཏེ་རྟགས་མཐུན་ཕྱོགས་ལ་ཁྱབ་བྱེད་དམ་ཆ་གཉིས་ཡིན་ཀྱང་རུང་སྟེ་ཕྱོགས་ལ་ཞུགས་ཤིང་མི་མཐུན་མཐའ་དག་ལས་ལོག་སྟོབས་ཀྱིས་གཅིག་ཤོས་འགྲུབ་ནུས་པའི་ཕྱིར། ཞེས་སོ། །ཡང་ན་གཞི་གང་དུ་མེད་པ་དགག་བྱའི་ཆོས་དེ་རྣམ་གཅོད་ཅེས་སྒྲ་ལ་མེད་པ་རྟག་པ་དེ་རྣམ་པར་བཅད་ནས་ཞེའམ། ཡང་ན་བསྒྲུབ་ཆོས་མེད་པ་མི་མཐུན་ཕྱོགས་ལས་རྣམ་བཅད་ཅེས་པ་སྟེ་མི་རྟག་པའི་ཁྱད་པར་རྩོལ་བྱུང་ནི་མི་རྟག་པ་ངེས་བྱེད་ཡིན་ཏེ། མི་རྟག་མིན་ལས་གཅོད་ཅེས་སོ། །གཞི་གང་དུ་བསྒྲུབ་བྱ་མེད་པ་དེ་རྣམ་པར་གཅོད་བྱེད་དུ་གྲུབ་པའི་དོན་དེས་དོན་བཞིན་སྒྲུབ་པར་བྱེད་པས་གོ་བྱེད་ཡིན་ལ། བསྒྲུབ་བྱ་འགྲུབ་པར་དོན་གཅིག་པའི་རྟགས་དེ་རང་གིས་བསྒྲུབ་བྱ་དེ་ལས་གཞན་བསྒྲུབ་བྱའི་ཁྱད་པར་ལ་ཆ་གཉིས་སུ་གྲུབ་ཀྱང་ངོ་། །གལ་ཏེ་མི་མཐུན་བཅད་པ་ལ་མི་ལྟོས་པར་ཞུགས་པ་བཞིན་དེའི་བྱེ་བྲག་ཀུན་གྲུབ་ན། དཀར་པོ་གྲུབ་པ་ལས་གཟུགས་ཡིན་པ་དང་ཡོན་ཏན་ཡིན་པ་དང་རྟེན་པ་ཡིན་པ་ལས་


MR08_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་དུ་ལུགས་འབྱུང་ངམ་བཟློག་རིམ་ལས། ལུགས་འབྱུང་རིམ་བཞིན་དེ་ཡིན་པ་གསུམ། བཟློག་རིམ་གྱིས་དགག་པ་གཟུགས་མིན་སོགས་གསུམ་སྟེ་དྲུག་རྟོག་ཟེར་རོ། །དར་ཊཱིཀ་ན། དཀར་པོ་གཟུགས་ཡོན་རྟེན་པ་གསུམ། གཟུགས་ལ་ཡོན་རྟེན་གཉིས་ཡོན་ཏན་ལ་རྟེན་པ་གཅིག་ཅེས་གསུངས། ལུགས་ལྡོག་རྟེན་པ་ལ་ཡོན་ཏན་གཟུགས་དཀར་པོ་གསུམ་སོགས་གཉིས་གཅིག་བར་དུ་གསུངས། མདོར་ན་རྟགས་འདིས། མི་མཐུན་གཅོད་པའི་ལྡོག་ཆ་དེ་སྟོན་གྱི། རྟགས་ཞུགས་ཚད་ཀྱི་དངོས་པོ་གོ་ན་ཆོས་དུ་མ་ནི་གཅིག་ལ་རྟགས་གཅིག་གིས་ཅིག་ཆར་གོ་བར་ཐལ་ཞེས་དཀར་སོགས་མཚོན་པའོ། །གསུམ། གཉིས་དུས་གཅིག་ཏུ་རྟོགས་པར་འགྱུར། གཅིག་ཏུ་ཞེས་གཅིག་གི་ཚིག་ཏུ་བསྟན་པའི་ཕྱིར་འགལ་བ་དུ་མ་རྟགས་གཅིག་གིས་རྟོགས་པ ར་འགྱུར་ཞེས་ཏེ་ལྡོག་པ་ལ་མི་ལྟོས་པར་རྗེས་འགྲོ་ཙམ་གྱིས་གྲུབ་ནའོ། །རྟགས་དེ་ནི་བསྒྲུབ་བྱ་བཟློག་པ་ལ། འགལ་བ་ཁོ་ན་ཡིན་ནོ། །མི་འགལ་བར་མི་མཐུན་ཕྱོགས་གང་དུ་ཞུགས་པ་ནི། བསྒྲུབ་བྱ་དེ་ཡི་བྱེ་བྲག་ཤན་འབྱེད་པ་ལ་རྨོངས་པ་སྟེ་ཐེ་ཚོམ་རྒྱུའོ། །རྩོད་པ་སྒྲུབ་པ་ལ་བརྗོད་པ། བསྒྲུབ་བྱ་དེ་དང་མཐུན་པ་མེད་མི་མཐུན་ཕྱོགས་ལ་མེད་པ་ཡི། ཆོས་བསྟན་པ་ནི་རྟགས་


MR08_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་པ་དེ་ལ་དེ་མཐུན་མེད་ལ་མེད་པ་ཁོ་ན་ཉིད་ཅེས་སྦྱོར་ན་ནི་ཐུན་མོང་མིན་པའང་རྟགས་ཡང་དག་ཏུ་འགྱུར་ཏེ་དེར་མཚན་ཉིད་དེ་ཞུགས་པས་སོ། །དེ་མཐུན་མེད་པ་ཉིད་ལ་ཞེས་ངེས་པར་གཟུང་ན་ནི་རྟགས་ཆོས་ཁྱབ་མཉམ་པ་སྒྲ་ལ་བྱས་པ་ལྟ་བུ་སོགས་ཀྱི་རྟགས་འབའ་ཞིག་རྟགས་སུ་འགྱུར་གྱི་དེ་ལ་རྩོལ་བྱུང་ལྟ་བུ་མིན་པར་ཐལ་ལོ། །བསྒྲུབ་ཆོས་དེ་མཐུན་པའི་ཕྱོགས་ཉིད་ལ་ཡོད་ཅེས་འདོད་ན་མཚན་ཉིད་སྐྱོན་མེད་ཀྱང་དེ་ལྟར་འདོད་མ་ཡིན། དེ་མཐུན་ཁོ་ན་ཞེས་ངེས་པར་བཟུང་ཟེར། དེ་ལྟར་འདོད་རིགས་པ་མིན་ཏེ། སྒྲ་རྟག་པའི་མི་མཐུན་ཕྱོགས་བུམ་པ་ལྟ་བུ་ལ་རྟག་པ་དེ་ཁོ་ན་མེད་པ་ནི་མི་སྲིད་དོ། །དེ་ལ་རྟག་པ་ལས་གཞན་ཡང་མེད་པ་དུ་མ་ཡོད་པའི་ཕྱིར་དང་ཡོད་པ་དུ་མའང་ཡོད་ཅེས་རང་འགྲེལ་དོན་ནི། རྟགས་གཅིག་ལའང་རྣམ་པ་དུ་མ་མེད་ན་མི་འབྱུང་བར་མཐོང་། དཔེར་ན་བྱས་པ་ཉིད་མི་རྟག་དང་བདག་མེད་སོགས་དུ་མ་དང་མེད་ན་མི་འབྱུང་ཡིན་པ་བཞིན་ནོ། །ཞེས་སོ། །དེའི་ཕྱིར་ངེས་བཟུང་གསུམ་ཀ་སྐྱོན་ཅན་ནོ། །དེ་མཐུན་མེད་ལ་མེད་པ་དེའི་བདག་ཉིད་ཀྱིས་གཏན་ཚིགས་སྟོན་ནོ་ཅེ་ན། གཏན་ཚིགས་བརྗོད་པས་བསྒྲུབ་བྱ་འགྲུབ་ནུས་པ་མ་ཡིན། འགྲུབ་ནུས་པ་ཡང་དག་དོན་བཞིན་སྟོན་


MR08_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་ན་མི་འབྱུང་བའི་རྣམ་པ་གང་གིས་བསྒྲུབ་བྱ་གང་ལ་ཞེས་ཁྱབ་པ་མ་བརྗོད་པས་མི་འཐད་དོ། །དེས་ན་ངག་དེ་འདྲ་བསྒྲུབ་བྱ་ཤེས་པར་བྱེད་ལས་འདས་པ་བཞིན་དུ་དེ་འདྲའི་གཏན་ཚིགས་དེ་དོན་གྱི་སྒྲུབ་བྱེད་དུ་མཐོང་མ་ཡིན་ཏེ་འདས་ཀྱང་མཐོང་ན་མིག་གིས་གཟུང་བྱ་ཉིད་སོགས་བརྗོད་པའི་སྒྲ་ཡང་མི་རྟག་པ་རྟོགས་པའི་རྟགས་སུ་ཐལ་བར་འགྱུར་རོ། །ཁོ་ན་རེ་མེད་ན་མི་འབྱུང་བ་མ་བསྟན་རྟགས་མིན་ནོ་ཞེས་བརྗོད་དོ་ཞེ་ན། དེ་བརྗོད་པས་དེ། ཇི་ལྟར་མེད་མི་འབྱུང་དང་གང་ལ་མེད་མི་འབྱུང་བ་ཞེས་མ་བརྗོད་པ་ན་མི་གོ རྟགས་ཆོས་ལྷན་ཅིག་རྒྱུ་བས་ཕྱོགས་ཆོས་ཙམ་གྱིས་བསྒྲུབ་བྱ་ལ་གོ་བ་སྐྱེའོ་སྒྲུབ་བྱེད་འདྲ་བ་ལ་མེད་ན་མི་འབྱུང་བ་སྟོན་མི་ནུས་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་མིན་པར་རྟོག་གོ་ཞེ་ན། དེ་མིན་ཏེ་འབྲེལ་བ་མི་མཐུན་མཐུན་པའི་དཔེ་གཉིས་ལས་གོ་བར་འགྱུར་བས་སོ། །མི་རྟག་ཉིད་སོགས་དཔེ་ལ་མཐོང་ཟིན་པ་དེ་བསྒྲུབ་བྱར་གཞན་རྩོད་སྒྲུབ་མཁན་པོ་ངག་འདོད་དམ་ཅི། རིགས་པ་ཅན་པ་རྣམས་ན་རེ། བསྒྲུབ་བྱ་དང་ཆོས་མཐུན་པ་ལས་གྲུབ་ཟིན་དཔེར་བརྗོད་པ་དེ་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་སོ། །ཞེས་པ་དེ་ལ། གལ་ཏེ་ཆོས་མཐུན་པའི་དཔེ་ཙམ་སྟོན་པ་སྒྲུབ་བྱེད་ཡིན་ན་ཆ་ཤས་ལྔ་དང་ལྡན་


MR08_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངག་སྒྲུབ་བྱེད་མིན་ལ་ལྔ་པ་འབྱུང་ཁུངས་ཀྱིས་སྟོན་པའང་མིན། དཔེ་ཙམ་སྟོན་པས་དོན་གྲུབ་པས་དམ་བཅའ་སོགས་འདི་ཆ་ཤས་གཞན་གྱིས་ཅི་བྱ། གཞན་ཀུན་དོན་བྱ་བ་གཅིག་ཟེར་ན། མིན་ཏེ། སྒྲུབ་བྱེད་ཀྱི་དོན་གཞན་ལ་མེད་པས་སོ། །ཆོས་མཐུན་པ་ལས་ཞེས་ལྔ་སྒྲ་མི་འཐད་དེ། དཔེས་བསྟན་པ་ཉིད་སྒྲུབ་བྱེད་ཡིན་ན་དེ་སྒྲུབ་བྱེད་ཡིན་གྱི་དེ་དཔེ་ཅན་དང་ཅིག་ཤོས་དཔེ་ལོགས་སུ་མི་འགྲུབ་པའི་ཕྱིར་རོ། །ལས་ཞེས་པས་དཔེ་ལ་སྒྲུབ་བྱེད་ལོགས་སུ་མེད་པར་བསྟན་ཏེ་སྒྲུབ་བྱེད་ཀྱི་དཔེ་ཞེས་བསྟན་པའམ། ཆོས་མཐུན་དཔེར་བརྗོད་པ་ཞེས་བརྗོད་རིགས་ཀྱི་མཐུན་པ་ལས་ཞེས་པ་མི་རིགས་ཞེས་སོ། །ཆོས་མཐུན་པ་ལས་དེ་བརྗོད་པའི་དཔེར་བརྗོད་ཀྱི་ངག་འབྱུང་བ་བརྒྱུད་ནས་རྗེས་དཔག་སྐྱེ་བས་འབྱུང་ཁུངས་སྨྲས་པ་འཐད་ཅེ་ན། འོ་ན་ཆོས་མཐུན་ལས་གཞན་ཤེས་འདོད་གཅོད་པ་སོགས་འབྱུང་བས་དེ་ཡང་དེར་ཐལ་ལོ། །ཤེས་འདོད་སོགས་སྒྲུབ་བྱེད་དུ་མི་རིགས་ཟེར་ན། སྒྲུབ་བྱེད་ཅེས་པས་རྗེས་དཔག་དངོས་སུ་བསྐྱེད་པས་སམ། བརྒྱུད་ནས་ཡིན། དང་པོ་མི་རིགས་ཏེ་ཕྱིར་རྒོལ་ལ་མཉན་པ་པོའི་རྒྱུད་ཀྱི་འབྲེལ་བ་དྲན་པ་ཁོ་ན་གཏན་ཚིགས་སུ་འགྱུར་ལ། གཉིས་པ་ལྟར་ན་ཕྱིར་རྒོལ་གྱིས་སྒྲུབ་ངག་ཐོས་པའི་


MR08_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཤེས་ཀྱང་དེར་ཐལ་ལོ། །ངག་ཅེས་པའི་ཁྱད་པར་ཅན་དུ་བྱ་དགོས་པར་འགྱུར། ཤེས་འདོད་སོགས་སྒྲུབ་བྱེད་ཉིད་དུ་མི་རིགས་པས་གཏན་ཚིགས་མིན་ཞེ་ན་སྒྲུབ་བྱེད་ཅེས་དངོས་བརྒྱུད་གཉིས་ཀ་གང་ཡིན་ནའང་སྐྱོན་གཞན་དུ་འཐོབ་པར་འགྱུར་རོ། །གལ་ཏེ་བརྒྱུད་ནས་གྲུབ་པ་གཏན་ཚིགས་ཡིན་ཡང་ཉན་ཤེས་དེར་མི་ཐལ་ཏེ། ཆོས་མཐུན་བརྗོད་པའི་གཏན་ཚིགས་ནི་ཉན་ཤེས་དེ་མ་ཡིན་ཞེ་ན། དེའང་མ་ཡིན་དཔེ་བརྗོད་པ་དེ་རང་ལའང་དངོས་སམ་བརྒྱུད་ནས་སྒྲུབ་ཅེས་སྐྱོན་གཉིས་ཡོད་ཕྱིར། གནས་སྐབས་ཕྱོགས་སུ་བྱས་པ་ལ་ཡང་ནམ་ཡང་ཕྱོགས་ཡིན་ལ་གཞན་མི་སྲིད་པར་ཐལ་ཏེ། དཔེ་སོགས་རང་རང་མཚན་ཉིད་ཀྱིས་གནོད་པའི་ཕྱིར་ཐམས་ཅད་གཏན་ཚིགས་མིན་ཞེ་ན། དེ་ན་རྣམ་པར་བརྟགས་པ་སྲིད་པ་མ་ཡིན་པར་ཐལ་བ་གང་དེ་སྲིད་པས་གནོད་དོ། །དེ་ཕྱིར་མཐུན་པའི་དཔེ་བསྟན་པ་ཞེས་དྲུག་པར་འགྱུར་ལ་དེ་ལ་ཡང་ལྔའི་ནང་ནས་དེ་གཅིག་གཏན་ཚིགས་བྱ་བའི་ཁྱད་པར་དོན་མེད་པར་འགྱུར་རོ། །གལ་ཏེ་ཁྱད་པར་བ་དེ་ལས་གཞན་ངག་ཀུན་ཏེ་ལྔ་གཏན་ཚིགས་སུ་མི་འདོད་ཅེ་ན་ཡང་། གང་འདོད་དེ་གཏན་ཚིགས་སོ་ཁྱད་པར་ཅན་དུ་གྱིས་ཤིག་སྟེ་ཐམས་ཅད་ཡིན་པའི་ཟོལ་འདིས་ཅི་བྱ་ཞེས་སོ། །ངག་གཞན་དག་


MR08_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་དུ་བཏགས་པའོ་ཟེར་ན། འདོགས་པ་དགོས་པ་མེད་པར་རང་རང་གི་དངོས་ཀྱི་ནི། སྒྲ་ལས་བརྒལ་བར་འདོད་པ་མ་ཡིན་ནོ། །ཡན་ལག་ལྔ་ཀ་སྒྲུབ་བྱེད་ཡིན་ན་ལྔ་ཀའི་རྣམ་གྲངས་སོ་སོར་ཙམ་ཡང་སྤྱིར་བཏང་བ་ལ། ཡང་ཡིན་མིན་དམིགས་བསལ་བ་ཡོད་པ་སྲིད་མ་ཡིན། དམིགས་བསལ་ལ་རྣམ་གྲངས་ཙམ་སྤྱིར་བཏང་ཡོད་པ་སྲིད་མ་ཡིན་འདྲ་སྟེ་དམིགས་བསལ་ལ་སྤྱི་རྗེས་སུ་འཇུག་པ་ཡོད་ཀྱི་སྤྱིར་བཏང་ལ་དམིགས་བསལ་ཇི་ལྟར་མེད་པར་དག་གི་ཁྱད་ཀྱང་ཕྱེ་དགོས་རང་འགྲེལ་ལས་བསྟན་པ་དེ་ཡིན་འདྲ། རྟགས་དེར་སྣང་གིས་སྟོང་པ་ཡི་ཆོས་གཞན་དཔེ་དང་མཚུངས་པ་སྟེ་གཏན་ཚིགས་ཡང་དག་ཉིད་དུ་འགྱུར་རོ། །ཇི་ལྟར་ན་སྒྲ་རྟག་སྟེ་མཉན་བྱ་ཡིན་ཕྱིར། སྒྲའི་སྤྱི་བཞིན། ཞེས་དང་། དུང་སྒྲ་རྟག་སྟེ་རྩོལ་བྱུང་མིན་ཕྱིར་གློག་བཞིན། འདི་གཉིས་གཏན་ཚིགས་ལྟར་སྣང་གིས་སོང་སྟེ། འཁྲུལ་བ་དང་བཅས་པ་དང་། འགལ་བ་དང་། སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ་དང་། དུས་ལས་འདས་པ་རྣམས་གཏན་ཚིགས་ལྟར་སྣང་ངོ་ཞེས་པའི་གྲངས་ངེས་བྱས་པའི་ནང་དུ་འདུས་ལ། ཆོས་མཐུན་པ་དཔེ་བརྗོད་པ་ནི་ཡོད་པའི་ཕྱིར་རོ། །བྱེ་བྲག་པ་རྣམས་ན་རེ།


MR08_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་དེ་དང་ལྡན་པའི་ཆོས་གཏན་ཚིགས་སོ་དང་དེ་བརྗོད་སྒྲུབ་ངག་གོ་ཞེས་རྗོད་པར་བྱེད་དོ། །དེ་ལ་ཡང་། སྤྱི༷་ཉིད་གཏན་ཚིགས་ཀྱི་ཆོས་སུ་ཐལ་བར་འགྱུར་ཏེ་དེ་ལྡན་པའི་ཕྱིར། ཆོས་རྐྱང་དང་ཆོས་ཅན་རྐྱང་པ་བསྒྲུབ་བྱ་མིན་ཏེ་གྲུབ་ཟིན་པས་སོ། །དེས་ན་ཁྱད་པར་ཤེས་འདོད་ཆོས་ཅན་བསྒྲུབ་བྱ་དང་ལྡན་པའི་ཆོས་རྟགས་སུ་འཐོབ་པར་འགྱུར་ལ་དེ་ལྟ་ན་སྒྲ་རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་པའང་ཡང་དག་ཏུ་འགྱུར་རོ། །དེ་ལྟ་ན་གཞི་དེ་ཆོས་གཞན་གྱིའང་མ་ངེས་པའང་འགྱུར་རོ། །གཞན་གྱིའང་སྟེ་མི་རྟག་དང་ལྡན་པའི་བུམ་པའི་ཆོས་སྒྲ་ལ་གཏན་ཚིགས་སུ་འགྱུར་ཏེ། མིག་གི་གཟུང་བྱ་སྒྲ་མི་རྟག་པའི་རྟགས་སུ་འགྱུར། ཡང་མ་ངེས་པ་སྒྲ་རྟག་སྟེ་ལུས་ཅན་མིན་ཕྱིར་ཞེས་པའང་རྟགས་སུ་ཐལ་བས་སོ། །དངོས་འགྱུར་གྱི་མཁའ་དང་བདག་ལ་སོགས་པ་ཡོད་པ་ཉིད་སྒྲུབ་པ་ཡི། སྦྱོར་བའང་འགོད་པར་མི་བྱེད་པར་འགྱུར་ཏེ་ཆོས་ཅན་མ་གྲུབ་པས་དེ་ཡི་ཆོས་ལྡན་མི་ཤེས་པས་སོ། །སེར་སྐྱ་པ་ན་རེ། ཕྱིར་རྒོལ་བ་གཞན་ལ་བསྟན་པར་བྱ་བའི་དོན་དུ་གཞན་དོན་གྱི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ། གཙོ་བོ་སྒྲུབ་པའི་གཏན་ཚིགས་ལྔ་ལྡན་ལྟ་བུ་རང་ཕྱོགས་སྒྲུབ་པ་འཛིན་པར་གྱུར་པ་རྣམ་པར་ལྡན་པ་དང་།


MR08_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕྱོགས་བཀག་པའམ་བསལ་ཏེ་དེ་ཁོ་ན་འོངས་པ་གཞན་བཀག་ཙམ་གྱིས་རང་ཕྱོགས་གྲུབ་པར་འདོད་པའོ། །ཞེས་པ་འདི་ལ། རྣམ་ལྡན་སྒྲུབ་ངག་ནི་དམ་བཅའ་བརྗོད་པ་སོགས་ཡན་ལག་ལྔ་ལྡན་ནོ། །ཞེས་ཟེར། དེ་ལ་གཙོ་བོ་གཅིག་པུ་ལ་སོགས་ཆོས་ལྔ་ལྡན་དེ་སྒྲུབ་པ་གཏན་ཚིགས་འགོད་དོ། །དེ་ལ་མཚན་ཉིད་ལྔ་ལྡན་གཙོ་བོའི་རང་མཚན་རྗེས་དཔག་ཚད་མས་གཞལ་བྱར་མི་འཐད་པར་ཐལ། གྲངས་ཅན་པས་དེ་ལྟར་འདོད་པ་རྗེས་དཔག་ཚད་མའི་གཟུང་ཡུལ་སྤྱི་མཚན་ཡིན་པའི་ཤེས་པས་ཀུན་ནས་བསླང་བའི་ཕྱིར། དེས་ན་རྣམ་ལྡན་ལས་གཙོ་བོའི་རང་མཚན་སྒྲུབ་པ་ནི། རྗེས་དཔག་ཚད་མའི་ཡུལ་སྤྱི་མཚན་ཡིན་པ་མི་ཤེས་པའི་ཕྱིར་མི་འཐད་དོ། །བསྒྲུབ་བྱའི་ཆོས་ཀྱང་སྒྲུབ་བྱེད་དུ་འགྱུར་བར་ཐལ་དེ་གཉིས་རང་བཞིན་གཅིག་པའི་ཕྱིར་གཏམ་རྒྱུད་རྒྱས་པའི་ངག་གཏན་ཚིགས་ཡང་དག་ཏུ་འཐད་པ་མིན་ལྷག་ཆད་བྲལ་བའི་ངག་བསྡུས་པའང་ཁྱོད་ཀྱིས་བརྗོད་མ་ཡིན། དཔེ་ཤིང་ཤུན་སོགས་ལ་གཙོ་བོ་དཔེ་ལ་རྗེས་སུ་འགྲོ་བ་དང་ལྡན་མིན་ཏེ་རྟགས་སུ་སྐྱེད་བྱེད་སོགས་མ་དམིགས་པས་སོ། །རྟགས་ཀྱི་ངག་ཀྱང་ཉེ་བར་འཇལ་བྱེད་དུ་མི་རིགས་ཏེ་ངག་གིས་བསྟན་པ་བཞིན་མི་གྲུབ་པས་སོ། །འབྲས་བུས་


MR08_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པས་རྒྱུ་གཅིག་སྒྲུབ་པ་ནི། དམ་བཅའ་བ་གཅིག་པུའི་དོན་དང་འགལ་བར་འགྱུར། གཅིག་ཡིན་པའི་རྒྱུ་ཙམ་སྒྲུབ་ན་རྩོད་པ་མེད་ཕྱིར་རྒྱུ་ཡོད་ཙམ་ནི་གནོད་བྱེད་དུ་གྲུབ་པ་མིན། ཐ་དད་པའི་ཤིང་ཤུན་ཡལ་འདབ་ལ་སོགས་པ་ཤིང་གི་རིགས་གཅིག་ཡོད་པ་བཞིན། རྗེས་འགྲོ་ཐམས་ཅད་པ་ཅན་ཙམ་དུ་སྒྲུབ་ཅེ་ན། རིགས་གཅིག་ཉིད་ཀུན་ལ་རྗེས་སུ་འགྲོ་བ་ཅན་ལ་རྟགས་གང་བཀོད་ལྟར་སྣང་ཡང་འབྲས་བུ་དུ་མ་ལས་གཞན་གསལ་བ་ཐ་དད་དུ་བདེ་སོགས་འབྲས་བུ་གཅིག་པ་ཉིད་ཐམས་ཅད་རྐྱེན་མིན་གྱི་དེ་དག་ཉེ་བར་ལེན་པ་གཅིག་གྲུབ་ཅེ་ན། དེ་ལའང་སྐྱོན་དེར་འགྱུར་རོ། །ཉེ་བར་ལེན་པ་བདག་ཤེས་རིག་གི་སྐྱེས་བུ་ལའང་གཙོ་བོའི་འབྲས་བུ་དེར་འགྱུར་ཏེ་བདག་གི་ཤེས་པ་ལ་བདེ་སོགས་ཡིན་པས་སོ། །ཞེས་དང་། ཡང་ན་དེར་ཉེ་བར་ལེན་པའི་རྒྱུ་གཙོ་བོ་གཅིག་ཡིན་ནོ་ཞེ་ནའང་། སྐྱེས་བུ་ལའང་ངོ་། །དེ་ལ་སྐྱེས་བུའི་རྒྱུད་ཀྱི་བདེ་སོགས་ཕྱིའི་ཡུལ་སྒྲ་སོགས་ཀྱི་ཡིན་གྱི་ནང་གི་མིན་ཟེར་ན། ཕྱི་མིན་ཏེ། ཕྱི་ཡིན་པ་དང་མིན་པ་གཉིས་ཀར་སྐྱོན་ཡོད་པས་སོ། །ཕྱི་ཡིན་ན་བདེ་སོགས་ཀྱང་སྒྲ་སོགས་དང་ཐ་དད་དུ་དམིགས་པས་རིགས་གཅིག་དཔོག་པ་ལ་གནོད། མིན་ན་གཙོ་བོའི་འབྲས་བུར་ཐལ་ལོ། །དེས་ན་བདེ་སོགས་ཕྱི་མིན་ཏེ་ཡིན་མིན་གཉིས་ཀར་


MR08_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐྱོན་ཡོད་ཕྱིར། རིགས་གཅིག་ཡོད་པར་ཁས་བླངས་ན་ཡང་རྟགས་དེ་གཅིག་སྒྲུབ་ལ་འགལ་བ་ཉིད་དོ། །དེ་སྒྲུབ་ལ་རྟགས་དེ་མ་ངེས་པར་ཡང་འགྱུར་ཏེ་གཉིས་ཀར་ཡོད་པས་སོ། །དེའི་དཔེ་ནི་བསྒྲུབ་བྱས་དབེན་པའམ་ཕོངས་པར་འགྱུར་ཏེ་གཙོ་བོ་དེ་ཡོད་མིན་པས་སོ། །གཉིས་པ་བསལ་འོངས་འགོག་པ་ནི། དངོས་འགལ་གཅིག་བཀག་པས་གཅིག་འགྲུབ་མོད་ཀྱི། ཐལ་བས་སུན་འབྱིན་པ་ན་མ་གྲུབ་དང་མ་ངེས་པ་སོགས་བཀག་པས་གཅིག་ཤོས་མི་འགྲུབ་ཅེས་སོ། །ལུས་ཅན་མིན་ཕྱིར་སྒྲ་རྟག་ཅེས་པ་མ་ངེས་སོ་ཞེས་སུན་ཕྱུང་བ་ན་གཞན་བཀག་ན་ཡང་སྒྲ་མི་རྟག་ཏུ་སྒྲུབ་པ་མིན་པ་བཞིན་ནོ། །གལ་ཏེ་ཆུ་ཀླུང་གང་བ་རྒྱུ་གཞན་གངས་ཞུ་བ་སོགས་སོ་སོར་བཀག་པས་ཆར་འབབ་པ་རྟོགས་པ་བཞིན་བཀག་པ་ལས་ཀྱང་འགྲུབ་པ་ཡིན་ཞེ་ན། མིན་ཏེ་ཆུ་ཀླུང་གང་བའི་ངོ་བོའམ་ཁྱད་པར་དེ་ལས་དཔག་པ་ཡིན་གྱི་གཞན་བཀག་པས་མིན་ནོ། །འབྲུག་གློག་ལ་ཆར་འབབ་པའི་རྒྱུ་མཚན་སོ་སོར་བསྟན་པས་ཐོག་ལ་སོགས་པའི་རྒྱུར་ཡང་ཐལ་བར་འགྱུར་རོ། །དེས་ན་གཞན་བཀག་པ་ཙམ་ལས་རང་ལུགས་འགྲུབ་པ་མིན་ཆུ་གང་བ་ནི་བཀག་པས་མིན་ཏེ་ཁྱད་པར་ལས་ཡིན་ནོ། །གཞན་ཕྱོགས་འགེགས་པའི་གཏན་ཚིགས་གཉིས་སུ་གྲངས་ངེས་


MR08_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པས། གཞན་འགེགས་པའི་ཕྱོགས་ཚིག་དཔེ་དང་འགལ་བ་དང་ཁས་བླངས་འགལ་བ་གཉིས་སུ་མི་ངེས་ཏེ་ཕྱོགས་ཆོས་ཀྱི་ཡན་ལག་མ་ཚང་བའི་སྐྱོན་བསྟན་པ་སོགས་ཀྱང་གཞན་ལ་གནོད་བྱེད་ཡིན་པས་སོ། །གསལ་བ་རྣམས་རྗེས་འགྲོ་མེད་པའི་ཐ་དད་འབའ་ཞིག་ཏུ་ཐལ་གཙོ་བོ་གཅིག་སྔོན་དུ་མ་སོང་བར་སྔར་མེད་གསར་དུ་སྐྱེ་བའི་ཕྱིར། ཞེས་པ་དང་། སྤྱི་གཅིག་སྔོན་དུ་སོང་སྟེ་གསལ་བ་རྣམས་ལ་རྗེས་འགྲོ་མཐོང་ཕྱིར་ཞེས་པའི་སྦྱོར་བ་གཉིས་ཀྱང་ཞེས་སམ། ཡང་ན་གཙོ་བོ་གཅིག་སྔོན་དུ་མ་སོང་ན་འབྲས་རྣམས་ཤིན་ཏུ་ཐ་དད་དམ་ཡང་ན་ཤིན་ཏུ་ཐ་མི་དད་དུ་སྐྱེད་དོ་ཞེས་ཐལ་བའི་སྦྱོར་བ་གཉིས་ཀྱང་རིགས་པ་མ་ཡིན་ཏེ་ཁྱབ་པ་ངེས་ཤིང་དཔེ་ལ་རྗེས་འགྲོ་མེད་པས་སོ། །གཞན་བཀག་པའི་རྗེས་ཐོགས་མ་ནི་བཟློ༷ག་པ་རང་རྒྱུད་དམ་རང་ལུགས་སྒྲུབ་པར་འདོད་པ་ལ་གཙོ་བོ་གཅིག་ཡོད་པ་ལས་སྐྱེ་བ་བསལ་བ་ལ་གནོད་བྱེད་དུ་བཀོད་པ་དེ་སྒྲུབ་བྱེད་དུ་མི་རིགས་སོ། །གཙོ་བོ་སྒྲུབ་པའི་རྣམ་ལྡན་ལྔ་ཡོད་པ་བཞིན་དུ་དེ་བཟློག་ཐལ་བ་འཕང་པ་ནི་གཏན་ཚིགས་ལྔ་ཉིད་མིན་པར་ཐལ་ལོ། །རྗེས་ཐོགས་མ་འདི་གཞན་ཕྱོགས་གཅིག་བསལ་བས་འོངས་པ་ཡིན་ནམ། མཐའ་དག་ཡིན། དང་པོ་གཅིག་ཁོ་ན་ལ་མི་རིགས་ཏེ་གཙང་སོགས་ཀྱིས་ཀྱང་མི་ངེས་སོ། །རྣམ་ལྡན་


MR08_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྔ་ཉིད་སོགས་མིན་ཏེ་བསལ་ཏེ་འོངས་པ་ནི་གཞན་ཕྱོགས་བཀག་པ་ལས་འོང་གི མཐའ་དག་ཡིན་ན་བསལ་འོངས་ནམ་ཡང་མི་འགྲུབ་བོ། །རྗེས་ཐོགས་མ་འདི་རྒོལ་བའི་ཕྱོགས་རེ་རེ་ནས་བཀག་སྟེ་མ་ལུས་པ་བཀག་པའི་རྗེས་ཐོགས་ལ་འདོད་ན་ཐུག་པ་མེད་དོ། །ཞེས་སོ། །རྒོ༷ལ་བ་ཡི་འདོད་པ་རེ་རེ་ནས་བཀག་པ་ལས་གལ་ཏེ་རྗེས་ཐོགས་མ་འདོད་ན་རྒོ༷ལ་བའི་ལན་ལ་ནི་ཕ་མཐའ་མེད་ཉིད་ཡིན་པས་དེའི་གྲངས་ཀྱི་བསལ་འོངས་རྣམས་སུ་ཐལ་བར་འགྱུར་ཏེ་ཐུག་མེད་ཡིན་པས་རང་ཕྱོགས་སྒྲུབ་མི་ནུས་ཞེས་སོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རྩོད་པ་སྒྲུབ་པ་ནས་ནི། མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བའི་དོན་ནི། གཏན་ཚིགས་ལྟར་སྣང་བའོ། །མ་གྲུབ་པ། མིག་གིས་གཟུང་བྱའི་ཕྱིར་སྒྲ་མི་རྟག་ལྟ་བུ། མ་ངེས་པ། ལུས་ཅན་མིན་ཕྱིར་རྟག་ལྟ་བུ། འགལ་བ་གཉིས་ཏེ། བྱེ་བྲག་པས། སྤྱི་དབང་པོས་གཟུང་བྱ་ཡིན་པས་རྟག །ཅེས་དང་། གྲངས་ཅན་པས་རྒྱུ་ལ་འབྲས་བུ་ཡོད་དེ་དེ་ལས་ཡོད་པ་སྐྱེ་བའི་ཕྱིར་ལྟ་བུ་ཟེར། འགལ་བ་དང་པོ་བྱེ་བྲག་པའི་ངོར་དབང་པོས་གཟུང་བྱ་སོགས་གཉིས་སུ་འཇུག་བས་མ་ངེས་པ་ཡིན་གྱི་འགལ་བ་མིན། ཕྱི་མ་སངས་རྒྱས་པའི་ངོར་མ་གྲུབ་པའམ། གྲངས་ཅན་པའི་དབང་དུ་ན་དཔེ་མེད་པས་


MR08_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མིན་ཡིན་གྱི་འགལ་བ་མིན་ནོ། །ཞེས་སོ། །མ་གྲུབ་པའི་དཔེ་ཙམ་ལས་ཆོས་ཅན་གྱི་ཕྱོགས་གཅིག་མ་གྲུབ་པ་སོགས་དབྱེ་བ་དང་མཚན་ཉིད་བརྗོད་མ་ཡིན་པ་དང་། གཞི་གང་དུ་འཁྲུལ་པ་ཅན་མ་ངེས་པ་ལ་ཡང་དབྱེ་མཚན་བརྗོད་མ་ཡིན་པས་སོ། །མ་ངེས་དེ་ནི་ཐུན་མོང་མིན་པ་ནི་མ་ངེས་པའང་ཡོད་ལ། འགལ་བ་ལ་མི་འཁྲུལ་པ་ཅན་ཡང་ཡོད་ཀྱང་མ་བསྟན་པས་སོ། །འགལ་བ་དང་པོ་གཅིག་ནི་ཕྱོགས་གཉིས་ཀར་མཚུངས་པ་རུ་འཇུག་པས་མ་ངེས་ལ། གཅིག་ནི་མ་གྲུབ་པའམ་ཐུན་མོང་མིན་པའི་མ་ངེས་པའོ། །འགལ་རྟགས་ཀྱིས་བཟློག་པ་སྒྲུབ་ནུས་པ་ཡི་ནི་རྒྱུ་མཚན་དང་། ཞེ་འདོད་ལ་གནོད་བྱེད་སོགས་ཀྱི་དབྱེ་བ་དག་ཀྱང་མ་བརྗོད་པས་སོ། །རིགས་པ་ཅན་པ་རྣམས་ཀྱི་ལྟར་ན། ལྟར་སྣང་བཞི་སྟེ། འཁྲུལ་དང་བཅས་པ། སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ། དུས་ལས་འདས་པ་བཞི་ལྟར་སྣང་དུ་ ༡ འདོད། དང་པོ་མ་ངེས་པ་སྟེ། དེ་ཡང་ཕྱོགས་ཁོ་ན་གནས་པ་མིན་པར་ཕྱོགས་ལས་གཞན་ལ་འཇུག་པའོ་ཟེར། དེ་མི་འཐད་དེ། འགལ་མ་གྲུབ་པ་སོགས་ལས་ཐུན་མིན་གྱི་ཁྱད་པར་ཡོད་པ་མིན་དེ་ཕྱོགས་ཁོ་ན་ལས་གཞན་ ༢ ལ་གནས་མིན། གཏན་ཚིགས་སམ་ ༣ མ་ངེས་པར་འགྱུར་ཏེ་དཔེ་བསྟན་ཚད་དཔེ་ལ་འཁྲུལ་ན་དེར་འགྱུར་པས་སོ། །༤ མ་གྲུབ་མིན་དང་པོ་མ་ ༥ ཚང་བ་ཡིན་པའི་ལྟར་སྣང་ཡིན་ལ་ཕྱིས་


MR08_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་གྲུབ་པའི་ཕྱིར་ལྟར་སྣང་མིན་ནོ། །རིག་རལ་ལྟར་ན། རིགས་པ་ཅན་པའི་ལྟར་སྣང་ལྔ་དང་པོ་འཁྲུལ་ཅན་ནི་མ་ངེས་པ་དང་ཁྱད་མེད་ལ། འགལ་བ་ཞེས་པ་ནི་གྲུབ་མཐའ་ཁས་བླངས་ནས་དེ་དང་འགལ་བ་སྨྲ་བ་སྟེ། དཔེར་ན་བྱེ་བྲག་པས་རྡུལ་ཕྲན་ལུས་ཅན་མིན་ཕྱིར་རྩོམ་བྱེད་མིན་ཏེ་ཞེས་པ་ལྟ་བུ་ཟེར། དེ་རང་ལུགས་ལ་རྩོམ་བྱེད་དུ་བཤད་པ་དང་འགལ་བས་སོ་ཟེར། དེ་དག་ཕྱོགས་ཆོས་གྲུབ་པ་དང་དམ་བཅའ་འགལ་བ་ལ་གཞན་ལྟར་སྣང་རང་རྐྱ་བ་མིན་པའི་ཕྱིར། དེས་ན་གྲངས་ཅན་པས་གཙོ་བོ་རྒྱུ་མིན་ཏེ། སེམས་ཅན་མིན་ཕྱིར་ཞེས་པའང་མ་ངེས་པ་མིན་པར་ཐལ། འགལ་བར་འདོད་དགོས་པས་སོ་ཞེས་འཕང་ངོ་། །གསུམ་པ་སྐབས་དང་མཚུངས་པ་ཞེས་པ། གང་ལས་སྐབས་སུ་བབ་པ་དེ་བསྟན་ཕྱིར་འགོད་པ་སྟེ། བདག་རྟག་པ་ཡིན་ཏེ་ལུས་ལས་གཞན་མིན་པས་སོ། །ལྟ་བུ་སྟེ་རྟགས་དེ་ཕྱོགས་གཉིས་ཀར་ཡོད་པས་མ་ངེས་པར་འགྱུར་ལྟར་སྣང་ལོགས་སུ་བ་མིན་ནོ། །ལུས་ལས་གཞན་མིན་དཔྱད་གཞི་ཁོ་རང་གི་གཞན་སྒྲུབ་པས་སམ་དཔྱད་བསྒྲུབ་བྱ་དང་མཚུངས་པ་ནི། བསྒྲུབ་བྱ་དང་ཁྱད་མེད་པས་སྒྲུབ་པ་སྟེ་དཔེར་ན། སྒྲ་རྟག་སྟེ་རེག་བྱ་ཅན་མིན་ཕྱིར་བློ་བཞིན་ཞེས་པ་ལྟ་བུ་ཟེར། དེ་རྟགས་རང་ཡང་སྒྲུབ་པས་བསྒྲུབ་


MR08_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་བསྒྲུབ་བྱ་དང་ཁྱད་མེད་འདྲ། དཔྱད། དེ་སྒྲ་རེག་བྱ་ཅན་འདུས་པས་འདོད་པ་དེའི་ངོར་རྟགས་གྲུབ་པར་བྱས་ཀྱང་དེ་སྒྲ་ལ་གྲུབ་པ་མིན་ནོ་ཟེར། ཡང་དུས་ལས་འདས་པ་ནི། སྒྲ་མི་རྟག་སྟེ་བུམ་པ་བཞིན་ཞེས་བརྗོད་པ་ལ་གཏན་ཚིགས་བརྗོད་དོ་ཞེས་སྨྲས་པ་དང་། བྱས་པའི་ཕྱིར་ཞེས་བརྗོད་པ་ལྟ་བུའོ་ཟེར། འདི་རྟགས་བརྗོད་དུས་མ་བརྗོད་པས་ལྟར་སྣང་ཟེར་ཡང་དེ་རྟགས་མ་ཚང་བས་སྒྲུབ་བྱེད་མིན་ལ། ཕྱེ་མས་བསྒྲུབ་བྱ་གྲུབ་པའི་ཕྱིར་ལྟར་སྣང་མིན་ནོ། །བྱེ་བྲག་པའི་ལྟར་ན། ལྟར་སྣང་གསུམ་སྟེ། མ་གྲུབ། མ་བསྟན། ཡོད་མེད་ཡིན་མིན་ཐེ་ཚོམ་ཟ་བ་གསུམ་ཟེར། དང་པོ་དཔེ་དང་ཆོས་ཅན་ལ་འབྲེལ་བ་མེད་པ། གཉིས་པ་ཡོད་ཀྱང་ཕྱིར་རྒོལ་ལ་འབྲེལ་བ་མ་བསྟན་པ་དང་དང་པོ་གཉིས་ནི་དཔེ་གཞི་ལ་མེད་པའམ་ནི་ཡང་ན་འགལ་བར་འགྱུར། རྭ་ཅན་ལས་རྟ་དཔོག་པ་བཟློ༷ག་པ་སྟེ་འགལ་ལ། ལྟར་སྣང་ཀུན་དེར་མ་ཚང་བར་བརྗོད་པ་ཡིན་པས་མི་འཐད་དོ། །ཚད་མ་ཀུན་ལས་བཏུས་པ་ལས་གཞན་གྱི་དོན་རྗེས་སུ་དཔག་པ་སྟེ་ལེའུ་གསུམ་པའོ།། །།རྟགས་ཀྱི་མཚན་ཉིད་ཚུལ་གསུམ་པའི་རྟགས་ཞེས་བརྗོད་པ་ལས། ཚུལ་དང་པོ་ཕྱོགས་ཀྱི་ཆོས་སུ་ལེགས་གནས་པའི། དོན་དེའི་ལྷག་མ་རྗེས་ལྡོག་ཚུལ་གཉིས་སུ་གྲགས་པ་དེ་ནི་དཔེ་ཡིས་སྒོ་ནས་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལ་བསྒྲུབ་བྱའི་རྗེས་སུ་འགྲོ་བའི་


MR08_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། བསྒྲུབ་བྱ་དེ་མེད་ན་མེད་ཉིད་ཀྱི་འབྲེལ་བ་གང་ཡིན་པ་དེ་ནི་ཆོས་མཐུན་པས་རྗེས་འགྲོ་དང་ཅིག་ཤོས་མི་མཐུན་དང་བཅས་ཉིད་ཀྱི་དཔེ་ལ་རབ་ཏུ་བསྟན་པར་བྱ་བའོ། །དེ་ལ་རྗེས་འགྲོ་ནི་མཐུན་དཔེ་ཆོས་ལྡན་མིན་པ་བཅད་ནས་ཡིན་པར་སྟོན་པའི་མ་ཡིན་དགག་གི་དགག་པ་དང་དེ་བཞིན་ལྡོག་པ་མི་མཐུན་ཕྱོགས་ལ་མེད་པ་ཡིན་པར་སྟོན་པ་མཚན་ཉིད་མེད་པ་ཡི་དགག་པ་ཡང་། དཔེར་ན་ལྡོག་པ་ནི། མ་བྱས་པ་ལ་རྟག་པ་ཡིས་ཁྱབ་པའམ། རྗེས་འགྲོ་ནི། འཇིག་པ་ལས་འདིར་འབྲས་བུའམ་བྱས་པ་ཉིད་དུ་ངེས་པ་ལྟ་བུའོ། །འདི་གཉིས་ནི་རྗེས་སུ་བརྗོད་པར་བྱས་ན་མེད་མི་འབྱུང་མེད་པའི་མ་ཁྱབ་འདོད་མིན་པར་གལ་ཏེ་འདི་ཡི་ཕྱོགས་གཅིག་ལ་མཚུངས་པར་རྗེས་སུ་འགྲོ་བའི་ཐུན་མོང་དང་ནི་གཅིག་ལ་མི་འགྲོ་བའི་ཁྱད་པར་ཉིད་དམ་མི་མཐུན་ཁོ་ན་ལ་ཡོད་པའི་འགལ་བའང་སྒྲུབ་བྱེད་ཉིད་དུ་འགྱུར་པར་དོགས་ན་ནི་རེ་རེ་འམ་གཉིས་ཀ་མ་བརྗོད་པ་ཡིན་པ་དེས་ན་དཔེར་བརྗོད་གཉིས་སུ་བྱ་བའོ། །རང་གིས་རྟགས་ལས་གཞལ་བྱ་རྟོགས་པ་བཞིན་དུ་གཞན་ཕ་རོལ་པོ་ལའང་དེ་འདྲའི་ངེས་པ་སྐྱེད་པར་འདོད་པ་ཡིས་རྟག་ཆོས་ཅན། ཕྱོགས་ཀྱི་ཆོས་སུ་གནས་ཉིད་དང་རྟགས་ཆོས་ཀྱི་མེད་མི་འབྱུང་གི་འབྲེལ་བ་དང་བཅས་པའི་སྒོ་ནས་བསྒྲུབ་བྱ་བརྗོད་བྱའམ་བསྟན་པར་བྱའི་གཞན་དམ་བཅའ་ཉེར་སྦྱོར་སོགས་རྣམས་སྤང་། དེ་ལྟ་ན་


MR08_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འང་དཔེ་ནི་རྟགས་ལས་ལོགས་པ་རུ་སྒྲུབ་བྱེད་ཀྱི་ཡན་ལག་རང་རྐྱ་བ་ལྟ་བུ་བརྗོད་པར་བྱ་བ་མ་ཡིན་ཏེ་གཏན་ཚིགས་ཀྱི་ཕྱོགས་གཅིག་ཁྱབ་པའི་དོན་མཚོན་ཅིང་སྟོན་པ་ཙམ་ཡིན་པའི་ཕྱིར། དཔེ་ཉེར་འཇལ་ཞེས་ཕུང་གསུམ་པའི་ཚད་མ་བཞིན་དུ་དོན་མེད་པའང་མིན་ཏེ་འདིས་རྟགས་ཀྱི་འབྲེལ་བ་སྒྲུབ་ཅིང་སྟོན་པའི་ཕྱིར། གལ་ཏེ་ཕྱོགས་ཆོས་ལ་བསམ་པ་ཡིན་ན་དེ་མིན་པའི་དཔེར་བརྗོད་པ་མཐུན་མི་མཐུན་གཉིས་ཡིན་ན་དེའི་དབང་དུ་དཔེ་ནི་ཡན་ལག་ལོགས་ཤིག་ཉིད་དུ་འདོད་ཀྱང་དེ་ལྟར་གྱིས་སྒྲུབ་པ་སྐྱོན་ཅན་ཡིན་ཕྱིར་དང་། གལ་ཏེ་ཁྱབ་པ་སྟོན་པ་ལས་གཞན་པའི་ཡན་ལག་ལོགས་སུ་བ་ཞིག་ཏུ་དེ་མི་འཐད་པར་ཐལ། ཁྱབ་པ་ལས་ལོགས་སུ་ཡིན་ན་འཇིག་རྟེན་པ་དང་མཚུངས་འགྱུར་ཏེ་ཁྱབ་འབྲེལ་མེད་པར་དཔེ་ཙམ་ཡིན་པའི་ཕྱིར། འཇིག་རྟེན་དེ་དག་གིས་ནི་སྒྲ་བུམ་བྱས་པར་འདྲ་ཞེས་དཔེར་བརྗོད་ལ། ཁྱབ་པ་མི་དགོས་པར་ཆོས་མཐུན་ཏེ་འདྲ་བ་འབའ་ཞིག་ཙམ་བརྗོད་པར་བྱེད། བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཀྱི་འབྲེལ་བ་སྤངས་ནས་དཔེ་ཙམ་བཀོད་པ་དེ་ལྟར་ན་དེ་འདྲ་བ་ཙམ་ཉེར་འཇལ་ཙམ་པོར་འགྱུར། འདྲ་བ་ཙམ་འཇལ་ཡང་གོ་བྱེད་མིན་ཏེ་ཕྱོགས་གཅིག་གིས་འདྲ་བས་རྟོགས་ན་ཧ་ཅང་ཐལ་ལ། ཐམས་ཅད་འདྲ་བ་མི་སྲིད་པས་སོ། །འདྲ་ཙམ་གོ་བྱེད་མིན་ཡང་ཆོས་མི་མཐུན་པས་དེ་གོའོ་ཞེ་ན། ཆོས་ཅན་དེ་ལ་ཡང་ཉེ་བར་


MR08_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་བ་ལྡོག་པ་མི་མཐུན་ཕྱོགས་དཔེ་མིན་པར་ཤེས་པ་དེའི་ཆེད་དུ་ཆོས་མི་མཐུན་པའི་སྦྱོར་བ་དེས་མི་མཐུན་ཕྱོགས་དང་བསྒྲུབ་བྱ་དེ་མེད་པ་སྟབས་ཅིག་ཡོད་པ་ཙམ་སྟོན་ནོ། །འཇིག་རྟེན་པ་རྣམས་ཆུ་ཀླུང་ན་མེ་དུ་མེད་ཅེས་པ་བཞིན་དེ་གཉིས་མེད་པར་འཇོག་པ་ཙམ་ཞིག་བརྗོད་ཀྱི་རྟགས་མིན་ནོ། །ལྡོག་པ་ཡི་དཔེ་དང་བཅས་ཏེ་རྣམ་པར་བརྗོད་པ་ན་ཡང་། བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་སམ་དེ་ཡི་ཁྱད་པར་དཔེ་ཙམ་བརྗོད་པ་ཡིན་ཡང་རུང་མེད་ན་མི་འབྱུང་མི་སྟོན་པར་མཚུངས་པ་ཙམ་གྱིས་བསྒྲུབ་བྱ་སྟོན་ན་ཐུག་པ་མེད་པར་འགྱུར། བསྒྲུབ་བྱ་སྒྲུབ་པ་ལ་བུམ་པ་བྱས་ཕྱིར་མི་རྟག་པ་བཞིན་སྒྲ་ཡང་མི་རྟག །ནམ་མཁའ་བཞིན་རྟག་པ་མིན། ཞེས་སམ། བུམ་པ་མི་རྟག་བཞིན་སྒྲ་ཡང་མི་རྟག །མཁའ་བཞིན་རྟག་པ་མིན། ཞེས་སྔ་མ་གཏན་ཚིགས་དང་བཅས་པས་སམ་ཕྱི་མ་དེའི་ཁྱད་པར་དཔེ་ཙམ་ཡིན་ཡང་རུང་། ཁྱབ་འབྲེལ་ཚུལ་གསུམ་བརྗོད་པས་མིན་པ་མཚུངས་པ་ཙམ་གྱིས་སྟོན་པས་ན། བུམ་པ་མི་རྟག་པ་དེའང་གཞན་དང་དེ་དག་ཀྱང་གཞན་སོགས་ཐུག་མེད་དུ་ཐལ་བས་སོ། །ཚུལ་དང་པོ་ཕྱོགས་ཀྱི་ཆོས་ཉིད་ཙམ་གཏན་ཚིགས་ཡིན་ལ་དཔེ་དེ་ལས་སྒྲུབ་བྱེད་གཞན་ནོ་ཞེ་ན། ཕྱོགས་ཁོ་ན་གཏན་ཚིགས་ཡིན་ན་མ་ངེས་པ་འཁྲུལ་པ་ཅན་ཡང་གཏན་ཚིགས་སུ་འགྱུར་དེས་ན་གཏན་ཚིགས་ཕྱོགས་ཁྱབ་


MR08_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཚང་བ་ཡིན་ནོ། །རེ་རེས་མིན་ཡང་དཔེ་གཉིས་ཀ་བརྗོད་ལ་འཁྲུལ་བར་མི་འགྱུར་ཞེ་ན། ཕྱོགས་ཆོས་དགུ་ཡི་ནང་ནས་གཉིས་ལ་གཉིས་གང་བརྗོད་ཀྱང་འཁྲུལ་པ་སྲིད་དོ། །ཆོས་མཐུན་ཙམ་ཁོ་ན་བརྗོད་ན་གཞལ་བྱ་ཡང་སྒྲ་མི་རྟག་སྒྲུབ་པའི་རྟགས་སུ་འགྱུར་ལ་མི་མཐུན་ཙམ་ཁོ་ན་བརྗོད་ན་ཐུན་མིན་ཡང་ཡང་དག་ཏུ་ཐལ་བས། གཉིས་ཀ་བརྗོད་ན་འཁྲུལ་ཅན་དུ་མི་འགྱུར་ཟེར་ན། དགུའི་ནང་ནས། དང་པོ་མི་རྟག་པས་དུང་སྒྲ་རྩོལ་བྱུང་བསྒྲུབ་པ་བུམ་སོགས་མཁའ་སོགས་གཉིས་བསྟན་ཀྱང་མི་ངེས། གཉིས་པ། རེག་བྱ་ཅན་མིན་པས་སྒྲ་རྟག་བསྒྲུབ་ལ་མཁའ་དང་བུམ་པའི་དཔེ་གཉིས་བསྟན་ཀྱང་མི་ངེས་པ་བཞིན་ནོ། །དཔེ་ཡང་དག་བསྟན་ཟིན་ཏོ། །དཔེ་ལྟར་སྣང་ལ་ ༡ གཏན་ཚིགས་ལ་རྗེས་འགྲོ་མེད་པ་དང་བསྒྲུབ་ ༢ བྱ་ལ་དང་རྟགས་ཆོས་གཉིས་ཀ་ ༣ ལ་མེད་པ། དོན་སྐྱོན་ཞུགས་པའི་མཐུན་དཔེ་ལྟར་སྣང་གསུམ་སྟེ། སྒྲ་རྟག་སྟེ་རེག་བྱ་ཅན་མིན་ཕྱིར་རྡུལ་ཕྲ་ ༡ རབ་བཞིན་དང་། སེམས་པའི་ལས་ ༢ བཞིན་བུམ་པ་བཞིན་ཞེས་པ་གསུམ་པོ་རིམ་བཞིན་ནོ། །དེ་ཡང་དཔེ་དེ་གཏན་ཚིགས་ལ་རྗེས་འགྲོ་མེད་པ་དང་སོགས་སྦྱར། མི་མཐུན་ཕྱོགས་ལས་ལྡོག་པ་མེད་པའམ། དེ་ལ་ཞུགས་པའི་དཔེ་ལྟར་སྣང་གསུམ་སྒྲ་མི་རྟག་སྟེ། རེག་བྱ་ཅན་མིན་ཕྱིར། ལས་དང་རྡུལ་ཕྲན་ནམ་མཁའ་རྣམས་རིམ་བཞིན། རྗེས་སུ་འགྲོ་ལྡོག་ཕྱིན་


MR08_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་ཏུ་བསྟན་པའི་དཔེ་གཉིས་ནི། རྩོལ་བྱུང་ཉིད་མི་རྟག་པས་སྒྲུབ་པ་ལ་བུམ་པ་དཔེར་བཀོད་པ་ཆོས་མཐུན་གྱི་དང་། གང་རྩོལ་བ་ལས་མ་བྱུང་བ་རྟག་སྟེ་དཔེར་ན་ནམ་མཁའ་བཞིན་ཞེས་མི་མཐུན་དཔེའོ། །དེ་གཉིས་ཁས་བླངས་ཕྱིན་ཅི་ལོག་ཏུ་བསྟན་པའོ། །ཁྱབ་པ་གོ་བསྣོལ་བ་སྟེ། མི་རྟག་ན་རྩོལ་བྱུང་ཡིན་པས་མ་ཁྱབ། རྩོལ་བྱུང་ཡིན་ན་མི་རྟག་པས་ཁྱབ། རྩོལ་མ་བྱུང་ན་རྟག་པས་མི་ཁྱབ། རྟག་ན་རྩོལ་མ་བྱུང་གིས་ཁྱབ་པ་བཟློག་པའོ། །དཔྱད། མི་མཐུན་ཕྱོགས་ལ་མེད་པའི་ལྡོག་ཁྱབ་བསྟན་པར་མ་བྱས་པ་ཡང་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་བསྟན་པའི་དཔེ་རྣམ་པ་གཉིས་དཔེ་རྟགས་ལྟར་སྣང་བ་གཞན་རྗེས་སུ་འགྲོ་ལྡོག་མེད་པའང་དཔེ་སྐྱོན་ཡིན་ནོ། །གང་སྨྲ་བ་དེ་འདོད་ཆགས་ལྡན་པས་ཁྱབ། ལམ་པོ་ཆེའི་མིའི་ངག་སྨྲ་བཞིན། ཞེས་པའི་དཔེ་དེ་རྗེས་ཁྱབ་མེད་ཀྱང་ཡོད་ལྟར་སྟོན་པའི་ལྟར་སྣང་ངོ་། །ཁྱོན་དཔེ་སྐྱོན་དྲུག་གསུམ་བཅོ་བརྒྱད་གཞན་དུ་བལྟའོ། །སྐབས་འདི་ལའང་། འདིར་ཡང་རྟགས་མེད་ཆོས་དང་གཉིས་ཀ་མེད་སོགས་དང་དཔེ་ཡང་དག་ཏུ་མེད་པ་དང་། རྗེས་འགྲོ་ཕྱིན་ཅི་ལོག་ལ་སོགས་པ་ཇི་སྐད་བསྟན་པའི་དཔེ་དེ་དག་ནི། རྟགས་ཆོས་ཀྱི་འབྲེལ་པ་ལེགས་པར་མ་བསྟན་པ་ཡི་


MR08_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དཔེ་ཉེར་འཇལ་ཙམ་ནི་གོ་བྱ་དང་འབྲེལ་པ་ཅན་མ་ཡིན་ཏེ་ལྟར་སྣང་ངོ་། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རྩོད་པ་སྒྲུབ་པ་ནས་ནི། རྟགས་ཆོས་དེ་དག་གི་འབྲེལ་བ་ངེས་པར་བསྟན་པ་ནི་དཔེའོ་ཞེས་པ་ཟེར་བ་ལ། འབྲེལ་པ་ཇི་ལྟ་བུ་བརྗོད་ཅེ་ན། གང་རྩོལ་བ་ལས་བྱུང་བ་མི་རྟག་པའོ། །ཞེས་པ་ལྟ་བུ་སྟེ་འདི་ལ་ཁྱབ་པ་དངོས་སུ་མ་བསྟན་ཀྱང་ངེས་པར་སྟོན་པས་བུམ་པ་ལྟ་བུ་དེས་ཡང་དག་ཏུ་འདོད་པའོ། །བུམ་པ་དཔེར་བྱས་པ་དེ་ཙམ་གྱིས་མེད་ན་མི་འབྱུང་གི་འབྲེལ་པ་མ་བསྟན་པས་དཔེ་ཡང་དག་མིན་ལ་རྟགས་ཆོས་དེ་དག་གི་ཐུན་མོང་གི་འབྲེལ་པ་སྟོན་པ་ཞེས་བརྗོད་པར་མི་བྱ་སྟེ་རྟགས་ཆོས་དེ་གཉིས་ཕན་ཚུན་བསྒྲུབ་བྱ་ཉིད་མིན་པའི་ཕྱིར་ཏེ་འབྲེལ་པ་གཉིས་ཀ་ལ་མེད་ཀྱི་རང་ཁོ་ན་མེད་མི་འབྱུང་མེད་པའོ། །རྟགས་ཆོས་ལ་འབྲེལ་བ་བཞིན་དུ་ཆོས་ཀྱང་རྟགས་ལ་ངེས་པར་འབྲེལ་བ་མི་དགོས་པའི་ཕྱིར། དེས་ན་བུམ་སོགས་ཀྱི་རྟགས་ཆོས་ལྷན་ཅིག་པ་བསྟན་ཡང་མེད་ན་མི་འབྱུང་གི་ཁྱབ་པ་སྟོན་པ་མིན་ཕྱིར། དཔེ་དང་ཆོས་མཐུན་དུ་བསྟན་པ་ཙམ་གྱིས་རྟགས་ཆོས་ལྷན་ཅིག་ཏུ་རྒྱུ་བ་སྟེ་མེད་ན་མི་འབྱུང་བ་སྟོན་པར་ནུས་པ་ཡང་མེད་མི་འབྱུང་སྟོན་པ་མ་ཡིན་ནོ། །རྗེས་འགྲོའི་དོན་གྱིས་ལྡོག་པ་བསྟན་ཏེ་མེད་མ་


MR08_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་གཞན་ཡང་བརྗོད་ཅེ་ན། མི་མཐུན་ཕྱོགས་ལ་མེད་པ་དེ་བརྗོད་མི་བྱ་བ་ཞིག་ནའང་མ་བརྗོད་ན་འཁྲུལ་བས་སོ། །མེད་ན་མི་འབྱུང་གི་འབྲེལ་པ་དེ་མི་མཐུན་ཕྱོགས་ལྡོག་ཁྱབ་བསྟན་པ་ཉིད་ཀྱིས་བསྟན་པ་ན་བསྒྲུབ་བྱ་བཟློག་པའི་དོན་ནི་དེས་མ་བཟུང་འགའ་ཡོད་པ་མིན་ནོ། །བསྒྲུབ་བྱའི་ཆོས་སུ་སྔར་ཆོས་མཐུན་པས་ཡང་དག་པ་འགའ་ཡང་ཡོད་པ་མིན་པས་ཕྱིར་དོན་མེད་ཅེས་སོ། །ཡང་འདི་ལས་རྗེས་འགྲོ་ལྡོག་དཔེ་དོན་མེད་ཅེས་སམ། མདོར་ན་མེད་མི་འབྱུང་ནི་དཔེ་གཅིག་གིས་སྟོན་ནུས་པ་དེ་ལས་གཞན་དེས་ཅི་བྱ། ཞེས་སོ། །འདི་དཔེ་སྐབས་ཡིན་པས་སོ། །གཞན་མེད་ན་མི་འབྱུང་འབྲེལ་ནི་ཕྱོགས་དེ་ཡིས་བསྒྲུབས་པའི་ཕྱིར་ནའོ། །རྟགས་ཆོས་གཉིས་ཀར་འབྲེལ་ཡོད་ན་རྩོལ་མ་བྱུང་གིས་རྟག་པ་སྒྲུབ་པ་བསྟན་པ་ཉིད་ཀྱིས་ཀྱང་མི་འདོད་པ་ཡི་རྟག་པ་འཐོབ་སྟེ་ནགས་མེ་གློག་བློ་སོགས་ཀྱང་རྩོལ་མ་བྱུང་གིས་རྟག་པར་ཐལ་ལོ། །ཁྱབ་མཉམ་ལས་གཞན་གྱིས་བསྒྲུབ་པའི་གཅིག་པ་ཉིད་ནི་དཔེ་ཡི་སྐྱོན་མ་ཡིན་ནོ། །ཞེས་བསྟན་ཟིན་ཏོ། །རྟགས་ཆོས་ཁྱབ་མི་མཉམ་རིགས་ལ་གང་རུང་གཅིག་བསྒྲུབ་པའི་གཅིག་པ་ཅན་ཡིན་པས་དེ་ཐམས་ཅད་དཔེའི་སྐྱོན་ཞེ་ན་སྟེ། དེ་ལ་རེག་བྱ་ཅན་མིན་གྱིས་རྟག་སྒྲུབ་ལ་


MR08_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བུམ་སོགས་ཇི་བཀོད་ཀྱང་དཔེ་ལྟར་སྣང་བཞིན། རྟག་པས་རེག་བྱ་ཅན་མི་སྒྲུབ་པ། ནམ་མཁའ་བཀོད་པའང་དཔེ་ལྟར་སྣང་ངོ་ཞེ་ན་མིན་ཏེ། ཁྱབ་མཉམ་མི་དགོས་ཞེས་བཤད་ཟིན་ཏོ། །རིགས་པ་ཅན་པ་རྣམས་ན་རེ། བསྒྲུབ་པར་བྱ་བའི་ཆོས་སྒྲ་མི་རྟག་དང་རྩོལ་བྱུང་མཐུན་པ་ཡི་དཔེ་ལས་བསྒྲུབ་བྱའི་ཆོས་དེ་རྟོགས་པའི་དཔེ་དཔེར་བརྗོད་པ་བུམ་པ་ལྟ་བུ་དང་། ཚུལ་དེ་བཟློག་པ་ལས་དཔེ་དེ་ཕྱིན་ཅི་ལོག་པའོ་མི་མཐུན་པའི་དཔེའོ་ཞེས་ཟེར་རོ། །ལུགས་དེ་ལའང་། འབྲེལ་པ་མི་སྟོན་པས་གོ་བྱེད་ཀྱི་རྒྱུ་མཚན་དུ་དཔེ་དེ་མཐོང་བ་མ་ཡིན་པས་མི་འཐད་དོ། །གཏན་ཚིགས་དང་འབྲེལ་བའི་ཁྱབ་པ་སྟོན་པ་ཙམ་མིན་པ་དཔེ་ཞེས་པ་དེ་གོ་བྱེད་དུ་མི་རུང་སྟེ། སྒྲ་མི་རྟག་པ་ལ་ནམ་མཁའ་བཞིན་ནོ། །འབྲེལ་བ་མི་སྟོན་ཡང་དཔེས་ཆོས་སྒྲུབ་ནུས་ན་ཐམས་ཅད་ཀྱིས་ཐམས་ཅད་སྒྲུབ་ནུས་སོ། །དེས་ན་རྟགས་ལ་ལྟོས་མེད་ཀྱི་དཔེ་ཞེས་པ་གོ་བྱེད་མིན་ལ། རྟགས་ཀྱིས་ཀྱང་མཐོང་དཔེས་ཀྱང་མཐོང་ན་ནི་གང་རུང་གཅིག་ལས་གཉིས་ཀ་དགོས་པ་མེད་དོ། །དེ་བཞིན་དཔེ་གཉིས་ཀ་ཡང་ངོ་། །སྒྲ་མི་རྟག་རྟོགས་དོན་དཔེ་དང་རྟགས་གཉིས་ཀ་སྨོས་པ་དོན་མེད་འགྱུར་ཏེ་དཔེ་རྟགས་གཉིས་ཀའང་སྒྲུབ་བྱེད་ཀྱི་རྣམ་


MR08_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཕྱིར་གྱུར་ཀྱང་དགོས་ན་དཔེ་ལ་དཔེ་གཞན་ལས་གྲུབ་ཕྱིར་ཐུག་མེད་དུ་འགྱུར་རོ། །རིགས་པ་ཅན་པའི་སློབ་མ་ཁ་ཅིག་དཔེ་གང་ལ་བརྟེན་ནས་བསྒྲུབ་བྱའི་ཆོས་དེ་རྟག་པ་དཔེའོ་ཞེས་བརྗོད་པ་མི་རིགས་ཏེ། དཔེ་གཉིས་སྦྱར་ཀྱང་དཔེ་ཙམ་གྱིས་ཅི་ཡང་མི་རྟོགས་སོ། །དེ་ཡང་གོང་གི་རིགས་པས་སོ། །བསྒྲུབ་བྱའི་ཆོས་དང་དཔེ་གཉིས་སྦྱར་བར་མི་བྱ་སྟེ་མི་རྟོགས་པས་སོ། །གཞི་གང་ལ་ཆོས་གང་གི་དཔེར་བརྗོད་ཀྱིས། སྒྲ་མི་རྟག་ལ་བྱས་པའི་བུམ་པ་དཔེར་བརྗོད་པ་ལ་ལྟོས་ནས་ནི་སྒྲ་ཡང་དེ་བཞིན་ནོ་ཞེས་ཉེར་སྦྱོར་བ་དང་། ཡང་བསྒྲུབ་བྱ་སྒྲ་མི་རྟག་ལ་ཡང་དེ་བཞིན་ཞེས་ཉེ་བར་སྦྱོར་བ་རིགས་མ་ཡིན་ཏེ་ངག་ལྷག་ཆད་ཅན་ཡིན་པས་སོ། །བུམ་པ་བྱས་པ་དེ་བཞིན་སྒྲ་ཡང་བྱས་སོ་ཞེས་པའི་ཚིག་སྦྱོར་བ་དང་། དེའི་ཕྱིར་བུམ་པ་བཞིན་སྒྲ་ཡང་མི་རྟག་ཅེས་ཚིག་ཉེ་བར་སྦྱར་བ་དོན་མེད་དེ་དགོས་པ་མེད་པས་སོ། །ཡང་བྱས་པ་གཏན་ཚིགས་སུ་བྱས་པ་ནི་བྱས་པའི་སྤྱི་ཡིན་ལ། བུམ་པའི་བྱས་པ་ནི་བྱས་པའི་བྱེ་བྲག་ཡིན་པས་གཅིག་དོན་མེད་མིན་ཞེ་ན། འདི་ལ་བྱས་པའི་ཕྱིར་མི་རྟག །བུམ་པ་བཞིན། སྒྲ་ཡང་བྱས་པའི་ཕྱིར་མི་རྟག་ཅེས་ཡན་ལག་ལྔ་ལྡན་ལ་ཟེར་འདྲ། བྱས་


MR08_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱི༷་ཉིད་གཏན་ཚིགས་ཉིད་དུ་བརྗོད་པ་ཡིན་གྱི་བྱས་པའི་བྱེ་བྲག་ནི་ཆོས་ཅན་སོ་སོ་བ་རང་ལ་རྟེན་ཅིང་དེ་ཁོ་ནར་རྗེས་སུ་འབྲང་བས་དཔེ་ལ་སྤྱིར་ཁྱབ་བྱེད་མིན་ནོ། །ཆོས་མི་མཐུན་སྦྱོར་ནི། བྱས་པའི་གཉེན་པོ། རྟག་པ་དགག་པའི་ཆེད་དེ་བྱས་རྟག་ལྷན་ཅིག་གནས་པ་གཅོད་པའི་ཕྱིར་ཡིན་ཟེར་རམ། མཇུག་སྡུད་དམ་ཉེར་སྦྱོར་ནི་དེའི་ཆེད་དོ་ཞེ་ན། དེ་མིན་ཏེ། བྱས་པ་སྨྲས་པས་དེ་ཆོད་ཀྱི་མི་དགོས་སོ། །དེ་མི་ཆོད་ན་ཉེར་སྦྱོར་གྱིས་ཀྱང་མི་ཆོད་ལ་དཔེ་ཙམ་གྱིས་ཀྱང་ག་ལ་ཆོད། ཅེས་སོ། །བྱས་པ་ནི་གཉེན་པོའི་ཕྱོགས་རྟག་པ་དང་ལྡན་པ་མིན་ན་དེའི་ཆེད་དུ་ཡན་ལག་གཞན་མི་སྦྱོར། ཆོས་མི་མཐུན་དཔེ་ཙམ་བསྟན་པས་བཟློག་ཕྱོགས་གཉེན་པོར་འགོག་ན་ཁྱད་པར་གྱི་ཆོས་མཉན་བྱ་སོགས་བསྟན་པས་ཀྱང་དེ་འགོག་རིགས་པར་ཐལ་ཏེ་དེ་གཉིས་འདྲ་ཞེས་དེས་གཅོད་པའི་ནུས་པའི་ཁྱབ་པ་མེད་པས་སོ། །གལ་ཏེ་དཔེ་ཙམ་གྱིས་མི་མཐུན་ཕྱོགས་ཆོད་ན་ཁྱད་པར་ཐུན་མིན་གྱི་སྒོ་ནས་ཀྱང་གཉེན་པོ་འགོག་པ་དེར་འགྱུར་ཏེ་དེ་གཉིས་ཆོས་མི་མཐུན་པས་སོ། །བྱེ་བྲག་པ་རྣམས་དམ་བཅའ་དང་གཏན་ཚིགས་ཀྱི་ངག་གཉིས་ཀ་རབ་ཏུ་གྲུབ་པ་དཔེའོ་ཞེས་ཟེར་རོ། །དེ་ལ་ཡང་། དམ་བཅའ་དང་གཏན་ཚིགས་


MR08_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངག་གཉིས་ཀ་ལ་གྲུབ་པ་ཞེས་པ་འདི་ཅི། ཁྱོད་རང་འདོད་པའི་འདུ་འབྲེལ་དྲུག་ཡིན་ན་སྒྲ་ནམ་མཁའི་ཡོན་ཏན་ཡིན་པས་དེ་དང་འདུ་འབྲེལ་སྒྲུབ་པའི་ནམ་མཁའ་ཁོ་ན་དཔེར་འགྱུར་གྱི་གཞན་མི་སྲིད་དོ། །ཇི་སྟེ་བསྒྲུབ་བྱའི་ཆོས་དེའམ་ངག་དེ་གཉིས་ཀྱི་དོན་དེའང་འགྲུབ་པ་དཔེའོ་ཟེར་ན། ངག་གི་ཆ་ཤས་སམ་ངག་གི་ཕྱོགས་གཅིག་སྟེ་དཔེ་སྟོན་པའི་ངག་ནི་བསྒྲུབ་བྱེད་དུ་མི་འཐད་དེ་སྒྲུབ་བྱེད་མིན་པས་སོ། །གཞན་ལ་ཡིད་བརྟན་མི་སྣང་ངོ་། །ནམ་མཁའ་ཁོ་ན་དཔེར་བརྗོད་པའི་སྦྱོར་བ་འགོད་དགོས་པའམ། ངག་དོན་ཡིན་ན་ངག་གི་ཕྱོགས་གཅིག་དཔེ་སྟོན་པ་ཉིད་ཀྱང་སྒྲུབ་བྱེད་མིན་པར་ཐལ་ལ། དེ་འདྲའི་དཔེ་དེས་རྗེས་འགྲོ་ཡི་ཚུལ་བརྗོད་པར་མི་བྱེད་པ་དེ་ནི་དཔེ་ཡི་གཟུགས་བརྙན་ཡིན་གྱི་དཔེར་མི་རུང་ངོ་། །གལ་ཏེ་དཔེ་དེ་བསྒྲུབ་བྱ་ནི་སྒྲུབ་བྱེད་ཀྱི་ཉེ་བར་སྦྱར་དོན་ཅན་ཡིན་ན་དཔེ་འདི་སྒྲུབ་བྱེད་རང་རྒྱུད་ཡིན་ལ་དེ་ལྟ་ན་ཡང་འདི་དོན་མེད་འགྱུར་ཏེ་སྒྲུབ་བྱེད་ཚུལ་གསུམ་ཁོ་ན་ཡིན་པས་སོ། །དཔེ་འདི་སྒྲུབ་བྱེད་དུ་ཉེ་བར་སྦྱོར་ཚེ་འདི་རང་རྒྱུད་ཡིན་ན་གཏན་ཚིགས་ཀྱི་དོན་གྱི་ཕྱོགས་གཅིག་ཡིན་ལ་དེ་ལྟ་ན་འདི་སྒྲུབ་མི་ནུས་པས། འདི་དོན་མེད་ཅེས་སོ། །ཚད་མ་ཀུན་ལས་བཏུས་པ་ལས་དཔེ་དང་དཔེ་


MR08_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་བརྟགས་པ་སྟེ་ལེའུ་བཞི་པའོ།། །།འདིར་སེར་སྐྱ་པ་ལ་སོགས་པ་ན་རེ། དོན་གོ་སོགས་ཚད་མ་གཞན་ཡོད་པར་མ་ཟད་ལུང་ཚིག་ལས་ཤིན་ལྐོག་ཤེས་པ་སྒྲུབ་འཇུག་ཡིན་ལ། དེ་སྒྲ་ལས་བྱུང་བའི་ཚད་མ་ཕུང་གསུམ་པའོ་ཟེར། དེ་ལ་སྒྲ་ལས་བྱུང་བ་ཞེས་སྨྲ་པོའི་བརྗོད་འདོད་དཔོག་པ་ལ་ཚད་མ་ཡིན་པས་རྗེས་དཔག་ལས་ཚད་མ་གཞན་ཕུང་གསུམ་པ་མིན་འདི་ལྟར་དེ་སྒྲུབ་པའི་སྒོ་ནས་འཇུག་པ་མིན་པས་སོ། །རང་གི་གཞལ་བྱའམ་རྟོགས་བྱའི་དོན་ལ་དཔེར་ན་བྱས་པས་མི་རྟག་སོགས་སྒྲུབ་པ་བཞིན་དེ་མིན་གཞན་སེལ་བའི་སྒོ་ནས་སྟོན་པར་བྱེད་པའོ། །གནས་སྐབས་ལྔ་བྲལ་གྱི་ངག་ལས་བརྗོད་འདོད་ཙམ་དཔོག་གི སྒྲ་དོན་ལ་འབྲེལ་བ་མེད་པས་མི་འཁྲུལ་བ་མེད་དོ། །ལུང་ཡང་རྗེས་དཔག་ཏུ་འདུས་སོ། །དེ་ལ་སྒྲ་གཞན་སེལ་བས་ཡིན་པར་སྟོན་པ་ལ། གཟེགས་ཟན་པ་སོགས་ན་རེ། ཤིང་ཉིད་ཅེས་པའི་རིགས་དོན་གཞན་ཡོད་ལ། དེ་རིགས་བརྗོད་པའི་སྒྲས་སྒྲུབ་པའི་ཚུལ་གྱིས་བརྗོད་པས་གསལ་བ་ཐམས་ཅད་གོའོ་ཟེར། བྱེ་བྲག་མཐའ་མེད་པ་ལ་སྒྲ་རེ་རེ་བརྡ་བྱས་ནས་འབྲེལ་མི་ནུས་པས་སྒྲ་ཡིས་བསྟན་མི་ནུས་ལ། དེ་མ་ནུས་པས་རིགས་སྒྲ་དང་ཡང་དེའོ། །དེ་བཞིན་རིགས་རང་དང་ཡང་དེའོ། །གཞན་ཡང་ཡོད་པ་ནི་


MR08_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཐུན་མོང་པ་ཡིན་ཁྱད་པར་ལ་འཁྲུལ་ལོ། །དེས་ན་རིགས་སྒྲས་སྒྲུབ་པ་མི་སྟོན་དེ་མིན་བཅད་ཙམ་སྟོན་ཞེས་སོ། །བྱེ་བྲག་ཐ་དད་རྣམས་ཀྱི་རྗོད་བྱེད་ནི་རིགས་སྒྲ་གཅིག་མིན་ཏེ་བྱེ་བྲག་ལ་མཐའ་ཡོད་པ་མིན་ཕྱིར་དེ་སྙེད་གོ་མི་ནུས་ལ་གོ་ཡང་འཁྲུལ་པའི་ཕྱིར། བྱེ་བྲག་པ་ཁ་ཅིག་ནི། རིགས་སྒྲ་ཙམ་མམ། དེ་ལྡན་གསལ་བ་ཙམ་ལ་འབྲེལ་ཆོག་པས་འབྲེལ་བའི་དབང་གིས་འབྲེལ་ཅན་ལ་མི་འཁྲུལ་ལོ་ཞེ་ན། སྤྱི་གསལ་ཐ་དད་ཀྱི་དོན་ལ་གསལ་བ་སོ་སོར་རྗོད་བྱེད་དུ་སྤྱི་མི་རུང་སྟེ། རྫས་ལྟ་བུ་ལ་ཡོད་པ་ཡོད་ན་ཡོན་ཏན་ལ་ཡོད་མི་ཤེས་པ་སོགས་སྤྱི་བྱེ་བྲག་གི་གཞི་མཐུན་མི་སྲིད་དོ། །རིགས་སམ་དེ་ལྡན་འབྲེལ་སྒྲ་གསལ་བ་ཐ་དད་ཀྱི་དོན་ལ་སོ་སོར་བྱེ་བྲག་ཕྱེ་སྟེ་རྗོད་བྱེད་མིན། ཡང་བརྗོད་པ། སྔོ་སོགས་ཡོན་ཏན་དང་ནི་ཤིང་སོགས་ཡོན་ཏན་ཅན་བརྗོད་པའི་སྒྲ་ནི་རྣམ་དབྱེ་ཐ་དད་དུ་ངེས་པ་ཡོད་ཕྱིར་གཞི་དང་ཆོས་དེ་ངོ་བོ་གཅིག་ཏུ་མཐུན་པ་ཡི་རྫས་ཤིང་སྔོན་པོ་ལྟ་བུ་དང་དེ་བརྗོད་ཀྱི་སྒྲ་དག་རབ་ཏུ་གྲུབ་པས་ན་སྤྱི་གསལ་ཐ་དད་མིན་ནོ། །བསྡུ་བའི་ཚིགས་སུ་བཅད་པའོ། །ཡོན་ཏན་དང་ཡོན་ཏན་ཅན་སོགས་ཀྱི་འབྲེལ་པ་ནི་རྫས་བརྗོད་པའི་སྐབས་འདིར་འབྲེལ་ཅན་གྱི་ཆོས་གཉིས་པོ་


MR08_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཉིད་ཀྱིས་ཤུགས་ལ་འཕངས་པར་བརྗོད་པ་ཀ་རའི་རོ་སྤོས་ཀྱི་དྲི་བཞིན་ནོ་སྟེ་ཀ་རའི་རོ་སོགས་ཀ་ར་དང་རོ་གཉིས་ཏེ་འབྲེལ་ཅན་བརྗོད་པའི་ཤུགས་ལ་གོ་ཡི་འབྲེལ་བ་ཁོ་རང་རྐྱ་བ་མི་བརྗོད་དོ། །ཆོས་ཆོས་ཅན་དག་ནི་དེ་ལྟར་འབྲེལ་པའི་དངོས་པོར་བྱས་ནས་བརྗོད་ཀྱི་འབྲེལ་པ་ཞེས་རང་རྐྱ་བའི་དངོས་པོ་གཞན་གྱི་སྦྱར་བར་མི་བྱ་བའོ། །ཤིང་གསལ་འདི་ཡི་རིགས་ཀྱི་སྒྲ་ཡིས་ནི། རིགས་དོན་གཞན་སོགས་བརྗོད་པར་བྱ་བ་ཉིད་མི་འཐད། སྤྱི་དོན་གཞན་ཡོད་ཀྱང་དེ་བརྗོད་པས་དེ་ཐམས་ཅད་ལ་ཁྱབ་པས་མདུན་ན་གནས་པ་སོགས་བྱེ་བྲག་གོའོ་ཞེ་ན། སྤྱི་རྫས་གཞན་དེ་གོ་ཡི་བྱེ་བྲག་མི་གོ་སྟེ་དེ་དེ་ལ་རང་དབང་དུ་མི་འཇུག་པ་བརྟགས་པའི་ཕྱིར་འབངས་ལ་རྒྱལ་པོ་བཞིན་དང་དེ་གཉིས་གཞི་མཐུན་མི་སྲིད་པའི་ཕྱིར། ཞེས་སོ། །ཡང་ན་སྔ་མ་དེ་གཉིས་ཀྱི་ཕྱིར་འབངས་ལ་རྒྱལ་པོ་བཏགས་ཀྱང་རྒྱལ་པོའི་བློ་མི་སྐྱེ་བ་བཞིན། དེ་གཉིས་བློས་འཛིན་སྟངས་ཀྱི་ཚུལ་ཐ་དད་པའི་ཕྱིར་ཞེས་མི་འཐད་དོ། །དེས་ན་སྤྱི་སྒྲ་བྱེ་བྲག་ལ་རང་དབང་དུ་འཇུག་པ་མེད་ཕྱིར་སྤྱི༷་རང་དེ་ལྡན་གོ་བ་མིན་ཏེ་དེ་མིན་ལ་དེར་བཏགས་པའི་ཕྱིར་དང་དེ་གཉིས་གཞི་མཐུན་པའམ་


MR08_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་མི་སྲིད་ཕྱིར་དཔེར་ན་འབངས་ལ་རྒྱལ་པོར་བཏགས་པ་བཞིན་དོན་གཞན་པ་དེ་གཉིས་ཀྱི་འཛིན་པ་བློ་ཡི་ཚུལ་ཐ་དད་པའི་ཕྱིར་རོ། །དེས་ན་སྤྱི་སྒྲས་བྱེ་བྲག་སྒྲུབ་ཚུལ་དུ་མི་གོའོ། །ཁྱད་གཞི་གང་ལ་སྤྱི་སྒྲས་ཁྱད་པར་རིམ་གྱིས་གོ་བ་ཡོད་མོད་དེ་དེ་ནི་གཞན་སེལ་ལོ། །གང་མཚུངས་པར་རྟོགས་པ་ལ་ནི་རིམ་གྱིས་རྗོད་པར་བྱེད་པ་ནི་ཡོད་དོ། །དཔེར་ན་ཀུནྡ་དུང་དང་ཟླ་བ་སོགས་ཀྱི་དཀར་པོ་བརྗོད་པ་བཞིན་ཏེ། དཀར་པོ་སྤྱི་ལས་ཁྱད་པར་ངེས་པ་དང་། མིག་དང་གཟུགས་སོགས་ཀྱི་དངོས་པོ། འཁོར་འདས་ཀྱི་ཆོས་ཞེས། སྤྱི་ལས་དེ་མིན་བསལ་བའི་ཁྱད་པར་རེ་རེའི་སྒོ་ནས་ཤེས་དགོས་ཀྱང་། འདི་རང་ཅི་ན་ཤིང་ཞེས་པས་ནི་བྱེ་བྲག་མི་གོའོ། །དེས་ན་སྤྱིའི་ཤེས་པ་བྱེ་བྲག་ལ་འཕོས་པའི་འདྲ་བ་ནི་མིན་ལ། གལ་ཏེ་སྤྱིས་ཕན་པའི་སྒོ་ནས་བྱེ་བྲག་འདྲ་བའང་མིན་ཏེ་འདི་ལྟར་ཡོན་ཏན་གཞན་གྱིས་ཕན་བཏགས་པའི་རྫས་ཀྱི་དངོས་པོ་ལ། ཡོན་ཏན་དང་འདྲ་བའི་བློ་མེད་པར་ཡང་ཤེལ་སྔོན་པོ་ཞེས་དངོས་པོའི་བློ་འཇུག་པར་འགྱུར་རོ་དེས་ན་འདྲ་བ་མི་སྲིད་དོ། །ཤེལ་སྔོན་


MR08_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟ་བུ་ལ་ཡོན་ཏན་དོན་གཞན་སྔོན་པོས་ཕན་བཏགས་པ་ལ་ལྟོས་ནས་ཤེལ་སྔོན་པོའི་ངོ་བོར་རྟོགས་ཀྱི་རྫས་རང་གིས་གཞན་ལ་ལྟོས་མེད་དུ་ཁྱད་པར་ཅན་དུ་གྱུར་པ་མིན་ཞེ་ན། དབང་ཤེས་ནི་དངོས་པོ་དུ་མ་འདྲེས་པའི་ཚུལ་དུ་གྱུར་པའི་ཆ་ནས་རྣམ་པ་ཐམས་ཅད་དུ་ལོག་པའི་ཤེས་པར་ཐལ་བར་འགྱུར་རོ། །གཞན་ཡང་ཡོན་ཏན་སོགས་ཀྱི་སྒོ་ནས་རྫས་ཁྱད་པར་དུ་འབྱེད་ན། རས་ཁྲ་བོ་ལྟ་བུའི་རྫས་དེ་ཁ་དོག་སོགས་སོ་སོའི་སྒོ་ནས་རིམ་གྱིས་འབྱེད་དམ། ཅིག་ཆར་འབྱེད། ཕྱི་མ་ལྟར་ན། སྤྱི་སོགས་ཁྱད་པར་མང་པོ་ཉིད་དང་ནི་ཁྱད་པར་ཅན་ཅིག་ཆར་འཛིན་པར་འདོད་པ་རྣམས་ལ་ཡང་། དེ་ནས་ཁྱད་བྱེད་ཆོས་སྤྱི་ལ་སོགས་པ་མང་པོ་དང་ཅིག་ཆར་འཛིན་མི་སྲིད་དེ། བུམ་པའི་སྤྱི་དང་། ས་ལས་བྱུང་བ་རྫས། དབྱིབས་ཟླུམ་པོ་སོགས་གང་གིས་ཁྱད་པར་དུ་བྱེད་པ་དུ་མ་བུམ་པ་དང་འདྲེས་ན་ནི་ཡོན་ཏན་ཁྱད་བྱེད་པ་པོ་ཡིན་པའང་ཉམས་ཏེ་ཁྱད་འབྱེད་མི་ནུས་ལ། རིམ་གྱིས་འབྱེད་ན་གཟི་སོགས་ཁྲ་བོ་དབང་པོས་ཅིག་ཆར་བ་མཐོང་བས་གནོད། ཅེས་སོ། །དེ་ལའང་ཁྱད་པར་གྱིས་ཁྱད་པར་ཅན་ལ་ཕན་འདོགས་པ་ནི་འགལ་བར་འགྱུར་ཏེ་དེ་ཀུན་འདྲེས་པས་སོ། །རིམ་གྱིས་འབྱེད་ན་གཟི་ཡི་ཁྲ་བོ་ཐམས་ཅད་ཅིག་ཆར་མཐོང་


MR08_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བས་གནོད་དོ། །ཡོན་ཏན་ཡོན་ཏན་ཅན་དེ་དག་ཐ་དད་ཡིན་ཡང་ཡོན་ཏན་གྱི་སྒོ་ནས་ཡོན་ཏན་ཅན་རྟོགས་པར་འདོད་པ་རྣམས་ལ་ཡང་སྤྱི་དེ་དང་ལྡན་པའི་སྐྱེན་རང་དབང་མེད་སོགས་དེ་མཚུངས་པ་ལྟ་བུའོ། །རིགས་སྒྲ་ནི་རིགས་རང་གི་ངོ་བོའམ་དེ་ལྡན་གསལ་བ་ཅན་གྱི་ངོ་བོར་རྒྱུ་མཚན་གང་ལས་སྦྱོར་བར་མི་བྱེད་པའོ། །རིགས་དེ་ལྡན་ཐ་དད་པ་སྟེ་གསལ་བ་ཉིད་ལ་བརྗོད་ཅེ་ན། དེ་ཡང་སྔར་ཉིད་ཐ་དད་རྣམས་ཀྱི་རིགས་སྒྲ་མིན་ཞེས་པར་བསལ་ཟིན་ཏོ། །རིགས་དེ་དེ་ལ་ལྡན་ཙམ་གྱི་འབྲེལ་རྐྱང་ཡང་འབྲེལ་པ་ཁོ་ན་བརྗོད་པ་གོ་བའམ་རིགས་སམ་ལྡན་སྨྲས་སོགས་སུ་གསལ་ལོ། །སྤྱི་དེ་དེ་ལ་ཡོད་པ་ཡིན་ཞེས་རྣམ་པར་དཔྱད་པས་མི་འཐད་དེ། ཡོད་ན་བུམ་པ་སོགས་ཀྱི་དེ་ལྡན་ཤེས་བྱ་སོགས་ཡོད་པའི་དོན་གཞན་སྣམ་བུ་སོགས་ལ་འཇུག་ན་ཁྱད་མེད་དུ་ཐལ། འཇུག་མིན་ན་ཐུན་མོང་པ་སྤྱི་ཞེས་པ་ཡི་དོན་དེ་ཇི་ལྟ་བུ་ཡིན་ཏེ་སྤྱི་མིན་པས། དེས་ན་སྤྱི་ཞེས་པ་སྒྲ་དོན་འབའ་ཞིག་པ་དང་མཚུངས་ཏེ་དོན་སྒྲུབ་པ་མེད་དོ། །ཐམས་ཅད་ལ་སྒྲ་རྟོག་ཐུན་མོང་བ་འཇུག་པའི་རྒྱུ་སྤྱི་དོན་གཞན་འདོད་པ་དེ་ཡང་ངེས་པའི་རྒྱུ་མཚན་གང་ཡང་མེད་པར་འདོད་དེ་དེ་མེད་ཀྱང་འཇུག་པས་


MR08_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གལ་ཏེ་གཡུ་ལྟ་བུ་གཅིག་ལ་སྔོན་པོ་ཞེས་བརྗོད་ན་སྔོ་བ་དང་། ཆེས་སྔོ་བ་ཆེས་རབ་སྔོ་སོགས་ཀྱི་ཆ་རྣམས་མི་ཤེས་པ་བཞིན་ནོ། །གལ་ཏེ་སྤྱི་ལས་ཁྱད་པར་གོ་བ་ཡོད་པ་ལྟ་བུའི་སྤྱི་ལས་སྤྱི་ཉི་ཚེ་བ་གོ དེ་ལས་གསལ་བ་གོ་ཞེ་ན། མིན་ཏེ་གཅིག་ལ་སྔོ་སོགས་བཞིན་སྤྱི་ལས་བྱེ་བྲག་གོ་བ་དེ་ལྟའང་མ་ཡིན་དེ་གོ་བར་རིགས་སྒྲ་འཇུག་གམ་ཁྱད་པར་བྱེད་པ་སོགས་ཁས་བླངས་ཀྱང་རང་གི་སྔར་འདོད་པ་དང་འགལ་ཏེ་རིགས་གཅིག་ལ་རིགས་གཞན་མེད་པར་འདོད་པས་སོ། །ཡང་སྤྱིས་དངོས་སུ་མི་གོ་ཡང་དོན་གྱིས་འཕངས་ཏེ་གོ་ཞེ་ན། མིན་ཏེ་ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལྟ་བུ་དོན་གྱིས་གོ་བ་ཡོད་ཀྱང་སྤྱི་འདིས་དེ་ལྟར་ནུས་པའི་རྒྱུ་མཚན་ཅི་ཡང་མེད་པས་སོ། །སྔོན་པོ་ཞེས་སྤྱི་གཅིག་སྔོན་པོའི་རིགས་གཅིག་ལ་ཡང་ཚང་བས་རིགས་མེད་པས་ཁས་བླངས་འགལ་བས་ན་དེ་མིན། སྤྱི་ལ་དོན་གྱིས་གསལ་བ་འཕངས་པའང་མ་ངེས་པ་མི་འཁྲུལ་བར་གོ་ནུས་པ་མེད་པའོ། །དེས་ན་དངོས་པོ་བརྗོད་པའི་སྒྲ་ཐམས་ཅད་ལའང་ཚད་མ་དང་རྟགས་སུ་མ་ཟད་དམ་བློར་མ་ཟད་བརྡ་སྦྱོར་བ་གཞན་སེལ་ཁོ་ནས་བྱས་ཞེས་སོ། །ཡང་བརྗོད་པ། ཤིང་ལྟ་བུ་གཅིག་ལའང་ལྡོག་པ་ཐ་དད་སྒྲས་བརྗོད་པར་བྱ་བ་མང་པོ་ཡོད་ཀྱང་ཤིང་ཞེས་


MR08_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་སྒྲ་གཅིག་པུ་ཡིས་དེ་ཐམས་ཅད་ཀུན་ཏུ་རྟོགས་པ་མ་ཡིན། ཇི་རྟོགས་ན་སྒྲ་རང་དང་བརྗོད་བྱ་རྒྱུ་རྗེས་སུ་འབྲེལ་བའི་དོན་གང་ཡིན་པ་དེ་དེ་མིན་རྣམ་པར་གཅོད་པ་ཤིང་ལྟ་བུའི་ངག་གི་འབྲས་བུ་ཡིན་ནོ། །རྗོད་བྱེད་སྒྲས་ཀྱང་ཤིང་གི་ཆོས་གང་ཤིང་དུ་མ་ཡི་དོན་ལ་ཅིག་ཆར་འཇུག་པ་མ་ཡིན་གྱི་གང་ལ་བརྡ་སྦྱར་བར་བྱ་བ་དེ་ཉིད་ལ་སེལ་བས་འཇུག་གི་དེ་ནི་སྒྲའི་ངོ་བོ་ལ་ཡེ་ནས་འབྲེལ་པའི་ངོ་བོའི་ཡོན་ཏན་ཉིད་སོགས་ཀྱིས་དབང་གིས་མ་ཡིན་ནོ། །བརྗོད་བྱ་དོན་གཅིག་རྟོགས། རྗོད་བྱེད་ཀྱིས་ཀྱང་ལྡོག་པ་གཅིག་བརྗོད་དེ་ནི་གཞན་སེལ་བའི་དབང་གིས་ཡིན་གྱི། སྒྲ་དོན་ངོ་བོས་བརྗོད་བྱ་རྗོད་བྱེད་ཡིན་པའི་ཡོན་ཏན་སོགས་ཀྱིས་མིན། ཞེས་སོ། །དེ་ལ་བརྡ་སྤྲོད་པ་ན་རེ།སྒྲས་དོན་གོ་བ་ནི། སྒྲོན་གཟུགས་ལྟར་ངོ་བོའི་ཡོན་ཏན་དང་། ནད་སྨན་བཞིན་ནུས་པའི་ཡོན་ཏན་དང་། དབང་ཡུལ་བཞིན་རུང་བའི་ཡོན་ཏན་སོགས་བཤད་པའང་བཀག་སྟེ། སྒྲ་དོན་ངོ་བོས་འབྲེལ་པ་མེད་ཀྱང་། གོ་བ་གཞན་སེལ་ཡིན། ཞེས་སོ། །ཞེས་བྱ་བ་སེལ་བའི་དོན་བསྡུ་བའི་ཚིགས་སུ་བཅད་པའོ། །བྱེ་བྲག་པ་ན་རེ། སེལ་བ་སྨྲ་བ་ལ་བུམ་


MR08_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བརྗོད་པའི་སྒྲ་བཞིན་དུ་སྔོན་པོ་དང་ཨུཏྤལ་བརྗོད་པའི་སྒྲ་དག་ཀྱང་། སོ་སོ་ཁོ་ན་ཡིན་ཕྱིར་ཨུཏྤལ་སྔོན་པོ་ཞེས་པའི་གཞི་མཐུན་དང་ཁྱད་པར་བྱ་བྱེད་དུ་མི་རུང་ལ་ཁོ་བོ་ཅག་ལྟར་ན་སྔོན་པོའི་སྒྲས་ཡོན་ཏན་དོན་གཞན་དང་ཨུཏྤལ་གྱི་སྒྲས་སྤྱི་དོན་གཞན་བརྗོད་ལ་དེ་གཉིས་རྫས་གཅིག་ལ་འཕྲོད་པ་འདུ་བས་གཞི་མཐུན་འཐད་ཅིང་། ཨུཏྤལ་སྔོན་པོ་ཞེས་ཁྱད་པར་བྱ་བྱེད་འཐད་ཅེ་ན། ཞེས་ཆོས་གསུམ་རྫས་ཐ་དད་ཀྱང་བ་ལང་ལ་རྭ་གཡས་གཡོན་བཞིན་གཞི་མཐུན་འདོད་དོ། །གཞན་སེལ་བས་སྔོ་སོགས་ཐ་དད་པའི་དོན་རྣམ་པར་ཕྱེའི་ཕྱིར་རྟོགས་ཀྱི། གཞི་མཐུན་པ་རང་གི་དོན་རང་རྐྱ་བ་ནི་ཐ་དད་དུ་རྟོགས་པ་ལ་རྨོངས་པ་ཡིན་ཏེ་གཞི་མཐུན་ཞེས་གཅིག་ལ་ཆ་ཐ་དད་པ་རྟོགས་པའི་འབྲས་བུ་མེད་ཕྱིར་མི་འཐད་ལ་དེས་ན་གཞན་སེལ་བའི་སྒོ་ནས་ཁྱད་པར་བྱེད་པ་དང་ཁྱད་པར་བྱ་བ་འཐད་པ་ཁོ་ནའོ། །གཞི་མཐུན་པ་ཅན་དེ་ནི་སྔོན་པོ་རྐྱང་པ་མིན་ལ། ཨུཏྤལ་རྐྱང་པའང་མ་ཡིན་ཏེ་དེ་གཉིས་མེ་ཏོག་གཅིག་ལ་བསྡུས་པ་བརྗོད་བྱ་ཡིན་པའི་ཕྱིར་རོ། །དེ་མིན་ནཱི་ལ་གཉིས་སོ་སོར་ཕྲལ་བས་ཁ་དོག་མི་མཚོན་པ་བཞིན་དུ་སྒྲ་དེ་གཉིས་ཀྱང་དོན་མེད་འགྱུར། ནཱི་དང་ལ་ཕྲལ་བ་ནི་སྔོན་པོའི་ཁ་དོག་གི་དོན་རྟོགས་པའི་སྒྲ་ཅུང་


MR08_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱང་མིན་ནའང་ནི་དང་ལའི་ཚིག་གཉིས་བསྡུས་པ་ལས་དེ་ཡི་བརྗོད་བྱ་སྔོན་པོ་རྟོགས་ན་ཨུཏྤལ་སྔོན་པོ་བརྗོད་ཀྱང་དེ་ལ་ཡང་སྔོ་དང་ཨུཏྤལ་ཡན་གར་པ་དེ་སྦྱར་བ་ལས་གཞི་མཐུན་དེ་རྟོགས་པ་ཡིན་ནོ། །གཞི་མཐུན་གྱི་རྫས་གཅིག་འདོད་པ་གཞན་ལ་གཞི་མཐུན་དེ་མི་འཐད་དེ། འདི་ལྟར་སྔོ་དང་ཨུཏྤལ་གཉིས་ཀྱི་གཞི་མཐུན་ཡན་ལག་ཅན་རྫས་མེ་ཏོག་གཅིག་ཡོད་ན། དེ་ལ་ཡན་ལག་དང་ཡན་ལག་ཅན་རྫས་གཅིག་ཡིན་ནམ་ཐ་དད་ཡིན། དང་པོ་ལྟར་ན་མི་འཐད་དེ། སྔོ་སོགས་ཡན་ལག་ཕན་ཚུན་གཅིག་པར་ཐལ་བར་འགྱུར་ཕྱིར་ན་འདུས་ཤིང་ཚོགས་པའི་ཡན་ལག་ཅན་ལ་གཅིག་ཅེས་པ་ཉིད་ཡོད་པ་མ་ཡིན་ནོ། །ཡང་འདུས་པ་དུ་མར་ཐལ་བར་འགྱུར་ཏེ་ཡན་ལག་དུ་མ་དང་གཅིག་པའི་ཕྱིར། འདུས་པ་ཡན་ལག་ཅན་གཅིག་ཨུཏྤལ་སྔོན་པོ་ཞེས་པའི་སྒྲས་བརྗོད་ན་ཐ་མི་དད་ཀྱི་དོན་གཅིག་ལས་སྟོན་མི་རིགས་ནའང་སྔོན་པོ་དང་ཨུཏྤལ་སོ་སོའི་རང་གི་བརྗོད་བྱ་ནམ་ཡང་མི་སྤོང་བས་སོ་སོར་གོ་བའི་ཕྱིར། གལ་ཏེ་སྤྱིའི་ཁོངས་སུ་བྱེ་བྲག་འདུས་པས་དེ་གཉིས་ཀྱི་ཐུན་མོང་གི་སྤྱི་གཅིག་བརྗོད་ཀྱང་སོ་སོར་གོའོ་ཞེ་ན། མིན་ཏེ། སྤྱིའང་རིགས་དོན་གཞན་བརྗོད་པ་སྔར་བཀག་ཟིན་པས་སོ། །དེ་


MR08_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཀྱི་སྒྲས་ཀྱང་ཡན་ལག་ཅན་གཅིག་བརྗོད་པ་མིན་ཏེ་སྔོ་སྒྲ་དག་རང་གི་དོན་སྤོང་མ་ཡིན་པའི་ཕྱིར། དེས་སྔོ་སོགས་ཀྱི་རིགས་དོན་གཞན་ནི་མ་ཡིན་ཏེ་སྔར་བཀག་པ་བརྗོད་ཟིན་པའི་ཕྱིར། སྤྱི་སྒྲ་ལས་བྱེ་བྲག་ལ་ཐེ་ཚོམ་ཟ་ཕྱིར་དེ་མིན་གཞན་སེལ་བ་མིན་ལ་གང་གིས་སེལ་བས་དོན་བྱེད་མིན་ནོ། །སྤྱི་རྣམས་བྱེ་བྲག་གི་དོན་གཅིག་ལ་འཇུག་པ་ལས་སྤྱི་སྒྲ་དེ་རྣམས་དོན་གཅིག་སྟོན་པའི་སྒྲ་རྣམ་གྲངས་པ་ཙམ་པོ་གཉིས་སུ་འགྱུར་བར་ཐལ་ལོ། །སྤྱི་དང་བྱེ་བྲག་གི་སྒྲ་དོན་གཅིག་ལ་འཇུག་ན་དེ་གཉིས་གོ་བྱ་ཐ་དད་མེད་པའི་རྣམ་གྲངས་པར་ཐལ་འདྲ་རང་འགྲེལ་ལས་སོ། །གཉིས་པ་ཡན་ལག་དང་ཡན་ལག་ཅན་ཐ་དད་དགག་པ་ལ། ཡན་ལག་ཅན་དང་ཡན་ལག་ཀྱང་ཐ་དད་ན་ཡང་གཞི་མཐུན་དང་ཁྱད་པར་བྱ་བྱེད་གཉིས་ཀ་མེད། སྔོན་པོ་དང་ཨུཏྤལ་རྫས་གཞན་ཡིན་ཀྱང་གཞི་མཐུན་གྱི་ཚེ་དོན་གཅིག་ཏུ་འགྱུར་རོ་ཞེ་ན། དོན་གཅིག་ཅེས་པ་འདི་ཅི། སྔོན་པོ་ཨུཏྤལ་གཉིས་ཀ་དོན་གྱི་ཆ་ནས་གཅིག་ཏུ་འགྱུར་རམ། གཅིག་ལ་གཅིག་ཡོད་པ་ཡིན། ཡང་ན་དོན་མི་གཅིག་ཀྱང་བརྗོད་སྒྲ་གཅིག་ཡིན། སྒྲ་གཅིག་ལའང་དོན་གཅིག་དང་ལྡན་པ་གཉིས་ཏེ་བཞི་པོ་


MR08_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན། དང་པོ་ལྟར། ཨུཏྤལའི་དོན་གྱི་རྫས་རིགས་དང་ཡོན་ཏན་སྔོན་པོ་དག་གལ་ཏེ་དོན་གཅིག་ལ་འཕྲོད་འདུའི་ཚུལ་གྱིས་འཇུག་ཅེ་ན། ཨུཏྤལ་ལ་རྫས་སྤྱི་དང་བྱེ་བྲག་གཉིས་ཡོད་པ་མིན་པར་ཐལ་ལོ། །ཨུཏྤལ་སྔོན་པོ་དང་ལྡན། སྔོན་པོ་ཨུཏྤལ་དང་ལྡན་ཏེ་དེ་ལྡན་གཉིས་ཀྱང་ཡོད་མ་ཡིན་སྔོན་པོ་ཨུཏྤལ་མིན་ཨུཏྤལ་སྔོན་པོ་མིན་པས་སོ། །ཡིན་ན་དེ་གཉིས་སྒྲ་བློ་རྣམ་གྲངས་པར་ཐལ་ལོ། །དེ་བཞིན་དུ་དེ་གཉིས་བརྗོད་པའི་སྒྲ་ནི་ཨུཏྤལ་གྱི་རིགས་དོན་གཞན་དང་ནི། ཡོན་ཏན་དོན་གཞན་ཙམ་ཞིག་བརྗོད་པར་འགྱུར་གྱི་དོན་གཅིག་མི་བརྗོད་ལ། རིགས་དང་ཡོན་ཏན་དེ་ལྡན་བརྗོད་པ་ཉིད་ལ་ནི། དེ་གཉིས་གཞི་མཚུངས་པ་སྟེ་མཐུན་པ་དང་མི་མཐུན་པའམ་མི་མཚུངས་དངོས་འགལ་གཉིས་ཚིག་གཅིག་དེས་བརྗོད་པར་ཐལ་བར་འགྱུར་རོ། །དེས་མཚུངས་པ་བརྗོད་ན་དེ་མི་མཚུངས་པ་ཡང་བརྗོད་ཡོད་དགོས་པས་དངོས་འགལ་བརྗོད་པའི་སྒྲ་གཅིག་སྲིད་པར་ཐལ་ཞེས་འཕང་ངོ་། །དེས་མི་མཐུན་བརྗོད་པ་ནི་དེ་བཞིན་དུ་སྒྲ་རིགས་དང་ཞེས་བཤད་ལའང་ཐལ་པ་དེ་རང་། དེ་གཉིས་སྤྱི་གཅིག་གིས་མཚུངས་ཕྱིར་གཞི་མཐུན་གྱི་


MR08_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བརྗོད་པར་མི་འདོད་ཅེ་ན། བ་ལང་རྟ་སོགས་ལ་ཡང་གཞི་མཐུན་ཡིན་པར་མཚུངས་པར་ཐལ་ཏེ་ཡོད་སོགས་སྤྱི་གཅིག་གིས་འབྲེལ་བས་སོ། །བ་རྟ་ནི་དབྱིབས་ཀྱིས་བྱེ་བྲག་ཏུ་བྱས་ལ་སྔོན་པོ་དང་ཨུཏྤལ་དེར་དབྱིབས་ཀྱིས་བྱེ་བྲག་ཏུ་མ་བྱས་ཤེ་ན་ཞེས་དབྱིབས་ཀྱི་ཁྱད་པར་གྱི་སྒོ་ནས་སོ་སོའི་སྤྱི་གསལ་བར་བྱས་ཤེ་ན། འོ་ན་བུམ་པ་གཅིག་ལ་ཡང་དུ་མར་ཁྱབ་པའི་སྤྱི་མང་པོ་འདྲེས་ཤིང་འདུས་པར་འགྱུར་ཏེ། བུམ་པ་དེ་ཡོད་པ་དང་བུམ་པ་དངོས་པོ་སོགས་སྤྱི་དུ་མས་གསལ་བྱེད་ཡིན་པ་གང་ཞིག་སྤྱི་དབྱིབས་ཀྱི་སྒོ་ནས་གསལ་དགོས་པས་སོ། །གཞི་མཐུན་གཅིག་ལ་དབྱིབས་དུ་མར་བྱས་པ་འདུས་པར་འགྱུར་ན་དེ་མ་དམིགས་པས་སོ། །གཞི་མཐུན་མི་འདོད་པ་གཞན་ཡང་དེར་ཐལ་ཞིང་འདོད་པ་ལ་ཡང་གཞི་མཐུན་མེད་པར་ལ་ཡང་གཞི་མཐུན་མེད་པར་ཐལ། གཞན་བ་ལང་དང་རྟ་གཞི་མཐུན་མི་འདོད་པའང་སྤྱི་མཚུངས་མི་མཚུངས་གཉིས་ཀར་ཐལ། ཡོད་ཉིད་ཀྱི་སྤྱི་འདྲ་བའང་གསལ། བརྡའི་སྤྱི་མི་འདྲ་བའང་གསལ་བས་སོ། །ཨུཏྤལ་དང་སྔོན་པོ་ལྟ་བུ་མཚུངས་པ་ལའང་གཞི་མཐུན་མེད་པར་ཐལ་ཏེ་མི་འདྲ་བའི་སྤྱི་གསལ་བས་སོ། །ཡོན་ཏན་རྫས་དག་ནི་དབྱིབས་མིན་པས་དེ་ལྡན་གྱིས་


MR08_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་གསལ་བྱེད་མིན་པར་འགྱུར་རོ། །སྤྱི་བྱེ་བྲག་གི་ཐ་དད་ནི་རྗོད་བྱེད་ཐ་དད་ཙམ་ལས་ཤེ་ན། དངོས་པོ་རང་ལས་ཁྱད་རང་ཁྱད་སྒྲ་ལས་མེད་ཅེས་པའང་བྱུང་། མེད་པ་སྒྲས་ཁྱད་མི་ནུས་སོ། །གསལ་བྱེད་དང་གསལ་བ་ཐ་དད་ལ་རྟོག་པ་ཕན་ཚུན་རྟེན་པ་འཐོབ་པར་འགྱུར་ཏེ། སྤྱི་ལ་བརྟེན་ནས་རྫས་ཤེས། རྫས་ལ་བརྟེན་ནས་སྤྱི་ཤེས་དགོས་པས་སོ། །དེ་དུས་མཉམ་གསལ་ན་ཐམས་ཅད་གསལ་བར་ཐལ། མི་མཉམ་ན་ཕན་ཚུན་རྟེན་པར་ཐལ་ལོ། །སྤྱི་གཅིག་གི་རང་བཞིན་དུ་མར་ཐལ་བ་དང་། ཡང་ན་རང་བཞིན་དུ་མ་གསལ་བ་དང་སྤྱི་གཅིག་གིས་ཕན་ཚུན་གསལ་བ་དེ་ལའང་མང་པོར་འགྱུར་ཏེ། ཡོད་པས་བུམ་སོགས་དུ་མ་དང་བུམ་པས་ཡོད་སོགས་དུ་མའང་ངོ་། །སྤྱི་བྱེ་གཅིག་གིའང་ཕན་ཚུན་གསལ་བ་མང་པོར་འགྱུར་རོ། །སྤྱི་ཡང་གསལ་བ་དུ་མས་གསལ་དགོས་ཤིང་། བུམ་པའང་ཡོད་སོགས་སྤྱི་དུ་མ་གསལ་བྱེད་ཡིན་པས་སོ། །ཡང་བརྗོད་པ་དངོས་ལ་ཁྱད་བྱེད་ཡོན་ཏན་དང་ནུས་པ་ནི་མིང་གིས་དབྱེ་བ་ཙམ་ཡིན་གྱི་དོན་ལ་ཐ་དད་མེད་པས་གཞི་མཐུན་མེད་ལ། ཡང་གཅིག་འདོད་རྣམས་མང་པོ་དང་འབྲེལ་བས་དུ་མར་ཐལ་གྱི་གཅིག་གཅིག་པ་མེད། དེས་ན་གཅིག་དང་ཐ་དད་ལ་གཞི་


MR08_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་མེད་ཅེས་པའང་རིགས་པར་ཐལ། ཇི་ལྟར་རྗོད་བྱེད་ཀྱི། དབྱེ་བས་གྲངས་བཞིན་ཐ་དད་པར་རབ་ཏུ་བརྟགས་པའི་དུ་མ་ཡོད་ལ། སྤྱི་དང་རྫས་གཅིག་ཀྱང་ཆོས་མང་པོ་དེ་དག་དང་འབྲེལ་བའི་ཕྱིར། དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཁྱད་པར་བྱེད་ཆོས་དང་ཁྱད་པར་དུ་བྱ་བ་ཉིད་བློ་ལ་ལྟོས་པས་དོན་རང་དབང་དུ་གནས་པ་མིན་པར་སྔར་བརྗོད་དེ་སྒྲོ་བཏགས་མོད་ཡང་དག་པར་གང་གིས་འཇོག །སྒྲ་སེལ་འཇུག་ལ་གཞན་དངོས་པོ་ཉིད་དུ་མིན་སྤྱི༷་དང་ནི་ཐ་དད་དེ་གསལ་བ་ཁྱད་པར་བྱ་བྱེད་སོགས་དེ་དེའི་རྣམ་གྲངས་དེ་ཉིད་བརྗོད་འདོད་ཀྱི་སྒྲས་བསྐུལ་ནས་བཞག་པའི་ཐ་སྙད་ཙམ་ཡིན་སྔོ་དང་ཨུཏྤལ་འགལ་མེད་ཕྱིར་ན་གཅིག་སྒྲས་གཅིག་བརྗོད་བྱར་མི་སྤོང་ཞིང་ཚོགས་པ་ཡི་སྤྱི་བརྗོད་པ་ཡང་དེ་བཞིན་འགལ་བ་མེད་པས་སོ། །དེའི་ཚུལ་གྱིས། ཁྱད་པར་བྱ་བའི་སྤྱི་བྱེ་བྲག་དོན་གཞན་རྗོད་པར་བྱེད་དོ་ཡང་བརྗོད་པ། སྤྱི་ཚོགས་གང་བརྗོད་པར་འདོད་པ་དེ་ཙམ་ཤེས་པར་འདོད་པའི་ཕྱིར་སྒྲ་ཐ་དད་སྦྱོར་ལ་དེའི་བརྗོད་ཚེ་བྱ་བ་རང་དང་སྤྱི༷་ཡིས་སྒྲས་གཅིག་ཤོས་བོར་བའམ་སྤང་བ་ནི་མ་ཡིན་པས་གཞི་མཐུན་དུ་སྡུད་ཇི་ལྟར་ན་ཤ་པའི་ཁྱད་པར་


MR08_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མ་ངེས་ན་ཤིང་སྤྱི་ལས་བྱེ་བྲག་ལ་ཐེ་ཚོམ་མི་ཆོད་ཀྱང་། དེ་བརྗོད་ཚེ་ཤིང་གིས་ཤ་བ་མི་སྤོང་ལ་ཤ་བས་ཤིང་མི་སྤོང་ངོ་། །ཤ་བ་ཁྱད་པར་དུ་མ་བཟུང་ན་ནི་ཤིང་ཁྱད་ཀྱིས་གཅིག་གི་གཅིག་ལ་དོན་གཅིག་ཏུ་བཟུང་བ་ལ་གཞི་མཐུན་གྱི་སྒྲ་འདི་དག་ཐེ་ཚོམ་བསྐྱེད་པར་མཚུངས་ཤིང་བཟུང་ན་གཞི་མཐུན་དུ་འགྱུར་རོ། །སྤྱིའམ་གསལ་བ་དུ་མ་ཡིན་དུ་ཟིན་ཀྱང་སྤྱི༷་བཟུང་ན་ཁས་ལེན་པའམ་མི་སྤོང་མ་བཟུང་ན་ཐ་དད་སྟོན་པ་གསལ་སྒྲ་ཉིད་ཀྱིས་བརྗོད་བྱ་ལ་མི་འཁྲུལ་ལོ། །ཁྱད་པར་བྱེད་དང་ཁྱད་པར་དུ་བྱེ་བ་དེ་དག་ཉིད་མཚུངས་པ་ཙམ་གྱིས་མིན། ཡང་ན་དེ་གཉིས་རྟོགས་པ་སྐྱེ་ཚུལ་འཇོག་ཚུལ་མི་འདྲ་སྟེ་ཤིང་ཡོད་ཟེར་ན་གང་སྙམ་དུ་དོགས་པ་སྐྱེ། ཤ་བའི་ཁྱད་པར་བརྗོད་ན་དོགས་པ་དེ་ཆད། ཤིང་ཤ་བ་ཡོད་ཅེས་བྱས་ན་ཤིང་ཡོད་མེད་དོགས་པ་མི་སྐྱེ་བས་དེས་ཁྱད་པར་བྱ་མི་དགོས་པ་རྒྱལ་ཚབ་བོ། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཐ་དད་པ་སེང་ལྡིང་ལྟ་བུ་ནི་ཐ་དད་པ་སྟག་པ་སོགས་གཞན་རྣམས་དང་འགལ་བའི་ཕྱིར་ན་དེས་དེ་སེལ་བར་བྱེད་དེ་དངོས་པོ་རྣམས་ཕན་ཚུན་མེད་ལ་རྟེན་པའོ། །མེ་དང་ཤིང་ལྟ་བུའི་སྤྱི༷་གཞན་ཐ་དད་པའང་དོན་རྣམས་


MR08_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་གི་ངོ་བོ་དང་སྤྱི༷་ནང་ཕན་ཚུན་དག་འགལ་བ་ཡིན། བུམ་སོགས་དེ་ཤ་བའི་སྒྲ་དེའི་དངོས་སུ་བསལ་བྱ་མིན་ཏེ་དེ་གཉིས་ཀྱི་སྤྱི༷་ནི་མཚུངས་པ་ཉིད་མ་ཡིན་པའི་ཕྱིར་སྤྱི་སྒྲས་བསལ་བ་མིན་པས་སོ། །དེ་བཞིན་སྣུམ་པ་སོགས་ཁྱད་པར་གཞན་རྣམས་ནི་སྤྱི་སྒྲ་དེ་ཡིས་སེལ་བར་འགྱུར་བ་མ་ཡིན་ནོ། །གཅིག་གིས་གཅིག་སེལ་ན་གཞི་མཐུན་པ་མི་སྲིད་ཟེར་ན། ཆོས་གང་ཞིག་གཞི་མཐུན་པར་གྱུར་པ་དེ་ཡོན་ཏན་མངར་བ་དང་ནི་ཡོན་ཏན་གཞན་སྣུམ་པ་ལྟ་བུ་དེ་ཟས་ཀྱི་རྫས་གཅིག་ལ་འཇུག་པའམ་གཅིག་པའི་ཕྱིར་གཞི་དེ་ཡི་སྒོ་ནས་སྦྲེལ་ཏེ་ཕན་ཚུན་མི་སྤོང་པར་མི་འགལ་བར་བྱས་པ་ཡིན་གྱི་མི་སེལ་བ་མིན་ཏེ་སེལ་བ་གཅིག་ཤོས་ལ་དེ་མིན་གཞན་ནམ་ཡང་མ་མཐོང་ཕྱིར་ཡང་སེལ་བ་ཡིན་ནོ། །ངོ་བོ་གཅིག་པ་རྣམས་ལ་དོན་ལ་ཐ་དད་པའི་ཁྱད་པར་མེད་ཀྱང་ལྡོག་ཆ་ཐ་དད་ཀྱང་རྫས་སུ་མེད་པའི་གཞི་གཅིག་ལ་མི་འདུ་བ་མེད་དེ། དམག་ལྟ་བུ་ནི་ཚོགས་པ་བརྗོད་པ་སྟེ་བྱ་བའམ་འབྲས་བུ་གཅིག་གི་ཆ་ནས་བརྟགས་པའོ། །དོན་ལ་དེ་གཉིས་གཞི་གཅིག་གི་སྒོ་ནས་མི་འགལ་བའོ། །གལ་ཏེ་མ་མཐོང་བ་ཙམ་གྱིས་གཅིག་སེལ་ན་སྤྱི་སྒྲས་བྱེ་བྲག་གོ་བར་འགྱུར་ཏེ། བྱེ་བྲག་ལ་སྤྱི་སྒྲ་


MR08_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་བའི་ཕྱིར། དེ་ཡིན་ཏེ། སྤྱི་སྒྲས་བྱེ་བྲག་གོ་ནུས་པ་མིན་པས་དེ་མི་སྦྱོར་ཞེ་ན་སྟེ ། གསལ་བ་ཐ་དད་ཀུན་ལ་སྤྱི་སྒྲ་ཁོ་ན་མི་འཇུག་པས་ཀྱང་། བྱེ་བྲག་སྤྱི་ལས་གཞན་མིན་ཏེ། འདི་ལྟར་སྐབས་དང་། ཤུགས་སོགས་ཀྱི་དབང་ལས་ཤིང་འོན་ཅིག་ཅེས་པ་ལས་ཤ་བ་ལ་གོ་བའང་མཐོང་བའི་ཕྱིར། འཇུག་པ་མི་རིགས་པ་མེད་ཅེས་སོ། །མ་མཐོང་བས་ཡིན་ན་རང་ཐ་དད་ལ་སྤྱི་སྒྲ་ཡང་སེལ་བར་འགྱུར་རོ་ཞེ་ན། དེ་གཉིས་གཞན་མིན་ཏེ་སྐབས་ལ་སོགས་པའི་སྒྲ་དེ་ཡོད་རིགས་པར་མཐོང་བའི་ཕྱིར། དེ་ལྟ་ནའང་བྱེ་བྲག་དེ་སྣང་ལ་ཐེ་ཚོམ་ཟ་བར་རིགས་ཏེ་མཐའ་གཅིག་ཡོད་མིན་པས་སོ། །འོ་ན་སྤྱི་སྒྲ་བྱེ་བྲག་ལ་འཁྲུལ་པ་ཡོད་པ་ཇི་ལྟར་སྤྱི་ལས་ཁྱད་པར་ལ་ཐེ་ཚོམ་ཟ་བར་རིགས་ཤེ་ན། ངེས་པར་སྤྱི་སྒྲ་ཡན་གར་བ་ལ་བྱེ་བྲག་མ་སྤངས་བའི་དབང་གིས་དེ་ཤེས་སྐྱེས་སོ། །ཡན་གར་བ་དེའི་དབང་དུ་བྱས་པའི་ཐ་དད་ལ་སྤྱི་སྒྲ་འཇུག་པ་མེད་ན་ཐེ་ཚོམ་ཅི་ཟ་ཅེ་ན། དེ་ལྷན་ཅིག་ཏུ་ཡོད་པ་མིན་གྱི་ཉན་པ་པོ་ལ་ལྟོས་པ་མཐོང་། སྤྱི་སྣང་བར་མི་འདོད་ན། པ་ལ་ཤ་ལ་འདི་ཤིང་ངོ་ཞེས་སྟོན། ཉན་པོས་སྤྱི་སྤངས་ནས་བྱེ་བྲག་ཤེས་འདོད་ན་ཤིང་འདི་ས་ལས་བྱུང་


MR08_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་འབྱུང་བ་ལྔ་ལས་བྱུང་ཞེས་དྲི་བ་ལ་ས་ལས་བྱུང་ཞེས་སྟོན་པ་བཞིན་ནོ། །དོན་བཞིན་སྟོན་བྱེད་ཀྱང་སྒྲ་གཞན་རྣམ་པར་བཅད་ནས་ནི་སྒྲ་སྤྱི༷་ཙམ་དེ་རྗོད་པར་བྱེད་པ་པོ་ཡིན། དོན་གང་ལ་སྦྱར་བའི་སྒྲ་ཅིག་ཐེ་ཚོམ་ཟ་བས་གཞན་མི་སེལ་ཞེ་ན། སྒྲ་གཅིག་དོན་དུ་མ་ལ་དེ་ཐེ་ཚོམ་ནའང་ཉན་པོའི་སྐབས་སོགས་ཀྱིས་སེལ་ལོ། །ཨ་ཀྵ། ཤིང་རྟ་དང་གཤོལ་མདའ་སོགས་དོན་དུ་མ་ལ་འཇུག་པ་ཡོད་པས་དེ་མིན་གཅོད་པ་མི་ངེས་ཤེ་ན། དེ་འཇུག་མདོ་གང་ལ་ཞུགས་པ་དེས་དེ་མིན་གཅོད་ཅེས་པའང་སྒྲས་གོང་གི་དོན་དྲང་ངོ་། །སངས་རྒྱས་པའི་ལུགས་ལ་སྒྲ་ཡི་དོན་གཞན་དངོས་པོ་བ་མ་མཐོང་ཡང་རང་དོན་ཆ་ཤས་སུ་ཕྱེ་ནས་སྟོན་པའི་ཕྱིར། དོན་སྒྲ་ཡི་འབྲེལ་པ་ནི་ཤིན་ཏུ་སླ་ཞིང་སྒྲ་ལས་དོན་ལ་འཁྲུལ་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡང་བརྗོད་པ། དཔེར་ན་ཤིང་ས་ལ་སོགས་པའི་དོན་ལྔ་པོ་ཡི་སླད་དུ་སྨྲོས་པའི་ཤིང་སོགས་དོན་ལྔ་པོ་དེ་སྔ་མ་ཕྱི་མའི་ངེས་པའི་རྒྱུ་སྟེ་དཔེར་ན་ཤིང་ཞེས་སྨྲོས་ནས་བྱུང་སོགས་གཞན་ལྔ་ཤུགས་ལ་ངེས། ས་བྱུང་གིས་རྫས་སོགས་གསུམ། རྫས་ཀྱིས་དངོས་ཡོད་སོགས་དེས། རིམ་པ་ལས་བཟློག་པ་ལས་ཕྱི་མ་ཕྱི་མ་ལ་ཐེ་ཚོམ་སྐྱེད་དེ།


MR08_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་བྱ་ཙམ་སྨྲོས་ན་ཡོད་རྫས་ས་བྱུང་ཤིང་བཞི་ལ་ངེས་པ་མི་སྐྱེ་སྟེ་ཐེ་ཚོམ། དངོས་ཡོད་སྨྲོས་ན་རྫས་སོགས་གསུམ་སོགས་སོ། །ཆ་ཤས་སྒྲོ་འདོགས་བསལ་ཕྱིར་སྒྲ་ཡང་དེ་སྙེད་ངེས་སོ། །ཤིང་ཞེས་པའི་སྒྲ་དང་ས་ལས་བྱུང་དང་རྫས་ཡིན་པ་དང་། དངོས་པོ་ཡོད་པ་དང་གཞལ་བྱ་ཞེས་པའི་སྒྲས་དོན་སོ་སོར་ངེས་པར་གཟུང་ལ། དེ་གོ་རིམ་ལས་བཟློག་སྟེ་བརྗོད་ན། དོན་ལྔ་ལས་བཞི་དང་གསུམ་དང་གཉིས་གཅིག་ལ་ཐེ་ཚོམ་དུ་འགྱུར་ལ་གཞན་རིམ་པའི་དང་པོ་དང་པོ་ཕྱི་མ་ཕྱི་མ་ངེས་པའི་རྒྱུ་མཚན་ཡིན། དེས་ན་སྒྲ་རྣམས་ཆ་ཤས་རྣམ་པར་གཅོད་པའི་དོན་ཅན་ནོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གལ་ཏེ་གསལ་བ་མཐའ་ཡས་པས་ན། གཞན་སེལ་ལ་བརྡ་བྱས་ཀྱང་དོན་ལ་རབ་ཏུ་སྦྱོར་བ་མི་སྲིད་དོ་ཞེ་ན། དེ་མིན་ཏེ་ཤིང་ཡིན་ནོ་ཅོག་ཀྱང་དེ་མིན་བཅད་པའམ་དེ་མིན་ལས་ཐ་དད་པའི་དོན། དེའི་སྒོ་ནས་ཐ་དད་མིན་པ་དེས་ན་གསལ་བ་ཀུན་ལ་འཇུག་གོ། དེ་ཅི་ཡིན་ན། ཤིང་སྒྲས་ཤིང་མིན་གཞན་ལ་ཁྱབ་པ་བཀག་པའི་གཞན་སེལ་ཡིན་པའི་ཕྱིར། ཤིང་མིན་ལས་ཐ་དད་པའི་དོན་སྟོན་པ་ཤིང་


MR08_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དེས་རང་གི་གསལ་བ་ཐམས་ཅད་ཐ་དད་མིན་ཚུལ་གྱིས་གོའོ། །དངོས་པོ་ལ་འཁྲུལ་མེད་དུ་འཇུག་སྟེ་རང་མིན་ཐ་དད་པའི་དངོས་པོ་ལ་འཇུག་པ་མིན་ཕྱིར་ཡང་སེལ་འཇུག་གོ། ཡང་གཞན་སེལ་བར་བརྡ་བྱས་ན་དེ་དངོས་པོ་མེད་པས་དངོས་པོ་ལ་འཁྲུལ་མེད་དུ་གོ་མ་ནུས་སོ་ཞེ་ན། གཞན་བསལ་སྟོན་པའི་དངོས་པོ་དེ་ལ་འཁྲུལ་མེད་དུ་འཇུག་སྟེ། དངོས་པོ་དེ་ལས་ཐ་དད་པ་བསལ་སྟོབས་ཀྱིས་ནམ་ཡང་འཇུག་པ་མེད་པས་ན་ཡང་མི་འཁྲུལ་ལོ། །རང་མཚན་ཐ་དད་རྣམས་ལ་མཐའ་ཐུག་པ་མེད་པའི་ཕྱིར་བརྗོད་བྱར་མི་རུང་བ་དང་། སེལ་བ་ལ་རིགས་ཀྱི་ཆོས་སུ་བཏགས་པ་རྣམས་སེལ་བ་འདི་ལ་རྣམ་པར་གནས་ཤིང་དེས་གོ་ཆོད་ཅིང་སྐྱོན་མེད་པས་འདི་ཟུང་། ཞེས་སོ། །སྤྱི་དོན་གཞན་ཡོད་པས་འཇིག་རྟེན་ན་གཟུགས་སྒྲ་སྔོན་པོ་ལ་འཇུག་གི་རོ་སོགས་ལ་མི་འཇུག་པ་ཡིན། སེལ་སྨྲ་ལྟར་ན་སྤྱི་མེད་ཅིང་གསལ་བ་ཐ་དད་ལ་ལྟོས་པས་དེ་མི་འཐད་ལ། ཤིང་བརྗོད་སྒྲས་ཤིང་སྒྲུབ་པའི་ཚུལ་གྱིས་རང་དབང་དུ་གོ་ཡི་དེ་མིན་བསལ་བ་ཞེས་སྤྱི་རང་མི་སྣང་བས་རྒྱུ་མཚན་གང་ལས་གཞན་སེལ་ཞེས་པ་འདི་ངེས་ཤེ་ན། ཞེས་མདོར་ན་འཇིག་རྟེན་ན་སྒྲ་ཐམས་ཅད་དོན་ལ་དངོས་དབང་གིས་སྦྱར་བ་ལས་སེལ་བ་ཞེས་ཅི་ཡང་


MR08_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣང་ཞེ་ན། དེ་ཡང་འཇིག་རྟེན་ན་གཟུགས་རྣམས་ཐ་མི་དད་བྱེད་ལ། རོ་རྣམས་དེ་ལས་ཐ་དད་དུ་བྱེད་པའི་སྤྱི་གསལ་ཡོད་ཅེ་ན། ཐ་སྙད་ཀྱི་དེ་ཁོ་ན་ཉིད་ནི། འཇིག་རྟེན་གྲགས་པའི་རྗེས་སུ་འབྲང་བ་ཁོ་ནས་སྤྱི་གསལ་མི་བཙལ་ཏེ་དེས་མི་རྙེད་པས་སོ། །གལ་ཏེ་སྤྱི་ཐ་མི་དད་ཡོད་པས་མིན་ན་ཤིན་ཏུ་ཐ་དད་པར་འདྲ་བ་ལ་གཟུགས་ཀྱི་སྒྲ་སྔོན་པོ་ལ་འཇུག་གི་རོ་ལ་མི་འཇུག་པའི་ཁྱད་པར་ཅིས་ཡིན་ཞེ་ན། དེ་ལྟ་ན་སྐྱོན་དེ་གཟུགས་ཉིད་དེ་སྤྱི་ལའང་མཚུངས་པར་འགྱུར་ཏེ། རོ་དང་སྔོན་པོ་ཐ་དད་པར་འདྲ་བ་ལ་སྤྱི་ཐ་མི་དད་དེ་གཅིག་ཡོད་ཅིང་གཅིག་ལ་མེད་པའི་རྒྱུ་མཚན་ཅིས་ཡིན་ཞེས་བརྟགས་རིགས་པས་སོ། །རྒྱུ་མཚན་ཡོད་དེ་སྔོ་སོགས་ལ་མིག་གིས་གཟུང་བྱ་ཉིད་ལས་སམ་བྱ་བར་གནས་པ་ཡོད་པས་སྒྲ་འཇུག་ལ་རོ་སོགས་ལ་དེ་མེད་པས་ཤེ་ན། རྫས་གྲངས་ཚད་རྣམ་འབྱེད་གཞན་ཉིད་གཞན་མིན་ལ་སོགས་པར་ཡང་གཟུགས་སྒྲ་འཇུག་པར་ཐལ་བར་འགྱུར་ཏེ་དེ་རྣམས་མིག་གིས་གཟུང་བྱར་ཁས་བླངས་པས་སོ། །དཀར་མིན་སྔོན་པོ་དང་སེར་དམར་སོགས་ལ་ཁྱད་མེད་པར་གཟུགས་སྒྲ་ཙམ་གྱིས་གོ་བར་འགྱུར། གཞན་སེལ་མིན་ན་རྗེས་འགྲོ་འབའ་ཞིག་ལས་བྱེ་བྲག་གི་དོན་ཐམས་ཅད་གྲུབ་པར་


MR08_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །མདོར་ན་སེལ་བས་མིན་པར་སྒྲ་འཇུག་པ་ལ་དངོས་པོའི་རྒྱུ་མཚན་ཞིག་གིས་ཡིན་ན། དངོས་པོ་དེ་རྗེས་སུ་འགྲོ་བ་ཙམ་ཡོད་པ་ན་གོ་སྲིད་དེ། མིག་གིས་གཟུང་བྱ་ཡིན་ཚད་ཐམས་ཅད་གཟུགས་གཅིག་གི་སྒྲས་ཁྱད་མེད་དུ་གོ་བ་ཡིན་ཏེ་སྒྲ་འཇུག་པའི་རྒྱུ་མཚན་ཡོད་པས་སོ། །དེས་ན་སེལ་བ་ནི་བརྗོད་འདོད་ཀྱིས་དེ་མིན་བསལ་བ་ཙམ་སྟེ། སྒྲ་དངོས་པོའི་རྒྱུ་མཚན་ཅན་མིན་ནོ། །དཀར་མིན་ཆེས་དཀར་མིན་སོགས་ཁྱད་མེད་དེ་སྤྱི་ཆ་མེད་གཅིག་དང་འདྲེས་པས་སོ་ཟེར། སྤྱི་སྒྲས་བྱེ་བྲག་གོ་བའང་སྐབས་དང་ཤུགས་ལས་གཞན་བསལ་བ་ཡིན་ནོ། །འདི་གལ་ཆེ། འོ་ན་ཁྱོད་ཀྱང་ལྡོག་པ་འབའ་ཞིག་ཅན་དུ་ཐལ་ལོ་ཞེ་ན། རྗེས་ལྡོག་གི་ཁྱབ་པ་གཉིས་ཀ་དོན་གྱིས་ཚང་ཡང་སྒྲས་དངོས་སུ་སོ་སོར་སྟོན་པ་འདོད་པ་མ་ཡིན་ཏེ། གཞན་བསལ་སྟོབས་ཀྱིས་རྗེས་འགྲོ་དང་དངོས་པོ་ཤིང་ཞེས་པས་དེ་མིན་ཆོད་པ་སྟེ། སྒྲ་གཉིས་བྱེད་པའང་མ་ཡིན་ཞེས་པའི་དོན་འདྲ་བས་སམ་གཞན་གྱི་དངོས་པོ་བརྗོད་ཀྱང་གསལ་བ་ཀུན་ལ་ཁྱབ་པའི་སྤྱི་ཆ་མེད་དངོས་སུ་བརྗོད་པ་མིན་ཟེར་དཔྱད། སྒྲས་རྗེས་ལྡོག་གི་ཁྱབ་པ་དངོས་སུ་བརྗོད་པ་མ་ཡིན་ཀྱང་དོན་


MR08_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཚང་ངོ་། །ཡང་ཁྱོད་སེལ་བར་འདོད་པ་ལྟར་ན་དངོས་པོ་ཐམས་ཅད་སེལ་བའམ་གཞན་མེད་པ་དང་འདྲེས་ན། ཐམས་ཅད་མེད་པ་ལས་གྱུར་པའི་ཐམས་ཅད་མེད་པར་འགྱུར་ཏེ། ངེད་ཀྱི་ཡོད་པའི་གཙོ་བོ་གཅིག་ནི་རང་བཞིན་དུ་འདོད་པ་དང་འདྲའོ་ཞེས། སེལ་བ་ནི་ཕན་ཚུན་གཅིག་ལ་གཅིག་མེད་པ་དེ་མེད་པ་ཐམས་ཅད་སེལ་བའི་བྱེ་བྲག་ཡིན་པས་གཞན་སེལ་ཐམས་ཅད་མེད་པ་དང་འདྲེས་ཞེས་ཁྱོད་ཀྱི་ཁས་བླངས་ཟེར་ན། འོ་ན་ཁྱོད་ཀྱིའང་དུ་མ་དང་འབྲེལ་བས་ཡོད་པར་སྒྲུབ་པའང་མེད་པ་གང་རང་གི་བྱེ་བྲག་དུ་མ་དང་འདྲེས་ཕྱིར་རོ། །ཡོད་པའི་རང་བཞིན་རྟག་ཡོད་པ་ཞེས་པ་ལོགས་སུ་ཡོད་ཚུལ་ཇི་འདྲ། ཞེས་སོ། །ཁྱོད་དངོས་པོ་ཐམས་ཅད་ལ་གཞན་མེད་པའམ་སེལ་བ་དང་འབྲེལ་ཞེས་སྨྲས་ན་དངོས་ཀུན་མེད་པ་དང་དོན་གཅིག་གང་ཞིག་ཁས་ལེན་དུ་ཐལ་ཞེས་པ་དེར་འགྲོ་ན། འོ་ན་ཡོད་ཅེས་པ་དེ་དངོས་པོ་དུ་མའི་བདག་ཉིད་དང་འབྲེལ་བ་ལས་ཡིན་ཞེས་ཅི་ཞིག་ཡིན་པ་ལ་རྒྱུ་མཚན་གང་གིས་དེ་སྐད་སྦྱོར་བ་ཡང་། ཡོད་མེད་ཀྱི་ཤེས་པ་ཐ་དད་དུ་མི་འགྱུར་བར་གཉིས་ཀའི་ཡིན་པར་འདོད་པ་ན་རྟ་བ་ལང་གཉིས་རྣམ་འགྱུར་གྱི་ངོས་ནས་གཅིག་ལ་གཅིག་མེད་ལ་རང་བཞིན་གྱི་ངོས་ནས་གཅིག་པར་འདོད་པའོ། །


MR08_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཅིག་ཡིན་ན་ཐ་དད་བློ་འགལ་ཐ་དད་བློ་སྐྱེ་ན་གཅིག་ཡིན་པར་འགལ། ཞེས་སོ། །འཇིམ་པའི་རང་བཞིན་གཅིག་ལ་རྣམ་འགྱུར་ཐ་དད་ལས་ཁམ་ཕོར་དང་རྫ་བུམ་ལ་སོགས་པ་བཞིན་རང་བཞིན་གཅིག་ལའང་རྣམ་འགྱུར་ཐ་དད་བློར་འདོད་ན། སྔར་མེད་དང་ཕན་ཚུན་མེད་པའི་ཐ་དད་ལས་ངོ་བོ་གཞན་དུ་གྱུར་པ་མིན་ན་ཡང་ཐ་དད་ཀྱི་བློ་ཅི་སྟེ་དགག་སྟེ་དགག་མི་རིགས་ནའང་ཁྱོད་ད་དུང་གཅིག་ཏུ་འདོད་པ་འཁྲུལ་ཞེས་སོ། །དེ་གཉིས་ཐ་མི་དད་པ་མི་རིགས་ཏེ་ཁྱོད་ཀྱི་གཞུང་ལས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག། སྣང་བའི་ལམ་དུ་གང་མ་གྱུར་པ་དོན་དམ་པའོ། །འདི་ལྟར་སྣང་བའི་ལམ་དུ་གང་གྱུར་པ་འདི་ནི་ཀུན་རྫོབ་པ་སྟེ་སྒྱུ་མ་བཞིན་དུ་ཤིན་ཏུ་སྟོང་པ་ཡིན་གྱི་དོན་དམ་པ་ཉིད་ནི་མིན་ཞེས་བཤད་པས་སོ། །དེ་གཉིས་གཅིག་མིན་ཏེ་སྣང་ལམ་དུ་གྱུར་མ་གྱུར་དང་ཀུན་རྫོབ་དོན་དམ་གྱི་ཁྱད་པར་ཡོད་པའི་ཕྱིར། དེ་ལྟ་ནའང་གཉིས་སྣང་ངོ་བོས་བདེན་གྲུབ་ཀྱི་གཉིས་སུ་འདོད་པས་དེ་གཉིས་འགལ་ལོ། །གལ་ཏེ་རྣམ་འགྱུར་མེད་ལ་གཙོ་བོ་ཡོད་གཅིག་པ་བཀག་པའི་ཐ་དད་ཟེར་ན། གཙོ་བོ་བདེན་པས་རྣམ་འགྱུར་ཡང་བདེན། རྣམ་འགྱུར་རྫུན་པས་གཙོ་བོའང་རྫུན། ཐ་དད་ན་རང་


MR08_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིན་པ་ཉམས་སོ། །ཡང་འདི་ལྟར་དཔེར་ན་ཐ་དད་པའི་ཤིང་གསལ་རྣམས་ཐ་དད་དུ་ཡོད་ཀྱང་དེ་ལ་ཐ་དད་མིན་པའི་བློ་སྐྱེ་བ་ནི། དཔེར་ན་ནག་པོ་སོགས་མཐོང་བ་ལ་གཅིག་ཏུ་ཞེན་པས་བ་ལང་གི་བློ་སྐྱེ་བ་བཞིན་ཞེས་པའི་དཔེ་འགལ་ཏེ། ནག་པོ་དང་བ་ལང་དོན་གཅིག་ཡིན་གྱི་ཐ་དད་མིན་ཟེར་བ་གྲངས་ཅན་པའི་ལུགས་ངན་ཏེ་བ་ལང་དང་ནག་པོ་སོ་སོའི་སྒྲས་གཞན་བསལ་བའི་ལྡོག་པ་མི་འདྲ་བ་མ་ཤེས་པར་ནག་པོ་དང་བ་ལང་གཅིག་ཏུ་ཁས་ལེན་པའི་བླུན་པོའི་ལྟ་བ་ངོ་ཚ་བའོ། །ནག་པོ་དང་བ་ལང་ཕན་ཚུན་ཐ་དད་པའི་གཞན་སེལ་བ་དག་ཏུ་ཡོད་ཀྱང་ནག་པོ་ལ་སོགས་པ་འདུས་པའི་གོང་དུ་མཐོང་བ་ལས་དེ་ལ་བ་ལང་གི་བློ་སྐྱེ་བ་དཔེར་བརྗོད་པ་འཐད་ཀྱང་འགལ་ཟེར་བ་དེ་གཞན་སེལ་ཚུལ་མི་ཤེས་པ་ཁྱོད་ཀྱི་ལུགས་ངན་ལ་རྟེན་པ་ཡིན་གྱི་ངེད་ལ་མི་འགལ། ཞེས་སོ། །སྒྲ་རྟོག་སྒྲུབ་འཇུག་དེ་སེལ་བ་ལ་མི་ལྟོས་པར་སྒྲུབ་པས་འཇུག་ཞེས་པ་འདི་ནི་དངོས་པོའི་གནས་ཚུལ་ནི་མིན་ཏེ་རང་གི་རྣམ་རྟོག་སྤྲོས་པར་ཟད་ཀྱི་དོན་ལ་གཞན་སེལ་བ་མིན་པའི་སྒྲ་ཡིས་ནི་ཆོས་ཀྱི་རང་བཞིན་འགའ་ཡང་བརྗོད་པར་མི་བྱ་བ་ཁོ་ནའོ། །རྒྱུ་འབྲས་སྔ་ན་མེད་པས་གཞན་དུ་རྟོགས་


MR08_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ན་ཤེས་པ་གཞན་དུ་མི་འགྲུབ་སྟེ་ཤེས་པ་ལ་ཡ་མཐའ་དང་པོ་མེད་པས་ཐོག་མ་མེད་པའི་ཕྱིར་རྒྱུ་འབྲས་གཅིག་ཅེ་ན། ཤེས་པ་ལ་ཡ་མཐའ་མེད་པ་ཙམ་ནི་ངེད་ཀྱི་འདོད་པ་གྲུབ་ལ། དེས་ཤེས་པ་རྒྱུ་མཐུན་ཡོད་པ་འགྲུབ་ཀྱི་སྐད་ཅིག་གཞན་མིན་མི་འགྲུབ་ཅིང་རིགས་ཡོད་སོགས་ཕ་རོལ་པོའི་འདོད་པའི་སྒྲུབ་བྱེད་དུ་ཅི་ཡང་མི་འགྱུར་རོ། །ཞེས་སོ། །སེལ་བ་སྨྲ་བ་ཁྱོད་ལའང་བརྡ་མི་འགྲུབ་སྟེ། གཅད་རུང་ཤིང་མིན་མཐའ་ཡས་པ་ལ་སྒྲུབ་རུང་ཤིང་གསལ་མཐའ་ཡས་པས་ཤེ་ན། དེ་གཉིས་མཐའ་ཡས་ཀྱང་ཤིང་མིན་མཐའ་དག་རེ་རེ་ནས་བཅད་མི་དགོས་ཏེ་སྤྱི་བཅད་པས་ཆོད་ལ། དེས་ཤིང་གི་སྤྱི་གྲུབ་པས་སོ། །དེས་ན་སྤྱི༷་ཡི་སྒོ་ནས་ཤིང་མིན་སེལ་བར་བྱེད་དོ། །དངོས་མེད་ལ་ཆོས་ཅན་མི་སྲིད་པས་ཁྱོད་ཀྱིའང་བདག་དང་གཞན་གཙོ་བོ་ཡོད་པར་ཁས་ལེན་དགོས་ཤེ་ན། གཅིག་ཉིད་དང་དུ་མ་ཉིད་ཀྱིས་བརྟགས་པ་འཇུག་གི དེ་དག་དངོས་པོ་ཡོད་པ་ལ་མི་རིགས་དངོས་མེད་ཀྱི་སྒྲ་དོན་ལ་བྱེད་དོ། །བདག་མེད་ལ་གཞན་མེད་ལ་གཞན་མེད་ན་བསལ་རྒྱུའང་མེད་པ་གང་གཞན་དེ་ལ་ཡོད་པ་བདག་ཡོད་པས་ཁྱབ་དེས་ན་སྒྲ་ཡིས་བརྗོད་ཚད་ཡོད་པས་ཁྱབ་ཀྱི་མེད་པ་མི་བརྗོད་ཟེར་ནའམ། ཡང་བདག་ཅེས་པ་


MR08_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གཞན་ལས་གཞན་དུ་ཡོད་པར་ཁས་མི་ལེན་དེ་ལ་གཞན་སེལ་མི་སྲིད་ལ། ཡོད་ན་དེ་གཞན་དུ་ཡོད་པས་གཅིག་ཐ་དད་བརྟགས་པ་མི་འཇུག་ཅེ་ན། གཅིག་ཐ་དད་བརྟགས་པ་དེ་ག་བདག་དངོས་པོ་ལ་མི་འཇུག་ཀྱང་བདག་གི་སྒྲ་དོན་གཞན་སེལ་ཡང་བདག་ཕུང་པོ་སོགས་ལས་གཞན་དུ་དངོས་པོའི་དོན་ལ་མེད་པ འི་ཕྱིར་ཞེས། སྒྲ་དོན་དང་དངོས་པོ་ཐ་དད་དུ་ཤན་མི་ཕྱེད་ན།བདག་སྟེ་དངོས་པོ་རང་ཉིད་གཞན་དུ་ཡོད་པར་ཁས་མི་ལེན་ན། ཁྱོད་ཀྱིའང་རྣམ་འགྱུར་གཙོ་བོ་གཅིག་པར་ཐལ་ལོ། །གཅིག་ན་གཙོ་བོ་དུ་མར་ཐལ་ལོ། །གསལ་བ་ཐ་དད་མེད་པར་ཐལ་ལོ། །དེ་བཞིན་གསལ་མི་གསལ་ཀྱང་མེད་དོ། །ཁྱོད་ཀྱི་ལུགས་ལའང་གསལ་བ་རྣམ་འགྱུར་རྣམས་གཙོ་བོའམ་ནུས་པར་འགྱུར། གཞན་སེལ་བ་དབང་པོའི་ཡུལ་དུ་ཐལ་ཏེ་དེ་འཛིན་པའི་དབང་པོ་ཕུང་གསུམ་པ་མེད་ཟེར་ན། གཞན་སེལ་བའི་སྒྲ་ཡི་བརྗོད་བྱའི་དོན་ལ་ཡིད་རྟོག་བཅས་ཀྱིས་དཔྱོ༷ད་པ་འདི་ཡང་རྣ་སོགས་དབང་པོའི་སྤྱོད་ཡུལ་མིན། གང་ཞིག་ཤིང་ཞེས་པའི་སྒྲ་ལ་སོགས་པ་འདི་འཇུག་པའི་དབང་གིས་དབང་པོ་ཡུལ་སོ་སོར་འཇུག་པ་མིན་པས་སོ། །དོན་གང་ཞིག་ཚིག་གི་བརྗོད་དུ་རུང་བ་འདི་ནི་ངག་གི་རྐྱེན་


MR08_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དོན་དུ་རྣམ་པར་བཏགས་པའི་སྤྱི་སྟེ་སྒྲ་དོན་འདྲེས་པའི་ཡིད་རྟོག་ཡིན་ལ་དེ་ཡང་ཇི་ལྟར་ན་བརྡ་མ་བྱང་ཚེ་ངག་སྒྲ་རང་མཚན་དང་དོན་སོ་སོར་སྣང་བར་བརྗོད་པ་གང་དེ་ཡིས་དང་པོ་མ་གོམས་ཚེ་མིང་ལས་དོན་གྱི་རྟོག་པ་ཉེ་བར་བསྐྱེད་ཅིང་ཇི་ལྟར་ཕྱིས་གོམས་པའི་ངག་དག་ལས་དོན་ལ་མིང་མེད་དུ་ཟིན་ཀྱང་མིང་ལས་དོན་གྱི་རྟོག་པ་སྐྱེ་སྟེ་མིང་དོན་འདྲེས་པར་སྣང་ངོ་། །མིང་རྣམས་དོན་སོ་སོ་རང་གི་རྐྱེན་དང་རྗེས་སུ་འབྲེལ་བས་དོན་གྱི་རྣམ་པ་དུ་མ་སོ་སོར་རྟོགས། དེ་ཡང་ངག་གི་དོན་དེ་ནི་དེ་མིན་གཞན་ལས་རྣམ་པར་བཅད་པའི་དོན་དུ་འདོད་དོ། །མིང་དོན་གྱི་འབྲེལ་པ་ཤེས་པའི་ངག་གི་དོན་གོ་བའམ་བརྗོད་འདོད་དང་དོན་སྤྱིའི་བློ་དཔོག་པ་འདི་ཡང་རྗེས་དཔག་ལས་གཞན་མིན་ཏེ་ཚུལ་གསུམ་ཚང་བས་རྗེས་སུ་འགྲོ་ལྡོག་གིས་འགྲུབ་པས་སོ། །གང་ཞིག་ངག་ལས་སྐྱེས་པ་ཡི་རྣམ་རྟོག་སྣ་ཚོགས་པའི་ཤེས་པ་ནི་དེ་ཡང་རང་རིག་ཡིན་པས་ན། མངོན་སུམ་ཉིད་ལས་གཞན་མ་ཡིན། དངོས་པོ་དུ་མ་ལ་མི་འཇུག་པའི་འདོད་རྒྱལ་བའི་སྒྲ་སྤྱི་ལ་ཇི་ལྟར་འཇུག་ཅེ་ན་སྟེ།རྒྱུ་མཚན་ཅན་རྣམས་སེལ་བར་རིགས་ན་འདོད་རྒྱལ་ཇི་ལྟར་ཞེ་ན། འདོད་རྒྱལ་ལ་རིགས་བརྗོད་ཚོགས་བརྗོད་གཉིས་ཀྱི་རིགས་ནི་སྤྱི་བརྗོད་ཡིན་མོད་ཚོགས་པའི་སྤྱིའང་དོན་དུ་མི་དབྱེ་བས་སོ། །


MR08_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བུམ་པའི་རྡུལ་བརྒྱད་ཀྱི་ཆུ་སྐྱོར་བའི་བྱ་བྱེད་ལ་བུམ་པར་བཏགས་པ་བཞིན། སྒྲ་འདོད་རྒྱལ་བ་ཡང་རང་གིས་བརྗོད་དོན་ལ་རིགས་དང་ཚོགས་པས་དོན་དབྱེ་བས་དུ་མའི་སྤྱི་ཡིན་གྱི་གཅིག་པུ་བ་བརྗོད་པ་ནི་མེད་དོ། །དབྱེ་བ་དེའང་ལ་ལར་ཚིག་གིས་སྤྱི་ཙམ་དངོས་སུ་རྗོད་པར་བྱེད། རིགས་སྒྲ་དང་ཚོགས་པ་བརྗོད་པའི་སྒྲ་གཉིས་ལྟོས་ནས་ཕྱེའོ། །དེ་ལ་རིགས་སྒྲ་ནི་ལ་ལར་བྱེ་བྲག་གམ་ཡན་ལག་ལ་བརྟགས་ནས་གོ་སྟེ། གྲོང་གི་ཕག་པ་བཟའ་བྱ་མིན་པ་ཞེས་བརྗོད་ན་ཡན་ལག་ཅན་གྱི་ལྡོག་ཆ་མིན་པར་དེའི་ལུས་ཀྱི་ཆ་ཤས་བཟའ་མི་འོས་པ་སྟོན། ལ་ལར་ཡན་ལག་ཁོ་རང་ལ་དངོས་སུ་སྟེ། གྲངས་སོགས་སྒྲ་བཞིན། གྲངས་བརྒྱ་ལྟ་བུ་བརྒྱ་ཚོ་ཡིན་གྱི་བཅུ་སོགས་ནི་མིན་ནོ། །ཚོགས་པ་བརྗོད་པའི་སྒྲ་ཡང་སྐབས་སུ་ཚོགས་ཅན་སོ་སོ་ལ་བཏགས་ནས་འཇུག་སྟེ། ཁང་པ། ཞིང་། ལམ། ལྕགས་རི། སྐྱེས་བུ་སོགས་ཚོགས་པ་ལ་གྲོང་སྒྲས་བརྗོད་པ་དེའི་ཕྱོགས་གཅིག་སྐྱེས་བུ་ལ་བཏགས་ནས་གྲོང་འོང་ཞེས་པ་དང་། མཛུབ་མོ་ན་བ་ལ་ལུས་ན་ལྟ་བུ་བཏགས་ནས་འཇུག །ཁ་ཅིག་ཏུ་ཚོགས་ཅན་ལ་མི་འཇུག་སྟེ། དཔེར་ན་ཆུ་དང་ནགས་ཞེས་པ། རྡུལ་


MR08_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སོ་སོ་དང་། ཤ་ཤུག་སོགས་རེ་རེ་ལ་མིན་པ་བཞིན་ནོ། །དེས་ན་རིགས་དང་ཚོགས་བརྗོད་ཀྱིས་འདོད་རྒྱལ་དུ་གོ དེ་ཡང་གཞན་སེལ་བའི་དབང་གིས་དེར་གོ དེ་དཔེར་ན། བརྒྱ་སྟོང་སོགས་གྲངས་དང་སོར་འདོམ་རྒྱང་གྲགས་དཔག་ཚད་བྲེ་སྲང་ཟླ་ཞག་ལོ་བསྐལ་སོགས་ཚད་དམ་མཚན་ཉིད་དང་ནི་ཟླུམ་ཟླ་གམ་རིང་ཐུང་ལྷམ་ཁུ་ཚུར་མདུད་པ་ཕྲེང་བ་སོགས་དབྱིབས་རང་གི་ཆ་ཤས་ལ་ལྟོས་པ་མེད་པར་སྤྱི་གྲངས་ཙམ་བློ་ཡུལ་དུ་འཕེན་པ་ལྟ་བུར་རབ་ཏུ་འཇུག །ཆུ་དྭངས་མོ་ལ་སོགས་པ་ནི་རང་རིགས་ཐིགས་པ་དང་། རྡུལ་འདུས་པ་ལ་ཡང་བརྗོད་པར་བྱེད་པ་ཉིད་དེ་གཉིས་ཀའོ། །དབྱིབས་དང་སྤྱི་སྒྲ་ཡིན་པས་ཁ་དོག་ནི་ཚོགས་ཅན་ལས་རང་གི་ཆ་ཤས་ཀྱིས་ཁྱད་པར་དུ་བྱས་ནས་ཆ་རེ་རེ་ལ་འཇུག་པ་མིན། གྲངས་མཐའ་ཡས་པ་དེ་ཡི་ཆ་ཤས་ལ། སྤྱི་སྒྲ་དེ་རབ་ཏུ་འཇུག་པ་དམིགས་མ་ཡིན། སྤྱི་ལས་བྱེ་བྲག་གམ་འདི་ནོར་བུ་མར་གད་དོ་ཞེས་སོགས་ལས་དོན་རྟོགས་པའི་དོན་ནི་བཏགས་ནས་བསྟན་ཕྱིར་རོ། །སྔོན་ཆད་སྒྲ་དོན་འབྲེལ་བར་མཐོང་བ་མིན་ཀྱང་ཤིང་རྟོག་པ་ན་གོའམ། འདི་ནོར་བུ་མར་གད་དོ་ཞེས་བསྟན་པ་ན་དེ་ལྟར་ཡིད་ཆེས་ཏེ་རྗེས་དཔག་ཇི་ལྟར་ཡིན་ཞེ་ནའོ། །དེ་ནི་འདི་ཞེས་པའི་སྒྲའམ། ལག་


MR08_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའམ་སྔར་གྱི་གྲགས་རྙིང་ལས་བསྟན་ཏེ་གོ་བ་ཡིན་གྱི་མིང་ཙམ་གྱིས་མིན་ནོ། །དེ་ཕྱིར་སྒྲ་དོན་དངོས་པོས་འབྲེལ་བ་མ་ཡིན་ཏེ་བློས་བརྟགས་པའི་ཕྱིར་སྒྲ་བྱུང་ཚད་ལ་ཕུང་གསུམ་པ་མེད། ཕྱོགས་འདིས་ལྷག་མ་ཉེར་འཇལ་སོགས་རྣམས་ལའང་ཚད་མ་ཕུང་གསུམ་པ་མིན་པར་བརྗོད། དེ་ཡང་སྒྲ་བྱུང་ཚད་མ་ཕུང་གསུམ་མིན་ཏེ་སྒྲ་དོན་དངོས་པོའི་མི་འབྲེལ་བ་བློས་འབྲེལ་བྱས་པའི་འབྲེལ་བ་ལས་མིང་ལས་དོན་དཔགས་པ་རྗེས་དཔག་ཡིན་པས་སོ། །དེ་བཞིན་ཉེར་འཇལ་ཡང་མཐོང་བ་འདི་དང་མ་མཐོང་བ་འདྲ་ཞེས་འཇལ་བ་ལ་དེ་མཐོང་ངམ་ཐོས་པས་འདྲིས་ཀྱང་བཏགས་ནས་ད་གཟོད་དཔོག་པའོ། །དོན་གོ་བ་ནི་རྗེས་དཔག་གོ། ཞེས་གྲགས་པ་ནི་སྒྲ་ལ་བརྟེན་ནས་གོ་བ་སྟེ། དེ་ཡང་རྗོད་བྱེད་དེ་བརྗོད་བྱའི་དོན་དུ་འབྲེལ་བརྟགས་ལས་སོ། །སྐབས་སུ་ངེས་པ་ནི་ཉེར་འཇལ་ལྟར་རང་གིས་འབྲེལ་བར་སེམས་པའོ་དཔྱད་དོ། །ཚད་མ་ཀུན་ལས་བཏུས་པ་ལས་གཞན་སེལ་བརྟགས་པའི་ལེའུ་སྟེ་ལྔ་པའོ།། །།ཚད་མ་ལྟར་སྣང་བསྟན་པས་ཅི་བྱ་ན། ཚད་མ་ལྟར་སྣང་སྒྲུབ་བྱེད་དུ་བརྗོད་པར་འདོད་པའི་མུ་སྟེགས་རྣམས་ལ་


MR08_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པའི་ཆ་ཤས་ཏེ་སྒྲུབ་བྱེད་ཀྱི་ཡན་ལག་སྐྱོན་མེད་སྨྲ་བ་བཞིན་དུ་དེས་དམ་བཅའ་འམ་ཕྱོགས་གྲུབ་པ་ལ་དེ་གཉིས་མཚུངས་པ་མ་ཡིན་ཞེས་བསྟན་ཕྱིར་ཚུལ་གསུམ་མ་ཚང་ལ་འགལ་སོགས་ལྟར་སྣང་བརྗོད་དོ། །སྒྲུབ་བྱེད་དང་སུན་འབྱིན་པ་ནི་དེ་ཉིད་རབ་ཏུ་བསྟན་པ་བྱ་ཕྱིར་དང་གཉིས་པོ་དེ་ལྟར་སྣང་བ་བརྗོད་པའི་ཕྱིར་སྒྲུབ་བྱེད་སུན་འབྱིན་ལྟར་སྣང་ལ་ལན་འདི་བརྗོད་པ་བསྟན་བཅོས་སུ་བཤད་རིགས་པ་ཡིན། དེ་ལ་ལྟག་ཆོད་ལ་ནི་རྗེས་མཐུན་ལན་གྱི་ཁྱད་བསྟན་པར་བྱ་སྟེ་ཕྱིར་རྒོལ་གྱིས་ལན་རྣལ་མར་བསམས་ཀྱང་། སྐྱོན་མེད་ལ་སྐྱོན་དུ་བརྗོད་པ་ནི་སུན་འབྱིན་ལྟར་སྣང་སྟེ། དེ་ལ་མིང་དུ་ལྟག་ཆོད་ཟེར་རོ། །ཕ་རོལ་པོ་ལ་བཀོད་པའི་ཉེས་པ་རང་ལའང་མཚུངས་པ་ལྟག་ཆོད་ཐ་ཤལ་ཟེར། ལྟག་ཆོད་བཅུ་བཞིའི་ངོ་བོ་ཕྲད་དང་མ་ཕྲད་དག་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་མི་རྟག་སྟེ་རྩོལ་བྱུང་ཕྱིར་ལྟ་བུ་ལ་སུན་འབྱིན་པོ་ན་རེ། རྟགས་དེ་བསྒྲུབ་བྱ་དང་ཕྲད་དམ་མ་ཕྲད་ཕྲད་ན་རྒྱ་མཚོ་དང་ཆུ་བཞིན་འདྲེས་པས་ཁྱད་མེད་ལ། ཡང་མ་གྲུབ་པ་དང་ཕྲད་རྒྱུ་མེད་པས་གྲུབ་པ་དང་ཕྲད་དགོས་ལ། དེ་ལྟ་ན་བསྒྲུབ་བྱ་གྲུབ་ཟིན་པས་གཏན་ཚིགས་མི་དགོས་སོ་ཟེར། མ་ཕྲད་ན་རྟགས་


MR08_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པས་སྒྲུབ་བྱེད་མིན་པ་དང་ཁྱད་མེད་ཟེར་རོ། །འདིའི་ལྟག་ཆོད་ཀུན་གྱི་དང་པོར་མཚུངས་པ་སྦྱར་བ་ནི། ཕྲད་མ་ཕྲད་དུས་གསུམ་མ་བརྗོད་པ་སོགས་དངོས་མིང་ཡིན་ལ་དེ་དང་འདྲ་བ་སྟེ་དེ་ཡིས་སྐྱོན་དངོས་སུ་མི་འཇུག་པས་མཚུངས་པ་ཞེས་གྲགས་སོ་སྙམ་སྟེ་རང་། དཔེར་ན་རལ་གྲི་འདྲ་བའི། མདུང་འདྲ་བའི་ཞེས་པ་འདྲའམ་དཔྱད། གཉིས་པ་དུས་གསུམ་མཚུངས་པ་ནི། གལ་ཏེ་རྟགས་བསྒྲུབ་བྱ་བས་སྔ་ན་འདི་གང་གི་རྟགས་ཡིན། བསྒྲུབ་བྱ་མེད་པས་སོ། །ཕྱིས་གྲུབ་ན་གོ་བྱེད་མི་རིགས་ཏེ་གོ་བྱ་རྟགས་མེད་ཀྱང་གྲུབ་པས་སོ། །དུས་མཉམ་ན་རྭ་གཡས་གཡོན་བཞིན། རྟགས་དང་བསྒྲུབ་བྱ་ཕན་ཚུན་དུས་མཉམ་པས་གཅིག་གཅིག་གིས་སྒྲུབ་མི་དགོས་ཏེ། འདི་གཉིས་རང་གིས་སུན་འབྱིན་དང་དབྱུང་བྱ་ལ་མཚུངས་ཤིང་།མ་ཕྲད་དང་མཚུངས་པས་མི་གྲུབ་པ་མིན་ཞིང་དོན་དམ་གྱི་སྒྲ་དོན་གྱི་རྟགས་ཀྱི་ངོར། རྟགས་སྔ་ནའང་དམ་བཅའི་དོན་ཕུལ་ལོ། །དུས་གསུམ་པ་ཉིད་ལ་བརྟགས་ནས་རྟགས་སུ་བརྗོད་པར་འདོད་མིན་པར་སྒྲུབ་ནས་ངག་དང་རྟགས་དང་དུས་ཐམས་ཅད་ལ་ནི་མི་འདོད་བརྗོད། ཕྲད་དང་མ་ཕྲད་པའི་བརྟགས་པ་བརྗོད་པ་དེ་ཚུལ་གསུམ་མ་ཚང་བས་གཏན་ཚིགས་དང་རྗེས་མཐུན་ཏེ་ལྟར་


MR08_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡིན་ཏེ་དེས་རང་དོན་རྟོགས་པ་ལ་མ་གྲུབ་པས་ལྟར་སྣང་བརྗོད་པ་ཡིན་ནོ། །གསུམ་པ་རྟག་པ་མཚུངས་པ་ནི། སྒྲ་མི་རྟག་ཅེས་སྨྲོས་ན། སྒྲ་མི་རྟག་ཅེས་སྒྲ་དང་མི་རྟག་དོན་གཞན་དུ་བསམས་ནས། འོ་ན་སྒྲ་མི་རྟག་པའི་རྗེས་སུ་འགྲོ་མི་རྟག་པ་ཡིན་གྱི་སྒྲ་རང་རྟག་པ་ཡིན་ཟེར་བ་དེ་མིན་ཏེ། སྒྲ་ཉིད་དང་མི་རྟག་གཅིག་ཏུ་སྒྲུབ་པའི་མི་རྟག་ལས་ལོགས་སུ་ཕྱེ་བའི་སྒྲ་ནི་མི་གྲུབ་བོ། །དེས་ན་སུན་འབྱིན་དེ་རང་ཚིག་འགལ་ལོ། །ཇི་ལྟར་ན་སྒྲ་མི་རྟག་པས་རྟག་པ་མི་འདོར་ནའོ། །རྟག་པ་དང་མཚུངས་པར་བརྗོད་སྒྲ་གང་མི་རྟག་པའི་རྗེས་སུ་འགྲོ་བ་པ་དེ་དག་ནི་མི་རྟག་ཅེས་པའི་མི་རྟག་པར་སྒྲུབ་ནུས་མིན་ཞེས་པ་དེ་དམ་བཅའ མ་ཕྱོགས་ཀྱི་སྐྱོན་དང་རྗེས་མཐུན་དུ་བརྗོད་དེ་རང་ཚིག་འགལ་བས་སོ། །བཞི་པ་མ་བརྗོད་པ་དང་མཚུངས་པའི་ལྟག་ཆོད་ནི། རྩོལ་བྱུང་གི་གཏན་ཚིགས་མ་བརྗོད་པའི་སྔར་སྒྲ་མི་རྟག་པ་མིན་ཏེ། སྒྲ་མི་རྟག་པར་གཏན་ཚིགས་དེས་སྒྲུབ་པའི་ཕྱིར་ཞེས་སྒྲ་མི་རྟག་པར་རྟགས་ཀྱིས་གསར་དུ་སྒྲུབ་པའི་ཚུལ་དུ་བསམས་ནས་རྩོད་པ་སྟེ། གཏན་ཚིགས་བརྗོད་ན་སྒྲ་མི་རྟག་ཡིན་ནམ་བརྗོད་ན་རྟག་པར་འདྲའམ། དཔྱད་དེའི་སྔོན་དུ་སྒྲ་མི་རྟག་མིན་པར་རྩོད་པའོ། །དེ་ཡང་རྟགས་བསྒྲུབ་བྱ་ཡིན་ན་གཏན་


MR08_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སྔར་བརྗོད་ལ་དེ་ལྟ་ན་གཏན་ཚིགས་མེད་པ་ཡིས་བསྒྲུབ་བྱ་ཡང་མེད་པར་ཐལ་བར་འགྱུར་དེ་ལྟ་ན་བསྒྲུབ་མི་དགོས་ཏེ་དེས་དེ་སྐྱེད་པ་ཙམ་མོ། །མ་བརྗོད་པ་དང་མཚུངས་པའི་ལྟག་ཆོད་དུ། འདི་ཡང་རང་གིས་སྒྲོ༷་བཏགས་ནས་དོན་རྟགས་ཀྱིས་དོན་སྒྲུབ་པ་མིན་པར་སྨྲ་པོའི་ངག་ཙམ་གྱིས་སྒྲུབ་པར་བྱེད་པར་རློམ་པས་ན། མ་གྲུབ་པར་བརྗོད་ཀྱང་གྲུབ་པ་མིན་པའི་ལྟར་སྣང་། ཡང་ན་ཉུང་ལྟར་སྣང་སྟེ་མ་ཚང་བ་ལྟར་སྣང་ངོ་། །དེ་ཡང་གཏན་ཚིགས་བརྗོད་པ་ལས་བསྒྲུབ་བྱ་གྲུབ་པས་ན་སྔར་སྒྲུབ་བྱེད་འབྱུང་བར་སྒྲོ་བཏགས་པས་ནའོ། །ཉུང་ལྟར་སྣང་བ་ཅི་ཞེ་ན། མ་ཚང་བའོ། །དེ་ཅི་མ་ཚང་ན། གཏན་ཚིགས་མ་ཚང་བའོ། །ཇི་ལྟར་ན་སྒྲུབ་བྱེད་སྔར་ཡོད་དུ་འདོད་པས་སོ། །ཅིས་ན་ཚིག་བརྗོད་པ་ལས་སྒྲུབ་པའི་ཕྱིར་ནའོ། །དེས་ན་གཏན་ཚིགས་མེད་པའི་ལྟར་སྣང་སྟེ་དོན་མེད་པའོ། །ལྔ་པ་མ་སྐྱེས་པ་དང་མཚུངས་པའི་ལྟག་ཆོད་ནི། རྩོལ་བྱུང་ཉིད་མ་བརྗོད་པའི་སྔར་ནས་རྟགས་མིན་པས་མ་བརྗོད་པའི་སྔར་སྒྲ་རྩོལ་བྱུང་མ་གྲུབ་པའམ། ཡང་རྩོལ་བྱུང་མ་གྲུབ་པས་རྩོལ་མ་བྱུང་དུ་གྲུབ་པས་སྒྲ་རྟག་པ་ཡིན་པས་ན་རྩོལ་བྱུང་དེ་སྒྲ་ལ་མ་གྲུབ་པ་དང་སྒྲ་རྟག་པའི་སྒྲུབ་བྱེད་དུ་ཡང་དོན་གྱིས་འགྱུར་


MR08_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ། རྟགས་བརྗོད་པ་ལས་སྔར་རྟགས་མིན་པའི་ཕྱིར། རྩོལ་བྱུང་གིས་མི་རྟག་སྒྲུབ་པ་ལྟ་བུ་མ་གྲུབ་པ་དང་འགལ་བའི་ངག་ཏུ་ཞེན་པ། རྟགས་མ་སྐྱེས་པ་དང་མཚུངས་པའི་ལྟག་ཆོད་རྣམ་པ་གཉིས་པོ་ནི། གཉིས་སུ་སྒྲོ༷་བརྟགས་པ་ལས་བྱུང་བར་འདོད་དོ། །ཇི་ལྟར་ན་སྒྲ་ཡི་ངོ་བོ་སྔར་ནས་མི་རྟག་དང་རྩོལ་བྱུང་ཡིན་པ་ལ། འདིར་བརྗོད་པ་ལས་སྔར་སྒྲུབ་བྱེད་དུ་སྒྲོ་བཏགས་ཏེ། རྩོལ་བྱུང་བརྗོད་པས་སྒྲ་མི་རྟག་པར་སྒྲུབ་ཏུ་སྒྲོ་བཏགས་གཞིར་བཞག་གི་སྟེང་ནས། དེ་མ་གྲུབ་བསམ་པ་དང་། དེའི་ལོག་ཕྱོགས་ཀྱིས་འགལ་བ་གྲུབ་སྙམ་པ་མ་ངེས་པའི་སྒྲུབ་བྱེད་གཉིས་ལ་མ་གྲུབ་དང་འགལ་བར་བརྗོད་པའི་ལྟག་ཆོད་གཉིས་སུ་བྱུང་བའོ། །དྲུག་པ་འབྲས་བུ་མཚུངས་པ་ནི། འབྲས་བུ་གཞན་ཉིད་ཀྱི་ཆ་ནས་བསྒྲུབ་བྱ་མི་འགྲུབ་པར་སྟོན་པ་དེ་ཉིད་འབྲས་མཚུངས་ལྟག་ཆོད་དེ། འདི་ལྟར་སྒྲ་མི་རྟག་བསྒྲུབ་ལ་བྱས་པའམ། འབྲས་བུ་ཡིན་པར་འདོད་པ། སྒྲ་ལྕེ་སོགས་དང་བུམ་པ་དབྱུག་གུ་སོགས་ཀྱི་འབྲས་བུ་གཞན་ཡིན་པ་ཉིད་ཀྱི་ཆ་ནས། བྱས་པའམ་འབྲས་བུ་སྒྲ་མི་རྟག་མི་འགྲུབ་པར་སྟོན་པའོ། །དེ་ལྟ་བུ་ལ་སྨྲ་པོའི་ཞེ་འདོད་པས་བསམ་ཚུལ་རྣམ་པ་གསུམ་སྟེ། བུམ་འབྲས་སྒྲ་ལ་


MR08_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཟེར་ན་མ་གྲུབ་པ་ལྟར་སྣང་། སྒྲ་འབྲས་བུམ་སོགས་མི་རྟག་ཕྱོགས་ལ་མེད་ཟེར་ན་འགལ་བ་ལྟར་སྣང་། དེ་ཉིད་རྟགས་པ་ལའང་མེད་ཟེར་ན་ཐུན་མིན་མ་ངེས་ལྟར་སྣང་སྟེ། འདིར་བྱས་ཙམ་སྒྲུབ་ཀྱི་གཞན་ལྡན་གཅོད་དུ་མི་སྦྱོར་རོ། །རྟག་པ་ལ་ཡོད་པར་ཁས་ལེན་པ་མིན་ཀྱང་། །མི་བཀག་པ་ཙམ་རེ་རེ་གོའོ། །བདུན་པ་ཆོས་མཐུན་པ་མཚུངས་པ་ནི། ངེས་པའམ་ཁྱབ་པ་བསྟན་པའི་ཆེད་དུ་བྱས་ཕྱིར་མི་རྟག་སྒྲའི་དཔེར་ནམ་མཁའ་ལྟ་བུ་མི་མཐུན་ཕྱོགས་དག་ལས་ཆོས་ཅན་དང་ཆོས་མཐུན་དཔེ་ཡིས་བསྒྲུབ་བྱ་ལས་གཞན་རྟག་པ་སྒྲུབ་པ་ནི་ཆོས་མཐུན་པ་མཚུངས་པའི་ལྟག་ཆོད་དེ། དཔེར་ན་སྒྲ་མི་རྟག་སྟེ་བྱས་ཕྱིར་མི་མཐུན་དཔེ་ནམ་མཁའ་བཞིན་ཞེས་བཀོད་པ་ན། ནམ་མཁའ་དང་སྒྲ་བྱས་པར་མི་མཚུངས་པས་མི་རྟག་པར་གྲུབ་ན། སྒྲ་དང་ནམ་མཁའ་ལུས་ཅན་མིན་པའི་ཕྱིར་ནམ་མཁའ་དང་སྒྲ་རྟག་པར་འགྲུབ་ཅེས་ཟེར་རོ། །ཡང་མཐུན་དཔེར་བུམ་པ་བཀོད་པ་ལ། བུམ་པ་དང་བྱས་པར་མཐུན་པས་མི་རྟག་པ་གྲུབ་ན། ལུས་ཅན་མིན་པར་མཐུན་པས་རྟག་པར་ཡང་འགྱུར་ཏེ་ནམ་མཁའ་བཞིན་ནོ། །ཞེས་ཟེར་རོ། །བརྒྱད་པ་ཆོས་མི་མཐུན་པ་མཚུངས་


MR08_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྔ་མ་ལས་གཞན་ནམ་གཞན་གྱི་འདོད་པ་དག་ནི། ཆོས་མཐུན་དཔེ་ཡང་ཆོས་ཅན་དང་མཐུན་པས་སྒྲུབ་བྱ་བཟློག་པ་ཆོས་མི་མཐུན་པས་མཚུངས་པ་ཉིད་དོ། །ཕྱོགས་གཉིས་ཀའི་འདྲ་བ་གང་རུང་གི་ཆ་ནས་གཞན་ལ་མ་གྲུབ་པ་བསྟན་པའི་ཕྱིར་བརྗོད་པའི་སུན་འབྱིན་དེ་ནི་ཐུན་མོང་བ་བསྟན་པ་དེའི་ལྟར་སྣང་རྣམ་པ་གཉིས་ཡིན་ཏེ། ཆོས་མཐུན་པའི་བུམ་པ་ལས་བརྩམས་ཏེ་རྟག་པ་དང་། མི་མཐུན་ནམ་མཁའ་ལས་བརྩམས་ཏེ་རྟག་སྒྲུབ་གཉིས་ནི་ཐུན་མོང་བའི་མ་ངེས་པའོ། །རྒོལ་བའི་སྒྲུབ་བྱེད་ལ་མ་གྲུབ་དང་འགལ་མ་ངེས་ཀྱིས་སྐྱོན་བརྗོད་པ་སུན་འབྱིན་ཡང་། དག་ལ་འདིར་དེ་དང་ཆ་འདྲ་བའི་སྒོ་ནས་སྐྱོན་བརྗོད་པ་ནི་མ་གྲུབ་ལྟར་སྣང་སྟེ་དོན་ལ་གྲུབ་ཀྱང་མ་གྲུབ་པ་ལྟར་བརྗོད་པ་ཞེས་པར་གོ་དགོས་སོ། །དེ་ལྟར་མ་གྲུབ་པར་འདོད་པ་བཞིན་གྲུབ་པར་འདོད་པ་ལའང་རྟགས་དེ་མཚུངས་པའི་ཕྱིར་དཔེར་ན་འགལ་བ་ལ་མི་འཁྲུལ་པ་ཅན་བཞིན་དཔེ་ཙམ་བཀོད་པ་འདི་ལྟ་བུ་ལ་ཡང་དཔེ་ལ་རྗེས་འགྲོ་ཁྱད་པར་ཅན་བསྟན་པ་མེད་པའི་ཕྱིར། དཔེ་ལྟར་སྣང་བའི་སྒོ་ནས་སྐྱོན་བརྗོད་པ་ཡིན། དེ་ལྟར་དཔེ་དང་བསྒྲུབ་བྱ་ལ་རྗེས་འགྲོ་ཁྱད་པར་ཅན་མ་བསྟན་པར་རྗེས་འགྲོ་ཕྱིན་ཅི་ལོག་


MR08_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་དཔེ་དང་བསྒྲུབ་བྱ་ཕན་ཚུན་འཆོལ་ཏེ་གཅིག་ཏུ་འདྲེས་པར་འགྱུར། རྟོག་གེ་ངན་པ་རྣམས་དཔེ་ཙམ་གྱིས་ཉེ་བར་འཇལ་ཏེ། སྒྲ་བུམ་པ་བཞིན་ཡིན། ནམ་མཁའ་ལྟ་བུ་མིན་ཞེས་བསྒྲུབ་སྟེ། དེ་ལ་སྒྲ་བུམ་པ་ལྟ་བུ་ཅིས་ཡིན་ནམ་མཁའ་ལྟ་བུ་ཅིས་མིན་པ་མེད་པར། འདྲ་མི་འདྲ་འདྲེས་སོ། །ཡང་ན་རྗེས་འགྲོ་མེད་པར་སྒྲ་བུམ་བཞིན་ཟེར་ན་བུམ་པ་སྒྲ་བཞིན་ཞེས་ཕན་ཚུན་འདྲེས་པར་འགྱུར་བས་དེ་ཙམ་གྱིས་མི་འགྲུབ་སྟེ། མི་རྟག་དང་རྩོལ་བྱུང་ཕན་ཚུན་གཅིག་གཅིག་གིས་སྒྲུབ་བྱེད་དུ་མི་ངེས་པ་བཞིན་ནོ། །བུམ་སྒྲ་ཀུན་ཏུ་འབྲང་མི་སྲིད་པས་སོ། །རྗེས་ལྡོག་གཉིས་ཀ་མེད་པའི་རྟགས་དེའི་བདག་ཉིད་ཀྱི་དབྱེ་བས་རྟག་མི་རྟག་སྒྲུབ་པ་ནི་མ་ངེས་པས་འཁྲུལ་པ་རྟགས་ལྟར་སྣང་རྣམ་པ་གཉིས་ཡིན་ཏེ། གཏན་ཚིགས་དེ་བསྒྲུབ་བྱ་རྟག་མི་རྟག་ཕྱོགས་གཅིག་ཏུ་ངེས་པ་སྦྱོར་བ་སྔ་མ་དེ་གཉིས་ལ་ནི་ཡོད་མིན་པས་སོ། །དགུ་པ་རྣམ་རྟོག་མཚུངས་པ་ནི། གཞི་དང་དཔེའི་ཆོས་ཀྱི་བྱེ་བྲག་བརྗོད་པས་སྒོ་ནས་ཆོས་མཐུན་པ་ལ་བརྟགས་ཏེ་སྐྱོན་བརྗོད་པའང་རྣམ་རྟོག་མཚུངས་པའི་ལྟག་ཆོད་དེ། དུང་སྒྲ་ཆོས་ཅན་མི་རྟག་སྟེ་རྩོལ་བ་ལས་བྱུང་ཕྱིར།


MR08_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་བུམ་པ་བཞིན་ཞེས་བཀོད་པ་ན། འདི་ལ་ཆོས་མཐུན་པ་ཡོད་ན་བུམ་པ་ཁོ་ན་ཆོས་མཐུན་པར་བྱ་བ་དང་མིག་གིས་གཟུང་བྱ་ཡིན་ཕྱིར། དེ་ཁོ་ན་མི་རྟག་པར་འགྱུར་གྱི། སྒྲ་མིན་ཏེ་ཆོས་གཉིས་པོ་མེད་ཕྱིར། ཡང་སྒྲ་ཁོ་ན་རྟག་སྟེ། དེ་བསྲེག་བྱ་མིན་པ་དང་། མཉན་བྱ་ཡིན་པའི་ཕྱིར། བུམ་པ་མིན་ཏེ་དེ་གཉིས་མེད་ཕྱིར་ལྟ་བུ། སྒྲ་དང་བུམ་པའི་ཆོས་བྱེ་བྲག་མི་འདྲ་བའི་སྒོ་ནས་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱས་ཏེ་ཆོས་མཐུན་པའི་དཔེར་བྱས་པ་སུན་ཕྱུང་བ་ནི། རྣམ་རྟོག་མཚུངས་པའོ། །དེའང་རྩོལ་བྱུང་གིས་འདྲ་བ་དང་བསྲེག་བྱ་མིན་སོགས་ཀྱིས་མི་འདྲ་བ་རྣམ་རྟོག་མཚུངས་པའམ་དཔྱད། བརྗོད་པ་འདི་ལ་ཡང་མ་ངེས་པའི་འཁྲུལ་པ་ཅན་གྱི་བྱེ་བྲག་བསྲེག་བྱ་མིན་པ་ལ་སོགས་པ་དག་གིས་རྟག་པར་སྒྲུབ་མི་ནུས་པས་དེ་ལྟར་སྣང་བའོ། །བཅུ་པ་བྱེ་བྲག་མེད་པར་མཚུངས་པ་ནི། སྤྱི༷་མིན་པ་སྟེ་ཁྱད་པར་མཉན་བྱ་ལྟ་བུ་ཉིད་ཀྱིས་སྒྲུབ་པའང་མ་ངེས་པའི་རྟགས་ཀྱང་རྟག་པར་མི་ནུས་ཞེས་སོ། །དཔེ་བསྒྲུབ་བྱ་ཆོས་ཀུན་གཅིག་ཉིད་དུ་ཐལ་བར་འགྱུར་བ་འཕེན་པའི་ཕྱིར་བྱེ་བྲག་གམ་ཁྱད་པར་མེད་པར་མཚུངས་པའི་ལྟག་ཆོད་དོ། །དཔེར་ན་སྒྲའི་མཐུན་


MR08_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་བུམ་པ་བྱས་པ་ལ་བུམ་པར་ཡོད་པའི་ཆོས་ཐམས་ཅད་སྒྲ་ལ་ཐོབ་པར་འགྱུར་ལ་དེ་ལྟར་ན་དེ་གཉིས་གཅིག་ཏུ་ཐལ། དེ་མིན་ན་དེ་དེའི་མི་རྟག་པའི་དཔེར་མི་རུང་སྟེ་མི་འདྲ་བས་ཟེར་ཀྱང་འདི་རྣམ་རྟོག་མཚུངས་པ་ལས་ཁྱད་ཆེན་མེད་ཅེས་སོ། །དེ་ལ་བུམ་སྒྲ་མི་རྟག་པར་མཐུན་པ་བྱས་པས་ཡིན་ན་བུམ་སྒྲ་གཅིག་པར་ཐལ་ཏེ། རྒྱུ་མཚན་ཕྱོགས་གཅིག་གིས་འདྲ་བས་ཡིན་ནམ་མཁའ་དང་བུམ་པའང་བེམ་པོ་སོགས་སུ་འདྲ་བས་ཡང་ཅིས་མི་འགྲུབ་སྙམ་པའོ། །དེ་ལ་ཕྱོགས་ཐམས་ཅད་ནས་འདྲ་བའམ། གཅིག་གིས་འདྲ་བས་འགྲུབ་ན་ཧ་ཅང་ཐལ་ཏེ། ཐམས་ཅད་ནས་འདྲ་ན་བསྒྲུབ་བྱ་དང་རྟགས་ཁྱད་མེད་དུ་ཐལ་ཏེ། འདི་ལྟར་བུམ་པས་སྒྲ་མི་རྟག་པའི་དཔེ་བྱེད་པ་ཐ་དད་མི་འདྲ་བ་ཡོད་ན་མི་འགྲུབ་ན། བྱས་པས་མི་རྟག་པ་སྒྲུབ་པའང་ཐ་དད་དུ་མི་འདྲ་བ་ཡོད་ན་མི་འགྲུབ་པས་རྟགས་ཆོས་གཅིག་ཏུ་ཐལ་བར་འགྱུར་དགོས་པའི་ཕྱིར་ཡང་། ཞེས་སོ། །འདིར་ཡང་བུམ་སྒྲ་མི་རྟག་པར་ཆོས་མཐུན་ཏེ་སོ་སོར་མེད་ན་གཅིག་ཏུ་ཐལ། དེ་བཞིན་ཆོས་མཐུན་གཞན་དང་ཡང་གཅིག་ཉིད་འགྱུར་ཟེར། སོ་སོར་ཡོད་ན་འབྲས་མཚུངས། མེད་ན་བྱེ་བྲག་མེད་པར་མཚུངས་པའི་རྩོད་དོ། །ཆོས་མཐུན་པས་ཁྱད་པར་མེད་ན་


MR08_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་ཐལ། གཞན་བྱ་ཡིན་ཚད་ཀྱི་འགྲོ་ཀུན་གཅིག་ཏུ་ཐལ། ཞེས་དང་། དེས་ན་བསྒྲུབ་བྱ་དང་རྟགས་ལ་ཁྱད་པར་མེད་ཅེས་བརྗོད་པའི་ཕྱིར་ཡང་མ་གྲུབ་བརྗོད་པ་ལྟར་སྣང་ཡིན་པར་འདོད། ཡང་བརྗོད་པ། སྒྲ་མི་རྟག་ལྟ་བུའི་བསྒྲུབ་བྱ་ལ་ནི་གནོད་པའི་ཆོས་མིག་གིས་གཟུང་བྱ་ཡིན་པ་དང་མཉན་བྱ་མིན་སོགས་ཀྱང་གཏན་ཚིགས་སུ་མཚུངས་པ་ཉིད་ཀྱིས་བྱེ་བྲག་མེད་པར་སྨྲ་བ་འགལ་བ་ལྟར་སྣང་ངོ་། །ཇི་ལྟར་བུམ་པའི་སྟེང་གི་རྩོལ་བྱུང་གིས་སྒྲ་མི་རྟག་ཏུ་སྒྲུབ་པ་དེ་བཞིན། བུམ་པའི་སྟེང་གི་ཆོས་མཉན་བྱ་མིན་སོགས་ཀྱང་རྟགས་ཡིན་པས་དེའང་སྒྲ་རྟག་པར་སྒྲུབ་འོས་ཞེས་བརྗོད་པ་སྟེ་གལ་ཏེ་བརྗོད་ན་འགལ་ལོ་ཞེ་ན། དེ་མི་འཕེན་ཏེ། འདི་ཡང་བུམ་པའི་སྟེང་གི་ཆོས་ཐམས་ཅད་ཁྱད་མེད་པར་བཟུང་མི་རིགས་པས་སོ། །རྒྱུ་མཚན་དེ་འདྲའི་གཏན་ཚིགས་སྐྱོན་ལ་འགའ་བ་ལྟར་སྣང་ཡིན་གྱི་འགལ་བ་དངོས་ཀྱི་སྐྱོན་ཡོད་པ་མིན་ཏེ་ཕྱོགས་ཕྱི་མ་སུན་འབྱིན་གྱིས་སྒྲུབ་བྱ་ཆོས་སམ་ཆོས་ཅན་ཚོགས་དོན་གང་རུང་ལ་གནོད་པ་སྒྲུབ་པའི་ཕྱིར་དང་དོན་དུ་རྟགས་དེས་བསྒྲུབ་བྱ་ལ་གནོད་པ་མི་བྱེད་པ་འགལ་ཉིད་མིན་པས་སོ། །བཅུ་གཅིག་པ་དམིགས་པ་མཚུངས་པ་ནི། རང་གིས་བསྒྲུབ་བྱ་ལས་གཞན་


MR08_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་གཏན་ཚིགས་ཀྱིས་བསྟན་ན་མི་གྲུབ་ཅེས་པ་དམིགས་པ་མཚུངས་པ་ཡི་ལྟག་ཆོད་དེ། དཔེར་ན་རྩོལ་བྱུང་གིས་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་འདི་མི་རྟག་པའི་སྒྲུབ་བྱེད་ཡིན་ན། འདིས་མི་རྟག་ཡིན་ཚད་སྒྲུབ་དགོས་པ་ལ། འདི་མེད་ཀྱང་གློག་སོགས་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་ལས་གཞན་བསྒྲུབ་བྱ་མིན་པར་ཡང་བསྟན་པ་བསྒྲུབ་བྱར་གྱུར་པ་འདིའང་། འདི་མེད་ཀྱང་མི་རྟག་སྒྲུབ་པ་དམིགས་པ་གློག་སོགས་ལ་འདི་སྒྲུབ་བྱེད་མིན་པ་བཞིན། སྒྲ་ལའང་མིན་ཞེས་པའོ། །དེས་གཏན་ཚིགས་བསྒྲུབ་བྱ་ལས་གཞན་དུ། བསྟན་ན་ཞེས་གཏན་ཚིགས་ཀྱིས་བསྒྲུབ་བྱ་གཞན་དུ་བསྟན། ཞེས། འགྱུར་འདྲ། ཡང་། གཏན་ཚིགས་ལས་གཞན་གྱིས་བསྒྲུབ་བྱ། བསྟན་ན་ཞེས་ཀྱང་། སྒྲ་ལ་བསྒྲུབ་པར་བྱ་བའི་ཆོས་དུ་མ་བཀོད་པ་ལ། གཏན་ཚིགས་ཀྱང་དེ་དང་རྗེས་མཐུན་དུ་མ་ཉིད་ཡིན་གྱི་གཅིག་མིན་ཞེས་སོ། །དེ་ཡང་བསྒྲུབ་བྱ་དུ་མ་ནི་ཚོགས་དོན་ཏེ་སྒྲ་མི་རྟག་དང་། གློག་མི་རྟག་ལྟ་བུའོ། །དེ་དག་གཏན་ཚིགས་སོ་སོས་ཀྱང་བསྒྲུབ་པའང་ཡོད་ལ། གཅིག་གིས་དུ་མ་བསྒྲུབ་པའང་ཡོད། དུ་མས་གཅིག་ཀྱང་ཡོད་ཀྱི། གཅིག་གཅིག་


MR08_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁོ་ན་མིན་ནོ། །གཅིག་གིས་དུ་མ་མིན་ཏེ་དཔེར་ན་སྒྲ་ལ་རྟག་མི་རྟག་བཀོད་ན་རྟགས་སོ་སོས་བསྒྲུབ་དགོས་ཀྱི་གཅིག་གིས་མིན་པ་བཞིན། དེའང་རྟག་སྒྲུབ་ཀྱིས་རྟགས་ནི་མེད་དེ་མི་རྟག་པར་གྲུབ་པས་སོ། །གཉིས་ཀ་ལ་ཞུགས་པ་ནི་མ་ངེས་པའོ། །གཏན་ཚིགས་ཀྱིས་ནི་བསྒྲུབ་བྱ་ལ་མ་ཁྱབ་ཀྱང་བསྒྲུབ་བྱའི་དངོས་པོ་རྟོགས་པའི་ཕྱིར་གློག་སོགས་བཞིན་དུ་རྩོལ་བྱུང་སྒྲ་ལ་མེད་པར་བསམ་ན་མ་གྲུབ་ལྟར་སྣང་ངོ་། །དེ་ཡང་སྒྲར་གནས་པ་རྩོལ་བྱུང་ཉིད་ཀྱིས་མི་རྟག་པར་གྱུར་ཚད་ཀྱི་ཆོས་ཅན་ཐམས་ཅད་སྒྲ་ལ་རབ་ཏུ་སྒྲུབ་པ་མ་ཡིན་ཏེ་མི་རྟག་པ་ཙམ་སྒྲུབ་པས་སོ། །བཅུ་གཉིས་པ་ཐེ་ཚོམ་མཚུངས་པ་ནི། དེ་ཡང་ཐེ་ཚོམ་མཚུངས་པའི་ལྟག་ཆོད་ནི་མིང་བརྡས་བརྗོད་དོན་ཐ་དད་ལས་བསམས་ཏེ་གཏན་ཚིགས་ཐེ་ཚོམ་ཟ་ཞེས་རྩོད་པར་བྱེད་པའོ། །དཔེར་ན་དུང་སྒྲ་མི་རྟག་པར་རྩོལ་བྱུང་གིས་སྒྲུབ་ན། རྩོལ་བྱུང་ཞེས་པ་འདི་སྔར་ཡོད་རྩོལ་བས་གསལ་བའམ། སྔར་མེད་སྐྱེ་བ་གང་ཡིན་ཐེ་ཚོམ་ཟ་བས་མི་འགྲུབ། ཅེས་སོ། །དེ་ལ་དམ་བཅའ་ནི་སྒྲ་མི་རྟག་སྟེ་ཞེས་པའང་སྔར་མེད་དགག་པའམ། མི་གསལ་བ་གང་ཡིན་ཐེ་ཚོམ་པའོ། །བསྒྲུབ་བྱ་ལ་དངོས་སམ་འདོད་པ་གཅིག་རྣམས་སུ་སྒྲོ་བཏགས་ནས་ཐེ་ཚོམ་ཟ་ན་དེ་གཉིས་ཀྱི་སྒྲུབ་བྱེད་དུ་


MR08_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་མ་ངེས། རྟགས་རང་ལ་ཐེ་ཚོམ་ཟ་ན་མ་གྲུབ་པ་ཡིན་ཞེས་བརྗོད་ཀྱང་བརྡ་མི་གཙོ་དོན་ལ་དོན་མ་གྲུབ་ཕྱིར་ལྟར་སྣང་ཡིན་གྱི་མ་ངེས་པ་དང་མ་གྲུབ་མིན་ནོ། །དེས་ན་བསྒྲུབ་བྱ་སྒྲོ་བཏགས་པའི་དབང་དུ་ན་མ་ངེས་པ་ལྟར་སྣང་རྟགས་ལ་སྒྲོ་བཏགས་པའི་དབང་དུ་ན་མ་གྲུབ་ལྟར་སྣང་བརྗོད་པའོ། །བཅུ་གསུམ་པ་དོན་གྱིས་གོ་བ་མཚུངས་པ་ནི། རྩོལ་བྱུང་གིས་མི་རྟག་སྒྲུབ་པའི་དོན་ནམ་ཤུགས་ཀྱིས་གློག་སོགས་རྟག་པར་སྒྲུབ་པར་འདོད་པ་མིན་པའང་མི་མཐུན་ཕྱོགས། དུང་སྒྲ་མི་རྟག་པར་རྩོལ་བྱུང་རྟགས་སུ་བཀོད་པ་ན་རྩོལ་བྱུང་གི་ཕྱིར་མི་རྟག་ན་དོན་གྱིས་རྩོལ་བ་ལས་མ་བྱུང་ཕྱིར་རྟག་པར་འགྱུར་ལ་དེ་ལྟ་ན་མི་རྟག་པར་འདོད་པ་གློག་སོགས་རྟག་པར་ཐལ་བས་རྟག་པར་བསྒྲུབ་པ་བརྗོད་དོན་གྱིས་གོ་བར་མཚུངས་པའི་ལྟག་ཆོད་དེ། འདི་ནི་འཁྲུལ་པ་སྟེ་མ་བྱས་པ་སོགས་གཞན་གྱི་བསྒྲུབ་བྱ་རྟག་པ་ལ་རྩོལ་མ་བྱུང་དེ་ཡིས་སྒྲུབ་པ་དེ་ལྟར་སྣང་བ་སྟེ་འཁྲུལ་པའམ་མ་ངེས་པའོ། །བཅུ་བཞི་པ་ཐལ་འགྱུར་དང་མཚུངས་པའི་ལྟག་ཆོད་ནི། ཐལ་འགྱུར་མཚུངས་པར་འདོད་པ་ཡང་རྩོལ་བྱུང་གིས་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་བུམ་པ་དཔེར་བཀོད་ཚེ་བུམ་པ་ཁོ་ན་མི་རྟག་པར་བསྟན་


MR08_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔེ་རྟགས་གང་ཡིན་ཞེས་གཏན་ཚིགས་མེད་པར་ཐལ། བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར། ཞེས་བུམ་པས་སྒྲ་སྒྲུབ་ན་བུམ་པའང་ཐལ་འགྱུར་དེ་མཚུངས་ཏེ་བུམ་པ་ཅིས་འགྲུབ་ཅེས། བུམ་པ་མི་རྟག་པར་སྒྲུབ་བཞིན། འདིར་ཞེས་གྲུབ་ཅེས་པ་དཔེ་མེད་པར་བསྟན་པས་གང་ཡང་རྒོལ་བ་གཉིས་ཀ་མ་ཟད་གཏན་ཚིགས་ཀྱི་ལམ་དེ་ནི་དཔེས་གྲུབ་པར་རྩོད་པས་དེ་ནི་དཔེ་ལྟར་སྣང་བ་བཞིན་སྨྲོས་པས་ལྟག་ཆོད་དེ། དེ་ཡང་རྒོལ་བ་གཉིས་ཀའི་གཏན་ཚིགས་ཀྱི་ལམ་འཇུག་སྒོ་ནི་དཔེ་ལ་བཟུང་བ་བརྟགས་པས་ལྟག་ཆོད་དོ། །ལྟག་ཆོད་ཀུན་ལ་དབྱེ་བ་དང་ལན་འདེབས་ཚུལ་ཕྱོགས་ཙམ་མོ་སྟེ་ཡིན་ནོ། །ལྟག་ཆོད་བཅུ་བཞི་པོ་རྣམས་ལ་རྩོད་སྒྲུབ་ཏུ་ཕྱིན་ཅི་ལོག་དང་བརྫུན་ཉིད་དང་འགལ་བ་ཉིད་དེ་སྐྱོན་གསུམ་འཕང་བ་སྟེ། ཕྲད་མ་ཕྲད། མཐུན་མི་མཐུན། རྣམ་པར་རྟོག་པ། བྱེ་བྲག་མེད་པ། འབྲས་བུ་མཚུངས་པ་སོགས་ནི་ཕྱིན་ཅི་ལོག་སྐྱོན་དེ། གཏན་ཚིགས་ཀྱི་མཚན་ཉིད་དང་བྲལ་ཞིང་གཏན་ཚིགས་ཀྱིས་གནོད་པ་ཡོད་པའོ། །ཐལ་འགྱུར་མཚུངས་པ་དང་དོན་གོ་སོགས་ཇི་ལྟར་དམ་བཅས་པའི་དོན་དེ་ལྟར་མ་གྲུབ་ལ།


MR08_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་གནོད་པ་ཡོད་པས་རྫུན་ནོ། །མ་སྐྱེས་པ་དང་མཚུངས་པ་དང་། རྟག་པ་དང་མཚུངས་པ་སོགས་དམ་བཅའ་དང་རྟགས་ལྷན་ཅིག་མི་གནས་པའི་འགལ་བའི་སྐྱོན་དེ་སྐྱོན་གསུམ་དུ་དོན་ཚན་བསྡུས་ནས་བསྟན་ཏོ། །དེ་ལ་སྐྱོན་གསུམ་སོ་སོར་མཚོན་མི་ནུས་ཏེ་ལྟག་ཆོད་རེ་རེ་ལ་སྐྱོན་གསུམ་ཀ་འདྲེས་ནས་འབབ་པའི་ཕྱིར། སོ་སོར་བཞག་པ་དོན་མེད་དེ་དོན་གཅིག་པས་སོ། །གསུམ་པོ་མ་འདྲེས་པར་ཐ་དད་དུ་མཚོན་པ་མིན་ཏེ་རིགས་སུ་གཅིག་པས་སོ། །ལྟག་ཆོད་རྣམས་ཀྱི་མཚན་ཉིད་དང་དེ་ལ་ལན་འདེབས་ཚུལ་དཀའ་བ་དག་སྦྱོར་རིགས་པ་ཕྲ་མོར་ཡང་ཤེས་པར་བྱ་ལ། རྐང་མིག་པའི་རིགས་པ་བརྟགས་པར་ཡང་བསྟན་ཏོ། །ལྟག་ཆོད་གཞན་མཐའ་མེད་པ་ལ་ཡང་ཕྱོགས་དེ་ཙམ་གྱིས་ཤེས་སོ། །ཡང་བརྗོད་པ། རྟོག་གེའི་ཕྱོགས་ཙམ་ཞིག་བསྟན་པའི་མུ་སྟེགས་ཀྱི་བསྟན་བཅོས་དེ་ཡང་ཚད་མའི་མཚན་ཉིད་མ་ནོར་བ་མ་བསྟན་ཅིང་། ཅུང་ཟད་བསྟན་པ་རྣམས་རང་གི་ངག་སྦྱོར་བ་དང་ཡང་འགལ་བས་ན་སྐྱེས་བུའི་གང་འདོད་ཀྱི་དོན་སྒྲུབ་པར་བྱེད་པ་མིན་ཏེ་ལོག་བཤད་དོ། །དེ་ཡང་འདུས་བསགས་ཀྱིས་བདག་དོན་སྒྲུབ་དང་། གཙོ་བོ་ཡོད་དེ་ཁྱད་པར་རྗེས་འགྲོ་སོགས་འབྲེལ་


MR08_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བརྗོད་པས་སོ། །མཚན་ཉིད་བསྟན་པ་དངོས་སྟོབས་དང་འགལ་ལ། རང་གི་སྦྱོར་བ་ཁས་ལེན་འགལ་བའོ། །དེས་ན་དངོས་སུ་རང་གིས་ཚང་མར་བརྟགས་པའི་གཞལ་བྱ་དང་བརྒྱུད་ནས་ཐར་པ་སོགས་རང་གི་འདོད་དོན་མི་སྒྲུབ་ཀྱི་མི་འདོད་པའི་ལམ་དུ་འཕེན། ཞེས་སོ། །གང་ཞིག་གཞན་གྱིས་བརྟགས་པའི་རྟོག་གེའི་ལམ་ནས་ཆོས་རྣམས་ཀྱི་ཆོས་ཉིད་ལ་ཁྲིད་ན་ལམ་གོལ་བ་དེ་ནི་ཐུབ་པའི་བསྟན་ལས་ཆེས་རྒྱབ་ཕྱོགས་བསྲིངས་ནས་ཐར་ལམ་ལས་ཉམས་པ་ཡིན་པས། ཆོས་བསམ་མི་ཁྱབ་དེ་ལྟ་ཡིན་ནའང་དེ་བཞིན་གཤེགས་པའི་རང་ལུགས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟར་བསྟན་པ་བདག་མེད་སོགས་པ་རྣམས་གལ་ཏེ་གཞན་དུ་ལོག་པར་གོ་བའམ་འགྲོ་ན་དཔྱད་དེ་དགག་པར་བྱ་བའི་རིགས་པའམ་ཡོངས་སུ་བརྟགས་པར་གྱིས། ཞེས་སོ། །གཞན་སྡེའི་ཚད་མའི་མཚན་ཉིད་གྲངས་སོགས་ཀྱི་སྐྱོན་དང་། རང་གི་དེ་བཟློག་ཡོན་ཏན་ཏེ་རང་གཞན་གྱི་ཚད་མའི་ཕུང་པོའི་སྐྱོན་དང་ཡོན་ཏན་རྒྱས་པ་རུ་རབ་ཏུ་གསལ་བར་བྱས་ལས་འདི་རུ་དགེ་བ་ཅི་བསགས་དེས། སྐྱེ་བ་དང་སྐྱེ་བར་བརྒྱུད་པ་ཡོན་ཏན་ཡོད་པ་དང་ཡོད་པ་མིན་པ་རྣམ་པར་འབྱེད་པའི་ཤེས་རབ་དམ་པ་ཡི་སྒོ་ནས་ལམ་གྲུབ་མཐའ་ཞི་བ་ལ་གནས་ཞིང་འགྲོ་བ་ཀུན་ལ་འཁོར་བ་ལས་རྣམ་པར་ཐར་


MR08_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་བ་གསུམ་པོ་སྟེར་བར་ཤོག་ཅིག་གུ། ཚད་མ་ཀུན་ལས་བཏུས་པ་ལས། ལྟག་ཆོད་བརྟགས་པའི་ལེའུ་སྟེ་དྲུག་པའོ།། །།ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་རིགས་པ་སྨྲ་བའི་གཙུག་གི་ནོར་བུར་གྲགས་པ་བ་སུ་དྷ་ར་རཀྵི་ཏ་དང་། བོད་ཀྱི་ལོ་ཙྪ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླར་སྨྲས་པ། སྟོན་དང་བསྟན་པ་སྒྲུབ་བྱེད་ཚད་མའི་གཞུང་། །ཀུན་ལས་བཏུས་མདོ་མཁས་པ་ཀུན་གྱི་མིག །རྒོལ་ངན་འདམ་བུའི་ཚོགས་རྣམས་བརླག་བྱེད་ཅིང་། །སྨྲ་བ་ངན་འཇོམས་རྡོ་རྗེ་རྩེ་བརྒྱ་པ། །འདི་ནི་བསྟན་པ་བསྲུང་བའི་མཚོན་ཆ་སྟེ། །ལྟར་སྣང་རིག་པ་སྲིན་བུའི་མེ་སྒྲོན་རྣམས། །ཟིལ་གནོན་ཡང་དག་རིག་པའི་ཉིན་བྱེད་ཀྱི། །གཟི་བརྗིད་འོད་བརྒྱའི་སྣང་བས་འགྲོ་འདི་སྲུངས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཅིང་། །སོ་སོར་ཡང་དག་རིག་བཞིའི་སྣང་བ་ཅན། །རྣམ་མཁྱེན་སྐུ་བཞིའི་ཁང་བཟང་ཉམས་དགའ་བར། །ཕྱིན་ནས་འགྲོ་རྣམས་ཚད་མའི་ལམ་བཀྲིར་ཤོག །འདི་ལས་བྱུང་བའི་དགེ་


MR08_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དཔག་ཡས་འདིས། །བསྟན་པ་རིན་ཆེན་ཡུན་དུ་གནས་པ་དང་། །སྟོན་པ་ཚད་མར་རྟག་པར་གུས་མཆོད་ནས། །ཡང་དག་རིག་གཞུང་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་ཚད་མ་ཀུན་ལས་བཏུས་པ་མི་ཕམ་རིན་པོ་ཆེའི་མཆན་བུ་དཀྱུས་སུ་གསལ་བར་གྱིས་ཤིག་ཅེས་མཁྱེན་བརྩེ་མཆོག་སྤྲུལ་དམ་པའི་བཀའ་ཡི་གནང་བ་མོས་པ་བརྟན་པར་བྱས། ཤར་ཀཿཐོག་པ་ཆེན་པོའི་བཀའ་འབངས་ཀྱི་གྲལ་མཐར་འཁོད་པ་མཁན་མིང་ནུས་ལྡན་ནས་གཞུང་མཆན་བསྡེབས་ཏེ་བྲིས་པ་སླར་ལྔ་རིག་སྣང་བའི་ཉིན་བྱེད་བསྟན་འཛིན་རྒྱལ་མཚན་དང་མཁན་རིན་པོ་ཆེ་ལེགས་འབྱོར་སྤྱན་སྔར་ཕབས་ཏེ་ཞུས་དག་པར་བྱས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །༈ ཨོཾ་སྭ་སྟི། རྒྱལ་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་ལ། །འཇལ་བྱེད་རིག་པའི་ཚད་མས་གཞལ་བ་ན། །སྟོན་དང་བསྟན་པ་ཡང་དག་ཉིད་དུ་གྲུབ། །བསླུ་མེད་ངེས་ཤེས་རྙེད་བྱེད་འདི་ཁོ་ན། ༡ །འཇམ་དཔལ་དབྱངས་ཀྱི་རྗེས་བཟུང་ཕྱོགས་གླང་ལ། །མཁྱེན་གཏེར་ཉིད་ཀྱི་གསུང་གི་རྔ་སྒྲས་བསྐུལ། །ཀུན་ལས་བཏུས་པའི་གཞུང་བཟང་འདི་བྱིན་པས། །མཁས་རྣམས་མིག་བཟང་རྡུལ་དང་བྲལ་བ་རྙེད། །


MR08_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༢ འདི་འགྲེལ་བྱེད་ལ་མི་ཕམ་འཇམ་དབྱངས་ནི། །མངོན་སུམ་བྱོན་པ་རྣམ་རྒྱལ་རྒྱ་མཚོ་ཡིས། །གསུང་མཆན་དཔལ་ཡུལ་སྤྲུལ་པའི་སྐྱེས་ཆེན་མཆོག །ཀརྨ་འགྱུར་མེད་ཐུགས་བསྐྱེད་དག་པས་བཞེངས། ༣ །འདི་དགེས་མཐའ་ཡས་སེམས་ཅན་ཀུན། །ཚད་མར་གྱུར་པའི་ལམ་ལ་ཞུགས། །ཀུན་མཁྱེན་ཀུན་རིག་ཀུན་གཟིགས་མཆོག །དཀའ་བ་མེད་པ་ཐོབ་གྱུར་ཅིག ༤ །ཅེས་སྤར་བྱང་སྨོན་ཚིག་འདི་ཉིད་བླ་མ་ཞིང་སྐྱོང་ནས་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་བློ་གྲོས་རྒྱ་མཚོས་བྲིས་པ་ཤུ་བྷཾ།། །།


previousཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ།next