Nitartha Digital Library
Tibetan
གླེགས་བམ་བཅུ་པ།


   
   
   
   
   
དུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་ལས་རྩ་མདོ་དང་ཆུ་མདོ་གཉིས།
   
   
   
   
   


 
previousདུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་ལས་རྩ་མདོ་དང་ཆུ་མདོ་གཉིས།next

དུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་ལས་རྩ་མདོ་དང་ཆུ་མདོ་གཉིས།


MR10_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་ལས་རྩ་མདོ་དང་ཆུ་མདོ་གཉིས་ནི། ཀུན་མཁྱེན་བླ་མ་རིན་པོ་ཆེ་ཉིད་ཀྱིས་མཛད་པ་ཟུར་དུ་བཞུགས་པས་འཐུས་ཤིང་། ཕྱི་མའི་ལེའུ་ལས། ༈ ལྡེབ་བཅུ་དྲུག་པའི་ངོས་ཉིན་ཕྲེང་ཐ་མར། ཡང་ན་གུར་གུམ་བསྣན་པའི་སེ་འབྲུ་ལྔ། །ཞེས་པ། ཚངས་པའི་སྨན་སྦྱོར་སྟོང་དང་རྩ་གཉིས་ཀྱང་། །གུར་གུམ་སེ་འབྲུ་གཉིས་ལ་མ་བརྟེན་མེད། གུར་གུམ་བདུན་དང་སེ་འབྲུ་བརྒྱད། །ལྷ་ཆེན་ཚངས་པའི་སྨན་སྦྱོར་ཡིན། ༈ །ལྡེབ་སུམ་ཅུ་པའི་ཉིན་ཕྲེང་ཐ་མ འི་ནང་། གཞན་ཡང་རྩ་བ་དྲུག་དང་ལོ་མ་ལྔ། །མེ་ཏོག་གཅིག་དང་འབྲས་བུ་རྣམ་པ་བཞི། །ཞེས་པ་ནི། ལྔ་སྦྱོར་གྲང་སེལ་གྱི་སྦྱོར་བ་ཆེན་པོ་ལ། རྩ་བ་དྲུག་ནི། ར་མཉེ། ཉེ་ཤིང་། བ་སྤུ། ལ་ཕུག བཙོང་། འགའ་ཞིག་བཙོད་ཚིགས་རྩ་བ་གཏོང་བར་འདུག་པ་དང་། ལོ་མ་ལྔ་ནི། སྔོ་ཚ་བ་གསུམ། ཟྭ་ད་ལི། མེ་ཏོག་གཅིག་ནི། ར་དུག་མེ་ཏོག་འབྲས་བུ་བཞི་ནི། ཐང་ཕྲོམ་ནག་པོ། སྟར་བུ། གཟེ་མ། ལྕམ་པ། ཚྭ་གསུམ་ནི། ཟེ་ཚྭ། བུལ་ཏོག བྱང་ཚྭ། ཐལ་པ་གཉིས་ནི། ཅོང་ཞི་རྒོད་བཏུལ། བྱ་ཐལ་ཡིན། ༈ །ལྡེབ་ཞེ་དགུ་པའི་སྲིབ་ཕྲེང་གཉིས་པའི་ནང་། ཐུར་མ་གཡུལ་ཐབས། ཞེས་པ་ནི། འཕྲེད་གསེགས་འཇོལ་ཐབས། ༈ །ལྡེབ་ཞེ་དགུ་པའི་སྲིབ་ཕྲེང་དྲུག་པའི་ནང་། བྱ་རོག་མིག་ནས་ཕྱིར་མཚོན་གང་བཅལ་པའི། །ཞེས་པ་ནི། སྐེ་སྟོང་ཅར་ཁུང་ནས་མཐུར་དུ་མཚོན་དོ་སོར་གོང་བཅལ། དེ་ནས་གཡས་


MR10_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཚོན་རེ་ཕུན་རེ་བཅལ་བ་བྱ་རོག་མིག་གོ ༈ །ལྡེབ་ལྔ་བཅུ་ནང་ཉིན་ཕྲེང་དང་པོར། སོག་འདབ་རྩིབ་མའི་གོ་བར་རྣམ་པ་གསུམ། །ཞེས་པ། ཚིག་པ་བདུན་པ་གཡས་གཡོན་དུ་མཚོན་གསུམ་རེ་དང་། དེ་ནས་ཡས་མན་དུ་ཚོན་རེ་རྣམ་པ་གསུམ་གསུམ་ནི། གློ་ཡི་སྒང་ལ་སྐྲན་ཞུགས་གསང་དྲུག་ཡིན། མཆན་འོག་རྩིབ་མའི་གོ་བར་རྣམ་པ་གསུམ། མཆན་འོག་ནས་ཐུར་དུ་ཚོན་གང་དང་པོ། དེ་ནས་ཚོན་གང་གཉིས་པ། དེ་ནས་ཚོན་གོང་གསུམ་པ་སྟེ། གློ་བ་བྱ་འདང་སྐྲན་ཞུགས་གསང་དྲུག་ཡིན། བྲང་གི་རྩིབ་མའི་གོ་བར་གཡས་གཡོན་བཞི། སོགས་ནི། ནུ་མ་ནས་ཕྱིར་ལ་སོར་གང་བཅལ། དེ་ནས་གྱེན་དུ་སོར་གང་བཅལ་བ་གཅི༡ག་དང་། དེ་ནས་ནང་དུ་ཚོན་གང་། དེ་ནས་གྱེན་དུ་ཚོན་གང་པ་ལ་གཅི༢ག་དང་། དེ་ནས་ནང་དུ་སོར་གང་ཕུན་གང་། དེ་ནས་གྱེན་དུ་ཚོན་གང་གཅི༣ག་དང་། དེ་ནང་སོར་གང་ཕུན་གང་། དེ་ནས་གྱེན་དུ་ཚོན་གང་བ་གཅིག་སྟེ་བཞི། གཡས་གཡོན་བརྒྱད་དོ། ༈ །ཉིན་ཕྲེང་དྲུག་པའི་ནང་། ཆུ་སེར་འབབ་གསང་། ཞེས་པ་ནི། བྱིན་བརླའི་ཕྱི་སུལ་དུ་མཚེར་ཆུ་གཙོར་གྱུར་ཆུ་སེར་འབབ་པས་སོ། ༈ །ལྡེབ་ང་གཅིག་པའི་ཉིན་ངོས་ཕྲེང་བཞི་པའི་ནང་། ཁྱི་ཚུགས་མགྲིན་བཀུག །ཅེས་པ་ནི། ཁྱི་ཚུགས་འཕོངས་རྟིང་པའི་སྟེང་བཞག་པུས་མོ་ལག་མཐིལ་སར་བཙུགས། མགྲིན་པ་བཀུག་སྟེ་གནས་པ་ལ་སྐེ་སྟོང་ཐུར་མ་ཕྲིན་འཕང་ངོ་། ༈ །ལྡེབ་ང་གཅིག་པའི་སྲིབ་ཕྲེང་དང་པོར། ཕྱི་རྟགས་བསྟུན་ལ་འཕང་། ཞེས་པ། ཕྱི་རྟགས་སོགས་ལ་བལྟ་ཡིན་བལྟ་ཡིན། ཤ་རུས་


MR10_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྡོལ་མ་རྡོལ། དོན་སྣོད་དང་ཕྲད་མ་ཕྲད་ཀྱི་ལག་ཚོད་ཐུར་མས་འཛིན་པ་ནི་ཉིན་མོ་ཚད་དང་། འུག་པ་ཐུག་འཕྲད་ལྟར་ཐུར་རྩེ་དང་དོན་སྣོད་ལ་གཏད་ན་ཡིན། ༈ །ལྡེབ་ང་ལྔ་པའི་ཉིན་ཕྲེང་ལྔ་པའི་ལེའུ་ཉེར་དྲུག་པའི་ནང་ནས། སྨུག་པོའི་ནད་ལས་གཉེན་པོ་བདུན་སྦྱོར་མཆོག །ཅེས་པ་ནི། མན་རྒྱུད་དུ། སེ་འབྲུ་བསེ་ཡབ་སྟར་བུ་འུ་སུ་དང་། མ་ནུ་ཨུཏྤལ་པི་པི་ལིང་དང་བདུན། །ཞེས་པ་དེའོ། ༈ །ལྡེབ་ང་དགུ་པའི་སྲིབ་ཕྲེང་དྲུག་པའི་ནང་། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་སོགས་ནི། འབྱུང་བ་བཞིའི་ངོ་བོར་བདག་གཅིག་འབྲེལ་སོགས་ཀྱིས་བསྟན་ཏོ། །ཞེས་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་རྫོགས་སོ། །དེའང་ཀུན་མཁྱེན་འཇམ་དབྱངས་བླ་མ་རིན་པོ་ཆེ་མི་ཕམ་ཆོས་ཀྱི་ཉི་མ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གསུང་ཆོས་ཡོད་དོ་ཅོག ཟེ་ཆེན་རྒྱལ་ཚབ་མཆོག་སྤྲུལ་དང་། མཁན་ཀུན་དཔལ། ཉེ་གནས་བླ་མ་འོད་གསལ་རྣམ་གསུམ་ཀྱིས་བཀའ་ཡི་བསྡུ་བ་མཛད་དེ། གཏན་ལ་ཕབ་ནས་སྤར་བཀོད་སྐབས་སུ། གང་གི་ཕྱག་དཔེ་རྒྱུད་བཞི་ལ་དཀའ་གནད་ཀྱི་མཆན་བུ་ལས། ཚིག་མཆན་རེ་རེ་ཅན་བཀོད་མ་བདེ་ཡང་། སྔོན་བྱང་ཟུར་འགྲེལ་ཆེན་ལས་མ་རྟོགས་པའི། སྨན་བླའི་དགོངས་དོན་ཇི་བཞིན་རྒྱས་གསལ། ཡོད་དེས་ཆོག་གི་གསེར་ཞུན་ལྟ་བུ་འདིའང་། རྗེ་བླ་མ་དམ་པའི་དངོས་སློབ་སྨན་སྔགས་ཀྱི་ཐ་ཤལ་པ། ཤར་དཔལ་སྤུངས་པའི་སྨན་གྲལ་འཛིན་པ་དྲང་སྲོང་ཀརྨ་དགའ་བའི་དབང་


MR10_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཞན་ཕན་མཐའ་ཡས་པའི་སྡེས་ལེགས་པར་བཏུས་ཏེ། ལྕགས་སྤྲེལ་སྟོན་ཟླ་ར་བའི་དཀར་ཕྱོགས་སུ་གྲུབ་པར་བྲིས་པར་དགེ་ལེགས་འཕེལ། །མངྒ་ལཾ།། །།


previousདུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན་ལས་རྩ་མདོ་དང་ཆུ་མདོ་གཉིས།next